Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 179

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
ཡང་རྗེས་སུ་འགྲོ་བས་ཁྱད་པར་ཅན་དུ་འགྱུར་རོ། །བསྒྲུབ་པར་བྱ་བ་ནི་ཚོགས་པ་ཡིན་ཏེ། དེ་གལ་ཏེ་སྔར་གྲུབ་ན་སྒྲུབ་པར་བྱེད་པའི་དོན་ཅི་ཡིན་དེའི་ཕྱིར་འབའ་ཞིག་རྗེས་སུ་འགྲོ་བས་ན། མི་རྟག་པ་སྒྲ་ལ་གྲུབ་པས་སྤྱི་ཉིད་དང་ཁྱད་པར་ཅན་ཉིད་ཀྱི་བདག་ཉིད་དུ་གསལ་
བར་བྱེད་པ་ཡིན་ནོ། །གལ་ཏེ་འབའ་ཞིག་རྗེས་སུ་འགྲོ་བས་ཁྱད་པར་ཅན་གྱི་མི་རྟག་པ་ཉིད་ཅི་ལྟར་འགྲུབ། གཞན་དང་རྗེས་སུ་འགྲོ་བས་གཞན་སྒྲུབ་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་གཏན་ཚིགས་ཐམས་ཅད་འགལ་བ་དང་། དཔེ་བསྒྲུབ་པར་བྱ་བས་སྟོང་པར་འགྱུར་རོ། །སྨྲས་པའི་
ཆོས་རྗེས་སུ་འགྲོ་བ་མེད་ན་སྐྱོན་འདིར་འགྱུར་གྱི། གཞན་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །སྐྱོན་མེད་ན་ནི་འགའ་ཡང་འདོད་པ་ལ་གནོད་པ་བྱེད་པར་མི་འགྱུར་བའི་ཕྱིར་ཐམས་ཅད་ཀྱི་འདོད་པ་འགྲུབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་མ་འབྲེལ་པ་རྣམ་པར་

གཅོད་པས་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །མ་འབྲེལ་བ་དང་གཞན་དང་འབྲེལ་པ་རྣམ་པར་གཅོད་པས་ནི་ཁྱད་པར་རྣམ་པ་གཉིས་སོ། །སྒྲ་ཉིད་མི་རྟག་གོ་ཞེས་དེ་ལྟར་ནི་བྱེད་པ་མ་ཡིན་ཏེ་འོན་ཀྱང་སྒྲ་ཡང་སྟེ་མི་རྟག་པ་ཉིད་དུ་འདྲ་བའི་ཕྱིར་རོ། །སྐྱེས་བུ་སྒྲུབ་པ་ལ་ནི་དེ་ལྟར་སྲིད་པ་མ་
ཡིན་ཏེ། བུམ་པས་གཉིས་པ་དང་བཅས་པ་ཉིད་ནི་རྩིག་པ་དང་བུམ་པ་དག་ལ་མཚུངས་པར་མ་ཡིན་ནོ། །གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་མཚུངས་སོ་ཞེ་ན། མ་ཡིན་ཏེ། དེས་ཀྱང་རྣལ་མ་ལ་གནོད་པའི་ཕྱིར་རོ། །གལ་ཏེ་ངེས་པ་མེད་ན་ནི་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་
ཀྱིས་མཚུངས་པར་འགྱུར་བ་ཡིན་ན། འདིར་ནི་ངེས་པ་ཉིད་དེ། རྩིག་པ་ནི་བུམ་པས་གཉིས་པ་དང་བཅས་པ་ཡིན་ལ། བུམ་པ་ནི་དེ་ལྟར་སྐྱེས་བུས་གཉིས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །གལ་ཏེ་སོ་སོར་ངེས་པ་ལ་གང་ཡང་རུང་བའི་ཚིག་སྦྱོར་བ་ཉིད་མ་ཡིན་ནམ། དེ་ཅི་
ལྟར་ངེས་པ་ལ་གང་ཡང་རུང་བ་ཉིད་མེད་ན། དེས་ན་རྣམ་པར་བརྟག་པ་དང་སོ་སོར་ངེས་པ་དག་འགལ་བ་མ་ཡིན་ནོ། །འདི་ལྟར་ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་ལ་ཟན་བྱིན་ཅིག་ཅེས་བྱ་བ་ནི་ངེས་པ་གཅིག་ལ་ཟན་སྦྱིན་པ་ཉིད་རྣམ་པར་གནས་སོ། །དེ་བཞིན་དུ་འདིར་ཡང་སྐྱེས་བུ་
གཉིས་པ་དང་བཅས་པ་ཉིད་དུ་ངེས་པ་ཡིན་ནོ་ཞེ་ན། འདིར་ཚིག་གིས་ངེས་པ་ཐོབ་པ་ནི་མ་ཡིན་ཏེ། བྱ་རོག་དང་ཏ་ལའི་ཚུལ་དུ་ངེས་པར་གྲུབ་པའི་ཕྱིར། དེ་ཡང་མངོན་སུམ་གྱིས་དམིགས་པ་ཡིན་ནོ། །འདིར་ནི་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས་གཉིས་པ་དང་བཅས་པར་བརྗོད་པ་ལ་སྐྱེས་བུ་ལ་
ངེས་པ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནོ། །ཟ་བ་ནི་དངོས་པོའི་ཤུགས་ཀྱིས་གཅིག་ལ་ངེས་པ་ཡིན་གྱི་ཚིག་གི་ཤུགས་ཀྱིས་ནི་མ་ཡིན་ཏེ། ཟ་བ་པོའམ་སྟེར་བ་པོ་བསྐུལ་བ་རང་གི་འདོད་པས་འཇུག་པའི་ཕྱིར་རོ། །གལ་ཏེ་འདི་བརྗོད་ཀྱང་ཟན་མི་སྟེར་རམ་མི་ཟ་ན་ནི་ངེས་པར་གནས་པ་མ་ཡིན་ནོ། །
འདིར་ཡང་སྒྲུབ་པར་བྱེད་པའི་ཤུགས་ཀྱིས་ངེས་པར་རྟོགས་སོ་ཞེ་ན་མ་ཡིན་ཏེ། བཟློག་པ་ལ་ཡང་སྲིད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འདིས་ནི། ཁྱད་པར་ལ་ནི་རྗེས་འགྲོ་མེད། །སྤྱི་ནི་གྲུབ་པ་སྒྲུབ་པ་ཡིན། །གལ་ཏེ་མི་རྟག་པ་ཉིད་ཀྱི་སྤྱི་གྲུབ་པ་ན་ནི་གློག་ལ་སོགས་པ་འབའ་ཞིག་ལ་གྲུབ་པའི་ཕྱིར་

གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་སྒྲའི་ཁྱད་པར་ཅན་གྱི་མི་རྟག་པ་ཡིན་ན་དེའི་ཚེ་དེ་བུམ་པ་ལ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ་ཞེས་བྱ་བ་དེ་ཡང་བསལ་བ་ཡིན་ཏེ། གང་གི་ཕྱིར་སྤྱི་ཉིད་སྒྲ་ལ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བཤད་པ་ནི། དེ་སྤྱི་བསྒྲུབ་པར་བྱ་མིན་པས། །གྲུབ་པ་
གྲུབ་པ་ཉིད་མ་ཡིན། །ཆོས་ཅན་ཁྱད་པར་ཅན་དེ་ནི། །རྗེས་འགྲོ་མེད་པའི་སྐྱོན་ལྡན་མིན། །གལ་ཏེ་གཞི་ལ་མི་ལྟོས་པའི་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ན་ནི་གྲུབ་པ་ལ་བསྒྲུབ་པར་འགྱུར་བ་ཡིན་ནོ། །སྒྲ་ལ་སྤྱི་སྒྲུབ་པ་ཡིན་པ་དེས་ན་གྲུབ་པ་སྒྲུབ་པ་མ་ཡིན་ནོ། །གལ་ཏེ་སྒྲ་ལ་སྒྲུབ་པ་དང་། སྤྱི་ཞེས་
བྱ་བ་ནི་འགལ་བ་ཡིན་ཏེ། སྒྲའི་སྤྱི་ཁྱད་པར་ཅན་ཉིད་ཁྱད་པར་ཡིན་ནོ། །གལ་ཏེ་སྤྱི་ཡིན་ན་ཅི་ལྟར་ཁྱད་པར་ཡིན། ཁྱད་པར་ཡིན་ནོ་ཞེ་ན་ནི་ཅི་ལྟར་སྤྱི་ཡིན་ཞེ་ན། དེ་མ་ཡིན་ཏེ། སྤྱི་ཡིས་རྗེས་འགྲོ་གྲུབ་ན་ནི། །དེ་ལ་འབྲེལ་པ་བཟུང་ལས་གཞན། །ཁྱད་པར་གྱི་ནི་མཐར་ཐུག་ཉིད། །ཕྱོགས་
ཆོས་དང་ནི་ལྡན་ལས་ཡིན། །སྒྲའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་བསྟན་པས་སྒྲའི་ཁྱད་པར་ཅན་ཉིད་དུ་གྲུབ་པ་ནི་མ་ཡིན་ཏེ། འབའ་ཞིག་གིས་རྗེས་སུ་འགྲོ་བ་མཐོང་བས་དེའི་ཁྱད་པར་ཅན་ཉིད་གྲུབ་པ་ཡིན་ཏེ། དེ་ཉིད་དོ་ཞེས་འདྲ་བས་གཅིག་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །གཞན་ལ་སྟོན་པར་
བྱེད་པས་ནི་དུ་བ་མེ་མེད་ན་ནི་མི་འབྱུང་བ་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟར་མེས་ཁྱབ་པར་གྲུབ་པ་ནི་གང་ལ་ཉེ་བར་དེ་ཉིད་དུ་མེའི་བློ་སྐྱེད་པར་བྱེད་དེ་འབྲེལ་པ་དེ་བཞིན་དུ་བཟུང་བའི་ཕྱིར་རོ། །ཡུལ་གང་ན་ཡོད་པའི་མེ་ནི་ཡུལ་དེ་ཉིད་དུ་སྐྱེད་པར་བྱེད་དོ། །ཡུལ་གཞན་དང་གཞན་དུ་རྒྱུ་བས་འབྲེལ་པ་རྟོགས་
པའི་ཕྱིར་རོ། །གལ་ཏེ་སྤྱིར་རྟོགས་ན་ཅི་ལྟར་ཁྱད་པར་རྟོགས་ཤེ་ན། སྤྱི་ནི་ཁྱད་པར་མེད་ན་མི་འབྱུང་བའི་ཕྱིར་ཏེ། དེས་ན་རྟོགས་པ་ལ་ཉེས་པ་མེད་དོ། །ཡུལ་དང་དུས་དང་གནས་སྐབས་སོ་སོར་ངེས་པར་མ་རྟོགས་པར་ནི་ཐ་སྙད་གང་ཡང་མི་འགྲུབ་པོ། །འདི་ནི་ཚད་མ་དཔྱད་པར་སྔར་བསྟན་ཟིན་པའི་ཕྱིར་
ཡང་མ་བཟླས་སོ། །དེའི་ཕྱིར་ཆོས་ཅན་གྱི་ཁྱད་པར་ཅན་གྱི་སྤྱི་སྒྲུབ་པའི་ཕྱིར་གྲུབ་པ་སྒྲུབ་པ་མ་ཡིན་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡང་མེད་དོ། །གལ་ཏེ་བསྒྲུབ་བྱ་དང་ལྷན་ཅིག་སྤྱི་རྟོགས་པར་བྱ་བ་ཡིན་ལ། བསྒྲུབ་པར་བྱ་བ་ཡང་རྗེས་སུ་དཔག་པས་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །ཕྱིའི་ཁྱབ་པ་

ཙམ་གྱིས་ནི་འགྲུབ་པ་མ་ཡིན་ཏེ། ཕྱོགས་མ་ཡིན་པའི་བྱས་པ་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་དེ་ལྟར་ཁྱད་པར་སྟོན་པ་ནི་མ་ཡིན་ནོ། །དེས་ན་ནང་གི་ཁྱབ་པ་མི་འགྲུབ་པོ། །ཕྱིའི་ཁྱབ་པ་ཡིན་ན་ནི་དེར་བསྒྲུབ་བྱ་གྲུབ་པ་མི་སྐྱེའོ། །གཞན་ཁྱབ་པས་གལ་ཏེ་གཞན་འགྲུབ་ན་ནི་
ཐམས་ཅད་ཀྱིས་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ཡང་གྱི་ན་སྟེ། འདི་ལྟར། འདི་ནི་བཤད་ཟིན་གང་གི་ཕྱིར། །ཆོས་ཅན་བཅས་པར་ཁྱབ་རྟོགས་ཏེ། །གང་གང་འདི་འདྲར་གྱུར་པའི་ཕྱོགས། །དེ་ནི་བསྒྲུབ་བྱ་མེད་མི་འབྱུང་། །ཕྱོགས་འདི་ནི་མེ་དང་ལྡན་པ་ཡིན་ཏེ། དུ་བ་དང་ལྡན་པའི་
ཕྱིར་ཚང་བང་བཞིན་ནོ་ཞེས་དེ་ལྟ་བུར་རྟོགས་པའི་ཤུགས་ཀྱིས་སྔར་ཉིད་བཟུང་ངོ་ཞེས་བརྗོད་དོ། །དེ་ལྟ་མ་ཡིན་ཏེ། བསྒྲུབ་བྱ་ཡང་རང་གི་ངོ་བོ་ཉིད་བཟུང་ནི་རྗེས་སུ་དཔག་པས་ཅི་བྱ། སྔར་གྱི་དུ་བ་རྟོགས་པ་ཉིད་དུ་བ་འདི་ཡང་མེར་རྟོགས་པ་ཡིན་གྱི། འབྱུང་བར་འགྱུར་བ་མེད་པར་ནི་རྟོགས་པར་ནུས་པ་མ་
ཡིན་ནོ། །དེས་དེའི་རང་བཞིན་རྟོགས་པ་ཡོད་པ་ཉིད་ཀྱིས་རྟོགས་སོ་ཞེས་ཐ་སྙད་ཙམ་དུ་བརྗོད་དོ། །ཐ་སྙད་ཙམ་གྱིས་བཟུང་བ་ཡིན་ན། དོན་དམ་པར་མ་བཟུང་བའི་ཕྱིར་ཅི་ལྟར་མི་སླུ་བ་ཡིན་ཞེ་ན། དེ་ལྟ་བུའི་དོན་བྱ་བ་བྱེད་པ་ཉིད་ལ་དེར་འཛིན་པའི་ཕྱིར་མི་སླུ་བ་ཡིན་ནོ།། །།བམ་པོ་གསུམ་པ། ངེས་
པ་འདི་ཅི་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་ཕྱིར་རོ། །ངེས་པ་དེ་ཉིད་ཅི་ལྟར་འཛིན་ཞེ་ན། ཐ་སྙད་འདི་ཉིད་ལས་སོ། །འབྲེལ་པ་ལ་སོགས་པ་ཐམས་ཅད་ནི་ཐོག་མ་མེད་པའི་ཐ་སྙད་ལས་ཤེས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་སྤྱི་འབྲེལ་པ་བཟུང་ན་ཁྱད་པར་
རྟོགས་པར་འགྱུར་བ་ཡིན་ཏེ། དེ་ནི་ཁྱད་པར་མེད་པར་མེད་པའི་ཕྱིར་རོ། །ཐ་སྙད་ཐམས་ཅད་དེ་ལྟ་བུ་ཉིད་དོ། །འདིས་ནི་ཆོས་ཅན་ཆོས་དག་གིས། །ཆོས་དང་ཆོས་ཅན་ཁྱད་པར་ཅན། །འགོག་པ་དག་ནི་གསལ་ཡིན་ཏེ། །ཆོས་ཅན་དེ་ལྟར་མི་འགྲུབ་ཕྱིར། །སྒྲ་མི་རྟག་པའོ་ཞེས་དམ་བཅས་པ་ན།
གལ་ཏེ་སྒྲ་མི་རྟག་པར་བསྒྲུབ་པ་ཡིན་ན། སྒྲ་ལ་སྒྲའི་ཁྱད་པར་ཅན་གྱི་མི་རྟག་པའམ། མི་རྟག་པ་ཉིད་ཀྱིས་ཁྱད་པར་ཅན་གྱི་སྒྲ་འགྲུབ་པར་བྱ་བ་ཡིན་པར་འགྱུར་རོ། །དེས་ན་དེ་ལས་བཟློག་པ་སྒྲུབ་པའི་ཕྱིར་འགལ་བ་ཡིན་ཏེ། ཇི་ལྟར་གཏན་ཚིགས་འདི་སྒྲ་ལ་མི་རྟག་པ་ཉིད་སྒྲུབ་པ་དེ་བཞིན་དུ་སྒྲའི་ཁྱད་པར་

