Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 179

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
ས་པ་ཅི་ལྟར་འགྱུར། དེ་ལྟ་ཡིན་དང་ཚིག་གཞན་སྦྱོར་བ་མེད་པར་འགྱུར་རོ། །འོན་ཏེ་སྔོན་པོ་ལ་སོགས་པ་རྫས་མ་ངེས་པ་

ལ་འཇུག་པ་ཡིན་ན། དེ་ལྟ་ཡིན་ན་ཡང་སྔོན་པོ་སྒྲ་ལས་སྔོན་པོ་ཉིད་ཀྱང་མ་ངེས་པར་རྟོགས་ལ། ཨུཏྤ་ལའི་སྒྲ་ལས་ཡང་ཨུཏྤ་ལའི་རྗོད་བྱེད་ལས་མ་ངེས་པ་ཡིན་པའི་ཕྱིར་དེས་ན་སླར་གཞི་མཐུན་པ་མེད་ན་དེ་ཉིད་དེ། མ་ངེས་པ་བརྗོད་པ་གཉིས་ལ་དོན་གཅིག་རྟོགས་པ་མེད་པའི་
ཕྱིར་རོ། །ཕན་ཚུན་རྣམ་པར་གཅོད་པའི་ཕྱིར་དེ་ལྟར་རྟོགས་སོ་ཞེས་བྱ་བ་ཡང་འབྲེལ་པ་མ་ཡིན་ཏེ། ཟིན་པ་གཞན་དང་གཞན་ལས་ནི། །རྣམ་པར་གཅོད་པ་ཅི་ལྟར་འགྱུར། །གལ་ཏེ་རྣམ་པར་གཅོད་བྱེད་ན། །གཞན་སེལ་བ་ཉིད་བརྗོད་བྱར་འགྱུར། །གལ་ཏེ་སྔོན་པོ་ལ་སོགས་པའི་སྒྲས་མ་ངེས་
པར་རྟོགས་ན་ཕྱིས་གཞན་གྱིས་ངེས་པར་བྱ་ནུས་པ་མ་ཡིན་ནོ། །མངོན་སུམ་གྱིས་རྟོགས་པ་ནི་གཞན་གྱིས་བཟློག་པ་མ་ཡིན་ཏེ། འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་སྒྲ་གཞན་ལས་ཐེ་ཚོམ་བཟློག་པ་ཡིན་ཏེ། བསྡུ་བས་རྟོགས་པ་ནི་བཟློག་པར་ནུས་པ་མ་ཡིན་ནོ། །གང་ཚེ་སྔོན་པོ་ཨུཏྤ་ལ་
ཡིན་ནམ་ཅི་འོན་ཏེ་གཞན་ཡིན་ཞེས་རྣམ་པར་རྟོག་པ་དེའི་ཚེ་སྒྲ་གཞན་ལས་རྣམ་པར་རྟོག་པ་བཟློག་པར་འཐད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར་གལ་ཏེ་སྒྲ་ལས་རྟོགས་པའི་དོན་རྣམ་པར་བརྟགས་པ་བདེན་ན་ནི། སྒྲ་གཞན་དང་ནི་འབྲེལ་པ་ལས། །དེ་ནི་ཅི་ལྟར་ལྡོག་པར་འགྱུར། །གལ་
ཏེ་རྟོགས་པའི་ཡུལ་གྱི་དོན་དེ་བདེན་པ་ཡིན་ན། གཞན་གྱིས་དེ་ལྟར་མ་ཡིན་པར་བྱ་ཅི་ལྟར་ནུས་ཏེ། གཉི་ག་ཡང་ཚད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དེས་ཐེ་ཚོམ་དུ་གྱུར་པའི་རང་བཞིན་ཉིད་རྟོགས་པར་བྱས་པ་ཡིན་ལ། ཐེ་ཚོམ་གྱི་རང་བཞིན་ཡང་བསྟན་པར་རྟོགས་པས་བཟློག་པར་བྱ་བ་ཁོ་ནའོ། །
དེས་ན་གཞན་གྱིས་བཟློག་པར་འཐད་དེ། དེ་ལྟ་བུ་ཉིད་ནི་དེ་ལྟར་གྱུར་པ་མ་ཡིན་པར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ། གང་ཕྱིར་སྒྲ་དེ་ཉིད་ཀྱིས་ནི། །བཟློག་བྱ་ཉིད་དུ་རྟོགས་བྱས་ལ། །དེས་ན་སྒྲ་གཞན་དག་གིས་ཀྱང་། །བསྒྲུབ་པར་བྱ་བ་ཅི་ཞིག་ཡོད། །གལ་ཏེ་རྟོགས་པ་སྔ་མས་ནི་མ་ངེས་པར་
བཟློག་པར་བྱ་བ་ཉིད་དུ་རྟོགས་ལ། ཕྱི་མས་ནི་ངེས་པར་ཡིན་པའི་ཕྱིར་མཁོ་བ་ཡོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཚད་མའི་སྟོབས་ཀྱིས་འོངས་པ་ཡི། །ངེས་པ་མེད་པ་གང་ཡིན་ཏེ། །གཞན་དུ་བྱ་བར་ཚད་གཞན་ནི། །བརྒྱ་ཕྲག་གིས་ཀྱང་ནུས་མ་ཡིན། །དེའི་ཕྱིར་སྔ་མའམ་ཕྱི་མ་གང་ཡང་

རུང་བ་གཅིག་ནི་ཚད་མ་མ་ཡིན་པ་ཁོ་ནའོ། །དེས་ནི་གཞན་ཡང་དེ་ལྟར་གྱུར་པ་ཡིན་པའི་ཕྱིར་ན་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །སྤྱི་ཙམ་བརྗོད་པ་ཡིན་ན་ནི་གཞན་དོན་མེད་དོ། །འོན་ཏེ་རྗེས་སུ་དཔག་པ་ནི་གནོད་པར་བྱེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་ཡང་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །
རྗེས་སུ་དཔག་པས་ནི་རྣོ་བ་དང་འབར་བ་ལ་སོགས་པའི་ཁྱད་པར་འཛིན་པ་མ་ཡིན་ཏེ། དེས་ན་དེར་ཡང་ཐེ་ཚོམ་ཟ་བ་ཁོ་ནའོ། །སྤྱི་ལ་ཐེ་ཚོམ་མི་ཟའོ་ཞེ་ན་ནི་མ་ཡིན་ཏེ། སྤྱི་རྟོགས་པའི་ཁྱད་པར་མ་ངེས་པར་རྟོགས་པ་ཉིད་ཡིན་ནོ། །སྤྱི་ལ་ནི་རྣམ་པར་ངེས་པར་སྲིད་པ་མ་ཡིན་ནོ། །འདི་ལྟར།
སྤྱི་གང་ཡིན་པ་དེ་ལ་ནི། །ཁྱད་པར་རྣམ་པ་འདི་ལྟར་ཞེས། །རྟོགས་མེད་ངེས་ན་སྤྱི་ཡི་ནི། །ཤེས་པ་ཐམས་ཅད་བསླད་པ་ཉིད། །སྤྱི་རྟོགས་ཀྱང་གསལ་བ་སོ་སོར་ངེས་པ་ཉིད་དུ་རྟོགས་པ་འདྲེན་པ་ནི་མ་ཡིན་ཏེ། དེས་ན་སྤྱི་རྟོགས་པ་ནི་ཉེ་བར་བསླད་པ་ཡིན་ནོ། །གསལ་བ་ལ་འཁྲུལ་པ་
ཡིན་གྱི། སྤྱི་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། གལ་ཏེ་དེ་ནི་གསལ་བ་ལ་འཁྲུལ་པ་སྤྱི་ནི་གང་དུ་འདོགས་སོ། །སྤྱི་ནི་འགར་ཡང་བཞོ་གསལ་ལས། །སོགས་པ་ཉེ་བར་མཁོ་མ་ཡིན། །གལ་ཏེ་གང་གི་དོན་དུ་འདི་བརྩམས་པ་དེ་ལ་འཁྲུལ་ན་དེའི་ཚེ་གཞན་ལས་མ་འཁྲུལ་ཡང་ཅི་བྱ།
གལ་ཏེ་སྤྱི་རྟོགས་པ་མེད་ན་གསལ་བའི་ཡུལ་ཅན་གྱི་རྟོགས་པ་དེ་ཉིད་མི་འཐད་དོ་ཞེ་ན། སྤྱི་ངེས་པས་ཀྱང་སྤྱི་དེ་ཉིད་ངེས་པར་འགྱུར་མོད། གཞན་ལ་ཐེ་ཚོམ་ཟ་བར་ཅི་ལྟར་འགྱུར། གཞན་ངེས་པར་གཞན་ལ་ཐེ་ཚོམ་ཟ་བར་མི་འཐད་དེ། ངེས་པ་ཐམས་ཅད་ཀྱིས་ཐམས་ཅད་ལ་ཐེ་ཚོམ་ཟ་བར་
འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་སྲིད་པ་ཉིད་ཐེ་ཚོམ་གྱི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ཏེ། འདི་ལྟར། གང་ཞིག་གང་ལ་སྲིད་པ་དེ། །དེ་ལ་འཁྲུལ་རྟེན་མཐོང་བ་ནི། །དེ་མཐོང་བ་ཡིས་དེ་ཉིད་ལ། །ཐེ་ཚོམ་འཇུག་པར་བྱེད་པ་ཡིན། །ཐེ་ཚོམ་ནི་སྲིད་པ་དང་འཁྲུལ་པ་ལ་འཐད་པ་ཡིན་ནོ། །སྤྱི་
ལ་ཡང་གང་ལ་གང་སྲིད་པ་དེ་མཐོང་བས་དེ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། བ་ལང་ཉིད་ངེས་པ་ནི་ཁྲ་བོ་ལ་སོགས་པ་ལ་ཡིན་ལ། རྟ་ཉིད་ངེས་ན་ནི། ངང་པ་ལ་སོགས་པ་ལ་ཡང་ཡིན་པའི་ཕྱིར་ཧ་ཅང་ཐལ་བ་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མི་རུང་སྟེ། འདི་ལྟར་ཁྲ་བོ་ལ་སོགས་ཐེ་ཚོམ་གྱི། །རང་བཞིན་

ཙམ་གྱིས་རྟོགས་པ་ལས། །རྟོག་པ་གཞན་ནི་འདིར་ཡོད་མིན། །སྤྱི་རྟོགས་པར་ཅི་ནི་ལྟར་འགྱུར། །ཅི་ལྟར་འདི་ཁྲ་བོ་འམ་འོན་ཏེ་ཁུ་ཡུ་ཡིན། སྒྲ་ཅམ་ཞིག་ནི་ཐོས་ན་ཁྲ་བོ་ལ་སོགས་པའི་ཁྱད་པར་ནི་ངེས་པར་མ་ཟིན་ཏོ་ཞེས་ཁྲ་བོ་ལ་སོགས་པའི་རྣམ་པ་ཅན་གྱི་
རྣམ་པར་རྟོག་པ་ཉིད་འབའ་ཞིག་འཇིག་རྟེན་པས་རྟོགས་སོ། །སྤྱིའི་རྣམ་པ་དག་གཞན་ཡང་དེ་བཞིན་དུ་ལྟའོ། །ཡང་ན། ཐོག་མེད་བག་ཆགས་དང་འབྲེལ་ཅན། །སྤྱི་ཡི་རྣམ་པར་རིག་པ་ལས། །རྣམ་རྟོག་འདིར་འགྱུར་དེ་ཡི་ཕྱིར། །སྤྱི་ཡི་དངོས་པོ་རྟོགས་མ་ཡིན། །དེས་ན་བསྒྲུབ་པ་དང་
དགག་པའི་ཐ་སྙད་ནི་ཕྱི་རོལ་བརྟེན་པ་མ་ཡིན་ལ་གཞི་མཐུན་པ་ལ་སོགས་པ་མི་རུང་བའི་ཕྱིར་རོ། །འོན་ཏེ་སྒྲ་དང་རྣམ་པར་རྟོག་པ་དག་གིས་ནི་ཁྱད་པར་འབའ་ཞིག་རྟོགས་པ་ཡིན་ལ། ཁྱད་པར་དེ་དང་ལྡན་པ་ནི་མཚོན་ཟིན་པས་མཚོན་པས་རྟོགས་པ་ཡིན་ནོ་ཞེ་ན། ཁྱད་པར་གྱི་དབྱེ་བ་རྣམས་
ནི་རྟགས་ཡིན་ཏེ། དེས་ན་རྟགས་ཀྱི་རྫས་དེས་ན་ཐེ་ཚོམ་མེད་པས་ཁྱད་པར་གཞན་རྟོགས་པས་ཅི་བྱ། རྫས་ཅི་ལྟ་བུར་གྱུར་པ་མི་ཤེས་པས་ན་དེའི་དོན་དུ་ཁྱད་པར་གཞན་སྟོན་ཏོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ཁྱད་ཅིག་གིས་དོན་ཏེ། རང་གི་རང་བཞིན་དུ་རྟོགས་ན། ཁྱད་པར་གཞན་གྱིས་རིགས་
པ་ཡིན། །གཞན་པ་ཅི་ཞིག་བྱེད་པར་འགྱུར། །འོན་ཏེ་ཁྱད་ཅིག་དང་འབྲེལ་པས། །དོན་དེ་གཞན་དུ་རྟོགས་ན་ནི། །ཁྱད་པར་གཞན་དང་འབྲེལ་པ་ཡིས། །གཞན་པ་བྱེད་པར་ནུས་མ་ཡིན། །འོན་ཏེ་ཁྱད་པར་གཞན་དང་ལྡན་པ་ཙམ་ཁོ་ནར་སྒྲ་གཞན་གྱིས་རྟོགས་པ་ཡིན་གྱི། དེའི་ཁྱད་པར་
ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡན་འགར་དུ་རྟོགས་པས་དོན་བྱེད་པ་ཅི་ལྟར་འགྲུབ། ཁྱད་པར་ཡན་འགར་བས་ནི་དོན་བྱ་བ་བྱེད་པར་ནུས་པ་མ་ཡིན་ནོ། །ཅི་སྟེ་དེའི་སྒོ་ཉིད་ཁྱད་པར་ལྡན་པ་རྟོགས་ན་མ་ཡིན་ཏེ། ཁྱད་པར་སྔ་མ་ཉིད་ཀྱིས་རྟོགས་ཟིན་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་སྔ་མས་ནི་ཁྱད་
པར་གཞན་དང་བྲལ་བ་རྟོགས་པ་ཡིན་ཏེ། དེ་ལྟར་ཡང་། དེས་ན་ཐ་དད་རྣམ་པར་གནས། །ཞེས་རང་ཉིད་ཀྱིས་བརྗོད་པ་ཡིན་ནོ་ཞེ་ན། འོ་ན་གལ་ཏེ་ཁྱད་པར་གཞན་གྱིས་འདི་གཞན་དུ་གྱུར་པར་ཚད་མར་གྱུར་པའི་རྟོགས་པས་རྟོགས་པར་བྱ་བར་བྱས་ན་ཁྱད་པར་གཞན་སྟོང་གིས་ཀྱང་ཅི་ལྟར་གཞན་དུ་