ཅན་གྱི་མི་རྟག་པ་ཉིད་མེད་པ་ཡང་ཡིན་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འདོད་པ་བསྒྲུབ་བྱར་བརྗོད་པ་འདིས་གསལ་བ་ཡིན་ནོ། །སྒྲ་ལ་མི་རྟག་པའི་སྒྲ་བསྒྲུབ་པ་ནི་མ་ཡིན་ཏེ། མི་རྟག་པ་ཉིད་ཙམ་ཞིག་བསྒྲུབ་པའི་ཕྱིར་རོ། །མི་རྟག་པ་ཙམ་བསྒྲུབ་ན་ཅི་ལྟར་སྤྱི་སྒྲུབ་པར་འགྱུར་ཞེ་ན།
མ་ཡིན་ཏེ། དེ་ལྟ་བུ་ཉིད་དུ་སྤྱི་སྒྲུབ་པའི་ཕྱིར་རོ། །ཆོས་ཅན་དང་ལྷན་ཅིག་ཚོགས་པ་སྒྲུབ་པའི་ཕྱིར་རོ། །ཆོས་ཅན་སྒྲ་ལ་མི་རྟག་པ་དང་། སྒྲའི་སྤྱི་གཞན་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། དེས་ན་དེ་བཟློག་ཀྱང་ཉེས་པ་ཡོད་པ་མ་ཡིན་ནོ། །མི་རྟག་པ་ཙམ་བཟློག་ན་ནི་སྐྱོན་དུ་འགྱུར་རོ། །ཇི་ལྟར་
འདུས་པའི་ཕྱིན་ཅི་ལོག་ཏུ་འགྱུར་ཞེ་ན། གཉིས་ལས་གཅིག་མེད་ན་སྤྱི་བཟློག་པར་འགྱུར་བའི་ཕྱིར་རོ། །གཅིག་ལུས་ན་ནི་ཚོགས་པ་སྲིད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་ཅན་ལ་ཆོས་འབའ་ཞིག་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལྟ་བུ་ཉིད་འདུས་པ་སྒྲུབ་པའི་ཕྱིར་ཏེ། གཅིག་ལ་གཉིས་པ་
སྒྲུབ་ན་ཚོགས་པར་འགྲུབ་པའི་ཕྱིར། འོ་ན་ཅི་ལྟར་ཆོས་དང་ཆོས་ཅན་དང་། དེ་ཚོགས་པ་དང་ཁྱད་པར་བཟློག་པ་ཐ་དད་ཅེ་ན། དེའི་སྒོ་ནས་བཟློག་པའི་ཕྱིར་རོ། །དེའི་སྒོ་ནས་ཚོགས་པ་བཟློག་པ་ནི་དེས་ཐ་སྙད་བྱེད་པ་ཡིན་ནོ། །དོན་དམ་པར་ནི་ཚོགས་པ་གསལ་བ་ཉིད་དོ། །སྒྲ་ནི་མི་རྟག་པའི་སྒྲ་
འམ་སྒྲའི་མི་རྟག་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་འདུས་པ་གསལ་བ་ཡིན་ནོ་ཞེ་ན། དེ་ལྟར་ནི་དམ་བཅས་པ་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ། །སྒྲ་མི་རྟག་གོ་ཞེས་དམ་བཅས་པས་ནི་ཆོས་ཅན་གཞན་ལ་སྤྱི་སྒྲུབ་པ་ཉིད་དུ་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་དུ་ཚོགས་པ་སྒྲུབ་མི་སྲིད་པའི་
ཕྱིར། ཆོས་ཅན་ལ་སོགས་པ་འབའ་ཞིག་བསལ་བ་ཉིད་ཀྱིས་ཚོགས་པ་བསལ་བ་ཡིན་གྱི། སྒྲ་ལ་མི་རྟག་པ་ཉིད་ཀྱིས་སྒྲ་བསལ་བས་ནི་མ་ཡིན་ཏེ། དེ་ལྟར་བསྒྲུབ་པར་བྱ་བ་མི་འདོད་པའི་ཕྱིར་རོ། །མི་འདོད་པ་བསལ་བ་ནི་སྐྱོན་མ་ཡིན་ནོ། །ཆོས་ཅན་ལ་ནི་ཚོགས་པ་དག །བསལ་བ་འགལ་བ་
མ་ཡིན་ནོ། །གང་ཕྱིར་དེ་ལྟར་བསྒྲུབ་འདོད་མིན། །འདིར་ཆོས་འབའ་ཞིག་བསྒྲུབ་བྱ་ཡིན། །ཞེས་བྱ་བ་ནི་བསྡུ་བའོ། །གལ་ཏེ་འདོད་པ་སྨོས་པ་བསྒྲུབ་བྱར་མི་འདོད་པ་བཟློག་ཀྱང་ཉེས་པ་མེད་པར་བསྟན་པ་ལྷུར་གཉེར་བ་ཡིན་ན། དེ་ལ་ཅི་ལྟར་ཆོས་ཅན་ལ་སྒྲའི་ཁྱད་པར་ཅན་གྱི་མི་རྟག་པ་ཉིད་བཀག་

པ་ལ་སྐྱོན་མེད་པ་དེ་བཞིན་དུ་ནམ་མཁའི་ཡོན་ཏན་ཉིད་ཀྱིས་ཁྱད་པར་ཅན་གྱི་མི་རྟག་པ་ཉིད་བཀག་ཀྱང་སྐྱོན་མེད་པ་ཉིད་དོ་ཞེ་ན། དེ་ནི་བདེན་ཏེ། དེ་ལྟ་ན་ཡང་རང་ཉིད་སྨོས་པ་ནི་ལོག་པར་རྟོག་པ་དགག་པའི་ཕྱིར་ཡིན་ནོ། །འདི་ལྟར། ཆོས་ཅན་གཅིག་ལ་བསྟན་བཅོས་
ལས། །ཆོས་རྣམས་དུ་མ་རྣམ་གཞག་ཀྱང་། །བདག་ཉིད་འདོད་པ་བསྒྲུབ་བྱ་ཞེས། །བདག་ཉིད་ཀྱིས་ནི་སྒྲ་སྨོས་སོ། །ཁ་ཅིག་ན་རེ་བསྟན་བཅོས་ལ་མཐོང་བ་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་ཏེ། དེ་ལ་གནོད་པས་ནི་གཏན་ཚིགས་དང་དམ་བཅའ་བ་དག་གི་སྐྱོན་དུ་འགྱུར་ཞེའོ། །དེ་ལྟར་ཡང་རིགས་པའི་
བཤད་པ་ལས། དམ་བཅའ་བ་ནི་ལུང་ཡིན་ཏེ། ལུང་གི་དོན་སྟོན་པའི་ཕྱིར་ལུང་ཞེས་བརྗོད་དེ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། རྣམ་འགྲེལ་ལས། གཞན་དུ་ནི་ལུང་ཚད་མ་ཡིན་པའི་ཕྱིར་དང་དམ་བཅའ་བ་ནི་ཐེ་ཚོམ་སྒྲུབ་པར་བྱེད་པའི་ཕྱིར་ཅི་ལྟར་གཅིག་ཏུ་འགྱུར། དེ་ཉིད་ནི་ལུང་གི་དོན་
གཞན་ལ་སྟོན་པས་ན། ལུང་གི་དོན་ཡིན་ནོ། །དེའི་ཕྱིར་དམ་བཅའ་བ་ནི་ལུང་ཡིན་ཏེ། དེའི་དོན་ལ་གནོད་ན་གཏན་ཚིགས་ཀྱི་སྐྱོན་ཡིན་ཏེ། བསྟན་བཅོས་ལ་གནོད་པའི་ཕྱིར་རོ། །བསྟན་བཅོས་དང་འགལ་བའི་གཏན་ཚིགས་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དམ་བཅའ་བའི་སྐྱོན་
ཡང་ཡིན་ནོ། །མི་རྟག་པ་ཉིད་ཀྱང་ནམ་མཁའི་ཡོན་ཏན་ཉིད་དང་དོན་གཅིག་ལ་འདུ་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། ཅི་ལྟར་བསྟན་བཅོས་སམ་གཏན་ཚིགས་གཞན་འགའ་ཞིག་གིས་དེ་ལ་ནམ་མཁའི་ཡོན་ཏན་ཉིད་བསྒྲུབ་པར་བྱ་བ་ལྟར། དམ་བཅའ་བའི་དོན་ནི་དེ་ལྟ་བུའི་མི་རྟག་པ་ཉིད་
ཡིན་ནོ། །དེ་ཡང་དེས་བསལ་བས་དམ་བཅའ་བའི་སྐྱོན་ཡིན་ནོ། །འདི་ལྟར། སྐད་ཅིག་དེ་མ་ཐག་འཇིག་ན། །ནམ་མཁའི་ཡོན་ཏན་བདག་ཉིད་བརྫུན། །དུས་གཞན་དག་ཏུ་འཇིག་ན་ཡང་། །ནམ་མཁའི་ཡོན་ཏན་བདག་ཉིད་བརྫུན། །གལ་ཏེ་སྒྲའི་བདག་ཉིད་དེ་རྒྱུ་མེད་པའི་ཕྱིར་སྐད་ཅིག་གི་
མོད་ལ་འཇིག་ན་ཇི་ལྟར་ནམ་མཁའི་ཡོན་ཏན་བདག་ཉིད་དུ་འགྱུར། རྟེན་ཞེས་བྱ་བ་ནི་གནས་པའི་རྒྱུ་ཡིན་ན་སྐད་ཅིག་མ་ནི་གནས་པ་མ་ཡིན་ནོ། །སྐད་ཅིག་གཅིག་ནི་རང་གི་རྒྱུ་ཉིད་ལས་ཡིན་ནོ། །འོན་ཏེ་དུས་གཞན་དུ་གནས་པ་ཡིན་ན། དེ་ནི་རང་གི་རྒྱུ་ལས་སྐྱེས་པ་ཡིན་པས། དེའི་ཚེ་ཡང་རྒྱུའི་

དབང་གིས་གནས་པ་ཡིན་པའི་ཕྱིར་རྟེན་གྱིས་ཅི་བྱ། འོན་ཏེ་རྟེན་གྱི་དབང་གིས་དུས་གཞན་དུ་གནས་པ་ཡིན་ན། མི་འཇིག་པ་ཉིད་ཀྱིས་གནས་པ་མ་ཡིན་ནམ། རྟེན་གྱིས་ཅི་བྱ་གང་གི་རྟེན་མེད་ན་ལྟུང་བར་འགྱུར་བ་སྒྲ་ནི་ལྕི་བ་ཉིད་ཀྱང་མ་ཡིན་ལ་ནམ་མཁའ་ཡང་འཛིན་པའི་རང་བཞིན་ལ་བརྟེན་པ་མ་ཡིན་ནོ། །
ནམ་མཁའ་ནི་ལྕི་བ་དག་འཛིན་པར་བྱེད་པ་མ་ཡིན་ནོ། །ལྕི་བ་ལྟུང་བ་འཛིན་པ་ཡི། །བདག་ཉིད་ནམ་མཁའ་ལ་ཡོད་མིན། །ལྕི་མིན་ལྟུང་བ་མེད་པའི་ཕྱིར། །འཛིན་པར་བྱེད་པས་ཅི་ཞིག་བྱ། །རླུང་གིས་བསྐྱོད་པར་གྱུར་པ་ཡི། །སྒྲ་དེ་དེ་ཡིས་འཛིན་འདོད་དེ། །གལ་ཏེ་ནམ་མཁའ་འཛིན་མིན་ན། །
དེ་ནི་འཇིག་པ་ཉིད་དུ་འགྱུར། །ལྟོས་ནས་འཇིག་འགྱུར་དེ་ལྟ་བུ། །དེ་ནི་དེ་ཡི་རང་བཞིན་ཉིད། །འཇིག་རྒྱུ་མེད་ཀྱི་བར་དུ་དེ། །གནས་པའི་ཕྱིར་ན་རྟེན་གཞན་མེད། །དེ་ལྟར་དེ་ནི་རྟེན་མེད་པར། །གནས་འགྱུར་འདི་ནི་ངེས་པ་ཉིད། །གལ་ཏེ་སྐད་ཅིག་གནས་པ་དང་། །དུས་གཞན་གནས་ལ་
ཡོད་མིན་ལ། །རྟག་རྣམས་ལ་ཡོད་ཡོད་མིན་ན། །རྟེན་ཉིད་དེ་ནི་དོན་མེད་ཡིན། །དེ་བདེན་དེ་ལྟར་ན་ཡང་འདི། །རྟག་ཏུ་ལྷན་ཅིག་སྐྱེས་རང་བཞིན། །འདི་ཡང་དཔྱད་པར་བྱ་མིན་ཞེས། །བྱ་བར་ཡང་ནི་རྟོགས་པ་ཡིན། །དེའི་ཕྱིར་མི་རྟག་པའི་བདག་ཉིད་ཀྱི་དོན་ལ་བརྟེན་གྱིས་དོན་མ་ཡིན་པའི་
ཕྱིར་མི་རྟག་པར་སྒྲུབ་པར་བྱེད་པ་དེ་ནི་བརྟེན་པ་ཉིད་ཀྱིས་གནོད་པར་བྱེད་པ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་དང་དམ་བཅའ་བའི་སྐྱོན་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ཐམས་ཅད་གཟུང་བས་དེ་གཅིག་ལ། །རབ་ཏུ་གནོད་གང་གཏན་ཚིགས་དང་། །
དམ་བཅའ་བ་དག་སྐྱོན་འགྱུར་ན། །སྒྲ་མི་རྟག་པར་སྒྲུབ་པ་ན། །དྲི་ཟའི་ཡོན་ཏན་བཟློག་པའི་ཕྱིར། །གཏན་ཚིགས་འགལ་འགྱུར་སྐབས་མིན་ཕྱིར། །མིན་ན་དེ་ཡི་གཞན་ལ་འང་མཚུངས། །གལ་ཏེ་བསྟན་བཅོས་ཁས་བླངས་པ་ཙམ་གྱིས་བསྟན་བཅོས་ལ་གནོད་ན་གཏན་ཚིགས་དང་དམ་
བཅའ་བའི་སྐྱོན་དུ་འགྱུར་ན། དེའི་ཚེ་སྒྲ་ནམ་མཁའི་ཡོན་ཏན་ཡིན་པ་བཀག་པ་བཞིན་དུ་དྲི་ཟའི་ཡོན་ཏན་ལས་བཟློག་པ་བསྒྲུབ་པ་ལ་ཡང་འགྱུར་རོ། །གང་གི་ཕྱིར་ཅི་ལྟར་དེས་བརྗོད་པ་དེའི་ཆོས་ནམ་མཁའི་ཡོན་ཏན་ཉིད་དང་འབྲེལ་པར་གྱུར་པའི་མི་རྟག་པ་ཉིད་དེ་བསྒྲུབ་བྱ་ཡིན་པ་དེ་བཞིན་དུ་

བསྟན་བཅོས་དེ་བྱེད་པའི་འདོད་པ་དྲིའི་ཆོས་ཅན་གཞན་དང་འབྲེལ་པའི་ཡོན་ཏན་དང་འབྲེལ་པ་ཉིད་བསྟན་བཅོས་དེས་བསྒྲུབ་པར་ཡང་ཡིན་པར་འགྱུར་ཏེ། དེ་བཀག་ན་ཡང་བསྟན་བཅོས་དེ་དང་འབྲེལ་པ་མི་འཐད་པའི་ཕྱིར་ན་དམ་བཅས་པའི་སྐྱོན་དུ་འགྱུར་བ་ཉིད་དོ། །དྲི་ནི་
སྐབས་སུ་གཏོགས་པ་མ་ཡིན་པའི་ཕྱིར་ན་ཅི་ལྟར་ཞེས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ནམ་མཁའི་ཡོན་ཏན་ཡང་སྐབས་སུ་གཏོགས་པ་མ་ཡིན་པའི་ཕྱིར། གཉི་ག་ལ་ཡང་ཁྱད་པར་མེད་དོ། །ཅི་སྟེ་ཆོས་ཅན་འདིར་སྐབས་ཡིན། །དེ་ལ་བསྟན་བཅོས་དོན་གནོད་ཉིད། །བསྟན་བཅོས་དོན་
ཁས་བླངས་པའི་ཕྱིར། །ཆོས་ཅན་གཞན་དུའང་སྐབས་ཅིས་མིན། །གལ་ཏེ་འདིར་ཆོས་ཅན་སྐབས་ཡིན་ཡང་། དེ་ནི་ཆོས་དེའི་གཞི་ཡིན་པ་ཉིད་ཀྱིས་སོ། །འོན་ཏེ་བསྟན་བཅོས་ཀྱི་སྒོ་ནས་ཆོས་གཞན་གྱི་རྟེན་ཡིན་པས་ཀྱང་ངོ་ཞེ་ན། དེ་ལྟ་ན་ནི་འོ་ན་དེ་དང་བསྟན་བཅོས་གཅིག་གིས་བརྗོད་པ་
ཆོས་ཅན་གཞན་དང་འབྲེལ་པའི་འབྲེལ་པ་ཉིད་ཀྱང་ཡིན་པའི་ཕྱིར་སྐྱོན་མཚུངས་སོ། །འོན་ཏེ་ཡང་ཆོས་དེའི་གཞིར་གྱུར་པའི་ཆོས་ཅན་སྐབས་ཡིན་པའི་ཕྱིར། ཆོས་གཞན་ཡང་བསྒྲུབ་བྱའི་ཕྱོགས་སུ་གཏོགས་པ་ཡིན་ཏེ་རྒོལ་བས་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི། ཆོས་ཅན་ཆོས་
སོགས་སྒྲུབ་བྱེད་ཀྱི། །ཅི་སྟེ་རྒོལ་འདོད་ཡིན་བརྗོད་ན། །ནམ་མཁའི་ཡོན་ཏན་ཉིད་ཀྱང་རྒོལ་བས་འདོད་པ་ཉིད་ཡིན་ཏེ། བསྒྲུབ་བྱའི་ཆོས་ཅན་དུ་བཟུང་བའི་ཆོས་ཡིན་པའི་ཕྱིར། མི་རྟག་པ་ཉིད་བཞིན་ནོ། །དེ་བཞིན་དུ་བསྒྲུབ་བྱའི་སྤྱིའི་ཕྱོགས་གཅིག་གི་ཁྱད་པར་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་
པའོ་ཞེ་ན། དེ་ལ་བརྗོད་པ་བསྒྲུབ་པར་བྱ་བའི་སྤྱིའི་ཕྱོགས་གཅིག་གི་ཁྱད་པར་ཡིན་པ་ཙམ་གྱིས་ནི། སྐབས་མ་ཡིན་པ་ལ་འདོད་པ་འབྱུང་བ་མ་ཡིན་ཏེ། འདི་ལྟར། གནས་སྐབས་འགའ་ཡིས་འདོད་འགྱུར་ཞིང་། །དེ་རྟོགས་པ་ཡང་དེ་དག་གིས། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་
དབང་ཕྱུག་དཔྱོད་པ་ཡིན། བསྒྲུབ་པར་བྱ་བའི་སྤྱིའི་ཕྱོགས་གཅིག་གི་ཁྱད་པར་ཉིད་ཙམ་ནི་འདོད་པ་འཇུག་པར་བྱེད་པ་མ་ཡིན་ནོ། །འཇུག་པར་བྱེད་ན་ཡང་འདོད་པ་དང་སྒྲུབ་པར་བྱེད་པ་འཇུག་པ་རྟག་ཏུ་མི་འཆད་པར་ཐལ་བར་འགྱུར་རོ། །འོན་ཏེ་བསྒྲུབ་པར་བྱ་བའི་སྤྱིའི་ཕྱོགས་གཅིག་གི་ཁྱད་པར་ཉིད་དུ་