བྱེད་པར་ནུས། ཚད་མས་གྲུབ་པ་ནི་ཚད་མ་གཞན་གྱིས་གཞན་དུ་བྱེད་ནུས་པ་མ་ཡིན་ནོ། །འཕྲོད་པ་འདུ་བའི་འབྲེལ་པས་ཁྱད་པར་ཐམས་ཅད་དབྱེར་མེད་པར་གནས་པ་ཉིད་པས་དེ་ཇི་ལྟར་གཞན་དུ་རྟོགས་པར་ནུས་ན་རྟོགས་ན་ནི་དེ་ཉིད་དེའི་རང་བཞིན་ཡིན་པས་ཅི་ལྟར་གཞན་གྱིས་གཞན་དུ་བྱེད། འོན་
ཏེ་གཞན་གྱིས་གཞན་དུ་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ལྷག་པར་རྣམ་པ་ཙམ་ཞིག་གཞན་ལ་གྱུར་པ་ཡིན་ནོ། །དེ་ལས་གཞན་བཟློག་པ་ནི་མི་སྲིད་པར་ངེས་པ་ལས་དེ། དེ་དང་ལྡན་པའང་ཡིན་ལ་དེ་ལས་གཞན་པའི་ཆོས་དང་ལྡན་པར་ཡང་འགྱུར་བ་ན་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར།
གལ་ཏེ་ཕྱོགས་གཞན་ཐོབ་ན་ནི། །ཚད་མ་ཡིས་ནི་འཐད་པ་ཉིད། །ལྷག་མ་སྟོང་ཕྲག་བསྣན་པས་ཀྱང་། །དེ་བཟློག་པ་ནི་ནུས་མ་ཡིན། །འོན་ཏེ་གཞན་རྣམས་ཐོབ་མེད་ན། །དོན་དེ་ཉིད་ནི་བཅད་པའི་ཕྱིར། །ཁྱད་པར་གཞན་གྱིས་ཅི་བྱ་སྟེ། །འདིར་ནི་བཟློག་བྱ་འགའ་ཡོད་མིན། །དེའི་ཕྱིར་
མ་འཁྲུལ་པའི་རྟོགས་པས་ནི་ཐམས་ཅད་རྟོགས་པར་བྱ་བ་ཡིན་ཏེ། མངོན་སུམ་གྱི་ཚད་མ་བཞིན་ནོ། །དེས་ན་ཁྱད་པར་གཞན་རྟོགས་པར་བྱེད་པ་ནི་དོན་མེད་དོ། །གལ་ཏེ་ཁྱད་པར་རྣམས་ཐ་དད་པ་ཡིན་ཞིང་། ཁྱད་པར་དང་ལྡན་པ་ཡང་ཐ་དད་པ་ཡིན་ན་དེའི་ཕྱིར་ཁྱད་པར་རྟོགས་པ་ཙམ་
གྱིས་ན་མཚོན་པས་མཚོན་པ་མ་ཡིན་པའི་ཕྱིར་ཆོས་ཅན་གཅིག་ལ་མི་འདུ་བ་ཉིད་དོ། །འོན་ཏེ་ཁྱད་པར་རྟོགས་པས་ཀྱང་ཁྱད་པར་ཅན་རྟོགས་པར་འགྱུར་ན། དེ་ལྟ་ཡིན་ན་སླར་ཡང་ཁྱད་པར་གཅིག་གིས་རྟོགས་པས་ཁྱད་པར་གཅིག་གིས་ཐམས་ཅད་བཟུང་བར་འགྱུར་རོ། །མངོན་སུམ་གྱིས་
ནི་དེ་ལྟར་མི་འཛིན་པ་མ་ཡིན་ནོ། །འོན་ཏེ་མངོན་སུམ་གྱིས་ཀྱང་རེས་འགའ་ཐག་རིང་པོ་ནས་དབྱིབས་ཙམ་འཛིན་ལ། དོན་ཉེ་བ་ན་ནི་མདོག་འཛིན་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། གལ་ཏེ་རྫས་དང་མི་ལྡན་པར། །མདོག་དང་དབྱིབས་ཙམ་འཛིན་ན་ནི། །ནམ་ཡང་རྫས་འཛིན་མི་འགྱུར་
བས། །དེས་ནི་དངོས་པོ་མེད་པར་འགྱུར། །འོན་ཏེ་དབྱིབས་ནི་རྫས་མེད་པར། །འཛིན་པར་ནུས་པ་མ་ཡིན་ཏེ། །མདོག་ཀྱང་རྫས་མེད་མིན་ཞེ་ན། །དེ་ལས་རྫས་གཞན་ཅི་ལྟར་འགྱུར། །དེའི་ཕྱིར་གཞི་མཐུན་པ་མ་ཡིན་ནོ། །ཁྱེད་ལ་ཡང་དེར་ཅི་ལྟར་འགྱུར་ཞེ་ན། དེའི་ཕྱིར་བཤད་པ། སྣ་ཚོགས་

ཆོས་ཀྱི་གཞིར་གྱུར་པ། །ཆོས་ཅན་གཅིག་གིས་དབང་བྱས་ཏེ། །གཅིག་བསྒྲུབ་པ་ན་དེ་བརྟེན་དང་། །གཞན་རྣམས་བཏང་སྙོམས་ལྟ་བུ་དང་། །འགོག་ན་དེ་ཡང་དབེན་པ་དང་། །དེ་ལས་གཞན་ལ་ལྟོས་ལྟ་བུར། །མེད་པ་ཡིས་ནི་དོན་ཅན་གྱི། །ཐ་སྙད་ཅི་ལྟར་བློས་བསྟན་པ། །
དེ་བཞིན་ཉིད་དེ་མ་བཏགས་པར། །ཐ་དད་དོན་རྟེན་ཁས་ལེན་པས། །ཐོག་མེད་བག་ཆགས་ལས་བྱུང་བ། །འཇིག་རྟེན་དོན་ལ་གནོད་མེད་འགྱུར། །ཁོ་བོ་ཅག་གི་ལྟར་ནི་གཞི་མཐུན་པ་ལ་སོགས་པའི་ཡུལ་གྱི་དངོས་པོ་ལ་གནས་པ་མ་ཡིན་གྱི་ཐ་སྙད་འདི་དོན་དམ་པ་མ་ཡིན་ནོ། །གཞི་མཐུན་པ་ལ་
སོགས་པའི་ཡུལ་གྱི་དངོས་པོ་ལ་གནས་པ་མ་ཡིན་པ་སྒྲའི་དོན་ལ་བརྟེན་ནས་ཡིན་ཏེ། སྒྲའི་དོན་ལ་བརྟེན་ནས་དངོས་པོ་ལ་གནས་པ་མ་ཡིན་པ་འཇུག་པའི་ཕྱིར་རོ། །འདི་ལྟར་སྒྲ་ཞེས་བྱ་བ་སྒྲ་མ་ཡིན་པ་ལ་ལྡོག་པ་ལ་ལྟོས་ནས་སྒྲའི་སྒྲ་ཆོས་ཅན་ཉིད་དུ་འཇོག་གོ། །སྒྲ་དེ་ཡང་ངོ་ཤེས་པའི་སྟོབས་
ཀྱིས་རྟག་ཏུ་གནས་པ་ཉིད་དང་། འབྲེལ་པ་ཉིད་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པ་ཉིད་ལ་བརྟེན་པ་ཡིན་ནོ། །དེས་ནི་མི་རྟག་པ་ཉིད་སྣང་བ་ཡིན་ཡང་ཕྱིན་ཅི་ལོག་ཐ་སྙད་ཀྱིས་ཟིན་པའི་ཕྱིར་ན་མ་དམིགས་པ་ལྟ་བུ་དང་། མེད་པ་ཞེས་བྱ་བ་ལྟ་བུར་རྣམ་པར་གནས་པ་ཡིན་ནོ། །དེས་ན་མི་རྟག་པ་སྒྲུབ་པར་
བྱེད་པའི་ཚད་མས་ཐ་སྙད་གཞན་བཅུག་པས་ཕྱིན་ཅི་ལོག་གི་ཐ་སྙད་ཀྱི་ཡུལ་གསལ་བའི་ཕྱིར། དེའི་ཚེ་ཡོད་པ་ཉིད་དུ་རྣམ་པར་གཞག་པས་བསྒྲུབས་སོ་ཞེས་རྟོགས་སོ། །དེས་ན་ཆོས་ཅན་སྒྲའི་དོན་དེ་ལ་བརྟེན་པའི་བདག་གི་ངོ་བོར་རྟོགས་པ་ཡིན་ནོ། །འགོག་ན་ནི་དེ་དང་བྲལ་བར་དེ། དེས་ན་དེས་
དབེན་པ་ཉིད་དུ་རྟོགས་པས་ན་དེ་ལས་བཟློག་པའི་ཆོས་ལ་ལྟོས་པ་དང་བཅས་པ་ཉིད་དུ་རྟོགས་སོ། །བསྒྲུབ་པ་དང་དགག་པ་དང་ལྡན་པ་ནི་རྟོགས་པ་འབའ་ཞིག་ཁོ་ནར་ཟད་དེ། དངོས་པོ་ནི་དེ་ལྟ་བུའི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ། །འདི་ལྟར་འདི་ཁོ་ན་བཞིན་དུ་ཁོ་བོས་རྟོགས་སོ་ཞེས་མངོན་སུམ་
གྱིས་རྟོགས་པ་དེ་ཉིད་དུ་ཐ་སྙད་ཀྱི་ཡུལ་དུ་འགྲུབ་པ་ཡིན་གྱི། དེ་ལ་རྣམ་པར་རྟོག་པ་རྣམས་གཞན་དང་གཞན་གྱིས་བསྒྲུབ་པའམ། དགག་པ་ཅུང་ཟད་བྱས་པ་ནི་ཡོད་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ནི་འདས་པ་ལ་སོགས་པའི་རང་བཞིན་ལ་རེག་པ་མ་ཡིན་ཏེ། དེའི་ཚེ་དེ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་

སྒྲ་དང་རྣམ་པར་རྟོག་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ཏེ། འཁྲུལ་པ་ཙམ་སེལ་བའི་ཕྱིར་རོ། །འོ་ན་གང་གི་ཚེ་འཁྲུལ་པ་མ་ཞུགས་པར་འདི་བུམ་པའོ་ཞེས་རྣམ་པར་རྟོག་པ་གློ་བུར་དུ་དུ་བ་ལས་མེ་རྟོགས་པ་དེར་ཅི་ལྟར་སྒྲ་གཞན་སེལ་བའི་ཡུལ་དུ་འགྱུར་ཞེ་ན། འདི་ཡང་མི་བཟང་སྟེ། འདི་
ལྟར། མི་འཇུག་པ་ཡི་ཡུལ་གྱི་མེ། །འཇུག་པ་ཡུལ་གྱི་བྱེད་པ་ཡིན། །འདིར་ཡང་འཇུག་པའི་ཡུལ་མ་ཡིན། །བཟློག་པ་ཡོད་པ་ཁོ་ནའོ། །འདི་ལྟར་མེ་ངེས་པས་ནི་མེ་འདི་ནི་འཇུག་པའི་ཡུལ་ཡིན་ཏེ། འདི་ལ་ཁྱོད་ཅི་ལྟར་བྱ་བ་མེད་པར་འཇུག་ཅེས་བརྗོད་པ་ཡིན་པས་དེའི་ཚེ་བྱ་བ་མེད་
པའི་ཡུལ་བཟློག་པ་ཙམ་རྣམ་པར་རྟོག་པ་ནི་མེད་དོ། །གཞན་དུ་རྟོགས་པ་ཡང་རྟོགས་པ་མ་ཡིན་ནོ། །མངོན་སུམ་གྱི་དུས་ཕྱིས་འབྱུང་བའི་དངོས་པོའི་རྣམ་པར་རྟོག་པས་སྒྲའི་ཡུལ་གྱི་སྔོན་པོ་རྟོགས་པ་སྔ་མ་དང་ཕྱི་མའི་རང་བཞིན་མ་ཡིན་ཏེ། ཉེ་བར་མི་གནས་པའི་ཕྱིར་རོ། །དེ་འདིའོ་ཞེས་
བྱ་བ་ནི་རྣམ་པར་རྟོག་པ་འདི་མ་ཡིན་ཏེ། ཡིད་ཀྱི་མངོན་སུམ་ཡིན་པའི་ཕྱིར་རོ། །འོན་ཏེ་དེས་སྐད་ཅིག་མ་ཉིད་མ་རྟོགས་པ་དེས་ན། མངོན་སུམ་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ད་ལྟར་བ་རྟོགས་པ་ཉིད་སྐད་ཅིག་མ་རྟོགས་པ་ཡིན་ནོ་ཞེས་བསྟན་ཟིན་ལ། སྟོན་པར་ཡང་འགྱུར་རོ། །དེའི་ཕྱིར་
གཞན་སེལ་བ་ལ་བརྟེན་ནས་ཆོས་དང་ཆོས་ཅན་གྱི་དངོས་པོ་དང་། གཞི་མཐུན་པ་ལ་སོགས་པའི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །ཐ་དད་པའི་དོན་ཐ་སྙད་ཀྱི་ཡུལ་ཡིན་ན་ནི་ཐམས་ཅད་འཐད་དེ། དེ་ཉིད་ཐམས་ཅད་ལས་ལྡོག་པའི་ཕྱིར་རོ། །གང་གིས་དོན་གཅིག་ལ་འདུ་བར་མི་འགྱུར་བ་ལྡོག་
པ་ནི་དེ་ལས་གཞན་མ་ཡིན་ནོ། །འོ་ན་ཅི་ལྟར་སྒྲའི་མི་རྟག་པ་ཞེས་ཐ་དད་པའི་རྒྱུ་མཚན་ཅན་གྱི་རྣམ་པར་དབྱེ་བར་འགྱུར་རོ་ཞེ་ན། དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། །གལ་ཏེ་ལྡོག་པ་རྣམས་ཐ་དད་མ་ཡིན་པའི་ཕྱིར། ཅི་ལྟར་ཐ་དད་པར་འགྱུར། ལྡོག་པ་ནི་དངོས་པོ་ལས་ཐ་དད་པ་མ་ཡིན་
ནོ་ཞེ་ན། ཉེས་པ་འདི་མེད་དོ། །ཀུན་རྫོབ་ཏུ་ནི་དེ་དག་ལས། །ཐ་དད་དོན་དམ་དུ་ནི་མིན། །དེས་ན་སྒྲ་དོན་ཐ་དད་དང་། །ཐ་དད་མེད་པའི་རྒྱུ་མཚན་ཡིན། །དོན་དམ་པ་ལ་ལྟོས་ནས་ནི་ནམ་ཡང་ཐ་དད་པ་ཡོད་པ་མ་ཡིན་གྱི། ཀུན་རྫོབ་ཏུ་ནི་དེ་དག་གཉིས་ཀའི་རང་བཞིན་ཉིད་དོ། །འདི་ལྟར། དེ་འབྲས་