འདོད་པའི་ཕྱིར་རོ་ཞེས་བྱ་བར་འདོད་ན། དེ་ལྟར་ཡིན་ན་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བའང་ཡིན་ལ་སྒྲུབ་པར་བྱེད་པ་ཡང་དེ་ཉིད་ཡིན་པའི་ཕྱིར་དམ་བཅའ་བའི་དོན་ཉིད་སྒྲུབ་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་སྐབས་གང་ཡིན་པ་དེ་ཉིད་ལ་འདོད་པ་འབྱུང་སྟེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །
དེས་ན་རྩོད་པའི་གནས་ཉིད་ལ་འདོད་པ་འཇུག་གི་ནམ་མཁའི་ཡོན་ཏན་ཉིད་ལ་ནི་མ་ཡིན་ནོ། །གལ་ཏེ་སྐབས་ལས་འདོད་པ་འབྱུང་བས་སྐབས་ནི་དེའི་རྒྱུ་ཡིན་པས་ན་དེ་ཅི་ལྟར་རྒྱུ་ལས་འབྲས་བུ་འགྲུབ། རྒྱུ་ནུས་པ་ཐོགས་པ་མེད་པ་འབྲས་བུ་གོ་བར་བྱེད་པ་ཡིན་ནོ་ཞེ་ན། ཇི་ལྟར་ན་དེ་ལྟར་རྟོགས་པར་བྱ།
དེའི་འབྲས་བུ་ཚིག་མཐོང་བའི་ཕྱིར་རོ་ཞེ་ན། འོ་ན་ནི་འབྲས་བུ་ཚིག་ཉིད་ལས་རྟོགས་ཀྱིས་སྐབས་ལས་མ་ཡིན་པའི་ཕྱིར་ཅི་ལྟར་དེ་ཉིད་ཀྱིས་རྟོགས་པར་བརྗོད་ཅེ་ན། འདིར་བརྗོད་པ། དེ་ཉིད་ནུས་པ་ཚིག་ལས་ནི། །རྟོགས་འགྱུར་དེ་ལས་འདོད་པ་ནི། །ངེས་པ་ཉིད་རྟོགས་དེ་ཡི་ཕྱིར། །སྐབས་
ལས་རྟོགས་པར་བརྗོད་པ་ཡིན། །ཚིག་ལས་ནི་འདོད་པ་ཙམ་རྟོགས་སོ། །སྐབས་ནི་རྒྱུ་ཡིན་པའི་ཕྱིར་འདོད་པ་གོ་བར་བྱེད་པ་མ་ཡིན་ནོ། །དེས་ན་ཚིག་གིས་རྟོགས་པ་ནུས་པ་ཐོགས་པ་མེད་པའི་སྐབས་ཉིད་འདོད་པ་སོ་སོར་ངེས་པ་གོ་བར་བྱེད་པ་ཡིན་པའི་ཕྱིར་ན་དེ་ཉིད་ཀྱིས་ཡིན་པར་བརྗོད་དོ། །སྐབས་
མེད་ཀྱང་ཁྱོད་ཀྱི་འདོད་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་རིགས་པ་ཅི་ཡང་མེད་དོ། །དེས་ན། འབྲས་བུའི་རྟགས་ཅན་མིན་བརྗོད་དེ། །འཁྲུལ་པ་ཡིས་ནི་གནོད་པར་འགྱུར། །མེད་ན་མི་འགྱུར་མིན་འདོད་ལ། །གནོད་ཀྱང་གཞན་ལ་ཅི་ཞིག་གནོད། །འབྲས་བུ་ཚིག་གམ་རྒྱུ་གོ་བར་བྱེད་པ་ཡིན་ལ་རྒྱུ་
ཡང་སྐབས་ཡིན་ནོ། །ནམ་མཁའི་ཡོན་ཏན་ཉིད་ལ་ནི་གོ་བར་བྱེད་པ་མེད་དེ་དེ་ལ་རྒྱུ་དེ་མེད་པའི་ཕྱིར་རོ། །འབྲས་བུ་ཚིག་དེ་ཡང་ནམ་མཁའི་ཡོན་ཏན་ལ་མེད་དོ། །དེ་ལྟ་ན་ཡང་འདི་ནི་ཁྱོད་འདོད་པ་ཡིན་ནོ་ཞེས་འབྲས་བུའི་རྟགས་མེད་པར་འདོད་པར་བརྗོད་པ་ནི་འཁྲུལ་པས་གནོད་པར་འགྱུར་རོ། །བསྒྲུབ་
པར་བྱ་བ་སྤྱིའི་ཕྱོགས་གཅིག་གི་ཁྱད་པར་ཉིད་ལ་སོགས་པ་ནི་འདོད་པའི་འབྲས་བུ་མ་ཡིན་ལ་ནུས་པ་ཐོགས་པ་མེད་པའི་རྒྱུ་ཡང་མ་ཡིན་ནོ། །མེད་ན་མི་འབྱུང་བའི་དོན་ལ་གནོད་ན་ནི་ཁྱབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་མི་འབྱུང་བའི་ཕྱིར། སྒྲུབ་བྱེད་དང་བསྒྲུབ་པར་བྱ་བ་དག་གི་སྐྱོན་དུ་འགྱུར་བ་

ཡིན་ནོ། །ནམ་མཁའི་ཡོན་ཏན་ཉིད་ནི་མེད་ན་མི་འབྱུང་བའི་དོན་མ་ཡིན་ནོ། །མེད་ན་མི་འབྱུང་བ་མ་ཡིན་པ་ལ་གནོད་པ་ན་དེ་ལས་གཞན་པའི་བསྒྲུབ་བྱ་ལ་གནོད་པ་ཅི་ཡོད། གལ་ཏེ་བསྟན་བཅོས་ཁས་བླངས་ཏེ། །རྩོད་པ་ལ་འཇུག་པ་ཉིད་མ་ཡིན་ནམ། དེས་ན་རང་
ཉིད་བསྟན་བཅོས་ལ་གནས་པ་ལ་ནི་དེའི་དོན་གནོད་ན་ངེས་པར་སྐྱོན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་བཤད་ཟིན་པའི་ཕྱིར་རོ། །དྲི་ལ་སའི་ཡོན་ཏན་ཕྱིན་ཅི་ལོག་ཏུ་བྱས་པ་ལ་ཡང་སྐྱོན་དུ་འགྱུར་རོ་ཞེས་སོ། །རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །དེས་གྲུབ་དེ་ནི་ལེགས་
པར་གྲུབ། །དེ་ཚེ་བསྟན་བཅོས་ལྟོས་མ་ཡིན། །འབྲེལ་པ་སྟོབས་ལ་བརྟེན་པའི་རྗེས་སུ་དཔག་པ་ནི་རང་གི་ཡུལ་ལ། བསྟན་བཅོས་ལ་ལྟོས་པ་མ་ཡིན་ཏེ། མངོན་སུམ་བཞིན་དུ་ཚད་མ་ཡིན་པའི་ཕྱིར་རོ། །གང་ཅུང་ཟད་མཐོང་བ་དེ་ཐམས་ཅད་ཅིག་ལུང་ལ་ལྟོས་སམ་དེ་བཞིན་དུ་རྗེས་སུ་དཔག་
པ་ཡང་ལུང་ལ་ལྟོས་སམ་ཅི། ཅི་སྟེ་བདག་ཅག་ལྟ་བུའི་མངོན་སུམ་ནི་ངེས་པར་ལུང་ལ་ལྟོས་པ་ཡིན་ཏེ། ལུང་གིས་གནོད་ན་ནི་འཁྲུལ་པ་ཉིད་དོ། །ལྷའི་མིག་དང་ལྡན་པའི་ཚིག་ནི་བདག་ཅག་ལྟ་བུའི་མངོན་སུམ་གྱིས་གནོད་པ་མ་ཡིན་ཏེ། རབ་རིབ་ཅན་གྱིས་མཐོང་བས་ནི་ཅིག་ཤོས་ཀྱིས་མཐོང་
བ་ལ་གནོད་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ་གལ་ཏེ། ལྷ་ཡི་མིག་ཅན་ཚིག་ཀུན་གྱི། །བྱེད་པོ་ཡིན་ན་ཚིག་འདི་རིགས་པ་ཡིན། དེ་འདི་འགའ་ཞིག་ཡོད་ཀྱང་བདག་ཅག་གིས། །དེ་ནི་དེ་བཞིན་གསལ་བས་ངེས་མ་ཡིན། །ཚིག་ཕན་ཚུན་འགལ་བ་ཉིད་ཀྱིས་ལུང་བྱེད་པ་ཐམས་ཅད་རིགས་པ་མ་
ཡིན་ནོ་ཞེས་བྱ་བར་རྟོགས་སོ། །ཐམས་ཅད་མཁྱེན་པ་མ་ཡིན་མོད་དེ་ལྟ་ན་ཡང་ཁྱེད་ཅག་པས་ཀྱང་གཞན་པར་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ལུང་ཐམས་ཅད་དང་འགལ་བ་སྤངས་དགོས་ན་དོན་མི་ནུས་པ་ཉིད་དོ། །དེས་ན་རྗེས་སུ་དཔག་པ་སྐྱེ་བར་མི་འགྱུར་བ་ཁོ་ནའོ། །འོན་ཏེ་རང་གི་ཁས་
བླངས་པའི་ལུང་གི་བསྟན་བཅོས་དང་འགལ་བ་ཉིད་སྤང་བར་བྱ་བ་ཡིན་ན། དེ་ལྟ་ན་ནི་བརྟགས་ནས་ཁས་བླང་བར་བྱ་བ་ཡིན་ནོ། །རྟོགས་པའི་དུས་ན་ཡང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ཏེ། བསྟན་བཅོས་དང་འགལ་བ་མ་སྤངས་པའི་ཕྱིར་རོ། །དེའི་ཚེ་བསྟན་བཅོས་ཁས་བླངས་པ་མེད་པ་ཉིད་པས་

འགལ་བ་སྤངས་པས་ཅི་བྱ་ཞེ་ན། དེ་ལྟ་ན་ནི་འོ་ན་དེས་གྲུབ་པའི་བསྒྲུབ་པ་བྱ་བ་དེ་ནི་ལེགས་པར་གྲུབ་པ་ཉིད་དོ། །གྲུབ་པ་ནི་ཕྱིས་མ་གྲུབ་པར་མི་འགྱུར་རོ། །དེ་དང་འགལ་བའི་ལུང་ཁས་བླངས་པས་མ་གྲུབ་པ་ཉིད་དུ་འགྱུར་རོ་ཞེ་ན། འོ་ན་ནི་བསྟན་བཅོས་ཐམས་ཅད་དང་འགལ་བ་སྤངས་པ་དེ་ཉིད་དོ། །ཁས་
བླངས་པ་ལ་ལྟོས་ནས་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ན་ཞེ་ན། ཁས་བླངས་ཐམས་ཅད་ལ་ཅི་སྟེ་མ་ཡིན། བརྟག་ནི་བཟོད་པ་ཉིད་ཀྱིས་སོ་ཞེ་ན། དེ་ལྟ་ན་ནི་འོ་ན་བརྟག་པ་ནི་ཚད་མ་ཡིན་ལ་དེ་ཉིད་ཀྱང་དེས་གནོད་པའི་ཕྱིར་རང་གསད་པའི་ཕྱིར་གཤེད་བྱེད་སློང་བའི་ཚུལ་དུ་འདི་འགྱུར་རོ། །དེ་ཉིད་ཀྱི་
ཕྱིར་བསྟན་བཅོས་ཉིད་ཚད་མས་འགལ་བའི་ཕྱིར་དེའི་ཚེ་ལྟོས་པར་བྱ་བ་མ་ཡིན་ནོ། །དེས་ན་དེ་ནི་གནོད་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་དེའི་ཚེ་བསྟན་བཅོས་ལ་ལྟོས་པར་བྱ་བ་མ་ཡིན་ན་འོ་ན་རྩོད་པ་དོར་བ་ཉིད་དུ་འགྱུར་རོ། །དེ་ཚེ་རྩོད་དོར་འགྱུར་ཞེ་ན། །དེ་ཚེ་ཁས་བླངས་མེད་ཕྱིར་མིན། །འདི་ནི་ཁས་
བླངས་ཐབས་ཡིན་ཏེ། །དེ་ཚེ་ཡོད་ཀྱང་ཡན་ལག་མིན། །བསྟན་བཅོས་ལ་མ་བརྟེན་པར་རྩོད་པ་མི་བྱེད་པ་ནི་མ་ཡིན་ཏེ། དེའི་ཚེ་ཁས་མ་བླངས་པའི་ཕྱིར་རོ། །ཁས་ལེན་པའི་ཐབས་ནི་བརྟགས་པ་ཉིད་ཡིན་ནོ། །མ་བརྟགས་པར་དེ་ཁས་བླངས་སོ་ཞེ་ན་ནི་དེའི་ཚེ་ཡོད་ཀྱང་ཡན་ལག་མ་ཡིན་ཏེ། ཚད་མས་
གནོད་པའི་ཕྱིར་རོ། །བརྟག་མི་བཟོད་པའི་བསྟན་བཅོས་ནི་དེའི་ཚེ་གནོད་པར་བྱེད་པ་མ་ཡིན་ཏེ། འོ་ན་གང་གི་ཚེ་ཁས་བླངས་པའི་བསྟན་བཅོས་གནོད་པར་བྱེད་པའི་ཡན་ལག་ཡིན་ཞེ་ན། འདིར་བརྗོད་པ། དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་
ཡིན་དེ་ཡི་ཚེ། །བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། །དེ་ལྟར་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པས་མངོན་སུམ་དང་ལྐོག་ཏུ་གྱུར་པའི་ཡུལ་གཉིས་པ་ཡོངས་སུ་དག་པ་ན་གལ་ཏེ་དེ་ཙམ་གྱིས་ཡོངས་སུ་ཚིམ་གྱིས་ཡོངས་སུ་མ་ཚིམ་པ་དེའི་ཚེ་བསྟན་བཅོས་འཛིན་པར་འདོད་པས་ན་དེ་ནི་
བསྟན་བཅོས་ལེན་པའི་དུས་ཡིན་པར་འགྱུར་ཏེ། དེ་ཉིད་ཀྱི་ཚེ་བསྟན་བཅོས་གནོད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར། དེས་གྲུབ་དོན་ལ་དེ་དང་ནི། །འགལ་བར་སེམས་པ་མི་རུང་ཕྱིར། །གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པར་རིགས་ལྡན་ཡིན། །བརྟགས་ནས་བསྟན་བཅོས་

ཁས་བླངས་ན་བསྟན་བཅོས་དེ་ལས་རབ་ཏུ་གྲུབ་པའི་དོན་ལ་དེ་དང་འགལ་བར་སེམས་པ་ནི་མི་རིགས་སོ། །གལ་ཏེ། བསྟན་བཅོས་དེ་ནི་ལེགས་བརྟགས་ན། །དེ་ནི་ཅི་ལྟར་དམ་བཅའ་གནོད། །དེ་ལ་སླར་ཡང་བརྟག་པར་བྱ་ཡིན་ཏེ། །གལ་ཏེ་རྟོགས་ན་དེ་ནི་བརྟགས་མི་
འགྱུར། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་བརྟགས་ཏེ་དེའི་ཡུལ་མ་ཡིན་པ་གནས་གསུམ་པ་ལ་འཕོ་བའི་རྒྱུ་མཚན་དུ་བསྟན་བཅོས་ཁས་ལེན་པའི་ཕྱིར་ན་རྗེས་སུ་དཔག་པའི་ཡུལ་ལ་ལུང་གནོད་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཡང་གང་ཞིག་མ་དཔྱད་པར་བསྟན་བཅོས་ཁས་
ལེན་ན་བསྟན་བཅོས་གནོད་པར་བྱེད་པ་ཡིན་པའི་ཕྱིར་དམ་བཅའ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེར་ཡང་བསྒྲུབ་བྱའི་ཆོས་དང་ནི། །མེད་ན་མི་འབྱུང་ལ་གནོད་ཉིད། །སྤང་བར་བྱ་ཡི་གཞན་མིན་ཏེ། །ཐུག་པ་མེད་པར་ཐལ་ཕྱིར་རོ། །གལ་ཏེ་བསྟན་བཅོས་ཁས་
བླངས་པ་ཙམ་གྱིས་དེའི་དོན་ལ་གནོད་པ་སྤང་བར་བྱ་བ་ཡིན་ན་དྲི་ལ་སའི་ཡོན་ཏན་ཕྱིན་ཅི་ལོག་ཏུ་སྒྲུབ་པས་ཀྱང་ཉེས་པར་འགྱུར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དང་འབྲེལ་པ་ཉིད་ཀྱིས་གནོད་པ་སྤང་བར་བྱ་བའི་འབྲེལ་པ་མེད་པ་གཞན་དག་གི་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །
གལ་ཏེ་བསྟན་བཅོས་ཁས་མ་བླངས་པར་རྩོད་ན་ཡང་སུན་འབྱིན་པ་གཙོ་བོར་བྱེད་པ་ཙམ་དུ་འགྱུར་ཏེ། བསྟན་བཅོས་ལ་མི་བརྟེན་པ་ནི་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཚད་མས་གྲུབ་པ་ཁས་ལེན་པ་དང་དེ་བཞིན་དུ་ཚད་མས་མ་གྲུབ་པ་ཁས་ལེན་པ་མེད་པ་ཉིད་དུ་འགྱུར་ཏེ། གང་ཞིག་གནས་
གསུམ་པར་བསྟན་བཅོས་ཁས་མི་ལེན་པ་དེ་མེད་པ་མ་ཡིན་གྱི། གནས་གསུམ་པ་ལས་གཞན་དུ་ནི་བསྟན་བཅོས་ཀྱིས་ཅི་བྱ། འདི་ལྟར། དཔྱོད་པ་ཀུན་ལ་བསྟན་བཅོས་དག །གཟུང་ཞེས་ལུགས་འདི་གང་གིས་བྱས། །ད་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་རྟོགས་མི་འགྱུར། །གལ་
ཏེ་ཚད་མ་ཐམས་ཅད་གྲུབ་པའི་མཐའ་ཁས་བླངས་ནས་འཇུག་པ་ཉིད་ཡིན་ན་འཇིག་རྟེན་བ་ལང་རྫི་ལ་སོགས་པས་དུ་བ་ལས་མེ་རྟོགས་པར་ཡང་མི་འགྱུར་རོ། །ཅི་སྟེ་འཇིག་རྟེན་ཕ་རོལ་ལ་ཉེ་བར་མཁོ་བའི་དོན་གང་ཡིན་པ་དེ་ཉིད་བསྟན་བཅོས་ཁས་ལེན་པ་སྔོན་དུ་འགྲོ་བ་ཅན་ཡིན་གྱི་གཞན་ནི་མ་ཡིན་ནོ་