ཅན་དང་དེ་འབྲས་མེད། །དེ་དེ་ལ་ཐ་དད་དོན་གཅིག །ཐ་དད་རྟེན་ཅན་འཕེལ་བ་དང་། །འགྲིབ་པ་ལྟ་བུར་བྱེད་པ་ཡི། །བསླད་པ་དེ་དང་དེ་དག་གིས། །འབྲེལ་པ་འགའ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བར་སྦྱོར་དེས་ན། །དེ་དག་བསླད་པ་འམ་ཤེས་མ་ཡིན། །
གལ་ཏེ་ཐ་སྙད་འདི་ཀུན་རྫོབ་ཏུ་ཡིན་ན་བག་ཆགས་ཙམ་གྱི་རྒྱུ་མཚན་ཅན་ཙམ་ཡིན་པས་ཅི་ལྟར་མི་སླུ་བ་ཡིན་ཞིང་། འཇིག་རྟེན་པ་དག་གིས་བརྟགས་ཏེ་མི་འདོར། སླུ་བའི་ཐ་སྙད་ནི་འགའ་ཡང་མི་འདོར་བ་མ་ཡིན་ནོ་ཞེ་ན། འདི་ནི་དེ་བཞིན་ཉིད་དེ། མ་བརྟགས་པར་ཞེས་བཤད་ཟིན་ཏོ། །གལ་ཏེ་
དེ་ཉིད་ཅི་ལྟར་རྨོངས་ཚབས་ཆེ་ཡང་ཚད་མས་གནོད་པ་མ་བརྟགས་པར་འདུག་པ་ནི་མེད་དོ་ཞེ་ན། འདི་ལ་བརྗོད་པ། མི་སླུ་བའི་ཕྱིར་མི་རྟོག་གོ། །མི་སླུ་བ་ཡོད་ན་ཐ་སྙད་པ་ནང་གི་བྱེ་བྲག་ཞིབ་མོར་རྟོགས་པ་ནི་མི་རིགས་སོ། །མི་སླུ་བའི་དོན་དུ་གཉེར་བ་དེ་ཐོབ་པ་ན་ཡང་རྟོགས་པར་འོས་པ་ནི་མ་
ཡིན་ནོ། །ཐ་དད་ཐ་དད་མེད་སླུ་བ། །དེ་ལ་གང་དུ་དགོས་པ་ཡིན། །བུ་རམ་ལས་ནི་ཐ་དད་པ། །སྦྲང་རྩིས་དོན་བྱ་མེད་པར་འགྱུར། །དོན་བྱ་བ་སྐྱེ་བ་ནི་དེ་མ་ཡིན་པ་ལས་ལྡོག་པ་ཙམ་ཐོབ་པས་ཡིན་ནོ། །ཆོས་ཀྱི་དབྱེ་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་དེའི་འབྲས་བུ་ཅན་དང་ཅིག་ཤོས་ཀྱི་
མཐར་ཐུག་པའི་རྒྱུ་མཚན་གྱི་རྣམ་པར་རྟོག་པས་བརྟགས་པ་ཡིན་ནོ། །མི་སླུ་བ་དང་ལྡན་པ་དེ་ནི་དངོས་པོ་དང་འབྲེལ་པ་ལས་སོ། །དེ་ལ་སྣང་བ་ཐ་དད་པ་བརྟགས་པ་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ལ་ནི་མངོན་པར་འདོད་པའི་སྐྱེས་བུ་ནུས་པ་མ་ཡིན་ལ། དོན་བྱ་བ་དེ་དོན་དུ་གཉེར་བ་གཞན་དག་
ཀྱང་འཇིག་རྟེན་ཀྱི་ཐ་སྙད་ཉིད་རྗེས་སུ་འབྲང་ངོ་། །དེ་སྐད་དུ་ཡང་། དཔྱོད་དང་ཐ་སྙད་དག་གིས་ནི། །འཇིག་རྟེན་པ་ཡི་ལམ་གནས་པ། །བྱིས་པ་དང་ནི་མཁས་པ་དག །ཤེས་དང་བརྗོད་པ་འདྲ་བ་ཉིད། །ཅེས་བཤད་དོ། །དེས་ན་ཆོས་ཅན་དེ་རྟོགས་པ་ཐ་དད་པའི་རྒྱུ་མཚན་ཅན་རྣམ་པར་རྟོག་པའི་མཚན་
ཉིད་ཀྱིས་ཉེ་བར་བསླད་པ་འགྲིབ་པ་དང་འཕེལ་བ་ལྟ་བུར་བྱེད་པ་དག་གིས་ཐ་སྙད་ཀྱི་འབྲེལ་པ་འགའ་ཞིག་ལས་མཐོང་བ་ལ་ཉེ་བར་སྦྱོར་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་ཐོབ་པའི་མཚན་ཉིད་མཐོང་བའི་ལམ་དུ་བྱེད་དོ། །དེའི་ཕྱིར་ཐ་སྙད་པ་དེ་དག་བསླད་པའི་ཤེས་པ་མ་ཡིན་ནོ། །དེ་བས་ན་

མཐུན་པའི་ཕྱོགས་སམ། མི་མཐུན་པའི་ཕྱོགས་མེད་པ་ལས་ཀྱང་ལྡོག་པར་མི་འགལ་ལོ། །གཞན་ཡང་བུམ་པ་ལ་སོགས་པ་བདག་མེད་པར་གྲུབ་པ་ཡིན་ན། སྲོག་ལ་སོགས་པ་མེད་པ་འགྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །བུམ་པ་ལ་སོགས་པ་ལ་བདག་མེད་པར་ནི་གྲུབ་
པ་ཡང་མ་ཡིན་ཏེ། ཡོད་ཉིད་སྒྲུབ་བྱེད་བྱེད་པའི་ཕྱིར། །དེ་མེད་མ་ཡིན་ཐེ་ཚོམ་འགྱུར། །ཁས་བླངས་ཚད་མ་ཡིན་པ་ལ། །མེད་པ་ཉིད་ཀྱང་རིགས་མ་ཡིན། །གསོན་པོའི་ལུས་ལ་བདག་ཐེ་ཚོམ་ཟ་བ་ན་བུམ་པ་ལ་སོགས་པ་ལ་ཐེ་ཚོམ་མི་ཟ་བར་ཇི་ལྟར་འགྱུར་ཐེ་ཚོམ་མི་ཟ་བ་ནི་སྲོག་ལ་སོགས་
པའི་སྒྲུབ་པར་བྱེད་པ་འམ། གཞན་གྱིས་ཡུལ་དུ་བྱ་བར་ནུས་པ་མ་ཡིན་ནོ། །དེའི་ཕྱིར། མེད་པ་ལས་ལྡོག་མེད་ན་ཡང་། །མཐུན་ཕྱོགས་ལས་ལྡོག་ཐེ་ཚོམ་ཟ། །དེ་ལ་ཐེ་ཚོམ་ཟ་ཕྱིར་ཏེ། །མི་མཐུན་ཕྱོགས་ལས་ལྡོག་པར་ཡང་། །བདག་ལ་ཐེ་ཚོམ་ཟ་བས་བུམ་པ་ལ་སོགས་པ་ཉིད་མཐུན་
པའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་སུ་གྱུར་པ་གཏོལ་མེད་དོ། །དེས་ན་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་དེས་ན་ཅི་ལྟར་འདི་ལྡོག་པ་ཅན་ཡིན། གལ་ཏེ་སངས་རྒྱས་པས་ཁས་བླངས་པ་ཉིད་ཀྱིས་བུམ་པ་ལ་སོགས་པ་བདག་མེད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཆོས་ཐམས་ཅད་
བདག་དང་བྲལ་བ་ཡིན་པའི་ཕྱིར་གསོན་པའི་ལུས་ཀྱང་བདག་མེད་པར་འགྱུར་རོ། །སངས་རྒྱས་པས་ཁས་བླངས་པས་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་དེའི་ཚེ་བུམ་པ་ལ་སོགས་པ་ཡང་དེས་ཁས་བླངས་པས་བདག་མེད་པར་མི་འགྱུར་བའི་ཕྱིར་ཉེས་པ་དེ་ཉིད་དོ། །དེའི་ཕྱིར། ཕུང་པོ་གཉིས་ལས་
གཅིག་ལ་ནི། །ངེས་པར་གྲུབ་པར་གཞན་ལས་ནི། །ལྡོག་གྲུབ་མ་མཐོང་བ་ཡིན་ཡང་། །མཐོང་མེད་དག་ལ་ཐེ་ཚོམ་ཟ། །མ་མཐོང་བ་ཡིན་ཡང་མཐོང་བ་མེད་པ་དམིགས་པའི་མཚན་ཉིད་ཀྱིར་མ་གྱུར་པ་དག་ལས་ཐེ་ཚོམ་གྱིས་ནི་འགའ་ཡང་དངོས་པོ་མེད་པར་བསྒྲུབ་པར་ནུས་པ་མ་ཡིན་ནོ། །
གཞན་ཡང་བུམ་པ་ལ་སོགས་པ་ལ་བདག་མེད་པར་སྒྲུབ་ཏུ་ཆུག་པ་དེ་ལྟར་ན་ཡང་སྲོག་ལ་སོགས་པས་བདག་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་དག་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་དུ་མི་འགྲུབ་སྟེ། འཇུག་པ་ཡང་སྲིད་པའི་ཕྱིར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ཡིན་ན་ཅི་ལྟར་

དེ་ཉིད་ལ་འཇུག་པར་འགྱུར་ཏེ། བདག་མེད་པ་གཅིག་ཉིད་སྲོག་ལ་སོགས་པ་དང་ལྡན་པ་དང་གཞན་དུ་ཡང་འགྱུར་བ་ནི་རིགས་པ་མ་ཡིན་ནོ། །འདི་ཕྱེད་རྒས་པར་འགྱུར་བ་ནི་མ་ཡིན་ཏེ། གཅིག་གི་ངོ་བོར་ངེས་པ་ཉིད་དུ་རིགས་སོ་ཞེ་ན། འདི་ནི་མ་ཡིན་ཏེ། འདི་ལྟར། གསལ་
ལ་ཁྱབ་བྱེད་མ་ཡིན་ཡང་། །དེ་ཡི་རིགས་གྱུར་དོན་ཡོད་པས། །མ་མཐོང་བས་འགར་དེ་མེད་དོ། །མཁྲེགས་པ་མཚོན་གྱིས་བཅད་པ་བཞིན། །ཡོད་ལ་འགལ་བ་མ་མཐོང་ན། །ཐེ་ཚོམ་གང་ལས་ལྡོག་པར་འགྱུར། །གང་གིས་ན་བདག་མེད་པས་གསོན་པོའི་ལུས་ལ་སྲོག་ལ་སོགས་པ་ཡང་
མི་ལྡན་པར་འགྱུར་བ། བདག་མེད་དོ་ཅོག་ཐམས་ཅད་མཚུངས་པ་ནི་མ་ཡིན་ནོ། །འོན་ཀྱང་བདག་མེད་པ་ཉིད་ལས་འགའ་ཞིག་ནི་སྲོག་ལ་སོགས་པ་དང་ལྡན་པ་དང་། གཞན་ནི་དེ་ལྟ་མ་ཡིན་པར་འགྱུར་བ་ཡིན་ཏེ། དཔེར་ན་མཁྲེགས་པ་ཉིད་ལས་འགའ་ཞིག་ནི་མཚོན་གྱིས་བཅད་པ་དང་། གཞན་ནི་གཞན་
དུ་འགྱུར་བ་བཞིན་ནོ། །འདི་ལྟར། ཡོད་པ་འགལ་བ་མ་མཐོང་ན། །ཐེ་ཚོམ་གང་ལས་ལྡོག་པར་འགྱུར། །བདག་མེད་པ་དང་ལྷན་ཅིག་འགལ་བ་གྲུབ་པ་མེད་པར་ནི་སྲོག་ལ་སོགས་པ་ལས་བདག་མེད་པ་ལྡོག་པར་མི་འགྱུར་རོ། །གང་གིས་དེ་བཟློག་པར་འགྱུར་བ་སྲོག་ལ་སོགས་པ་ནི་བདག་མེད་
པ་དང་། ལྷན་ཅིག་མི་གནས་པ་ལས་གཞན་པའི་འགལ་བའི་མཚན་ཉིད་ཀྱི་འགལ་བ་མ་ཡིན་ནོ། །འོ་ན་དངོས་སུ་འགལ་བ་མེད་ཀྱང་བརྒྱུད་ནས་འགལ་བའི་ཕྱིར་སྲོག་ལ་སོགས་པ་བདག་མེད་པ་ལྡོག་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེ་ཡང་ལ་ལར་དེ་འབྲས་དང་། །བདག་ཏུ་
ངེས་པ་གཞན་ཅི་ཡོད། །གལ་ཏེ་སྲོག་ལ་སོགས་པ་བདག་ལ་ངེས་པ་ཡིན་ན་བདག་མེད་པ་དང་ལྷན་ཅིག་འགལ་བར་འགྱུར་བ་ཡིན་ཏེ། ཁྱབ་པར་བྱེད་པ་དང་འགལ་བས་ཁྱབ་པར་བྱ་བ་ཡང་འགལ་བའི་ཕྱིར་རོ། །སྲོག་ལ་སོགས་པ་ནི་བདག་ལ་ངེས་པ་མ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་འབྱུང་
བ་མེད་པ་ངེས་པ་མི་རུང་བའི་ཕྱིར་ཏེ། དེ་ལྟ་མ་ཡིན་པར་ངེས་པ་མི་སྲིད་པའི་ཕྱིར་རོ། །སྲོག་ལ་སོགས་པ་ནི་བདག་གི་འབྲས་བུ་ཉིད་དམ། བདག་གི་བདག་ཉིད་དུ་ཚད་མས་མི་འགྲུབ་བོ། །བདག་དང་འབྲེལ་པ་མེད་པ། དེས་ནི་བདག་མེད་པ་ལས་ཀྱང་། །དེ་ནི་ལྡོག་པར་ཐེ་ཚོམ་ཟ། །དེར་འབྲེལ་པ་

མེད་པ་ནི་དེའི་མི་མཐུན་པའི་ཕྱོགས་ལས་ནི་ལྡོག་པ་མ་ཡིན་ནོ། །ལྡོག་ཏུ་ཆུག་པ་དེ་ལྟ་ན་འང་། །བདག་མེད་མེད་ལས་བདག་མི་འགྲུབ། །གང་གིས་དེ་ནི་ལྡོག་མེད་པ། །ངེས་པ་དངོས་པོར་འདོད་མ་ཡིན། །དཔེར་ན་སྲོག་སོགས་མཐུན་ཕྱོགས་ལ། །ལྡོག་པ་མེད་ཀྱང་ཡོད་མིན་བཞིན། །གལ་ཏེ་
གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་རྒྱུ་རྗེས་འགྲོ་ཅན། །རྗེས་འགྲོ་ཅན་མིན་ལྡོག་མེད་པ། །བདག་མེད་མ་ཡིན་བདག་བཅས་མིན། །ཅི་ལྟར་མཐུན་ཕྱོགས་ལ་མེད་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་པ་དེ་བཞིན་དུ། བདག་མེད་པ་མེད་ཀྱང་གསོན་པོའི་ལུས་ལ་
བདག་ཡོད་པར་མི་འགྱུར་རོ། །མི་མཐུན་པ་ཉེ་བར་བཀོད་པ་མ་ཡིན་ནམ། འདི་ལྟར་མཐུན་པའི་ཕྱོགས་ལ་ནི་ལྡོག་པ་མེད་ཀྱང་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །མེད་པ་ལ་ནི་དངོས་པོ་སྲིད་པ་མ་ཡིན་ནོ། །དེ་ཡོད་པའི་ཕྱིར་གསོན་པོའི་ལུས་ལ་ལྡོག་པ་མེད་ན་གདོན་མི་ཟ་བར་ཡོད་པར་འགྱུར་
ཏེ། ཕུང་པོ་གཞན་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་ཏེ། མི་མཐུན་པའི་ཕྱོགས་ཉེ་བར་བཀོད་པ་ཙམ་ཉིད་ཀྱིས་ནི་འདོད་པ་གྲུབ་པ་མ་ཡིན་ནོ། །གལ་ཏེ་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ན། འོ་ན་དེ་ཉིད་མེད་པ་མི་ལྡོག་པ་ཡིན་ནོ། །མེད་པ་ལོག་ན་ནི་གདོན་མི་ཟ་བར་དངོས་པོར་འགྱུར་ཏེ།
ཡོད་པ་ནི་མེད་པ་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་མཐུན་ཕྱོགས་མེད་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །སྲོག་ལ་སོགས་པ་ཡོད་ན་ཅི་ལྟར་མཐུན་པའི་ཕྱོགས་མེད་པར་འགྱུར། ཅི་ལྟར་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་ལྡོག་པ་མེད་
ཀྱང་བཟློག་པར་མི་འགྱུར་བ་དེ་བཞིན་དུ་གསོན་པོའི་ལུས་ལ་བདག་མེད་པ་ལྡོག་ཀྱང་བཟློག་པར་མི་འགྱུར་རོ། །འོན་ཏེ་གསོན་པོའི་ལུས་ནི་ཡོད་པའི་ཕྱིར་བཟློག་པར་འགྱུར་གྱི་མཐུན་པའི་ཕྱོགས་ལ་ནི་མ་ཡིན་ཏེ། མེད་པའི་ཕྱིར་རོ། །མེད་པ་ལ་ནི་དངོས་པོ་སྲིད་པ་མ་ཡིན་ནོ་ཞེ་ན། འོ་ན་མེད་པ་ཉིད་མི་
ལྡོག་གོ་ཞེས་བྱ་བར་འགྱུར་རོ། །མེད་པ་ནི་ཡོད་པ་དང་འགལ་བའི་ཕྱིར་དེ་ལྡོག་པར་འགྱུར་གྱི། མེད་པ་དང་མི་འགལ་བའི་ཕྱིར་དེ་ནི་མི་ལྡོག་པ་ཉིད་དོ། །ཅི་ལྟར་མཐུན་པའི་ཕྱོགས་མེད་པ་དེ་བཞིན་དུ། དེ་ལ་གཞན་ཡང་མེད་པར་འགྱུར་ཏེ། མེད་པ་ལ་ནི་མེད་པ་ཉིད་འགལ་བ་མ་ཡིན་ནོ། །འོན་ཏེ་དེ་དེ་ལ་

མེད་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་གསོན་པོའི་ལུས་ལ་བདག་མེད་པ་ལྡོག་པ་ཡིན་ཡང་བདག་མེད་པ་བཟློག་པར་མི་འགྱུར་ཏེ། དཔེར་ན་མཐུན་པའི་ཕྱོགས་ལ་ཡོད་པ་མེད་ཀྱང་མེད་པ་མ་ཡིན་པ་བཞིན་ནོ། །དེ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ་འདི་ལྟར། གཞན་
ཡོད་པ་ཡི་ཅི་ལྟར་ན། །འཁྲུལ་ཅན་ངེས་པ་ཞེས་བྱར་འགྱུར། །རང་གི་ཉེས་པས་འཁྲུལ་པ་ནི། །གཞན་གྱིས་ཅི་ལྟར་གཞན་དུ་འགྱུར། །རང་ཉིད་འཁྲུལ་པ་གང་ཡིན་པ་དེ་ཇི་ལྟར་གཞན་ཡོད་པས་མི་འཁྲུལ་པའམ་གཞན་དུ་འགྱུར། གཞན་ཡང་གལ་ཏེ་མེད་པ་ལ་ཡོད་པ་འགའ་ཞིག་ཡོད་པ་ཡང་
མ་ཡིན་ལ་མེད་པ་ཡང་མ་ཡིན་ན། མེད་པ་ཡང་ཡོད་པ་ལ་ཡོད་པ་ཡང་མ་ཡིན་ནོ་མེད་པ་ཡང་མ་ཡིན་ནོ་ཞེས་ཅི་སྟེ་ཁས་མི་ལེན། ཅི་ལྟར་མེད་པ་གཞི་མ་ཡིན་པ་དེ་བཞིན་དུ་རྟེན་པ་ཡང་མ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །འདིར་ཡང་སྔར་བསྟན་ཟིན་ཏོ། །གཞན་ཡང་དངོས་པོ་མེད་པ་ཙམ་ནི་བདག་
མེད་པ་མ་ཡིན་གྱི། འོན་ཀྱང་སོ་སོར་ངེས་པའི་རང་བཞིན་ཅན་གྱི་བདག་ནི་དངོས་པོ་མེད་པའོ། །སོ་སོར་ངེས་པའི་རང་བཞིན་མ་མཐོང་བར་དེར་འགྲུབ་པ་ཡང་མ་ཡིན་ནོ། །དངོས་པོ་མེད་པ་ནི་ཕན་ཚུན་ལྡོག་པ་མ་ཡིན་ཏེ། དངོས་པོ་ཐ་དད་ན་དངོས་པོ་རྣམས་ཀྱི་དེ་མེད་པ་ཐ་དད་པའི་ཕྱིར་རོ། །དངོས་པོ་
སོ་སོར་ངེས་པ་མེད་ན། དེའི་དངོས་པོ་མེད་པས་ཐ་དད་པར་ག་ལ་འགྱུར། གང་གིས་དེ་ལས་བཟློག་པ་མེད་པ་དེ་ཡོད་པར་འགྲུབ་པར་བདག་ནི་སོ་སོར་ངེས་པའི་རང་བཞིན་དུ་དམིགས་པ་མེད་དོ། །དེས་ན་བདག་མེད་པ་མེད་ན་དངོས་པོ་མེད་པ་ལྡོག་པ་ཙམ་དུ་ཟད་ཀྱི། བདག་འགྲུབ་པ་ནི་མ་ཡིན་ནོ། །
དེའི་ཕྱིར། གལ་ཏེ་གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་རྒྱུ་རྗེས་འགྲོ་ཅན། །རྗེས་འགྲོ་ཅན་མིན་ལྡོག་མིན་ན། །བདག་མེད་མ་ཡིན་བདག་བཅས་མིན། །ཞེས་བྱ་བ་ནི་བསྡུ་བའོ། །གཞན་ཡང་། འཇུག་ལ་གང་གི་རང་བདག་ཉིད། །གང་མེད་མི་འབྱུང་ཅན་གྲུབ་པ། །དེ་ཕྱིར་དེ་ཉིད་
ལྡོག་བྱེད་དེ། །འཇུག་པ་ན་ཡང་འཇུག་བྱེད་ཡིན། །འཇུག་ལ་རྟེན་སྒྲུབ་པ་དག་ལ། །དུ་བ་གང་གིས་རང་གི་ངོ་བོ་མེ་མེད་ན་མི་འབྱུང་བ་ཅན་དུ་གྲུབ་པའི་མེ་དེ་ཉིད་རང་ལོག་པ་ན་ལྡོག་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ལ། འཇུག་པ་ན་ཡང་མེ་དེ་ཉིད་དུ་བ་ལ་སོགས་པ་འཇུག་པར་བྱེད་པ་ཡིན་ནོ་ཞེས་