ཞེ་ན། དེ་ཡང་མ་ཡིན་ཏེ། བསྟན་བཅོས་ཁས་བླངས་མེད་པར་ནི། །གལ་ཏེ་དེ་ནི་ཚད་མ་ཡིས། །དེས་ན་དེ་ཚེ་བསྟན་བཅོས་ནི། །སྔོན་དུ་གཏོང་བ་གང་དུ་དགོས། །གལ་ཏེ་ཁས་མ་བླངས་ན་བསྟན་བཅོས་ཀྱིས་གནོད་པར་དོགས་པར་འགྱུར་རོ། །ཁས་བླངས་ན་ནི་བསྟན་བཅོས་ཀྱིས་
གནོད་པ་ཤེས་ཏེ་དེས་ན་དེ་དེའི་ཚེ་ནི་བསྒྲུབ་པར་མི་བྱ་བ་ཉིད་དོ་ཞེ་ན། མ་ཡིན་ཏེ། ཚད་མས་བསྒྲུབ་པ་ནི་མི་འདོད་ཀྱང་འགྱུར་བའི་ཕྱིར་རོ། །བསྟན་བཅོས་ནི་དེའི་ཚེ་གཏོང་བ་ཉིད་དོ། །གལ་ཏེ་བདག་ཉིད་ཀྱིས་ཅི་ལྟར་དོར་བར་འོས་ཤེ་ན། མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་དང་ལྡན་
པས་དེའི་ཡིན་ནོ། །འདི་ལྟར། སྐྱེ་བོ་རེང་བུར་སྐྱེས་གྱུར་ཅིང་། །ཡོན་ཏན་ཉེས་པ་མ་མཐོང་ལ། །གྲུབ་མཐའ་མི་བཟད་གདོན་དེ་ནི། །ཀྱེ་མ་སུ་ཡིས་བགོས་པ་ཡིན། །གལ་ཏེ་རིགས་པས་ཀྱང་གྲུབ་པའི་མཐའ་དོར་བར་མི་ནུས་ན་དེའི་ཚེ། འདི་གྲུབ་པའི་མཐའ་མ་ཡིན་ཏེ། གྲུབ་མཐའི་ཚུལ་
གྱིས་བྱིས་པ་རྣམས་ཀྱི་གདོན་མི་བཟད་པ་ཞིག་སྟེ། དེ་ལས་ཐར་བར་མི་ནུས་པའི་ཕྱིར་རོ། །ལྷན་ཅིག་འབྲེལ་པར་སྐྱེས་ཉིད་ལས། །ཡོངས་སུ་དོར་བར་མི་ནུས་ན། །སྐྱེ་བོ་རེང་བུར་སྐྱེས་བུ་དག །དེ་ལྡན་ལྷན་ཅིག་ཇི་ལྟར་སྐྱེས། །ཚད་མ་སྤངས་ཕྱིར་ཡོན་ཏན་དང་། །ཉེས་པ་རྣམ་དབྱེ་
གང་ལ་ཡོད། །དེ་ཕྱིར་རྗེས་སུ་དཔག་པ་ནི། །བསྟན་བཅོས་ཁས་ལེན་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་དང་འགལ་བའི་རྗེས་སུ་དཔག་པ་ཅི་ལྟར་ངེས་པར་བྱེད་པ་ཡིན། དེས་ན་དེ་དང་རྗེས་སུ་མཐུན་པའི་དཔེ་བསྟན་བཅོས་དང་འགལ་བ་སྤང་བར་མི་ནུས་པ་ཉིད་དོ་ཞེ་ན།
དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་དཔེ་ལ་བསྟན་བཅོས་ཀུན། །སྒྲུབ་པར་བྱེད་པ་གཅིག་ཉིད་ལ། །བསྟན་པ་སྒྲུབ་བྱེད་འགྱུར་ཞེ་ན། །འདི་ནི་འཇིག་རྟེན་འདས་ལུགས་ཡིན། །བསྟན་བཅོས་དང་འགལ་བ་ནི་སྤང་བར་མི་ནུས་པ་ཉིད་དོ། །བསྟན་བཅོས་ཉིད་ཕན་ཚུན་འགལ་བའི་ཕྱིར་
རོ། །ཐམས་ཅད་ཚད་མའམ་ཚད་མ་མ་ཡིན་པར་འགྱུར། རེ་ཞིག་ཚད་མ་ཡིན་ན། ཐམས་ཅད་འགལ་བ་མི་སྤོངས་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །ཚད་མ་ཉིད་མ་ཡིན་པ་ཡང་མ་ཡིན་ཏེ་སྐྱེ་བོ་ཐམས་ཅད་ཀྱི་ཚིག་དང་འགལ་བ་ནི་རྟག་ཏུ་ཡོད་པའི་ཕྱིར་རོ། །མཐའ་མེད་པ་དང་ནི་འགལ་བ་

སྤངས་པར་ནུས་པ་མ་ཡིན་ནོ། །དེ་ལྟར་སྒྲུབ་པར་བྱེད་པ་ཡིན་པར་འགྱུར་རོ་ཞེས་བྱ་བའི་ལམ་འདི་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །གལ་ཏེ་ཆོས་ཅན་དེ་ཉིད་ཀྱི་ཆོས་ཉིད་ལ་གནོད་ན། བརྗོད་པ་ལ་ཡང་ཡིད་ཆེས་པ་ཅི་ཡོད་དེ་གནོད་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་སྲིད་
པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། དེ་ལྟ་ཡིན་ན་འགའ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། གཅིག་བསྒྲུབ་པ་ཉིད་ཀྱིས་གདོན་མི་ཟ་བར་དེ་ལས་གཞན་ལ་གནོད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་། འབྲེལ་མེད་ཆོས་ནི་མ་གྲུབ་པས། །མ་གྲུབ་པ་ནི་ཇི་ལྟར་འགྱུར། །
དེ་གྲུབ་ཡིན་ན་དེ་སྒྲུབ་བརྗོད། །གཏན་ཚིགས་སྐྱོན་ལྡན་ཅི་ལྟར་ཡིན། །གལ་ཏེ་འབྲེལ་པ་མེད་པའི་ཆོས་ཀྱིས་གནོད་པ་སྤང་བར་བྱ་བ་ཡིན་ན་གཏན་ཚིགས་ཉིད་མེད་པར་འགྱུར་རོ། །གལ་ཏེ་གཞན་ལ་གནོད་ཀྱང་གཞན་ཅིའི་ཕྱིར་མི་འགྲུབ་དུ་བ་གཅིག་གིས་ཀྱང་མེ་དང་གྲང་བའི་རེག་པ་ཡོད་པ་
དང་མེད་པ་དག་སྒྲུབ་པར་བྱེད་པར་དམིགས་སོ། །བསྟན་པར་བྱ་བ་འགལ་བའི་ཕྱིར་བསྒྲུབ་པ་མི་འགལ་ལོ་ཞེ་ན། ནམ་མཁའི་ཡོན་ཏན་ལ་ཡང་འགལ་བ་མཚུངས་སོ། །གལ་ཏེ་གཏན་ཚིགས་དེ་ནི་དངོས་པོ་དང་དངོས་པོ་མེད་པ་ངག་གིས་སྒྲུབ་པར་བྱེད་པར་འགྱུར་མོད་ཀྱི། བསྟན་པར་བྱ་བ་
གོ་ཅི་ལྟར་བསྟན་བཅོས་དང་འགལ་བའི་དོན་རྟོགས་པར་འགྱུར། དེས་ན་བསྟན་བཅོས་ཀྱི་དོན་དང་འབྲེལ་པ་ཡང་དཔེ་ལ་བསྟན་པར་བྱ་བ་ཡིན་ཏེ། དེའི་ཆོས་ཉེ་བར་བླངས་པ་མེད་པར་ནི་གཏན་ཚིགས་ལས་བསྒྲུབ་བྱ་རྟོགས་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཆོས་ཅན་ཆོས་ནི་
མ་ལུས་པ། །དཔེ་བསྟན་མེད་པ་ཁོ་ནར་ནི། །སྐྱེ་བོ་ཚིག་དང་དུད་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དཔག་བྱེད། །བསྟན་བཅོས་ལས་གྲུབ་པ་འབྲེལ་པ་མེད་པའི་ཆོས་ལྟ་རེ་ཞིག་ཞོག་སྟེ། ཆོས་ཅན་དེའི་ཆོས་ཀྱང་འགའ་ཡང་དཔེ་ལ་ཉེ་བར་བླངས་པ་མེད་པ་ཁོ་ནར་འཇིག་རྟེན་འདི་དག་དང་
དུ་བ་ལ་སོགས་པའི་གཏན་ཚིགས་ལས་སེམས་པ་ཅན་དང་མེ་ལ་སོགས་པ་རྟོགས་པ་ཉིད་དོ། །དེ་ལས་གཞན་པའི་ཆོས་བཀག་ཅེས་ཏེ། མེ་མི་འགྲུབ་པ་ནི་མ་ཡིན་ལ། བསྟན་པར་བྱ་བས་མི་རྟོགས་པ་ཡང་མ་ཡིན་ནོ། །གཞན་ཡང་། བསྟན་པར་བྱ་བ་མི་འདོད་ཀྱང་ངལ་ཏེ། མི་འཁྲུལ་པས་

ན་ངོ་བོ་དང་། །རྒྱུ་དག་སྒྲུབ་པར་བྱེད་པའི་དོན། །འགའ་ཡི་སྨྲ་བ་ལ་གནོད་པས། །ངོ་བོ་ཉིད་ལས་ལྡོག་མ་ཡིན། །རང་གི་རྒྱུ་དང་འབྲེལ་པའི་དོན་རྣམས་ཀྱི་ངོ་བོ་ཉིད་ནི། སྐྱེས་བུའི་འདོད་པས་ལྡོག་པ་མ་ཡིན་ནོ། །གཏན་ཚིགས་ལས་བསྒྲུབ་བྱ་འགྲུབ་པའི་རྒྱུ་ནི་མི་འཁྲུལ་པ་ཡིན་ལ་དེ་ཡང་ཡོད་པས་
ན་ཅི་སྟེ་སྒྲུབ་པར་བྱེད་པ་མ་ཡིན། འོན་ཏེ་འདི་སྒྲུབ་པར་བྱེད་པ་ཡིན་མོད། ཕྱིར་རྒོལ་བ་དེ་གོ་ཅི་ལྟར་རྟོགས་ཤེ་ན། དེའི་ཕྱིར་བཤད་པ། ངོ་བོ་ཉིད་ལས་ལྡོག་མི་འགྱུར། །དེ་ནི་འདོད་པའི་བསྒྲུབ་བྱ་ཡི། །དོན་དང་མེད་ན་མི་འབྱུང་བར། །རྟོགས་པ་གཞན་དག་གཏན་ཚིགས་དེས། །ཅི་ལྟར་
རྟོགས་པར་འགྱུར་མ་ཡིན། །ནུས་པ་ཐོགས་པ་མེད་པ་ལས། །གཞན་འབྲས་བུ་བསྐྱེད་པ་ལ་མ་ཞུགས་པའི་རྒྱུ་ནི་བཟློག་པར་ནུས་ཀྱི་ཤེས་པར་བྱེད་པ་ནི་འབྲེལ་པའི་སྟོབས་ཀྱིས་ཚུལ་གསུམ་རྟོགས་པ་བསྐྱེད་པ་དེ་ཉིད་ཀྱིས་བཟློག་པར་ནུས་པ་མ་ཡིན་ནོ། །རྟགས་ལས་གལ་ཏེ་མི་ངེས་ན། །
སྐྱེས་བུ་མི་འདོད་བཞིན་དུ་ནི། །མེ་ཡིས་ཚིག་པར་གྱུར་པ་ཡི། །ཚིག་པའི་སྡུག་བསྔལ་རབ་ཏུ་བཟློག །དེ་ལ་མི་འཁྲུལ་པ་ཉིད་རྟོགས་པ་ཉིད་ཀྱིས་ནི་དེ་རྟོགས་པར་མི་བྱེད་པ་མ་ཡིན་ཏེ། ཁྱད་པར་གྱི་ཁྱད་པར་ཅན་ཁྱད་པར་དང་ལྡན་པར་རྟོགས་པས་ཁྱད་པར་མི་རྟོགས་པ་ནི་མ་ཡིན་ཏེ།
མེད་ན་མི་འབྱུང་བའི་ཕྱིར་རོ། །ཐམས་ཅད་ཡིན་མོད་ཀྱི་འོན་ཀྱང་རྒོལ་བ་མི་རིགས་པ་བྱེད་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ། གཏན་ཚིགས་བརྗོད་དམ་མི་བརྗོད་ཀྱང་། །འགལ་ན་རྒོལ་བས་ཅི་ཞིག་བྱས། །དེས་བརྗོད་ཉེས་པས་བསྟན་བཅོས་ལ། །གནོད་བྱེད་དུ་ནི་དེ་སྐྱེས་མིན། །གཞན་
གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚིག་གི་སྐྱོན་ཡོན་གྱི་དབང་དུ་བྱས་པ་ཡིན་གྱི། དོན་གྱི་ནི་མ་ཡིན་ནོ། །འདིར་རྒོལ་བས་ནི་ཉེས་པའི་རིགས་འགའ་ཡང་བྱས་པ་མེད་དོ། །བསྟན་བཅོས་གནོད་པར་བྱས་སོ་ཞེ་ན། མ་ཡིན་ཏེ། མ་བརྗོད་ཀྱང་གཏན་ཚིགས་ཉིད་བསྟན་བཅོས་ཀྱིས་གནོད་པར་བྱེད་པ་ཡིན་
ནོ། །ཅིའི་ཕྱིར་དེ་ལྟ་བུའི་གཏན་ཚིགས་འགོད་ཅེ་ན། གཞན་མེད་པའི་ཕྱིར་རོ། །ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ལ་མི་གནོད་པར་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་གང་ཡིན་པ་ནི་འགའ་ཡང་མེད་དོ། །ཅི་སྟེ་ཁ་རོག་ཉིད་དུ་མི་འདུག་ཅེ་ན་མ་ཡིན་ནོ། །སྒྲུབ་པར་བྱེད་པའི་ཡན་ལག་མི་བརྗོད་པ་