བྱ་བ་ནི་ཚད་མའི་རྟོགས་པ་ཡིན་ནོ། །མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྡོག་པ་ཡིན། །འབྲས་བུ་མཐོང་དང་མ་མཐོང་བ། །དེ་དག་རྒྱུ་དང་འབྲས་བུ་ཉིད། །མེད་ན་མི་འབྱུང་བ་ཉིད་ནི་སྒྲུབ་པར་བྱེད་པ་མཐོང་བ་དང་མ་མཐོང་བའི་མཚན་ཉིད་ཅན་རྗེས་སུ་འགྲོ་ལྡོག་གི་སྒྲུབ་བྱེད་དུ་གྱུར་པ་
མེད་པ་རབ་ཏུ་བསྒྲུབ་པ་མ་ཡིན་ནོ། །གལ་ཏེ་ཐ་དད་པ་དག་ནི་མེད་ན་མི་འབྱུང་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཡིན་གྱི་མཐོང་བ་དང་མ་མཐོང་བས་ནི་མ་ཡིན་ནོ་ཞེ་ན། མཐོང་བ་དང་མ་མཐོང་བ་དེ་དག་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་
སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་མ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་མཐོང་བ་དང་མ་མཐོང་བ་དག་ལས་གཞན་མ་ཡིན་ནོ། །དེ་ཡོད་ན་ཡོད་ངེས་མེད་ཕྱིར། །དོན་གཞན་རྟོགས་པར་འགྱུར་མ་ཡིན། །དེ་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་མ་ཡིན་པ་ལྡོག་པ་ནི་
གཞན་ལྡོག་པར་བྱེད་པ་མ་ཡིན་ནོ། །བདག་ཀྱང་ཁྱབ་པར་བྱེད་པ་མ་གྲུབ་པས་དེ་ཅི་ལྟར་འདིར་སྲོག་ལ་སོགས་པ་ལྡོག་པར་བྱེད་པ་ཡིན། འདི་ལྟར། རྟག་ཏུ་ཡོད་པ་མེད་པ་ན། །དེ་དག་མེད་པ་མི་སྲིད་ཕྱིར། །བདག་ཉིད་རང་ཉིད་ཡུལ་དང་དུས་དག་ཏུ་ལོག་པ་མ་ཡིན་ཏེ། རྟག་པ་དང་ཁྱབ་པ་ཉིད་
ཡིན་པའི་ཕྱིར་རོ། །དེས་ན་དེ་མེད་པས་སྲོག་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་མ་གྲུབ་པོ། །འོན་ཏེ་རྗེས་སུ་འགྲོ་བ་ཙམ་ཉིད་ལས་བདག་སྲོག་ལ་སོགས་པའི་རྒྱུ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་ནི་ཐམས་ཅད་དུ་ལྡོག་པ་ལ་ལྟོས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་
ལྟར། འབྲས་བུའི་རང་བཞིན་ཐ་དད་རྣམས། །རྒྱུ་རྣམས་ལས་ནི་འབྱུང་བའི་ཕྱིར། །དེ་དག་མེད་པར་གཞན་ལས་འབྱུང་། །ཅི་ལྟར་དེས་བསྐྱེད་རང་བཞིན་ཡིན། །གལ་ཏེ་རྗེས་སུ་འགྲོ་བ་ཙམ་འབའ་ཞིག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན། དེའི་ཚེ་མེད་པར་འགྱུར་རོ་ཞེས་བྱ་བར་འགྱུར་
རོ། །དེས་ན་དེ་དག་མེད་པར་ཡང་གཞན་ལས་འབྱུང་འབྲས་བུ་ཅི་ལྟར་དེས་བསྐྱེད་པའི་རང་བཞིན་དུ་འགྱུར། གཞན་ལས་ཀྱང་འབྱུང་ངོ་ཞེ་ན། མ་ཡིན་ཏེ། གཞན་ལས་དེའི་རང་བཞིན་མི་འབྱུང་བའི་ཕྱིར་རོ། །དེའི་རང་བཞིན་མ་ཡིན་ན་ནི་དེ་ཉིད་མ་ཡིན་ཏེ་འདི་ལྟར། ཚོགས་པའི་ནུས་པ་ཐ་དད་ཕྱིར། །

དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་དེ་ཐ་དད་བྱེད་མིན། །འགྲོ་བའི་ངོ་བོ་གཅིག་ཏུ་འགྱུར། །གལ་ཏེ་ཚོགས་པ་ཐ་དད་པ་ལས་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས། ཐ་དད་པ་ནི་རེ་ཞིག་དེ་དམིགས་ན་དེའི་རྒྱུའི་དབྱེ་བས་ཡིན་ནམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་བྱ་བ་
འདི་ནི་དཔྱོད་པ་གཞན་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། འདི་ལྟར། སྲོག་སོགས་འབྲེལ་པ་དག་ལས་ནི། །མ་མཐོང་བདག་ནི་རྟོགས་པ་ཡིན། །ངེས་པ་མེད་དེ་དེ་དང་དེ། །ཅི་ལྟར་འགྱུར་བ་མ་ཡིན་ནམ། །ཅི་ལྟར་བདག་ཁྱབ་པ་དང་རྟག་པ་དང་རྗེས་སུ་འགྲོ་བ་ཙམ་གྱི་རྒྱུ་ཡིན་པ་དེ་བཞིན་དུ། ནམ་
མཁའ་ལ་སོགས་པ་ཡང་ཡིན་ནོ། །དེས་ན་བདག་བཞིན་དུ་ནམ་མཁའ་ལ་སོགས་པ་ཡང་རྟོགས་པར་འགྱུར་བས་ན་དོན་མི་འགྲུབ་པོ། །འོན་ཏེ་སྐུལ་བར་བྱེད་པའི་བདག་མེད་པར་སྲོག་ལ་སོགས་པར་འགྱུར་བ་ནི་མ་ཡིན་ཏེ། དེས་ན་སྦུད་པ་འབུད་མཁན་ལྟ་བུར་བདག་རྟོགས་པར་བྱེད་པའམ། བྱེད་
པ་དག་ལས་ཕོ་ལོང་འཕེན་མཁན་ལྟ་བུའམ། མཐོང་བ་ལས་སྐར་ཁུང་གི་བུ་ག་ནས་ལྟ་བར་བྱེད་པ་ལྟ་བུར་རྟོགས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར། བྱ་མེད་ཁྱབ་པར་སྐུལ་བྱེད་དུ། །ཚད་མ་ཡིས་ནི་འཐད་མ་ཡིན། །བྱེད་པ་མེད་ན་མི་མཐོང་ཕྱིར། །བདག་གི་རབ་ཏུ་འགྲུབ་མ་ཡིན།། །།
བམ་པོ་བཅུ་བཞི་པ། སྦུད་པ་སྦུད་པར་བྱེད་པ་ཅི་བྱེད་པ་དང་བཅས་པས་སྐུལ་བར་བྱེད་པ་དང་བཅས་པ་ཡིན་ནོ། །དེ་བཞིན་དུ་ཁྱབ་པར་བྱེད་པ་མ་ཡིན་ཀྱང་ངོ་། །བདག་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཅི་ལྟར་དེ་སྒྲུབ་པར་བྱེད་པ་ཉིད་ཡིན། ཁྱབ་པ་དང་ལུས་ཅན་མ་ཡིན་པ་ནི་སྐུལ་བར་བྱེད་པ་ཉིད་དུ་རིགས་པ་
དང་འབྲེལ་པ་མ་ཡིན་ནོ། །འོན་ཏེ་དེ་སྐུལ་བར་བྱེད་པ་ཡིན་ན་ནི། དེ་ལ་ཡང་སྐུལ་བར་བྱེད་པ་གཞན་ཡོད་པའི་ཕྱིར་ཐུག་པ་མེད་དོ། །སྐར་ཁུང་གི་ནང་ནས་ལྟ་བ་ནི་སྐྱེས་བུ་མིག་ལ་སོགས་པའི་བྱེད་པ་དང་ལྡན་པ་ཡིན་གྱི་བདག་ནི་དེ་ལྟར་གྱུར་པ་མ་ཡིན་ན། ཅི་ལྟར་ལྟ་བ་པོ་ཡིན། དེ་དེ་ལ་ཡང་བྱེད་པ་ལ་
སོགས་པ་ཡོད་པ་ཡིན། དེ་ལ་ཡང་སྐར་ཁུང་ནས་ལྟ་བར་བྱེད་པ་ལྟ་བུ་གཞན་ཡོད་པར་རིགས་པས་ཐུག་པ་མེད་པ་ཉིད་དོ། །གཞན་ཡང་མེ་ལ་སོགས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བ་ཡིན་ན། དེ་གཞན་ལ་རྣམ་པ་གཞན་དུ་ཅི་ལྟར་འགྱུར། འོན་ཏེ་

དེར་ཡང་རྗེས་སུ་འགྲོ་བ་ཙམ་འབའ་ཞིག་ལས་ཡིན་ན། དེ་ལྟ་ཡིན་ན་དེ་དག་མེད་པར་གཞན་པ་ལས་ཀྱང་འབྱུང་ངོ་ཞེས་བྱ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ལྡོག་པ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་ཡིན་དང་དེ་དག་མེད་པར་གཞན་ལས་ཀྱང་འབྱུང་སྟེ། བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་དག་ཀྱང་འབྱུང་བས་
ཅི་ལྟར་མེས་བསྐྱེད་པར་བྱ་བ་ཡིན། གཉི་གས་མེད་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལས་གཞན་ལས་འབྱུང་བའི་ཕྱིར། །གཉི་ག་ལ་ཡང་རྒྱུ་མ་ཡིན་ནོ། །དེ་ལས་གཞན་པ་ལས་ཀྱང་བྱུང་བ་ནི་དེའི་འབྲས་བུ་མ་ཡིན་ལ། གཞན་གྱི་འབྲས་བུ་ཉིད་ཀྱང་མ་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་
དངོས་པོ་ཉིད་དུ་མི་འགྱུར་རོ། །དེ་ལྟར་གྱུར་ན་འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག །རྒྱུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལ་རག་ལས་པ་ཞེས་བྱ་བར་མི་འགྱུར་ཏེ། དེ་མེད་པའི་ཕྱིར་རོ། །མཐོང་བ་བཞིན་དུ་ཇི་ལྟར་སྤང་ཞེ་ན། མ་ཡིན་ཏེ་རྒྱུ་དང་འབྲས་བུ་མེད་ན་མཐོང་བ་ཡང་མི་སྲིད་པ་ཉིད་
དོ། །རྟོགས་པ་ངེས་པ་ཡིན་ན་སྔོན་པོའི་རྣམ་པར་ཤེས་པས་སྔོན་པོ་རྟོགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་འཁྲུལ་པ་དང་མ་འཁྲུལ་པ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །གལ་ཏེ་ཚོགས་འདི་འདྲ་བ་འཁྲུལ་པ་དང་ཅིག་ཤོས་ཀྱི་རྟོགས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་པ་དེའི་ཚེ་ནི་གཞལ་བྱ་སོ་སོར་
ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཅི་ཞིག་ལྟར་སྣང་བ་ཙམ་ཡིན་པར་འགྱུར་བས་འཇིག་རྟེན་གྱི་ཐ་སྙད་མཐའ་དག་ཚད་མར་འགྱུར་རོ། །འོན་ཏེ་སྣང་བ་རང་ཉིད་ཕན་ཚུན་ཐ་དད་པ་ནི་རང་ཉིད་རིག་པའི་རྟོགས་པས་གཞལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། སྣང་བ་ཙམ་ལས་འཇིག་རྟེན་གྱི། །ཐ་
སྙད་འགྲུབ་པར་འགྱུར་མ་ཡིན། །དེ་ཙམ་འབའ་ཞིག་སྣང་བ་ནི་དེ་ལས་གཞན་པ་ཅི་བྱར་ཡོད། དོན་བྱ་བ་བྱེད་པའི་དངོས་པོ་བླང་བར་བྱ་བའམ་གཞན་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་ཐ་སྙད་ཡིན་ནོ། །སྣང་བ་ཙམ་ནི་དེའི་སྐད་ཅིག་ཉིད་ལ། དེ་ལྟར་འགྱུར་བ་ཡིན་པས་བླང་བ་དང་དོར་བར་
བྱ་བ་མ་ཡིན་ནོ། །དེ་ལྟར་ན་རྣམ་པར་རིག་པ་ཙམ་གཉིས་མེད་པ་ཡིན་པའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་དང་ཐ་དད་མེད་པ་ནི་འབྲས་བུའི་དངོས་པོ་ལས་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོ་དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཡིན་པའི་ཕྱིར་བདག་གང་གི་

ཡང་རྒྱུ་མ་ཡིན་པས་ན་དེ་ནི་གང་ལས་ཀྱང་རྗེས་སུ་དཔག་པ་མེད་དོ། །དེས་ན། ཚོགས་པའི་ནུས་པ་ཐ་དད་ཕྱིར། །དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་དེ་ཐ་དད་བྱེད་མིན། །འགྲོ་འདི་ངོ་བོ་གཅིག་ཏུ་འགྱུར། །ངོ་བོ་གཅིག་ཅེས་བྱ་བ་ནི་བླང་བྱ་དང་སྤང་བྱ་མེད་པའམ།
སྣང་བ་ཙམ་གཉིས་སུ་མེད་པ་ཞེས་བྱའོ། །འོན་ཏེ་བརྒྱ་བྱིན་གྱི་སྤྱི་བོ་ནི་མེའི་རང་བཞིན་ཡང་ཡིན་ལ། དེ་དང་མི་མཐུན་པའི་རང་བཞིན་ཡང་ཡིན་ནོ། །དེས་ན་མེའི་འབྲས་བུ་དེ་ལས་ཀྱང་འགྱུར་རོ་ཞེ་ན། འདི་ལ་བཤད་པ་ནི། འདི་ཐ་དད་བྱེད་ཐ་དད་བྱེད། །མིན་ན་རང་བཞིན་གཅིག་ཉིད་ཉམས། །
གཅིག་ནི་རང་བཞིན་དུ་མ་ན། །མེ་དང་མེ་མིན་རང་བཞིན་གཉིས། །དངོས་པོ་ཐ་དད་པའི་མཚན་ཉིད་ནི་རང་བཞིན་ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དུ་བ་སྐྱེད་པར་བྱེད་པ་ནི་མེ་ཉིད་ཡིན་པའི་ཕྱིར། འབྲས་བུའི་གཏན་ཚིགས་ལ་འཁྲུལ་པ་མེད་དོ། །དེ་མེའི་རང་བཞིན་ཡིན་ན་བརྒྱ་བྱིན་
གྱི་སྤྱི་བོ་གཞན་མ་ཡིན་ནོ། །རང་བཞིན་གང་གིས་ཐ་དད་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་པས་འཁྲུལ་པའི་དོགས་པ་ག་ལ་ཡོད། དེས་ན་གཞན་ནི་དེས་བསྐྱེད་པའི། །རང་བཞིན་ཡིན་ཏེ་དེ་ཉིད་ནི། །དེ་བསྐྱེད་རང་བཞིན་མ་ཡིན་ན། །དེ་ནི་དེ་ལས་ཅི་ལྟར་འགྱུར། །དེ་ཕྱིར་རྒྱུ་དང་འབྲས་བུ་
དག །ཕན་ཚུན་རང་བཞིན་ངེས་པ་ཉིད། །དེས་ན་རང་ཉིད་མཐོང་བ་བཞིན། །འབྲས་བུ་མཐོང་ཡང་དེ་རྟོགས་འགྱུར། །འོ་ན། ཆུ་དང་འོ་མས་རུལ་འགྱུར་བཞིན། །དུ་མ་ལས་གཅིག་ཅི་ལྟར་འགྱུར། །དེ་ལྟར་ནི་མ་ཡིན་ཏེ། གཤེར་ནུས་གང་ལས་རུལ་འགྱུར་དེར། །གཉི་ག་གཅིག་ཉིད་ཅི་འདི་ནི། །
ཐ་དད་གཅིག་པའི་བདག་ཉིད་དམ། །ཐ་དད་གཤེར་ཉིད་ཅི་ལྟར་ཡིན། །དེ་ཡི་རང་བཞིན་ཅན་གྱི་བློ། །ཐ་དད་མེད་ཕྱིར་གཅིག་ཅེས་བརྗོད། །ཆུ་དང་འོ་མ་རང་བཞིན་གཅིག་པ་ཉིད་ནི་མ་ཡིན་ཏེ། དེ་ལས་གཞན་སྲ་བ་ལ་སོགས་པའི་རང་བཞིན་ལས་ལྡོག་པ་ཐ་མི་དད་པའི་ཕྱིར་གཅིག་པ་ཉིད་དོ། །འབྲས་
བུ་རུལ་པ་ཡང་དེ་བཞིན་ཏེ། དོན་དམ་པར་ན་རུལ་པ་ཡང་གཅིག་ཉིད་ནི་མ་ཡིན་གྱི། འོན་ཀྱང་དེ་ལས་གཞན་ལས་ལྡོག་པས་དེ་སྐད་བརྗོད་པའི་ཕྱིར་འཁྲུལ་པ་མེད་དོ། །དེ་གཞན་མེ་ནི་ཐ་དད་ཀྱི། །ཆ་གང་གིས་ན་མེར་རྟོགས་པའི། །རྟེན་ཡིན་དེས་ནི་དེ་སྐྱེད་པ། །དེས་ན་དེ་ལྟར་རྟོགས་པ་ཡིན། །

མེར་ཤེས་ཡན་ལག་གཞན་ལ་ནི། །ལྟོས་པ་ཉིད་ལས་འབྱུང་བའི་ཕྱིར། །དུ་བ་དེ་ལ་འཁྲུལ་མེད་ཅན། །དེ་ལྟར་འབྲས་གཞན་དེ་བཞིན་གྲུབ། །དེ་བཞིན་ཞེས་བྱ་བ་ནི་ཆུ་དང་འོ་མ་བཞིན་ཏེ། ཆུ་དང་འོ་མ་ཐ་དད་ཀྱང་གཤེར་བ་ཉིད་ཀྱིས་དེ་ལས་གཞན་དག་ལས་ལྡོག་པས་ན་གཤེར་བ་ཉིད་དུ་རྟོགས་པའི་
གཞི་ཡིན་པ་བཞིན་དུ་མེ་ཐ་དད་ཀྱང་དེ་ལས་གཞན་དག་ལ་ལྡོག་པ་ཉིད་ཀྱིས་མེ་རྟོགས་པའི་རྟེན་ཡིན་ནོ། །ཆ་གང་གིས་ཞེས་བྱ་བ་ནི་མེར་རྟོགས་པའི་རྒྱུ་ཉིད་ཀྱིས་སོ། །དེ་ཉིད་ཀྱིས་རྟོགས་པ་ཡིན་ཏེ། གཞན་དུ་ནི་འཁྲུལ་པའི་ཕྱིར་རོ། །མེར་རྟོགས་པའི་ཡན་ལག་མེད་པར་ནི་དུ་བ་མི་སྐྱེད་པའི་ཕྱིར་
དེ་ལ་འཁྲུལ་པ་མེད་དོ། །འདི་ལྟར། དུ་བ་བུད་ཤིང་འགྱུར་བ་ཡི། །ཡན་ལག་ལ་བརྟེན་མེར་འཇོག་ཕྱིར། །གལ་ཏེ་མེ་མིན་དེ་དུ་མིན། །གལ་ཏེ་དེ་དུ་དེ་མེད་ཉིད། །དུ་བ་དང་བུད་ཤིང་གི་རྣམ་པར་འགྱུར་བ་དེ་དག་གི། ཡན་ལག་ཉིད་མེ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་གལ་ཏེ་བརྒྱ་བྱིན་གྱི་
སྤྱི་བོ་ལ་སོགས་པ་འདི་དྲོ་བ་ལ་སོགས་པའི་མཚན་ཉིད་མ་ཡིན་ན་དེའི་ཚེ་དེ་དུ་བ་མ་ཡིན་ཏེ། བླངས་པ་ལ་སོགས་པ་ཉིད་དོ། །འདི་ཉིད་ག་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་མ་མཐོང་བ་ནི་ངེས་པར་རིགས་པ་མ་ཡིན་ནོ་ཞེ་ན། འོ་ན་སྔོན་པོ་ལ་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་དེ་
ལྟ་མིན་ན་སྔོན་པོ་ཉིད་དུ་མི་འགྱུར་རོ་ཞེ་ན། དུ་བ་ཉིད་དུ་མི་འགྱུར་རོ་ཞེས་འདི་ནི་མཚུངས་སོ། །འདི་ག་ལས་ཞེས་བྱ་བ་ནི་གཞན་ཡང་མཚུངས་སོ། །གལ་ཏེ་སྔོན་པོ་ལ་སོགས་པ་ནི་རང་གི་རང་བཞིན་གྱི་མཚན་ཉིད་ཡིན་ཏེ། རང་གི་མཚན་ཉིད་མེད་པར་ནི་འབྱུང་བ་མ་ཡིན་ནོ། །བསྐྱེད་པར་བྱ་བ་ཉིད་ནི་
དུ་བ་ལ་སོགས་པའི་མཚན་ཉིད་མ་ཡིན་ཏེ། དེར་ཡང་རང་གི་རང་བཞིན་ཉིད་མཚན་ཉིད་ཡིན་པས་འདི་ནི་མཚུངས་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། རང་བཞིན་ཙམ་དུ་སྣང་བས་ནི། །དངོས་པོ་དངོས་པོར་གནས་མ་ཡིན། །རང་གི་ངོ་བོར་སྣང་བ་ནི། །འཁྲུལ་དང་ཅིག་ཤོས་ཤེས་པ་མཚུངས། །
སྔོན་པོ་དང་སེར་པོ་ལ་སོགས་པའི་རང་གི་ངོ་བོ་ཙམ་དུ་སྣང་བ་ནི་འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པ་མཚུངས་པའི་ཕྱིར་དངོས་པོ་མི་འགྲུབ་པོ། །རྣམ་པར་དབྱེ་བ་ནི་རྒྱུ་དང་འབྲས་བུས་བྱས་པ་ཡིན་པའི་ཕྱིར་ཏེ་སྤྲོས་པས་ཆོག་གོ། །རང་བཞིན་ཅི་ལྟར་མེད་ན་མི་འབྱུང་བ་ཡིན་ཞེ་ན། འདི་བརྗོད་པ།

ཅི་ལྟའི་རང་རྒྱུ་ལ་ལྟོས་ནས། །རང་བཞིན་མེད་ན་མི་འབྱུང་བར། །ཤེས་བྱ་འཇིག་དང་བྱས་པ་ཉིད། །གོང་དུ་ཇི་སྐད་བཤད་པ་བཞིན། །འཇིག་པ་ནི་དངོས་པོ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་དོན་འདི་སྔར་བསྟན་ཟིན་ཏེ། དེས་ན་ཡང་སྐྱུག་ལྡད་མི་བྱའོ། །དེའི་
ཕྱིར་རྒྱུ་དང་འབྲས་བུ་ནི་རྗེས་སུ་འགྲོ་ལྡོག་གི་མཚན་ཉིད་ཁོ་ན་ཡིན་པས་བདག་དང་སྲོག་ལ་སོགས་པ་ནི་མ་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ། །སློབ་དཔོན་གྱི་དགོངས་པ་མཐའ་དག་ཀྱང་འདི་ཉིད་ཡིན་ནོ། །དེ་ག་ལས་ཤེ་ན། ལྡོག་ཅན་མཚུངས་པར་བསྟན་པའི་ཕྱིར། །མཉན་བྱ་ཉིད་
ནི་བརྗོད་མཛད་ལས། །གཏན་ཚིགས་མིན་ཉིད་རྟོགས་པ་ཡི། །ཚུལ་འདིས་ཐམས་ཅད་དཔག་པར་བྱ། །ལྡོག་པ་ཅན་གྱི་གཏན་ཚིགས་ཐམས་ཅད་དཔེར་བརྗོད་པ་མཚུངས་པར་བསྟན་པའི་ཕྱིར། སློབ་དཔོན་གྱིས་ལྡོག་པ་ཅན་མཉན་པར་བྱ་བ་ཉིད་མ་ངེས་པར་བསྟན་པར་མཛད་པ་ཡིན་ཏེ།
དེས་ན་ཚུལ་འདི་ཐམས་ཅད་ནི་སློབ་དཔོན་གྱི་དགོངས་པ་ལ་གནས་པ་ཡིན་ནོ་ཞེས་བསམ་པར་བྱའོ། །དེ་ལྟར་ན་རེ་ཞིག་ལྡོག་པ་ཅན་གཏན་ཚིགས་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལྡོག་པ་ཅན་ཐམས་ཅད་མཉན་བྱ་ཉིད་དང་མཚུངས་པའི་ཕྱིར་དང་། དེ་ཡང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་མ་ངེས་
པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར། མཐུན་ཕྱོགས་མི་མཐུན་ཕྱོགས་དག་ལས། །ལྡོག་པ་ཡང་དག་ཉིད་དུ་ནི། །སྲིད་མིན་མ་མཐོང་བ་ཙམ་གྱིས། །ལྡོག་པ་ཅན་ཞེས་བཤད་པ་ཡིན། །རྟག་པ་དང་མི་རྟག་པ་དང་། བདག་དང་བཅས་པ་དང་བདག་མེད་པའི་ཕུང་པོ་གཉིས་ལས་མ་གཏོགས་
པའི་ཕུང་པོ་གཞན་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ནི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པས་འགྲོ་བ་རྩོལ་མེད་དུ་འགྱུར་རོ། །ཕྱོགས་གཉིས་ལས་མ་གཏོགས་པ་ནི་འགའ་ཡང་མེད་དོ། །གལ་ཏེ་མཉན་པར་བྱ་བ་ཉིད་
རྟག་པ་དང་། མི་རྟག་པ་གཉི་ག་ལས་ལྡོག་པ་ཡིན་འོ་ན་ནི་མེད་པ་ཁོ་ནར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །སྒྲ་ནི་རྟེན་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྒྲ་ལ་ཡང་ཉེས་པ་མཚུངས་ཏེ། དེ་ཡང་ཐམས་ཅད་ལས་ལྡོག་པའི་ཕྱིར་མེད་པ་ཉིད་དུ་འགྱུར་རོ། །འདི་ལྟར། སྒྲ་རྟག་མི་རྟག་ཐེ་ཚོམ་ནི། །ཟ་ན་གཏན་ཚིགས་

ཚོལ་བ་ཡིན། །དེ་ནི་གཉི་ག་དང་བྲལ་ན། །དེ་དག་ལ་འདིར་ཐེ་ཚོམ་ཅི། །དེ་ལས་ལྡོག་པ་ཉིད་དུ་ངེས་པ་དེ་ཉིད་ལ་ཐེ་ཚོམ་ཟ་བར་མི་སྲིད་དོ། །འོ་ན་ནི་མཉན་བྱ་ཉིད་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཏེ། སྒྲ་ཙམ་ཉིད་ལས་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེ་ན། ཅི་སྒྲ་ཉིད་ལས་ཐེ་ཚོམ་ཟ་བས་གཞན་དག་ཀྱང་ཐེ་ཚོམ་གྱི་རྒྱུ་ལ་
བརྟེན་པ་མ་ཡིན་པར་འགྱུར་རམ། གལ་ཏེ་གང་ཞིག་ལ་ལར་མཐོང་བ་དེ་དག་གཞན་མཐོང་བ་ན་དེར་དོགས་པ་བསྐྱེད་པ་མ་ཡིན་ནམ། ཐེ་ཚོམ་གྱི་རྒྱུ་ནི་དེ་ཉིད་ཡིན་པར་བརྗོད་དོ། །མཉན་པར་བྱ་བ་ཉིད་གོ་ཅི་ལྟར་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། མཐོང་བ་བསྒྲུབ་པའི་ཚུལ་གྱིས་ནི། །
ཐེ་ཚོམ་བཀག་པས་དངོས་མེད་ལ། །ཐེ་ཚོམ་ཟ་འགྱུར་རང་གི་ཕྱོགས། །ཡོངས་སུ་འཛིན་པས་ཅི་ཞིག་བྱ། །གང་དུ་གཞལ་བྱ་ཉིད་ལ་སོགས་པ་ཐུན་མོང་གི་མ་ངེས་པ་ལ་ཐེ་ཚོམ་ཟ་བ་དེ་ནི་མཐོང་བའི་སྒོ་ནས་སྒྲུབ་པའི་ཚུལ་གྱིས་ཡིན་ལ་ཡུལ་ལ་ཐུན་མོང་མ་ཡིན་པ་ལ་ནི་དགག་པའི་སྒོ་ནས་ཡིན་
པའི་ཕྱིར་འདི་གཉིས་ལ་ཁྱད་པར་ཅི་ཡོད། གལ་ཏེ་མཉན་བྱ་ཉིད་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་དེ་དག་མི་རྟོགས་པའི་རྒྱུ་ཉིད་དུ་འཐད་པ་མ་ཡིན་ནམ། མ་མཐོང་བ་ནི་མི་རྟོགས་པའི་ཡན་ལག་ཡིན་པའི་ཕྱིར་རོ་ཞེ་ན། འདི་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར། འགལ་བས་གང་ཚེ་
གཅིག་ལྡོག་པར། །དེས་ཕྱིར་བཟློག་པའི་ཟླ་བོ་ནི། །འཇུག་འགྱུར་གཉི་ག་དག་ལས་ཀྱང་། །ལྡོག་པ་སྲིད་པ་མ་ཡིན་ནོ། །ཕན་ཚུན་སྤངས་པས་འགལ་བ་གཉི་ག་ལས་གཅིག་ཏུ་ངེས་པར་ལྡོག་པ་ནི་མི་སྲིད་པས་འདིར་བཏང་སྙོམས་པར་གནས་པ་ནི་མི་འཐོབ་པ་ཁོ་ནའོ། །གལ་ཏེ་གཉིས་ལས་
གཅིག་ལ་གནས་པར་ཚད་མ་མེད་པ་གཉིས་ཀྱིས་ཐེ་ཚོམ་ཟ་བ་ཡིན་གྱི། མཉན་བྱ་ཉིད་ཀྱིས་བྱས་པ་མ་ཡིན་པ་མ་ཡིན་ནམ། དེ་ནི་དེ་ལྟར་ན་མི་རྟོགས་པའི་རྒྱུ་མཚན་དུ་འགྱུར་བར་ཟད་དོ་ཞེ་ན། །འོ་ན་ནི་ཐུན་མོང་གི་མ་ངེས་པ་ལ་ཡང་ཚད་མ་མེད་པ་ཉིད་ལས་ཐེ་ཚོམ་ཟ་བ་ཡིན་གྱི། དེ་གཏན་ཚིགས་ཀྱིས་བྱས་
པ་ནི་མ་ཡིན་ནོ། །དེ་ཡང་མཐོང་བའི་སྒོ་ནས་ཐེ་ཚོམ་གྱི་རྒྱུ་ཉིད་དོ་ཞེ་ན། མཉན་བྱ་ཉིད་ཀྱང་མ་མཐོང་བའི་སྒོ་ནས་ཡིན་པས་འདི་མཚུངས་སོ། །འོན་ཏེ་ཐེ་ཚོམ་ཟ་བར་གྱུར་པ་ནི་དེ་ལས་ཐེ་ཚོམ་མི་ལྡོག་པས་དེ་ཐེ་ཚོམ་གྱི་རྒྱུ་བརྗོད་པ་ན་མཉན་བྱ་ཉིད་ཀྱང་དེ་བཞིན་ཉིད་པས་འདི་ནི་གྱི་ནའོ། །གཞན་ཡང་།