ནི་ཤིན་ཏུ་ཆེར་ཚར་གཅད་པའི་གནས་ཡིན་པའི་ཕྱིར་རོ། །བསྟན་པར་བྱ་བ་ཡང་གདོན་མི་ཟ་བར་རྟོགས་པར་བྱ་བ་ཡིན་ནོ། །དེའི་ཕྱིར་འདིར་རྒོལ་བ་ལ་ནི་སྐྱོན་ཡོད་པ་མ་ཡིན་ནོ། །གནོད་བྱེད་བརྗོད་ཕྱིར་སྐྱོན་ཅེ་ན། །གལ་ཏེ་མ་བརྗོད་ན་དེ་ཅི། །གནོད་པ་མིན་ནམ་
མི་རིགས་བྱེད། །མིན་ཏེ་ཅི་ལས་སྐྱོན་ཅན་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟ་ན་ནི་འོ་ན་གཏན་ཚིགས་ལྟར་སྣང་བ་བརྗོད་པ་ལ་ཡང་སྐྱོན་ཡོད་པ་མ་ཡིན་ཏེ། གཏན་ཚིགས་ལྟར་སྣང་བ་ཡང་རང་ཉིད་དེ་ལྟར་འགྱུར་བ་ཡིན་པའི་ཕྱིར་རྒོལ་བ་ལ་ཉེས་པ་ཅི་ཡོད། དེ་
ཡང་དེས་བརྗོད་པའི་ཉེས་པས་ཉེས་པ་དང་ལྡན་པར་འགྱུར་བ་ནི་མ་ཡིན་ཏེ། རང་ཉིད་ངེས་པ་ཅན་ཡིན་པའི་ཕྱིར་རོ། །གཏན་ཚིགས་བརྗོད་རུང་མ་བརྗོད་རུང་། །མ་གྲུབ་རྒོལ་བས་འདིར་ཅི་བྱས། །དེ་ཡི་བརྗོད་པའི་ཉེས་པ་ཡིས། །དེ་ནི་མ་གྲུབ་འགལ་བ་མིན། །དེ་ནི་མ་ཡིན་ཏེ། གཏན་ཚིགས་
ལྟར་སྣང་གཞན་དག་ལ། །རང་འདོད་ཉིད་ནི་སྒྲུབ་མེད་ཕྱིར། །དོན་མེད་བརྗོད་པས་སྐྱོན་འགྱུར་ན། །དེ་སྒྲུབ་ཕྱིར་ན་འདིར་མ་ཡིན། །དེ་ལ་སྒྲུབ་པའི་དོན་དུ་སྒྲུབ་པར་བྱེད་པ་བརྗོད་པར་བྱ་བ་ལ་དེ་སྒྲུབ་པར་བྱེད་པ་མ་ཡིན་བརྗོད་པ་ནི་དོན་མེད་པ་བརྗོད་པའི་ཕྱིར་ན་སྐྱོན་དུ་འགྱུར་རོ། །དོན་དང་ལྡན་པར་
བརྗོད་པའི་སྐབས་སུ་དོན་མེད་པར་བརྗོད་པ་ནི་དོན་མེད་པ་ཉིད་དོ། །འདིར་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་བརྗོད་པའི་ཕྱིར་ཉེས་པ་མེད་དེ། འདིར་ནི། མ་བརྗོད་པ་ཉིད་སྐྱོན་ཡིན་ནོ། །འདིར་ཡང་མ་བརྗོད་པ་སྐྱོན་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྒྲུབ་པར་བྱེད་པ་ཡང་ཡོད་པའི་ཕྱིར་རོ། །འདིར་ནི་བསྟན་བཅོས་ཀྱི་དོན་
ནམ་མཁའི་ཡོན་ཏན་ཉིད་ལ་གནོད་པར་བྱེད་པ་མ་ཡིན་པ་མི་སྲིད་དོ། །གལ་ཏེ་གཏན་ཚིགས་ཀྱིས་བསྟན་བཅོས་ཀྱི་དོན་ལ་གནོད་ལ་མི་རྟག་པ་ཉིད་ཀྱང་ཅི་ལྟར་སྒྲུབ་པར་བྱེད་དེ། དེ་ཉིད་ཀྱིས་མ་ངེས་པའི་ཕྱིར་རོ་ཞེ་ན། འདིར་བརྗོད་པ། གལ་ཏེ་ལ་ལར་བསྟན་བཅོས་འགའ། །རིགས་མིན་པས་ན་
རིགས་སྨྲ་བ། །གཞན་པ་དག་ཀྱང་དགག་བྱེད་ཅེས། །བྱ་བ་རྒྱལ་རིགས་ལུགས་ཡིན་ནོ། །བསྟན་བཅོས་མཐའ་དག་གི་དོན་འགལ་བ་མ་ཡིན་ཏེ། བསྟན་བཅོས་འགའ་ཞིག་ཉིད་ལ་དེ་ཡོད་པའི་ཕྱིར་རོ། །འབྲེལ་པ་ཡོད་པ་དང་མེད་པ་དག་གིས་སྒྲུབ་པར་བྱེད་པ་དང་སྒྲུབ་པར་བྱེད་པ་མ་ཡིན་

པ་འདི་ལ་འགལ་བ་ཅི་ཡོད། །མི་རིགས་པ་བཀག་པས་རིགས་པ་ཡང་དགག་པ་ཞེས་བྱ་བ་འདི་ནི་རྒྱལ་པོའི་ངག་ཡིན་ནོ། །གཞན་ཡང་། དོན་ཀུན་མཚུངས་པར་བྱས་པས་ནི། །སྒྲུབ་བྱེད་བརྗོད་པར་ནུས་མ་ཡིན། །དེས་ན་ཀུན་དུ་བསྒྲུབ་བྱ་དང་། །སྒྲུབ་བྱེད་གཞག་པ་འདི་ཉམས་འགྱུར། །
དོན་ཐམས་ཅད་དང་མི་འགལ་བར་ནི་སྒྲུབ་པར་བྱེད་པ་འགའ་ཡང་བརྗོད་པར་མི་ནུས་ཏེ། སྐབས་ཀྱི་བསྒྲུབ་བྱ་དང་འབྲེལ་པ་ཙམ་ཉིད་ལ་ལྟོས་པར་བྱས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མི་སྲིད་པའི་ཕྱིར་རོ། །བསྟན་བཅོས་ཀྱི་དོན་དང་མི་འགལ་བ་ཉིད་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཁྱད་པར་མེད་
པས་གཞན་ལ་ཡང་འགྱུར་བའི་ཕྱིར་རོ། །ཅི་སྟེ་བསྟན་བཅོས་ཀྱི་འགལ་བ་ཡང་སྤང་བར་བྱ་བ་ཡིན་ན་དེ་ལྟ་ན་ནི་འགའ་ཡང་སྒྲུབ་པར་བྱེད་པ་ཉིད་ཡིན་པར་མི་འགྱུར་བས་ན་ཐམས་ཅད་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོ་འཇིག་པར་འགྱུར་རོ། །འོ་ན་ནི་ཅིའི་ཕྱིར་བསྟན་བཅོས་ཁས་ལེན་ཞེ་ན། དེ་ནི་
བདེན་ཏེ། འདིར་འདི་ཉིད་སྒྲུབ་པར་འདོད་པ་ཡིན་ཏེ། དང་པོ་བསྟན་བཅོས་ཁས་བླང་བར་བྱ་བ་མ་ཡིན་ནོ། །བྱས་པ་ཡིན་ན་ཡང་ཚད་མ་དང་འགལ་བས་ཕྱིས་ཀྱང་དོར་བ་ཉིད་དགེའོ། །ཕ་རོལ་པོ་དག་འདོད་པ་ནི་དམ་བཅས་པ་ནི་བསྟན་བཅོས་ཁས་བླངས་པ་ཡིན་ནོ། །དེས་ན་བསྟན་བཅོས་ཁས་
བླངས་ནས་འགལ་བར་བྱ་བ་མ་ཡིན་ཏེ། གྲུབ་པའི་མཐའ་ཁས་བླངས་ནས་རྩོད་པ་བྱེད་ལ་འཇུག་པའི་ཕྱིར་རོ་ཞེའོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་བཀག་ཀྱང་གཏན་ཚིགས་ཀྱི་སྐྱོན་མ་ཡིན་ན་འོ་ན་ཅི་ལྟར་འགལ་བ་མི་འཁྲུལ་པ་ཅན་སྒྲུབ་པར་བྱེད་པའི་སྐྱོན་དུ་འགྱུར་དེར་ཡང་སྒྲུབ་པར་བྱེད་པ།
གཞན་གྱིས་རབ་ཏུ་གྲུབ་པའི་དོན་དང་འགལ་བ་ལས་ཉེ་བར་འགྱུར་བ་ཡིན་ལ་འདིར་ཡང་བསྟན་བཅོས་ལས་གྲུབ་པའི་དོན་དང་འགལ་བ་ཉིད་སྐྱོན་ཡིན་པའི་ཕྱིར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར། ཆོས་ཅན་གཅིག་ལ་འགལ་བ་དག །མི་རུང་ཕྱིར་ན་འགལ་ངེས་ལ། །གནོད་འགྱུར་འདིར་ནི་དེ་འདྲ་བའི། །
འགལ་བ་ཡོད་པ་མ་ཡིན་ནོ། །འགལ་བ་མི་འཁྲུལ་པ་ཕན་ཚུན་འགལ་བའི་དོན་ལ་མི་འཁྲུལ་པ་གཉི་ག་ཡང་སྟོབས་མཚུངས་པ་ཉིད་དེ། གཉི་ག་ཡང་ལུང་ལ་བརྟེན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་ལ། ལུང་ནི་དེ་ལྟ་བུ་མ་ཡིན་ཏེ། དེས་ན་དེ་དག་ནི་

འགལ་བའི་མི་འཁྲུལ་པ་བཞིན་དུ་ཕན་ཚུན་གནོད་པ་བྱེད་པ་མ་ཡིན་ནོ། །གཉི་ག་ཡང་སྒྲུབ་པར་བྱེད་པ་ཉིད་ནི་མ་ཡིན་ནོ། །འགལ་བ་དག་ཆོས་ཅན་གཅིག་ལ་མི་སྲིད་པའི་ཕྱིར་རོ། །བསྟན་བཅོས་ནི་འགལ་བའི་རྗེས་སུ་དཔག་པ་ལ་ལྟོས་ཏེ་ཚད་མ་ཉིད་མ་ཡིན་པས་དེའི་
དོན་གནོད་པར་བྱ་བ་ཉིད་ཡིན་གྱི། འགལ་བའི་མི་འཁྲུལ་པ་བཞིན་དུ་གནོད་པར་བྱེད་པ་ནི་མ་ཡིན་ནོ། །ཚད་མའི་སྟོབས་ཀྱིས་གཟུང་བ་མ་ཡིན་པའི་བསྟན་བཅོས་ནི་ཚད་མ་ཉིད་ཡིན་པ་བཀག་པ་ཉིད་དོ། །དེའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་གྱི་ཕྱོགས་ཉེ་བར་བཀོད་པའི་ཕྱོགས་མི་བཟོད་པ་མ་
ཡིན་ནོ། །ཅི་སྟེ་དབང་པོ་ལས་འདས་པས་བྱས་པའི་བསྟན་བཅོས་དེ་ཅི་ལྟར་རྗེས་སུ་དཔག་པས་གནོད། དེས་ན་དེས་གེགས་བྱས་པའི་རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་སྟོབས་མཚུངས་པའི་ཕྱིར་ན་འགལ་བ་མི་འཁྲུལ་པ་བཞིན་དུ་འདིར་ཡང་སྐྱོན་དུ་ཞེ་ན། དེ་ནི་མ་ཡིན་ཏེ།
འདི་ལྟར། གལ་ཏེ་འགལ་བའི་རྗེས་དཔག་ཀྱང་། །བསྟན་བཅོས་ཀྱིས་ནི་གནོད་གྱུར་ན། །ཚད་མ་མཐའ་དག་ཉམས་འགྱུར་ཏེ། །ལུང་ཉིད་འབའ་ཞིག་ལུས་པར་འགྱུར། །གལ་ཏེ་རྗེས་སུ་དཔག་པ་མཐའ་དག་བསྟན་བཅོས་ཀྱི་གནོད་པ་དེའི་ཚེ་རྗེས་སུ་དཔག་པས་བསྟན་བཅོས་ཀྱི་དོན་གཞན་
ལ་སྒྲུབ་པའི་ཕྱིར་ལུང་དམ་བཅའ་བར་ཅི་ལྟར་འགྱུར། རྗེས་སུ་དཔག་པའམ་གཞན་བསྟན་བཅོས་ཀྱིས་མི་གནོད་པའི་ཚད་གང་ཡིན་པ་ནི་ཡོད་པ་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་ཉིད་ལ་སོགས་པའི་རྗེས་སུ་དཔག་པ་ནི་ཕན་ཚུན་བསྟན་བཅོས་ཀྱིས་གནོད་པའི་ཕྱིར་དང་། མེ་ཡོད་དོ་ཞེས་བྱ་བ་
ལ་སོགས་པ་ཡང་སྟོང་པ་ཉིད་ཀྱི་བསྟན་བཅོས་ཀྱིས་གནོད་པའི་ཕྱིར་རོ། །འོན་ཏེ་དེ་ཚད་མ་མ་ཡིན་པ་ཅི་ལྟར་རྗེས་སུ་དཔག་པའི་གནོད་པར་བྱེད་པ་ཡིན། རྗེས་སུ་དཔག་པས་གནོད་པས་ཚད་མ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེ་ན། བསྟན་བཅོས་ཀྱིས་གནོད་པའི་རྗེས་སུ་དཔག་པ་ཉིད་
ཚད་མ་མ་ཡིན་ནོ་ཞེས་བྱ་བ་ཁྱེད་ཀྱི་ཕྱོགས་མ་ཡིན་ནམ་དེས་ན་ཁྱོད་ཀྱི་ཕྱོགས་དོར་བ་ནི་མི་འཐད་དོ། །འོན་ཏེ་བརྟགས་པ་ཚད་མ་ཡིན་པས་ན་དེས་གནོད་པར་བྱེད་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་ཉིད་བརྟག་པ་མ་ཡིན་ནམ། དེས་ན་བསྟན་བཅོས་དེས་གནོད་པར་བརྟག་པ་ཅི་ལྟར་བསྟན་

བཅོས་ཚད་མར་འགྱུར་བའི་རྒྱུ་ཡིན་ཏེ། དེ་ལ་མེད་པ་དེ་ལ་ཡོད་པར་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པ་ཉིད་རྩ་བ་བསྟན་པའི་ཕྱིར་ཚད་མ་ཡིན་པས་དེས་གནོད་པའི་ཕྱིར་བསྟན་བཅོས་ཚད་མ་མ་ཡིན་པའི་ཕྱིར་ན་དེའི་གཉེན་པོ་མ་ཡིན་ཏེ། དེས་ན་འདིར་
ཡང་འགལ་བ་མི་འཁྲུལ་པ་བཞིན་དུ་འགྱུར་བ་མ་ཡིན་ནོ། །དེས་ན་ནམ་མཁའི་ཡོན་ཏན་མ་ཡིན་པ་དང་། ལྷན་ཅིག་པའི་མི་རྟག་པ་སྒྲུབ་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཉིད་ཡིན་གྱི། སྐྱོན་དང་ལྡན་པ་ནི་མ་ཡིན་ནོ། །འགལ་བ་མི་འཁྲུལ་པ་ནི་རྟག་པ་དང་དེ་མེད་པར་སྒྲུབ་པར་བྱེད་པས་གཏན་ཚིགས་མ་
ཡིན་པ་ཉིད་དེ་དེ་ཡོད་པ་དང་མེད་པ་དག་ཆོས་ཅན་གཅིག་ལ་མི་སྲིད་པའི་ཕྱིར་རོ། །ནམ་མཁའི་ཡོན་ཏན་ཉིད་མེད་པ་ནི་མི་རྟག་པ་ཉིད་དང་འགལ་བ་མ་ཡིན་པའི་ཕྱིར་ཆོས་ཅན་གཅིག་ལ་སྒྲུབ་པ་ལ་སྐྱོན་ག་ལ་ཡོད། འོན་ཏེ། དེ་དག་གནོད་བྱ་གནོད་བྱེད་ནི། །མིན་ཡང་བསྟན་བཅོས་དོན་སླད་ཕྱིར། །འབྲེལ་
པ་མེད་ཀྱང་གནོད་ཅེ་ན། །ཐམས་ཅད་ཐམས་ཅད་ཀྱིས་གནོད་འགྱུར། །སྐབས་ཀྱི་གཏན་ཚིགས་དེ་ཉིད་དམ་གཞན་གྱི་དྲི་ལ་སའི་ཡོན་ཏན་ཕྱིན་ཅི་ལོག་ཏུ་བྱེད་པའི་ཕྱིར་ཡང་འགྱུར་རོ། །འབྲེལ་ཡོད་དེས་ན་དེ་ཉིད་ལ། །གནོད་འགྱུར་ཞེ་ན་མ་ཡིན་ཏེ། །གཏན་ཚིགས་ཀུན་རང་བསྒྲུབ་བྱ་ལ། །ཡོན་
ཏན་ཉེས་པ་དཔྱད་ཕྱིར་རོ། །གལ་ཏེ་ཆོས་ཅན་དེ་ལ་ནམ་མཁའི་ཡོན་ཏན་ཉིད་དེ། ཡོད་པ་ཡིན་པའི་ཕྱིར་འབྲེལ་བ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་བསྒྲུབ་བྱ་མ་ཡིན་ཏེ་སྐབས་མ་ཡིན་པའི་ཕྱིར་སྐབས་མ་ཡིན་པ་ཡང་གནོད་པས་སྐྱོན་ཡོད་པ་མ་ཡིན་ཏེ། གཏན་ཚིགས་ཐམས་ཅད་ནི་རང་གི་བསྒྲུབ་བྱ་ལ་ལྟོས་ཏེ་
སྐྱོན་ཡོན་བསམ་པར་འདོད་པའི་ཕྱིར་རོ། །དེ་རང་གི་བསྒྲུབ་པར་བྱ་བ་ལ་མི་མཐུན་པ་མེད་ཀྱང་གལ་ཏེ་དེ་ལས་གཞན་འབྲེལ་པ་མེད་པ་ལ་གནོད་པས་བསྟན་བཅོས་ལ་གནོད་པའི་མཚན་ཉིད་ཀྱིས་ཉེས་པས་འགྱུར་ན་ནི་དེའི་ཚེ་གཏན་ཚིགས་གཞན་གྱིས་ཀྱང་ཆོས་ཅན་གཞན་དུ་ཡང་གནོད་པ་བྱེད་པའི་སྐྱོན་
མཚུངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། བསྒྲུབ་བྱ་མེད་ན་མི་འབྱུང་བའི། །འབྲེལ་པ་དེ་ནི་འདིར་རྟོགས་མེད། །འདིར་ནི་བསྟན་བཅོས་གནོད་འབའ་ཞིག །སྐྱོན་ཡིན་དེ་གཞན་བྱས་ལའང་མཚུངས། །བསྒྲུབ་བྱའི་ཁྱབ་པར་བྱེད་པ་མེད་པར་བསྒྲུབ་པ་ནི་སྤང་བར་བྱ་བ་ཡིན་ཏེ། བསྒྲུབ་པར་

བྱ་བ་འགྲུབ་པ་མེད་པ་ན་མི་འབྱུང་བ་གང་ཡིན་པ་དེ་ལ་གནོད་ན་ནི་དེ་མེད་ན་ཁྱབ་པར་བྱ་བ་ཡང་ལྡོག་པ་ཡིན་པའི་ཕྱིར་རོ། །ནམ་མཁའི་ཡོན་ཏན་ཉིད་མེད་ན་ནི་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་མ་ཡིན་ཏེ་དེས་ན་དེ་མེད་ཀྱང་བསྒྲུབ་བྱ་འགོག་པ་མ་ཡིན་ནོ། །གཞན་ཡང་། གལ་
ཏེ་བསྟན་བཅོས་ཁས་བླངས་ཕྱིར། །བསྟན་བཅོས་མཐོང་བ་མ་ལུས་བསྒྲུབ། །དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། །ཚད་མ་ཀུན་ལས་བཏུས་པའི་བཤད་པ་བྱེད་པ་ན་རེ། བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་སུ་མཐོང་བ་མ་ལུས་པ་བསྒྲུབ་
བྱ་ཡིན་ཏེ། དེ་ལྟ་མ་ཡིན་ན་བསྟན་བཅོས་ཁས་བླངས་པ་དོན་མེད་པ་ཉིད་དོ། །དེའི་དོན་མི་སྒྲུབ་ན་ནི་བསྟན་བཅོས་ཁས་བླངས་པ་འགར་ཡང་ཉེ་བར་མཁོ་བ་མ་ཡིན་ཞིང་ཁས་བླངས་པར་ཡང་མི་འོས་སོ། །རང་དབང་དུ་ཚད་མ་ཡིན་ན་ནི་ཚད་མས་ཅུང་ཟད་ཀྱང་བྱར་མེད་དོ། །དེས་ན་བསྟན་བཅོས་
ཁས་བླངས་ནས་དེའི་དོན་གྲུབ་པར་བྱ་བ་ཉིད་དོ། །དེས་ན་དེ་དང་འགལ་བ་ནི་སྐྱོན་ཉིད་དོ་ཞེས་ཟེར་རོ། །འདི་ལ་བརྗོད་པ། མ་གྲུབ་པའི་གཏན་ཚིགས་དང་དཔེ་བསྟན་པ་དག་ཀྱང་དམ་བཅའ་བར་འགྱུར་ཏེ། དེ་དག་ཀྱང་རེས་འགའ་བསྟན་བཅོས་ཀྱི་དོན་དུ་འགྱུར་བའི་ཕྱིར་རོ། །འགྱུར་མེད་ཉེས་པ་
ཅི་ཡོད་ཅེ་ན། ཐམས་ཅད་དམ་བཅའ་བ་ཉིད་དུ་འགྱུར་ཏེ་དེས་ན་མ་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་ཀྱི་དོན་མ་ཡིན་པ་གང་ཡིན་པ་དེ་གཏན་ཚིགས་སུ་བརྗོད་པར་བྱ་བ་ཡིན་པས་དེ་ལ་མ་གྲུབ་པ་ལ་སོགས་པའི་ཉེས་པའི་གོ་སྐབས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ།
དེ་ཡང་རང་གི་ཁ་ནས་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་རང་གི་ཁ་ནས་ཁས་བླངས་པའི་དམ་བཅའ་བ་མ་ཡིན་ན་གཞན་གྱི་ཁ་ནས་ཁས་བླངས་པ་མ་ཡིན་པར་གསལ་བ་ཉིད་དོ། །གཞན་བྱེ་བྲག་ལ་སོགས་པ་ལྟར་ན་ཡང་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་པའི་ཕྱིར། མ་གྲུབ་པའི་སྒྲུབ་པར་
བྱེད་པ་བསྟན་པ་ཡང་ཡིན་པར་འགྱུར་རོ། །དེའི་ལྟར་ན་ཡང་གལ་ཏེ་བསྟན་བཅོས་ཀྱི་དོན་བསྟན་པ་མ་ཡིན་པ་དམ་བཅའ་བར་མི་འགྱུར་ཡང་། བསྟན་པ་ནི་འགྱུར་བ་ཉིད་དོ། །འདི་ལྟར་རྣམ་པར་བཤད་པ་ལས། དམ་བཅའ་བ་ནི་ལུང་ཡིན་པར་བརྗོད་དོ། །གལ་ཏེ་དམ་བཅས་པ་གང་ཡིན་པ་དེ་ནི་ལུང་

ཡིན་གྱི་ལུང་ནི་དམ་བཅའ་བ་ཉིད་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དམ་བཅའ་བ་ནི་ལུང་གི་དོན་སྟོན་པས་ལུང་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་པའི་ཕྱིར་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་དམ་བཅའ་བར་འགྱུར་ཏེ། དེ་ཡང་ལུང་
གི་དོན་ཡིན་པའི་ཕྱིར་རོ། །བསྟན་བཅོས་ཀྱི་དོན་མཐའ་དག་བསྒྲུབ་བྱ་ཡིན་པ་དེ་ནི་བདེན་མོད་ཀྱི། དེ་ལྟར་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པ་ནི་དམ་བཅའ་བ་མ་ཡིན་ཏེ། བསྒྲུབ་བྱ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་རོ། །རབ་ཏུ་བྱེད་པ་རིགས་པའི་སྒོ་ལས། དེ་ལ་ཡང་རང་ཉིད་བསྒྲུབ་པར་བྱ་བ་
ཉིད་དུ་འདོད་པ་འགལ་བའི་དོན་གྱིས་མ་བསལ་བ་ནི་ཕྱོགས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི་འདོད་ཕུགས་ཉིད་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་ལས་ཡིན་ན་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ནི་ལས་མ་ཡིན་ཏེ། དཔེར་ན་འོ་མས་འབྲས་ཆན་བཅའ་བོ་ཞེས་བྱ་བ་
ལ་འོ་མ་བཞིན་ནོ། །ཚད་མ་ཀུན་ལས་བཏུས་པ་ལས་ཀྱང་རང་གི་ངོ་བོ་ཁོ་ནར་ཞེས་ངེས་པར་བཟུང་བའི་ཕྱིར་རོ། །རིགས་པ་ཅན་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བའོ་ཞེས་བྱ་བ་ལ། བསྒྲུབ་པར་བྱ་བ་ཉིད་དུ་ཞེས་དངོས་པོ་གཙོ་བོར་བྱེད་པའི་ངེས་པར་གཟུང་བའི་ཕྱིར། བསྒྲུབ་པར་བྱ་བ་
བསྟན་པ་ནི་དམ་བཅའ་བ་མ་ཡིན་ནོ་ཞེ་ན། །འདི་ལ་བརྗོད་པ། གལ་ཏེ་སྒྲུབ་བྱེད་ཉིད་བརྗོད་པ། །མ་ཡིན་འདོད་པ་མོས་ཕྱིར་ན། །བསྒྲུབ་བྱ་རིགས་པས་ཐོབ་པ་ནི། །ཚིག་ལས་ལྡོག་པ་མ་ཡིན་ནོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་འདི་གལ་ཏེ་རིགས་པ་ཡིན་ན་དེ་ཅི་ལྟར་རིགས་
པ་ཐོབ་པ་ཚིག་ལས་ལྡོག་རིགས་པ་སྟོན་པའི་ཚིག་ནི་རིགས་པ་ཉིད་འགོག་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཚིག་གིས་བསྟན་པའི་རིགས་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་ལ་བསྒྲུབ་བྱ་མ་ཡིན་པའི་སྒྲུབ་པར་བྱེད་པ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན་འདི་གཉིས་ནི། །འགལ་བ་མི་
འཁྲུལ་ཅན་འགྱུར་ཏེ། །བསྟན་བཅོས་ཁས་བླངས་ཕྱིར་ཞེས་དང་། །དེ་བཞིན་འདོད་སོགས་བརྗོད་དེའོ། །གལ་ཏེ་འདོད་པ་བརྗོད་པ་ལ་སོགས་པའི་རིགས་པས་སྒྲུབ་པ་བྱེད་པ་བསྒྲུབ་པར་བྱ་བ་མ་ཡིན་པར་བསྒྲུབ་པ་དང་དེ་བཞིན་དུ་བསྟན་བཅོས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་འདིས་བསྒྲུབ་པར་

བྱ་བ་ཉིད་ཡིན་པ་དེ་ལྟ་ན་གཅིག་ལ་ཕན་ཚུན་འགལ་བའི་དོན་བསྒྲུབ་པ་དེ་གཉིས་ཐེ་ཚོམ་སྐྱེད་པར་བྱེད་པར་འགྱུར་རོ། །དེ་ལྟ་ཡིན་དང་བསྟན་བཅོས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་འདི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་བསྟན་བཅོས་ལ་མཐོང་བ་སྒྲུབ་པར་བྱེད་པ་ཉིད་དུ་
འདོད་པ་ཡིན་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་པར་ག་ལ་འགྱུར། འོན་ཏེ་བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་འདི་རིགས་པ་མ་ཡིན་ལ་དེ་ལྟར་ན་རྒོལ་བས་འདོད་པས་བསྒྲུབ་པར་བྱ་བ་ཡིན་གྱི་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ནི་མ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་མི་འདོད་སྒྲུབ་མིན་ན།
རྒོལ་བ་མི་འདོད་ཆོས་གཞན་ཡང་། །སྒྲུབ་མིན་དེ་ཚེ་བསྒྲུབ་བྱ་བ། །མིན་ལ་གནོད་པས་ཅི་ཞིག་འགལ། །ནམ་མཁའི་ཡོན་ཏན་ཉིད་ཀྱང་རྒོལ་བས་འདོད་པ་ནི་མ་ཡིན་ཏེ་དེས་ན་བསྒྲུབ་བྱ་མ་ཡིན་ནོ། །རྟོགས་པ་དང་ལྡན་པ་སྐབས་དོར་ནས་སྐབས་མ་ཡིན་པ་ལ། ཕུགས་ཀྱིས་འདོད་པ་ཅི་ལྟར་
བྱེད། །གལ་ཏེ་བསྟན་བཅོས་ཁས་བླངས་ནས་རང་གིས་བརྗོད་པའི་གཏན་ཚིག་ཀྱིས་འགལ་བར་འགྱུར་ན། གདོན་མི་ཟ་བར་ཉེས་པ་ཅན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་ཉིད་དང་ཕྱིར་རྒོལ་བའི་འདོད་པ་བསྒྲུབ་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འོན་ཏེ་ཚད་མ་དང་ཡང་འགལ་བ་
ཡིན་ཏེ། གལ་ཏེ་སྒྲ་ནམ་མཁའི་ཡོན་ཏན་མ་ཡིན་ན་སྐྱེས་པའི་གནས་ཉིད་དུ་ཐོས་པར་འགྱུར་རོ། །ནམ་མཁའི་ཡོན་ཏན་ཉིད་ཡིན་ན་ནི་དེ་དང་ལྡན་པའི་ཕྱིར་གཞན་དུ་ཡང་ཐོས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་དུ་དེ་འཛིན་པའི་ཕྱིར་གཟུགས་བཞིན་ནོ། །ཐག་རིང་ན་འདུག་པས་ཅི་ཕྱིར་ཐོས་ཤེ་ན།
འོ་ན་དེའི་ཚེ་གཟུགས་ཀྱང་ནམ་མཁའི་ཡོན་ཏན་དུ་འགྱུར་རོ། །གཞན་ཡང་ནམ་མཁའི་དེ་གཅིག་གམ་དུ་མ་ཡིན་པར་འགྱུར། གལ་ཏེ་གཅིག་ཡིན་ན་དཔག་ཚད་སྟོང་ཕྲག་ཏུ་ཡང་དེའི་ཡོན་ཏན་ཐོས་པར་འགྱུར་རོ། །དུ་མ་ཉིད་ཡིན་ན་བརྗོད་པའི་ཡུལ་ཉིད་དུ་ཐོས་པར་འགྱུར་རོ། །དེའི་ཕྱིར་སྒྲ་ནམ་མཁའི་
ཡོན་ཏན་ཡིན་པར་གང་ལས་ཀྱང་རྟོགས་པ་མ་ཡིན་ནོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་མ་ཡིན་ན་གནས་པ་ཉིད་དུ་མི་འགྱུར་རོ། །དོན་ནི་གདོན་མི་ཟ་བར་གནས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །དེ་ལ་གཟུགས་དང་རིག་པ་དང་རོ་དང་དྲི་རྣམས་ཀྱི་རྟེན་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་

ཡིན་ནོ། །སྒྲའི་ནི་ནམ་མཁའི་ཡིན་ཏེ་རྟེན་པ་མ་ཡིན་པར་མི་འཐད་པའི་ཕྱིར་རོ་ཞེ་ན། འོ་ན་ནི་ས་ལ་སོགས་པ་རྣམས་ཀྱང་གཏན་ཚིགས་དེ་ཉིད་ཀྱིས་ནམ་མཁའ་ལ་བརྟེན་པ་ཉིད་དོ། །མ་ཡིན་ཏེ་ཡོན་ཏན་མ་ཡིན་པའི་ཕྱིར་རོ་ཞེ་ན། རྟེན་པ་ཉིད་ཡིན་ན་ཡོན་ཏན་མ་ཡིན་པ་དེ་ཉིད་མི་འགྲུབ་ལ་
རྟེན་པ་མ་ཡིན་པ་ཉིད་ན་སྒྲ་ཡང་ཡོན་ཏན་ཉིད་དུ་མི་འགྲུབ་པོ། །ས་ལ་སོགས་པ་ནི་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་ཡོན་ཏན་མ་ཡིན་ནོ་ཞེ་ན། ནམ་མཁའ་རྟེན་ཡིན་ན་དེ་ཉིད་མི་འགྲུབ་པོ། །གཟུགས་ལ་སོགས་པ་དང་ས་ལ་སོགས་པ་དག་ནི་ནམ་མཁའ་ལ་བརྟེན་པ་ཉིད་དུ་འགྱུར་རོ། །ས་ལ་
སོགས་པ་དང་གཟུགས་ལ་སོགས་པ་ནི་ནམ་མཁའ་ལ་འཕྲོད་པ་འདུ་བ་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནི་ས་ལ་འདུ་བ་ཡིན་ནོ་ཞེ་ན། འཕྲོད་པ་འདུ་བ་ཞེས་བྱ་བ་འདི་ཅི་ཞིག །དབྱེར་མེད་པར་འགྱུར་བར་གནས་པ་ཉིད་དུ་ཞེ་ན། འོ་ན་སྒྲ་ནམ་མཁའི་ཡོན་ཏན་མ་ཡིན་ཏེ། དེ་
དང་ལྷན་ཅིག་ཏུ་དབྱེར་མེད་པར་མ་རྟོགས་པའི་ཕྱིར་རོ། །དྲི་ཡང་ས་ལ་དེ་བཞིན་ནོ། །འོན་ཏེ་ནམ་མཁའ་ལ་དམིགས་པའི་ཕྱིར་སྒྲ་ནི་དེ་ལ་བརྟེན་པ་ཡིན་ལ། དེའི་གནས་ཀྱང་དེ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་ཤིང་བལ་ལ་སོགས་པ་ཡང་དེར་དམིགས་པའི་ཕྱིར་ནམ་མཁའ་ལ་བརྟེན་པར་འགྱུར་ཏེ།
དེས་འཛིན་པའི་ཕྱིར་རོ། །ཡང་བའི་ཕྱིར་རང་ཉིད་གནས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྒྲ་ཡང་དེ་བཞིན་དུ་འགྱུར་བས་ན་ནམ་མཁའི་ཡོན་ཏན་མ་ཡིན་པ་ཉིད་དོ། །འོན་ཏེ་ཤིང་བལ་ལ་སོགས་པ་ནི་ས་ལ་ཡང་གནས་སོ། །ནམ་མཁའ་ལ་གནས་པ་ནི་ནམ་མཁའ་བྱས་པ་མ་ཡིན་ཏེ། རླུང་གིས་
གཟུང་བ་ཡིན་པའི་ཕྱིར་རོ་ཞེ་ན། སྒྲ་ཡང་དེ་བཞིན་ཡིན་པས་ནམ་མཁའི་ཡོན་ཏན་ཉིད་མ་ཡིན་ནོ། །འདི་ལྟར། རླུང་གིས་བདས་པར་འགྱུར་བ་ཡིན། །སྒྲ་ནི་གཞན་དུ་ཐོས་པ་ཡིན། །དེ་ཡི་རྟེན་ནི་རླུང་ཉིད་དོ། །གཞན་བརྟགས་པས་ནི་ཅི་ཞིག་བྱ། །ཅི་ལྟར་རླུང་གིས་གཟུང་བ་ཤིང་བལ་ལ་
སོགས་པ་རླུང་གི་ཡོན་ཏན་མ་ཡིན་པ་དེ་བཞིན་དུ་སྒྲ་ཡང་ངོ་། །ཇི་ལྟར་རས་བལ་ནམ་མཁའ་ལ། །རླུང་གིས་ཁྱེར་བ་དེ་བཞིན་དུ། །སྒྲ་ཡང་རླུང་གིས་བཟློག་ཕྱོགས་ནི། །གང་དུའང་སྒྲ་ནི་རིག་གམ་ཅི། །འོན་ཏེ་ཡོན་ཏན་དང་ལྡན་པ་མེད་པའི་ཕྱིར་སྒྲ་ནི་རླུང་གིས་བདའ་བར་མི་ནུས་པ་ཉིད་དོ། །