གཉི་ག་ལ་མཐོང་གཞལ་བྱ་ཉིད། །གཉིས་ཀྱིས་ཅི་སྟེ་ངེས་མི་བྱེད། །གཉི་ག་ལ་ནི་མཐོང་ལྡན་པ། །གཉི་ག་ལའང་སྒྲུབ་བྱེད་ཡིན་པར་འགྱུར། །གང་ཞིག་གང་ལ་མཐོང་བས་ན། །དེ་གྲུབ་པ་ཉིད་དུ་འགྱུར་གྱི་མེད་དོ་ཞེས་ཆ་གཉིས་པ་ལ་བརྟེན་པ་ག་ལས། འོན་ཏེ་ཕན་
ཚུན་འགལ་བ་དང་ལྡན་པ་གཉི་ག་ལ་གཅིག་ལ་ཡོད་པ་ནི་མི་འཐད་དོ་ཞེ་ན། དེ་ལྟ་ན། འོ་ན་ཕྱོགས་ཉིད་ལ་ཐེ་ཚོམ་པ་ཡིན་གྱི་མཐུན་པའི་ཕྱོགས་ཀྱི་སྒོ་ནས་གྱུར་པ་ནི་མ་ཡིན་ནོ། །མཐོང་བ་ལ་ཡང་ཕྱོགས་ལ་ཐེ་ཚོམ་པའི་སྒོ་ཁོ་ནས་ཐེ་ཚོམ་ནི་འགྱུར་བ་ཡིན་ལ། དེ་ནི་གཉི་ག་ལ་མ་མཐོང་བ་ལ་
ཡང་མཚུངས་སོ། །གཅིག་ཏུ་ངེས་པར་ལྡོག་པར་བྱ་སྟེ་ཐེ་ཚོམ་ཟ་བ་ནི་མ་ཡིན་ནམ། གཅིག་ཏུ་ངེས་པར་གཉིས་ལས་ལྡོག་པར་མ་ངེས་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་གསུམ་པ་མི་སྲིད་པ་གཉི་ག་ལས་ལྡོག་པ་དེ་ནི་རང་བཞིན་ཉིད་ཀྱིས་མི་རྟོགས་པའི་རྒྱུ་ཡིན་ཏེ། ལྡོག་པ་ཅན་འདི་ནི་སློབ་
དཔོན་གྱིས་ཀྱང་དེ་ལྟར་བཤད་པ་ཡིན་ནོ། །དེ་སྐད་དུ་ཡང་བསྒྲུབ་པར་བྱ་བའི་ཆོས་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཁྱད་པར་ཅི་སྙེད་ཀྱིས་མཐའ་དག་བསྡུས་པ་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཏེ། དེའི་རྟེན་ནི་དེས་བསྡུས་པའི་ཕྱིར་དང་། གཅིག་ཏུ་ངེས་པར་ལྡོག་པའི་ཕྱིར་རོ་ཞེས་གསུངས་ཏེ།
དེ་ཅི་ལྟར་འདི་ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བས་དོགས་པའི་རྒྱུ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། གང་ཕྱིར་གང་ཞིག་གཉི་ག་ལས། །ལྡོག་པར་ངེས་ཏེ་གཞན་ལ་ནི། །ཡོད་པས་གཉི་ག་དག་ལ་ཡང་། །མེད་འགྱུར་འདི་ནི་བཤད་ཟིན་ཏོ། །ལོག་པར་སླར་ཡང་དེ་ཉིད་ལ། །ཐེ་ཚོམ་བྱེད་པར་ཅི་ལྟར་
འགྱུར། །གཉི་ག་རྣམ་གཅོད་བསྒྲུབ་པ་ནི། །དེ་ལས་ལྡོག་པ་ལས་གཞན་མིན། །གང་ཞིག་གང་ལས་ལྡོག་པ་དེ་ཅི་ལྟར་དེ་རྣམ་པར་གཅོད་པ་སྒྲུབ་པར་བྱེད་པ་མ་ཡིན། འོན་ཏེ་གཉི་ག་རྣམ་པར་གཅོད་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་མི་རྟོགས་པའི་རྒྱུ་ཡིན་ནོ་ཞེ་ན། འདི་ནི་མེད་དེ། འདི་ལྟར།
གཏན་ཚིགས་ཐམས་ཅད་རྣམ་གཅོད་ནི། །སྒྲུབ་པར་བྱེད་པས་གཏན་ཚིགས་ཉིད། །སྒྲ་དང་རྟགས་ཀྱི་ལྡོག་པ་ནི། །རབ་སྒྲུབ་བྱེད་ཅེས་རྣམ་པར་གནས། །གཏན་ཚིགས་གཞན་ལས་གཞན་ལྡོག་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བདེན་མོད་ཀྱི། འོན་ཀྱང་དེ་ནི་གཞན་བསྒྲུབ་འཕེན་པ་ཉིད་

ཀྱིས་ཡིན་ནོ། །འདིར་ནི་གཞན་འཕངས་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། གཉི་ག་ལས་ལྡོག་པའི་ཕྱིར་རོ། །བྱས་པ་ཉིད་ལས་ནི་རྟག་པ་ལས་ལྡོག་པས་མི་རྟག་པ་འཕེན་པ་ཡིན་ནོ་ཞེ་ན། དེ་བདེན་ཏེ། རྟག་པ་ལོག་ལས་མི་རྟག་པས། །ཉིད་ནི་གཞན་དུ་གྲུབ་པ་མེད། །གང་ཕྱིར་རྗེས་སུ་དཔག་པ་ནི། །གཞན་
ལྡོག་ཉིད་ཀྱིས་དོན་བྱས་འགྱུར། །རྗེས་སུ་དཔག་པ་ནི་གཞན་རྟག་པའི་སྒྲོ་འདོགས་པ་བཅད་པ་ཙམ་གྱིས་དོན་བྱས་པ་ཡིན་ཏེ། རྟག་པ་དང་མི་རྟག་པའི་རྣམ་པར་མི་རྟོག་པ་དག་ནི་གཅིག་བཟློག་པས་གཞན་རང་ཉིད་གནས་པའི་ཕྱིར་རོ། །དེར་ཡང་རེས་འགའ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ།
དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་ལ་ཅི་ལྟར་ཞེ་ན། འདི་ནི་རེ་ཞིག་གཞག་གོ། །གལ་ཏེ་མཉན་བྱ་ཉིད་ཀྱིས་གཉི་ག་ཡང་རྣམ་པར་བཅད་པ་ཡིན་ན། དེ་ལས་འགྲུབ་པ་མངོན་སུམ་གྱིས་གྲུབ་པར་འགྱུར་བའི་ཕྱིར་གཏན་ཚིགས་ཉིད་དུ་འགྱུར་རོ། །གཏན་ཚིགས་
གཞན་དེ་གཅིག་བསྒྲུབས་པས་གཏན་ཚིགས་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མངོན་སུམ་གྱིས་གྲུབ་པ་གཏན་ཚིགས་གཞན་གྱིས་འགོག་པར་བྱེད་པའམ། སྒྲུབ་པར་བྱེད་པ་ཅི་ལྟར་འགྱུར། །འོན་ཏེ་མངོན་སུམ་ནི་འགོག་པར་བྱེད་པ་མ་ཡིན་ཏེ། དེས་ནི་གཞན་གྱིས་བསྒྲུབ་པའམ་འགོག་པ་ཡིན་ནོ་ཞེ་ན།
མ་ཡིན་ཏེ། མཉན་བྱ་ཉིད་ཀྱིས་གཉི་ག་རྣམ་པར་བཅད་པས། ཅི་ལྟར་གཞན་གྱིས་གྲུབ། དེ་ལྟར་མ་ཡིན་ན། དོར་བ་ཡང་གཞན་གྱིས་སྒྲུབ་པའི་ཕྱིར་ཇི་ལྟར་ན་གཞན་ཡང་ཚད་མ་མ་ཡིན་པར་འགྱུར་ཏེ། དེས་ན་ཐམས་ཅད་ཡིད་བརྟན་དུ་མེད་པར་འགྱུར་རོ། །མངོན་སུམ་འགོག་པར་བྱེད་པ་མ་ཡིན་པ་
ཡང་མ་ཡིན་ཏེ། དེ་ལྟར་ཡིན་ན་ནི་སྒྲུབ་པར་བྱེད་པའི་རང་བཞིན་དུ་ཡང་མི་འགྱུར་རོ། །སྒྲུབ་པར་བྱེད་པ་ནི་དངོས་པོ་རྟོགས་པར་བྱེད་པ་ཡིན་ལ། དངོས་པོ་ཡང་དེ་ལས་གཞན་དང་ཐ་དད་པ་མེད་པར་རྣམ་པར་བཅད་པ་རྟོགས་པར་མི་འགྱུར་རོ། །འདི་ལྟར་དངོས་པོ་དེ་གཞན་དང་མ་འདྲེས་པའམ། འོན་ཏེ་
གཞན་དང་འདྲེས་པར་འགྱུར། །གཞན་དང་འདྲེས་ན་ཐ་སྙད་ནི། །མེད་ཕྱིར་དངོས་པོ་ཉིད་མིན་འགྱུར། །དེ་བཞིན་དུ་ནི་གཞན་དག་ལས། །འགོག་པ་ཡང་ནི་མེད་པར་འགྱུར། །འདི་རྣམ་པར་དཔྱད་པར་བྱ་སྟེ། །དངོས་པོ་རང་ཉིད་ཀྱི་ངོ་བོ། །གཞན་ལས་ལྡོག་པའམ། འོན་ཏེ་དེ་ལྟ་མ་ཡིན། གལ་ཏེ་ལོག་