ཤིང་བལ་ནི་འགལ་བ་མེད་དེས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཉི་མ་དང་གྲིབ་མ་ལ་སོགས་པ་ཡང་ཁྱེར་བར་འགྱུར་རོ་ཞེ་ན། འོ་ན་ནི་དེ་ཅི་སྟེ་ཁྱེར་བར་འགྱུར། དེའི་རྟེན་གྱི་རྫས་ཉིད་དེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་འབྱོར་པར་འདུས་པའི་ཕྱིར། །རླུང་གིས་འདེད་
པར་འགྱུར་ན་ནི། །རྟོག་འདིའང་སྒྲ་ལ་ཡོད་མིན་ཏེ། །ནམ་མཁའ་ཅི་ལྟར་ཁྱེར་བར་འགྱུར།། །།བམ་པོ་བཞི་པ། འོན་ཏེ་ནམ་མཁའ་ཁྱེར་ན་ནི། །དེ་ལྟ་ན་ནི་བྱ་མེད་མིན། །དེ་ནི་ཁྱབ་དང་ཁྱེར་བ་ནི། །སྲིད་ཅེས་ཤིན་ཏུ་འཐད་པར་དཀའ། །གཞན་ཡང་། གལ་ཏེ་འབྱོར་པ་འདུ་བ་
ཡིས། །ཁྱེར་བ་ཡིན་པར་འདོད་ན་ནི། །རླུང་དང་འབྱོར་བ་འདུ་བ་ཡིས། །འདུས་པ་ཡིན་པར་ཅིས་མི་འགྱུར། །སྒྲ་ནི་རླུང་གི་ཡོན་ཏན་ཉིད་ཡིན་པར་འགྱུར་ཏེ། དེའི་སྒོ་ནས་དེ་ཡུལ་གཞན་དུ་འགྲོ་བའི་ཕྱིར་རོ། །རླུང་གི་ཡོན་ཏན་ནི་རེག་པ་ཉིད་དོ་ཞེ་ན། རྫས་ནི་ཡོན་ཏན་གཅིག་ཉིད་དུ་མ་ངེས་པའི་
ཕྱིར་རོ། །ས་ནི་གཟུགས་དང་རོ་དང་དྲི་དང་རེག་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་གྱི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཡིན་ཡང་དྲི་རླུང་གིས་ཁྱེར་བར་མཐོང་བ་ཡིན་ནོ། །དེ་ལྟ་ན་ཡང་འབྱོར་བའི་ས་ལ་འདུ་བ་ཉིད་ཀྱིས་ཁྱེར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དམིགས་ཀྱང་
ས་དམིགས་པ་མེད་པའི་ཕྱིར་རོ། །དེ་ལས་སྐྱེས་པ་འབའ་ཞིག་ཉིད་རླུང་གིས་བདས་པ་ཡིན་ན་ཅི་འགལ། ཡོན་ཏན་ནི་བྱ་བ་མེད་པའི་ཕྱིར་རོ། །འབའ་ཞིག་ཁྱེར་བའི་ཕྱིར་ནི་བྱ་བ་མེད་པ་དེ་ཉིད་མི་འགྲུབ་ལ། ལྷན་ཅིག་ཏུ་ཁྱེར་ན་ནི་བྱ་བ་དང་བཅས་པར་མི་འགྲུབ་པོ་ཞེ་ན། མ་ཡིན་ཏེ། ལྷན་
ཅིག་པ་ཁྱེར་བར་མ་གྲུབ་པའི་ཕྱིར་རོ། །ཡོན་ཏན་བྱ་བ་དང་ལྡན་པ་ཅི་ལྟར་འགྱུར་ཞེ་ན། འདི་སྐྱོན་གཞན་ཡིན་པར་འགྱུར་རོ། །གལ་ཏེ་བསྟན་བཅོས་ལ་ལ་ཡི། །རིགས་མིན་ཡོན་ཏན་སོགས་བཀག་པས། །རིགས་པ་གཞན་ཡང་མི་འདོད་པ། །འདི་ནི་རྒྱལ་པོའི་ལུགས་ཡིན་ནོ། །གཞན་
ཡང་། རང་གི་གནས་སུ་འཇིག་པ་ལ། །ཁྱེར་བ་ཞེས་བྱ་ཡོད་མ་ཡིན། །བྱ་དང་ལྡན་པ་ཞེས་བྱ་ནི། །འཇིག་པའི་དངོས་པོ་ལ་ཡོད་མིན། །དེ་འདྲའི་སྐད་ཅིག་ཡུལ་གཞན་དུ། །སྐྱེ་བ་ཡོན་ཏན་ལ་ཅིས་མེད། །གཞན་དག་སྒྲ་ནི་ཆུ་རླབས་དང་། །འདྲ་བར་འདོད་པ་མིན་ནམ་ཅི། །གཞན་ཡང་།

ཡོན་ཏན་ལས་གཞན་ཡོན་ཏན་ཅན། །ཚད་མ་ཡིས་ནི་འཐད་མ་ཡིན། །རེག་བྱ་ལ་སོགས་ཐ་དད་པ། །གཞན་པ་དམིགས་སུ་ཡོད་དམ་ཅི། །གལ་ཏེ་དྲི་འབྱོར་པར་འདུ་བས་ན། གང་གིས་ས་དང་ལྷན་ཅིག་འདོད་པ་ཡིན་ན་སྒྲ་ཡང་ས་ལ་སོགས་པའི་ཡོན་ཏན་ཉིད་དོ། །དེས་ན་ས་ལ་སོགས་པ་དང་
ལྷན་ཅིག་འདོད་པ་ཡིན་པས་ནམ་མཁའ་བརྟག་པས་ཅི་བྱ། གཞན་ཡང་ས་ལ་སོགས་པ་ནི་འཛིན་པ་ལ་སོགས་པ་ལས་ཀྱིས་བརྟག་པར་བྱ་བ་ཡིན་དུ་ཆུག་ཀྱང་ནམ་མཁའ་གོ་སྐབས་འབྱེད་པའི་ཕྱིར་རོ་ཞེ་ན། སྐབས་འབྱེད་པ་ཞེས་བྱ་བ་འདི་ཅི་ཞིག་གནས་པ་ལ་གནས་མེད་པ་ལ། །ས་ལ་སོགས་
པ་ནི་ཡུལ་ཕན་ཚུན་གནས་པའི་གེགས་བྱེད་པ་ཡིན་ཏེ། དེ་བས་ན་གོ་སྐབས་འབྱང་བར་བྱེད་པའི་འབྱུང་བ་ཆེན་པོ་འབའ་ཞིག་ཡོད་དགོས་ལ་དེ་ཡང་ནམ་མཁའ་ཡིན་ནོ་ཞེ་ན་དེ་ཡང་གྱི་ན་སྟེ། འདི་ལྟར། གལ་ཏེ་འབྱུང་བ་གཞན་གནས་ནས། །གནས་པ་ལ་ནི་གགས་ཡོད་མིན། །ཕན་ཚུན་
ཡོད་པ་མིན་ན་ཡང་། །གནས་པ་ལ་ནི་གགས་ཡོད་མིན། །གལ་ཏེ་འབྱུང་ཆེན་པོ་གཞན། །མེད་པར་འབྱུང་ཆེན་གཞན་གནས་ན། །འབྱུང་བ་ཆ་གཞན་མེད་པ་ཙམ། །ནམ་མཁའ་ཞེས་ནི་བྱ་བར་བརྗོད། །གལ་ཏེ་ནམ་མཁའ་མེད་ན་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་གཞན་དག་གང་
དུ་གནས་ཤེ་ན། གལ་ཏེ་འབྱུང་བ་ཆེན་པོ་གཞན་མེད་ན། ནམ་མཁའ་ཡང་གང་དུ་གནས་ཞེས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་ནམ་མཁའ་ནི་རྟེན་མེད་པའི་ངོ་བོ་དང་། གཞན་གྱི་རྟེན་དུ་འགྱུར་བ་ཡང་ཡིན་ནོ་ཞེ་ན། འོ་ན་རླུང་ཡང་རྟེན་མེད་པའི་ངོ་བོ་དང་གཞན་གྱི་རྟེན་དུ་འགྱུར་བ་ཡང་ཡིན་པའི་ཕྱིར་
དོན་གཞན་ཡོངས་སུ་རྟོགས་པ་ལེགས་པ་མ་ཡིན་ནོ། །གཞན་ཡང་། ཅི་ལྟར་ནམ་མཁའ་འགའ་ཞིག་ཏུ། །ལྷུང་བའི་ངོ་བོ་འཛིན་མ་ཡིན། །འགྲོ་བ་དང་ལྡན་རླུང་གི་གཞི། །ནམ་མཁའ་ཡིན་པར་ཅི་ལྟར་རྟོགས། །གལ་ཏེ་རླུང་ནི་ནམ་མཁའ་ལས། །འགྲོ་ལ་གེགས་མེད་འདི་ལན་མིན། །
འགྲོ་བ་ལ་ནི་གེགས་མེད་པ། །གེགས་བྱད་པ་དང་བྲལ་བས་ཡིན། །འོན་ཏེ་ཁྱབ་དང་རྟག་པ་ཡི། །ནམ་མཁའ་གཞན་གྱིས་ཅི་ལྟར་འཛིན། །དེས་ན་འདི་ལ་རྟེན་མེད་ཅིང་། །གཞན་གྱི་རྟེན་དུ་གྱུར་ཡིན་ན། །གཟུགས་མེད་པ་དང་ཁྱབ་པའི་ཕྱིར། །བདག་ཀྱང་དེ་ཡི་རང་བཞིན་ཉིད། །དེ་ཉིད་གཞན་

གྱི་རྟེན་དུ་ནི། །ཅི་ཡི་ཕྱིར་ན་རྟོག་མ་ཡིན། །གང་ལ་དེ་འདྲའི་བདག་མེད་པ། །དེ་ལ་ནམ་མཁའ་ཅི་བྱར་ཡོད། །ཡུལ་ཡང་ཁྱབ་ཕྱིར་ནམ་མཁའ་ཡི། །བྱ་བ་དེ་ལས་བརྟག་པར་གྱིས། །ཕན་ཚུན་དུ་ནི་ཁྱབ་པས་ན། །ཁྱབ་རྣམས་གཅིག་ཉིད་ཅི་སྟེ་མིན། །གལ་ཏེ་
ནམ་མཁའ་ལ་ནི་སྣང་བ་ཞེས་ཐ་སྙད་བྱ་བ་ཡིན་གྱི་བདག་ལ་སོགས་པ་ལས་ནི་མ་ཡིན་པས་དེ་ཅི་ལྟར་གཅིག་པ་ཉིད་ཡིན་ཞེ་ན། གལ་ཏེ་ཐ་སྙད་ཀྱི་རྗེས་སུ་བླངས་པ་དེ་ཐ་སྙད་ཇི་ལྟ་བ་བཞིན་དུ་དོན་རྟོགས་པས་ན་དེ་དང་རྗེས་སུ་མཐུན་པ་ཉིད་དུ་རིགས་པ་ཡིན་ནོ། །བུ་ག་ཉིད་ནམ་མཁའ་ཡིན་ཏེ་བུ་ག་
མེད་པར་བྱེད་པ་མེད་པ་ན་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། གང་གི་ཚེ་བུ་ག་མེད་པར་བྱེད་པ་ཡོད་པ་དེའི་ཚེ་ནམ་མཁའ་གར་སོང་། ནམ་མཁའ་བློ་ནས་བྱུང་བར་ནི་མི་དམིགས་སོ། །དེ་མེད་ན་ཡང་དེ་དང་གཞན་ཡང་མེད་པའི་ཕྱིར་ནམ་མཁའ་གར་སོང་། ཞིག་གོ་ཞེ་ན། རྟག་པ་ནི་བཟང་པོ་དེ་ཉིད་ན་
ཡོད་དོ་ཞེ་ན། བུ་ག་ཡང་མེད་ལ་ནམ་མཁའ་ཡང་ཡོད་དོ་ཞེས་བྱ་བ་ནི་འགལ་ལོ། །དེ་ན་ཡང་ཡོད་པ་ཉིད་དེ་དེ་ལྟར་མ་ཡིན་ན་དེ་གནས་པ་ཉིད་དུ་མི་འགྱུར་རོ་ཞེ་ན། ཅི་སྟེ་གནས་པ་ཞེས་བྱ་བ་ནི་འདི་ཅི་ཞིག །ཅི་བཟུང་བའམ། འོན་ཏེ་ཐོགས་པར་མ་བྱས་པ་ཉིད་ཡིན། གལ་ཏེ་གཟུང་བ་ཡིན་ན་དེ་ནི་མ་ཡིན་
ཏེ། བུམ་པ་ལ་སོགས་པ་ནི་ནམ་མཁས་འཛིན་པ་མ་ཡིན་གྱི་འོན་ཀྱང་སས་འཛིན་པ་ཡིན་ནོ། །འོན་ཏེ་ཐོགས་པར་མ་བྱས་པ་ཡིན་ན། དེ་ཡང་མི་བདེན་ཏེ། འདི་ལྟར། གང་ལས་འདི་ནི་ཐོགས་འགྱུར་བ། །དེ་མེད་ན་དེ་དེར་འགྱུར་གྱི། །ནམ་མཁའ་ལ་ནི་ཐོགས་མེད་པ། །བསལ་གནས་ནམ་མཁའ་ལྡང་
བ་ཡིན། །དེ་ཕྱིར་འབྱུང་བ་ཆེན་པོ་བཞི། །མེད་ན་ནམ་མཁའ་ཞེས་བརྗོད་དེ། །འབྱུང་ཆེན་དེ་ལས་གཞན་དག་ཏུ། །བསྙད་པ་ཚད་མ་དང་ལྡན་མིན། །འདིས་ནི་ཕྱོགས་ཀྱང་བརྗོད་པ་ཡིན་ཏེ། དེ་ཡང་ཁྱབ་པ་ཉིད་ཀྱིས་སྐབས་འབྱེད་པ་ལ་སོགས་པ་ཉིད་མ་ཡིན་ནོ། །འདི་ལྟར། ཁྱབ་ལ་ནུབ་
ཕྱོགས་ལ་སོགས་པར། །རྟོགས་མིན་གཞན་པ་ལས་མ་ཡིན། །དེ་ལ་གཞན་འགྲོ་ཡོད་མིན་ཏེ། །དེ་ནི་མེད་པར་ཐལ་ཕྱིར་རོ། །གལ་ཏེ་ཁྱབ་པའི་ཡུལ་དེ་ཉིད་ཤར་ཡིན་ན་དེ་ལས་གཞན་དུ་གནས་པའི་ནུབ་ཏུ་ཅི་ལྟར་འགྱུར། འོན་ཏེ་དེ་ལས་རང་བཞིན་གཉི་ག་ཡིན་ན། དེ་ལྟ་ཡིན་ན་གཉི་གར་

རྟོགས་པར་ཐལ་བར་འགྱུར་རོ། །འོན་ཏེ་སོ་སོར་ངེས་པའི་གསལ་བྱེད་ཡོད་པ་ལས་ཡུལ་གྱི་རང་བཞིན་དུ་མ་ལས་རང་བཞིན་འགའ་ཞིག་གསལ་བར་འགྱུར་ཏེ། དཔེར་ན་ཕ་དང་བུ་ལ་སོགས་པའི་རང་བཞིན་དག །བུ་ལ་སོགས་པ་ལ་ལྟོས་ནས་ཕ་ལ་སོགས་པ་མངོན་པར་གསལ་བ་བཞིན་ནོ་
ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཡུལ་གྱི་རང་བཞིན་ངེས་པ་ནི། །གཞན་གང་ལས་ནི་གསལ་འགྱུར་བ། །དེ་ཉིད་ལས་ནི་ཤར་ཕྱོགས་སུ། །དངོས་རྣམས་རང་བཞིན་རིགས་པར་འགྱུར། །གང་ལས་ཕྱོགས་ཀྱི་རྣམ་པར་དབྱེ་བ་དེ་ཤར་དང་ནུབ་ལ་སོགས་པ་ན་གནས་པའི་སྐྱེས་
བུ་ལ་ལྟོས་ནས་ནུབ་ལ་སོགས་པར་འགྱུར་བ་དེ་ཉིད་ལས་དངོས་པོ་ཉིད་དེ་ལྟར་འགྱུར་བར་ཅི་སྟེ་ཁས་མི་ལེན། སྐྱེས་བུ་ལ་སོགས་པ་ཡུལ་གཞན་ལ་ལྟོས་ནས་ཤར་གྱི་ཡུལ་ན་གནས་པའི་ཕྱིར་ཤར་ཕྱོགས་ཉིད་ཡིན་ནོ། །དེ་ཡང་ཉི་མ་ལ་ལྟོས་པ་ཡིན་པའི་ཕྱིར་ཕྱོགས་བརྟགས་པས་ཅི་བྱ།
གལ་ཏེ་ཉི་མ་ལ་སོགས་པ་དག་ལས་ཕྱོགས་མངོན་པར་གསལ་བར་ཡིན་ན། ཉི་མ་ལ་སོགས་པའི་ཤར་ཕྱོགས་ཀྱི་ཉི་མ་ལ་སོགས་པ་ཡང་། དེས་ཡིན་པའི་ཕྱིར་འདི་ནི་ཕན་ཚུན་རྟེན་པའི་ཕྱིར་སྐྱོན་དེ་ཡིན་ནོ། །དེ་ཙམ་གྱིས་ཐ་སྙད་རབ་ཏུ་འགྲུབ་པའི་ཕྱིར་གཞན་ལ་ལྟོས་པའི་འབད་པས་ཅི་བྱ།
གལ་ཏེ་ལྟོས་པ་མེད་པར་ཡང་འདི་ནི་དྲང་པོའི་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དུ་འགྱུར་བའི་ཕྱིར་ཡུལ་དོན་གཞན་ཉིད་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། དེར་ཡང་དྲང་ཞེས་ལྟོས་བྱ་བའི། །ཁྱད་པར་མཐོང་བ་ཡོད་པ་ཡིན། །ཕྱི་ནས་ཤིན་ཏུ་གོམས་པས་ན། །གཞན་མེད་པར་ནི་
དེ་ལྟར་རྟོགས། །འདི་ལ་ཁྱོད་ལ་དྲང་པོ་ཡིན་ནོ་ཞེས་འཇིག་རྟེན་ན་ཐ་སྙད་དམིགས་པ་ཡིན་ནོ། །དེ་ལས་ཀྱང་ཤིན་ཏུ་གོམས་པ་ལས་ཕྱིས་དེའི་རྗེས་སུ་འབྲངས་ཏེ་ལྟོས་པར་བྱ་བ་མེད་པར་ཡང་འགྱུར་རོ། །འདི་ག་ལས་ཤེ་ན། གཞན་དུ་ཡང་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་
ལས་རྒྱུ་དང་རྒྱུ་ཅན་གྱི་དངོས་པོ་ཡིན་ནོ། །འདི་ལྟར། རྒྱ་མཚོའི་དཀྱིལ་ན་གནས་པའི་མི། །འཁྲུལ་པ་སྐྱེས་པར་གྱུར་པ་དག །གཟའ་དང་སྐར་མ་མཐོང་བ་ཡིས། །ཕྱོགས་ཀྱི་རྣམ་དབྱེ་ངེས་པར་འགྱུར། །སྐར་མ་ལ་སོགས་དང་འབྲེལ་ལས། །ཕྱོགས་གཞན་པ་ནི་མཐོང་བ་མེད། །རང་གི་

ངོ་བོར་སྣང་བ་ནི། །དེ་རྟོགས་པར་ནི་ཇི་ལྟར་བརྗོད། །འདི་ལྟར་ཤར་ཕྱོགས་ཞེས་བྱ་བས་ནི་ཉི་མ་འཆར་བ་དང་འབྲེལ་པ་ཉིད་ལ་ངེས་པར་གནས་པར་འགྱུར་བ་ཡིན་ནོ། །དེ་ནི་མ་ཡིན་ཏེ། ཉི་མ་བཞིན་དུ་མཐོང་ཡང་ཕྱོགས་ལ་རྨོངས་པ་སྐྱེས་པའི་ཡིད་ཅན་རྣམས་
སྔར་རྟོགས་པའི་ཕྱོགས་དེ་ཉིད་ཤེས་པར་འགྱུར་གྱི། ཉི་མ་འཆར་བའི་དབང་གིས་ནི་མ་ཡིན་ནོ། །འདི་ལྟར་ཉི་མ་འཆར་བ་ཡང་ནུབ་ཕྱོགས་ལ་བརྟེན་པར་རྟོགས་པ་ཡིན་ནོ། །ཞེ་ན་དེ་ལ་ཡང་བརྗོད་པ། །གང་ལ་མ་འཁྲུལ་ཡིད་ཀྱིས་ནི། །ནུབ་དང་འབྲེལ་འདོད་གྱུར་པ་ལ། །ཀུན་དགའ་གྲོང་
སོགས་ཀྱིས་མཚན་པའི། །ཡུལ་དེར་དེ་ཉིད་ཡིན་པར་གོམས། །གྲོང་དང་ཀུན་དགའ་ར་བ་ལ་སོགས་པ་གང་དག་སྔོན་གྱི་གནས་སྐབས་སུ་ཉི་མ་འཆར་བ་ལ་ལྟོས་ཏེ་ནུབ་ཕྱོགས་ལ་སོགས་པའི་ཉེ་བར་མཚོན་བརྟག་པར་རྒྱུན་དུ་དམིགས་པ་དེ་ལ་གོམས་པས་ཉམས་པའི་ཕྱིར་ཉི་མ་འཆར་བའི་རྗེས་སུ་
མི་འབྲང་གི །འོན་ཀྱང་དེས་ཉེ་བར་མཚོན་པ་དེ་ཉིད་ཕྱོགས་ཡིན་ནོ་ཞེས་བག་ཆགས་བརྟེན་པ་དང་འབྲེལ་པ་ལས་ཐ་སྙད་དུ་བྱེད་དོ། །དེའི་ཕྱིར། ཐོག་མེད་བག་ཆགས་དང་འབྲེལ་པ། །མངོན་དུ་ཕྱོགས་པའི་སེམས་རྣམས་ཀྱི། །དེ་ནི་དོན་དང་བྲལ་བའི་ཕྱིར། །རྟོགས་པ་འབའ་ཞིག་ཉིད་ཡིན་ནོ། །
ཤིན་ཏུ་སེམས་གཏད་པ་ལ་ཕྱོགས་པ་གཡིང་བ་ཐག་གཅད་པའི་ཡིད་དང་ལྡན་པ་ལ་ཡང་ཕྱོགས་ལ་སོགས་པའི་རང་བཞིན་ངེས་པ་ནི་མེད་དེ། འོན་ཀྱང་དཔྱོད་པ་དང་བྲལ་བའི་ཕྱིར། འཇིག་རྟེན་དེའི་རང་བཞིན་ངེས་པ་མེད་པ། སོང་བའི་རྗེས་སུ་འགྲོ་བའི་ཚུལ་གྱིས་ཡིད་ཉམས་པ་ཉིད་ཀྱིས་ཐ་སྙད་བྱེད་
པའི་ཕྱིར་འདིར་ཅི་བྱར་ཡོད། གལ་ཏེ་ཐོག་མེད་ཕྱིར་བདེན་ན། །མེད་པ་པ་ཡང་བདེན་པར་འགྱུར། །དབང་ཕྱུག་ལ་སོགས་རྟོགས་པ་ཡང་། །ཐོག་མ་མེད་ཕྱིར་ཅིས་མི་བདེན། །དེས་ན་ཕྱོགས་སོགས་གནས་པ་ཡི། །ལུགས་འདི་ལེགས་པ་ཉིད་མ་ཡིན། །འདི་ནི་བསྟན་བཅོས་ངན་གོམས་ལས། །
ཉེར་འོངས་ཐ་སྙད་ཙམ་དུ་ཟད། །ཐོག་མ་མེད་ཕྱིར་བསྟན་བཅོས་རྣམས། །ཐམས་ཅད་བདེན་པར་འགྱུར་མིན་ཏེ། །ཕན་ཚུན་འགལ་བས་གནོད་བྱ་དང་། །གནོད་པར་བྱེད་པའི་ངོ་བོའི་ཕྱིར། །དེའི་ཕྱིར་དོན་རྣམས་ཉིད་ཕན་ཚུན་ལྟོས་ནས་ཤར་རོ་ནུབ་པོ་ཞེས་བྱ་བ་ལ་སོགས་པའི་མིང་དུ་ཐ་སྙད་ཀྱི་

དོན་དུ་རྒན་པོ་དག་གིས་བཀོད་པ་ཡིན་ནོ། །འདུ་བྱེད་པ་ཡང་ཐོག་མ་མེད་པ་ཅན་ཡིན་པའི་ཕྱིར་ཐ་སྙད་ཉིད་སད་པར་འགྱུར་བས་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །ཐ་དད་པར་ཉེ་བར་བསྟན་པའི་ངོ་བོ་དེ་ཉིད་དུས་ལ་སོགས་པར་བརྗོད་པ་ལ་སྟོན་པ་ཡིན་ཏེ། འདི་ལྟར་འབྱུང་ངོ་། །ད་ལྟར་ཡོད་དོ། །
འབྱུང་བར་འགྱུར་རོ་ཞེས་བྱ་བར་རྟོགས་པ་ལས་ལྷས་བྱིན་ལ་སོགས་པའི་འདས་པ་དང་། མ་འོངས་པ་ལ་སོགས་པའི་དུས་གསུམ་པར་འཇོག་ན་དུས་བྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལས་ཀྱང་དུས་གཞན་གནས་པར་ཐལ་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་དུས་ནི་རང་གི་
ངོ་བོ་ཉིད་ཀྱིས་སྔ་མ་ཡིན་གྱི་དུས་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །ཕྱོགས་ཀྱང་དེ་བཞིན་ཏེ་རང་གི་ངོ་བོར་འགྱུར་བའི་ཆོས་ཀྱི་བྱེ་བྲག་གིས་ཐ་སྙད་བྱེད་པ་ཡིན་ཏེ། ཤར་ནི་དབང་པོའི་ཕྱོགས་སོ་ཞེས་སོ་ཞེ་ན། དེ་ལྟ་ན་ཤིང་ལ་སོགས་པའི་དོན་རྣམས་ཀྱང་རང་ཉིད་སྔ་མ་དང་ཕྱི་མ་ལ་སོགས་པ་ཡིན་
གྱི་སྔ་མ་ཉིད་ལ་སོགས་པས་དུས་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །འོན་ཏེ་ངོ་བོ་ལ་སོགས་པའི་སྔ་མ་ཉིད་ལ་སོགས་པ་ནི་རང་ལས་མ་ཡིན་ཏེ། འོན་ཀྱང་དེ་དང་འབྲེལ་པའི་དོན་ལ་ལྟོས་པ་ཡིན་ནོ། །འདི་ལྟར། རྒྱལ་པོ་གང་དག་སྔར་འདས་པ། །དེ་དང་འབྲེལ་པ་ལ་ལྟོས་ན། །དེ་ལ་དུས་
འདས་ཡུན་རིང་ཞེས། །བྱ་བ་ཉིད་དུ་རྣམ་པར་འཇོག །འདིར་བརྗོད་པ། གལ་ཏེ་དུས་ཀྱིས་འདས་པ་སོགས། །དངོས་དང་འབྲེལ་པ་ལས་ཡིན་ན། །དངོས་པོ་ཡི་ནི་འདས་ཉིད་དེ། །དུས་ལ་ལྟོས་པར་འགྱུར་བས་ན། །ཕན་ཚུན་རྟེན་པས་གཅིག་ཉིད་དང་། །གནས་པ་མེད་པར་འགྱུར་བ་ཡིན། །
གལ་ཏེ་ཅིག་ཅར་འདས་པ་ཉིད། །ཡིན་ན་ཐུག་པ་མེད་པར་འགྱུར། །ཅིག་ཅར་འབྱུང་བ་གཉིས་དག་ནི། །ཕན་ཚུན་དང་ནི་རྒྱུ་མ་ཡིན། །གལ་ཏེ་དེ་དག་གཞན་ལས་ནི། །དེ་ལའང་གཞན་ཕྱིར་ཐུག་མེད་འགྱུར། །གཞན་ཡང་གལ་ཏེ། སྒྲ་ནི་ནམ་མཁའི་ཡོན་ཏན་ཡིན་ལ། རླུང་གི་ཡོན་ཏན་རེག །མེའི་
ཡོན་ཏན་གཟུགས། ཆུའི་ཡོན་ཏན་རོ། །སའི་ཡོན་ཏན་དྲི་ཡིན་ལ། དུས་ཀྱི་ཡོན་ཏན་གང་ཡིན་པར་བརྗོད་པར་བྱ། བདག་ལ་སོགས་པ་ཡང་དེ་བཞིན་ནོ། །འོན་ཏེ་དུས་ཀྱི་ཡོན་ཏན་ཆེན་པོ་ཉིད་ལ་སོགས་པ་ཡིན་ནོ། །དེ་ནི་བདག་ལ་སོགས་པའི་ཡང་ཡིན་ནོ། །དེས་ན་བདག་ཉིད་ཀྱི་སོ་སོར་ངེས་པ་

འགའ་ཞིག་བརྗོད་པར་བྱའོ། །འོན་ཏེ་དོན་རྣམས་གནང་བ་དང་འགོག་པ་ཡིན་ནོ་ཞེ་ན། དེ་དག་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་རྒྱུའི་དབང་ཉིད་ལས་ཡིན་ནོ། །དེ་ཡང་རང་གི་རྒྱུ་ལས་ཡིན་པའི་ཕྱིར་རྒྱུ་བརྒྱུད་པ་ཐོག་མ་མེད་པ་ཉིད་ཡིན་ནོ། །གཞན་ཡང་། གལ་
ཏེ་ཁྱབ་དང་རྟག་པ་ཡིས། །གནང་དང་བཀག་པར་ནུས་ན་ནི། །བདག་ཀྱང་དེ་ལྟར་མཐོང་འགྱུར་ཏེ། །ཁྱད་པར་གཞན་ནི་འདོད་མེད་ཕྱིར། །འདི་ལྟར་དུས་དང་ཡུལ་དང་བདག་དང་ནམ་མཁའ་ཞེས་བྱ་བ་འདི་དག་ནི་རྟག་པ་ཉིད་ལ་སོགས་པར་མཚུངས་པ་ཡིན་ནོ། །དེས་ན། ཡུལ་དང་དུས་ནི་མཚུངས་
གྱུར་པ། །བྱ་བ་དང་ནི་མི་ལྡན་ཕྱིར། །འདིས་བྱས་འདིར་ནི་མ་ངེས་ཞེས། །ཆོས་མིན་མཐུན་པ་ཅི་ལྟར་རིག །དེའི་ཕྱིར་ནམ་མཁའ་ལ་སོགས་པར་སྨྲ་བ་ནི་མ་ཡིན་པ་ཉིད་དོ། །དེས་ན། སྨྲ་བ་ནམ་མཁའི་ཡོན་ཏན་ནི། །ཚད་མས་འཐད་པ་མ་ཡིན་ནོ། །གཞན་ཡང་། སྒྲ་ནི་ནམ་མཁའ་དང་རླུང་
ལས་འབྱུང་བ་ཡིན་ན་འདི་རླུང་གི་ཡོན་ཏན་ཉིད་དུ་ཅིས་མི་བརྗོད། འདི་ནི་ནམ་མཁའ་ཉིད་དུ་ཐོས་པ་ཡིན་ཏེ། དེས་ན་འདི་ནི་ནམ་མཁའི་ཉིད་ཡོན་ཏན་ཉིད་དུ་རྟོགས་སོ་ཞེ་ན། འབར་སོགས་ནམ་མཁར་མཐོང་མིན་ན། །ཅེ་ན་དེ་དེའི་ཡོན་ཏན་དུ་མི་བརྗོད། །དེ་རྟེན་གཞན་ཡང་ཡོད་ཅེས་འཐད་མིན་
ཏེ། །སྒྲ་ལའང་རྔ་སོགས་གཞན་དག་ཡོད་པ་ཉིད། །གལ་ཏེ་གང་ཞིག་གང་དུ་གནས་པར་དམིགས་པ་དེ་དེའི་ཡོན་ཏན་ཡིན་ན། འབར་བ་ལ་སོགས་པ་ཡང་ཅི་སྟེ་ནམ་མཁའི་ཡོན་ཏན་མ་ཡིན། དེ་ལ་ནི་རྩིག་པ་དང་ཤིང་ལ་སོགས་པ་རྟེན་གཞན་ཡོད་པའི་ཕྱིར་དེར་གནས་པར་རྟོགས་པས་ནམ་
མཁའི་ཡོན་ཏན་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉི་ག་ལ་གནས་པས་གཉི་གའི་ཡོན་ཏན་དུ་འགྱུར་རོ། །སྒྲ་ལ་ཡང་པ་ཊ་ཧ་དང་དུང་ལ་སོགས་པ་ཡོད་པ་ཡིན་ནོ། །ཡུལ་གཞན་དུ་ཐོས་པའི་ཕྱིར་རོ་ཞེ་ན། འདི་ནི་སྣང་བ་ལ་སོགས་པ་དག་ལ་ཡང་མཚུངས་སོ། །དེ་ལ་ནི་ནོར་བུ་ལ་སོགས་པ་
རྟེན་ན་ཡང་དམིགས་པའི་ཕྱིར་རོ་ཞེ་ན་སྒྲ་ཡང་བརྡུངས་པའི་རྫས་ཡོད་པས་དེ་མཚུངས་སོ། །དེའི་ཕྱིར་སྒྲ་ནི་ནམ་མཁའི་ཡོན་ཏན་མ་ཡིན་ཏེ། དེར་གནས་པར་དམིགས་ཀྱང་དེར་གནས་པ་མ་ཡིན་ཏེ། སྣང་བ་ལ་སོགས་པ་བཞིན་ནོ། །ནམ་མཁའ་ནི་གནས་པར་བྱེད་པ་ཉིད་ཀྱང་མ་ཡིན་ཏེ། ཐོགས་

པ་མེད་པའི་ཕྱིར་རོ། །ནམ་མཁའ་ནི་གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་ནོ། །སྣང་བ་ཡོད་ན་ནམ་མཁའ་ཤེས་པ་ཡིན་ཏེ། གང་དུ་སྣང་བ་ཉིད་ཡོད་པ་དེར་ནམ་མཁའ་བཏགས་པའི་ཕྱིར་ནམ་མཁའ་ནི་བརྟགས་པར་ཡོད་པ་མ་ཡིན་ནོ། །དེས་ན་སྒྲ་ནམ་མཁའི་ཡོན་ཏན་ཡིན་ནོ་
ཞེས་བྱ་བ་ནི་ལེགས་པར་བརྗོད་པ་མ་ཡིན་ནོ། །དེས་ན་ནམ་མཁའི་ཡོན་ཏན་ཉིད་ལ་གནོད་ཀྱང་སྐྱོན་འགའ་ཡང་མེད་དོ། །གཞན་ཡང་། ཕྱོགས་མཚན་ཕྱི་རོལ་དོན་ཅན་གྱི། །རང་ཉིད་སྒྲ་ཡང་དོན་མེད་འགྱུར། །རང་ཉིད་ཀྱི་སྒྲ་ནི་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་བྱེད་པའི་
འདོད་པ་བསྒྲུབ་བྱ་ཉིད་དུ་འགྱུར་བ་དེ་བཟློག་པ་དོན་ཉིད་དེ། དགོས་པ་གཞན་ནི་མེད་དོ། །གལ་ཏེ་དེ་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་ན་ནི། དེ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལྟ་ན་ནི་ཕྱོགས་ཀྱི་མཚན་ཉིད་དོན་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་འདོད་འཇུག་དོན། །
འོ་ན་དོགས་འདི་གང་ལས་ཡིན། །དེ་ནི་ཚད་མས་བཀག་མེད་ན། །འཛིན་པ་གང་གིས་བཟློག་པར་འགྱུར། །གལ་ཏེ་ཚད་མས་བཀག་ན་ཡང་། །ཚིག་ལས་གང་གིས་འཇུག་པར་འགྱུར། །དེ་དག་སྔར་ཡང་