ན་མངོན་སུམ་གྱིས་བཟུང་བའམ་འོན་ཏེ་མ་བཟུང་། གལ་ཏེ་བཟུང་ངོ་ཞེ་ན། ཅི་ལྟར་གཞན་མི་འགོག །དེ་ལ་གཞན་བཀག་པ་ནི་ཁོ་ན་སྟེ། དེ་ཡོངས་སུ་སྤངས་ཏེ། དེ་རང་བཞིན་གཞན་དུ་སྣང་བ་གང་ཡིན་པའོ། །དེ་ལྟ་མ་ཡིན་ན་འཛིངས་པར་རྟོགས་པའི་ཕྱིར་ཐ་སྙད་མེད་པས་ན་ཚད་
མ་དོན་མེད་དོ། །འོན་ཏེ་ཚད་མ་གཞན་གྱིས་གཞན་བཀག་པ་ལས་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར། མངོན་སུམ་གྱིས་ནི་རྟོགས་པ་ལ། །གལ་ཏེ་གཞན་གྱིས་གནོད་ན་ནི། །མངོན་སུམ་ཚད་མ་མིན་ཉིད་པས། །གཞན་ཡང་ཚད་མ་ཉིད་མི་འགྱུར། །མངོན་སུམ་ཚད་མ་
མ་ཡིན་པ་ཉིད་ཡིན་ན། གཞན་ལ་ཡིད་བརྟན་དུ་ཅི་ཡོད། །འོན་ཏེ་དངོས་པོ་གཞན་དང་འདྲེས་པ་ཉིད་ཡིན་ན་དེ་ལས་གཞན་ཚད་མ་བརྒྱས་ཀྱང་དགག་པ་མ་ཡིན་ཏེ། རང་གི་རང་བཞིན་ནི་གཞན་དུ་བྱ་བར་མི་ནུས་སོ། །འོན་ཏེ་རང་བཞིན་འགའ་ཞིག་གིས་མ་འདྲེས་སོ་ཞེ་ན། རང་བཞིན་གང་གིས་མ་འདྲེས་
པའི་ཚུལ་དེས་ཀྱང་མངོན་སུམ་གྱིས་བཟུང་བ་ཉིད་དོ། །དེ་ལྟ་མ་ཡིན་ཏེ་མ་བཟུང་ན་ནི་དོན་ལྡོག་པར་ཅི་ལྟར་ཡིན། གཞན་གྱིས་རྟོགས་པ་ན་ལྡོག་པ་གོ་བ་ཡིན་ནོ་ཞེ་ན། གཞན་གྱིས་དེ་ལྟ་མ་ཡིན་པར་རྟོགས་ན་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ་ཞེས་བསྟན་ཟིན་ཏེ། ཉིན་མཚན་ལས་ནི་ཁྱིམ་ཕུགས་སུ། །
ཞུགས་མ་ཐག་ཏུ་གཞན་དུ་ནི། །སྣང་ཡང་ཡིན་པ་ཕྱི་མ་ཡི། །མངོན་སུམ་དེས་ནི་སྔ་མ་གནོད། །ཁང་པའི་ཕུགས་སུ་དངོས་པོ་སྐྱེས་པ་ནི་ཚད་མ་མ་ཡིན་པ་ཉིད་དོ། །དེས་ན་དང་པོའི་མཐོང་བ་དེ་གནོད་པར་འགྱུར་བ་ཡིན་གྱི། ཚད་མ་ཉིད་ནི་མ་ཡིན་ནོ། །དེས་ན་གལ་ཏེ་མངོན་སུམ་གྱིས་སྒྲ་གཉི་ག་ལས་
ལོག་པར་བཟུང་ན་དེའི་ཚེ་གཞན་ལས་ཐེ་ཚོམ་ཟ་བའམ་དེ་ལྟ་མ་ཡིན་པར་མི་འགྱུར་རོ། །མཉན་བྱ་ཉིད་ཀྱི་གྲུབ་པ་ལས་ཡང་དེ་བཞིན་ནོ། །དེས་ན་ལྡོག་པ་མེད་པ་ཉིད་ཀྱིས་ན། མཉན་བྱ་ཉིད་ལས་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ལྡོག་པ་ཅན་མཐའ་དག་པའོ། །སློབ་དཔོན་གྱིས་ནི་མ་མཐོང་བ་
ཙམ་ལ་བརྟེན་ནས་ལྡོག་པ་ཅན་དུ་བསྟན་ཏོ། །འོ་ན་ཅི་ལྟར་གཅིག་ཏུ་ངེས་པ་ལྡོག་པའི་ཕྱིར་རོ་ཞེས་གསུངས་ཤེ་ན། གཅིག་ཏུ་ངེས་པར་གདོན་མི་ཟ་བ་ཉིད་ལྡོག་པའི་ཕྱིར་ཞེས་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་གཅིག་ཏུ་ངེས་པའི་གདོན་མི་ཟ་བ་ཉིད་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ནི་རྟག་པ་དང་མི་

རྟག་པ་ལ་ཡོད་པ་དང་མེད་པ་ཉིད་དུ་ངེས་པ་མ་ཡིན་ཏེ། དེས་ན་དོན་དམ་པར་ན་ལོག་པ་མེད་པ་ཉིད་དོ། །དེའི་ཕྱིར་མ་ངེས་པ་ཉིད་དོ། །དེ་ལྟར་ན་རེ་ཞིག་རྩོད་ཕྱིར་ཁྱད་པར་ཞེས་བྱ་བ་བཤད་པ་ཡིན་ནོ། །ད་ནི་སྤྱི་བཤད་པར་བྱའོ། །ཅི་ལྟར་ལྡོག་པ་གཅིག་ཏུ་ངེས་པའི་ལྡོག་པ་ཅན་གོ་བར་བྱེད་པ་མ་ཡིན་པ་དེ་
བཞིན་དུ་གཅིག་ཏུ་ངེས་པའི་རྗེས་སུ་འགྲོ་བ་ཅན་ཡང་ཡིན་ནོ། །འདི་ལྟར། གཞལ་བར་བྱ་བ་ཉིད་ཀྱི་ཕྱིར། །བུམ་བཞིན་སྒྲ་ཡང་མི་རྟག་ཉིད། །ནམ་མཁའ་མེད་ལ་གཏན་ཚིགས་འདི། །ལྡོག་མེད་ཕྱིར་ན་རྗེས་འགྲོ་ཅན། །ནམ་མཁའ་ལ་ནི་ཡོད་པ་འམ་མེད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །
དེ་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་ཅན་གཏན་ཚིགས་ནི་གོ་བར་བྱེད་པ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། ནམ་མཁའ་མེད་པའི་ཕྱོགས་ལ་ནི། །གལ་ཏེ་དེ་ནི་སྲིད་མིན་ཡང་། །དེ་ལྟ་ན་ཡང་གཞལ་བྱ་ཉིད། །འདི་ལ་ཅི་ལྟར་ཡང་མི་ལྡོག །མེད་པ་ལ་ཡང་རྣམ་པ་འགའ་ཞིག་ལྟར་གཞལ་བྱ་ཉིད་ཡོད་པ་ཁོ་
ན་སྟེ། དེ་ལྟ་མ་ཡིན་ན། སྒྲུབ་པ་དང་དགག་པ་དག་ཏུ་ཐ་སྙད་བྱེད་པ་ཉིད་མེད་པར་འགྱུར་རོ། །ཡོད་པ་འབའ་ཞིག་ནི་ཐ་སྙད་དུ་ནུས་པ་མ་ཡིན་ནོ། །ཕན་ཚུན་སྤངས་ཏེ་གནས་པའི་བདག་ཉིད་ཀྱང་དངོས་པོ་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་དོན་བྱ་བས་སྟོང་པའི་ཕྱིར་དོན་བྱ་བའི་དོན་དུ་གཉེར་བ་རྣམས་
ཀྱི་དོན་དུ་གཉེར་བར་བྱ་བ་ཉིད་མ་ཡིན་པར་འགྱུར་རོ། །རང་དང་གཞན་གྱི་རྣམ་པར་འབྱེད་པ་མེད་པ་ནི་སུ་ཞིག་གང་ལའམ་ཅིའི་དོན་དུ་ཐ་སྙད་བྱེད་དེ། དེས་ན་ཐམས་ཅད་མེད་པ་ཁོ་ནར་འགྱུར་རོ། །གཞན་གྱི་ཕྱོགས་མེད་པར་མ་རྟོགས་པར་ནི་རང་གི་ཕྱོགས་གཞུང་གཟུགས་པར་ནུས་པ་མ་ཡིན་ནོ། །ནམ་
མཁའ་ཡང་གདོན་མི་ཟ་བར་ཐོགས་པ་དང་བཅས་པའི་དངོས་པོ་མེད་པ་ཙམ་དུ་གཞལ་བར་བྱ་བ་ཡིན་ཏེ། དེ་ལྟར་མ་ཡིན་ན་གོམ་གང་ཡང་ནི་འགྲོར་མེད་པར་འགྱུར་རོ། །དེས་ན་ཡོད་པའི་བདག་ཉིད་ཀྱིས་དངོས་པོ་སོ་སོར་ངེས་པར་རྣམ་པར་འཇོག་པས་དངོས་པོ་མེད་པ་གཞལ་བར་བྱ་བ་ཡིན་ཏེ་དེ་དེ་ལྟར་རྣམ་པར་
གཞག་པ་ཚད་མས་རྣམ་པར་གཞག་པ་ཡིན་པའི་ཕྱིར་གཞལ་བྱ་ཉིད་དོ། །དངོས་པོའི་ཡུལ་ཅན་འབའ་ཞིག་ནི་ཚད་མ་མ་ཡིན་ཏེ། ཚད་མ་ནི་རྣམ་པར་གཅོད་པའི་མཚན་ཉིད་ཡིན་པས་རྣམ་པར་གཅོད་པར་བྱེད་པ་ཉིད་ཚད་མ་ཡིན་ཏེ། གལ་ཏེ་རང་གི་ཡུལ་ལ་གཞན་གྱིས་གནོད་པ་མ་བྱས་ནའོ། །དེའི་ཕྱིར་ཐ་

སྙད་མི་སླུ་བ་ཉིད་སྒྲུབ་པར་བྱེད་པའི་ཤེས་པས་གཅད་པར་བྱ་བ་ཡིན་པའི་ཕྱིར་དངོས་པོ་མེད་པ་གཞལ་བྱ་ཁོ་ན་ཡིན་པའི་ཕྱིར། གཞལ་བྱ་ཁོ་ན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་ཅན་མ་ཡིན་ནོ། །དེ་བས་ན་ཐུན་མོང་བ་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །འོན་ཏེ་
གཞལ་བྱ་ཉིད་མངོན་སུམ་གྱིས་ཡོངས་སུ་གཅད་པར་བྱ་བ་ལ་བརྗོད་ན་དེ་ལྟ་ཡིན་ན་མངོན་སུམ་ནི་དངོས་པོ་ལས་སྐྱེ་བ་ཡིན་པའི་ཕྱིར་དོན་བྱེད་པར་ནུས་པ་ཉིད་གཞལ་བྱ་ཡིན་ནོ། །དེས་ན་དོན་བྱ་བ་བྱེད་པ་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ཡང་དངོས་པོ་མེད་པ་ལས་ལྡོག་པའི་ཕྱིར་རོ་ལྡོག་པ་དང་ལྡན་
པས་ན་ཅི་ལྟར་རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་ཡིན་ནོ། །མེད་པ་དང་ལྡོག་པ་ཅན་འགྱུར་བ་ཡང་ཡིན་ཞེས་བཤད་ཟིན་ཏོ། །དེས་ན་དངོས་པོ་ཉིད་ལ་སོགས་པ་ཡང་བཤད་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་ན། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དགག་པ་ཉིད་ནི་ཐམས་
ཅད་དུ་མི་དམིགས་པ་ཡིས་ཐམས་ཅད་སྒྲུབ་པར་བྱེད་ཅེས་བྱ་བ་ལ་སོགས་པས་མི་དམིགས་པ་ཡང་གཏན་ཚིགས་གསུམ་པ་ཡིན་པར་བསྟན་པ་མ་ཡིན་ནམ། འོན་ཏེ་དངོས་པོའི་ཡུལ་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་ཡིན། དེ་ལྟ་ཡིན་ན་མི་དམིགས་པའི་འབྲེལ་པ་བསྟན་པར་བྱ་དགོས་པ་ཡིན་ན། དེའི་
བདག་ཉིད་དང་དེ་ལས་བྱུང་བ་དག་ལས་གཞན་པའི་འབྲེལ་པ་ནི་མེད་དོ་ཞེས་བསྟན་པ་ཡིན་ནོ་ཞེ་ན། འདིར་བརྗོད་པ། རྒྱུ་དང་ཁྱབ་བྱེད་མེད་པའི་ཕྱིར། །འབྲས་དང་ཁྱབ་བྱ་མེད་ན་ནི། །གོ་འགྱུར་དངོས་པོ་མེད་པ་ཡི། །སྒྲུབ་བྱེད་གཞན་ནི་འགའ་ཡང་མེད། །དངོས་པོ་མེད་པའི་ཞེས་བྱ་བ་རང་རྒྱུད་དུ་ཐ་སྙད་ཀྱི་ཡུལ་དུ་
གྱུར་པ་ནི་འགའ་ཡང་མེད་ཀྱི། འོན་ཀྱང་བརྗོད་པར་འདོད་པའི་དངོས་པོ་ཉིད་ཀྱི་དངོས་པོ་མེད་པ་ཡིན་ནོ། །དངོས་པོ་དེ་ཡང་ལྐོག་ཏུ་གྱུར་པ་ཉིད་ཀྱིས་ཐེ་ཚོམ་ཟ་བ་ན་ཅི་ལྟར་མེད་ཅེས་བྱ་བར་འགྱུར་ཏེ། དེ་མི་དམིགས་པ་ཙམ་ཞིག་གོ་བར་བྱེད་པ་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་མ་གྱུར་པར་ཡོད་པའི་ཕྱིར་རོ། །
གལ་ཏེ་དེའི་རྒྱུ་འམ་ཁྱབ་པར་བྱེད་པ་མེད་དོ་ཞེས་བྱ་བར་གྱུར་པ་དེ་ལྟ་ན་ནི་དེ་མེད་པར་འགྲུབ་པར་འགྱུར་རོ། །དེ་ལ་ཡང་འབྲེལ་པའི་རྣམ་པ་གཉིས་པོ་དེ་ཉིད་ཡིན་པའི་ཕྱིར་མི་དམིགས་པ་དང་ལྡོག་པ་ཉིད་དུ་གྲུབ་པོ། །དཔེར་བརྗོད་པ་ཅི་སྟེ་མ་སྦྱར་ཞེ་ན། སྦྱར་བ་ཁོ་ནའོ། །འདི་ལྟར། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །དོན་

ལྡོག་པ་ནི་བརྗོད་པ་ལས། །མི་དམིགས་དཔེ་ནི་གྲུབ་པའི་ཕྱིར། །ཐ་དད་པར་ནི་མ་བཤད་དོ། །མི་དམིགས་པའི་དཔེ་ནི་སྨོས་པ་ཉིད་དེ་ལོགས་ཤིག་ཏུ་མ་ཡིན་ཅི་སྟེ་ཞེ་ན། རྒྱུ་དང་ངོ་བོ་ལྡོག་པ་ཉིད་ཀྱི་འབྲས་བུ་དང་རང་བཞིན་གྱི་དོན་ལྡོག་པར་བརྗོད་པའི་ཕྱིར་རོ། །རང་བཞིན་ཉིད་དམ་རྒྱུ་དངོས་ནི། །གྲུབ་ན་
ལྡོག་པར་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པས་འདི་ནི་བསྟན་ཟིན་ཏོ། །རང་བཞིན་མི་དམིགས་པ་ཡང་བསྟན་པ་ཉིད་དོ། །རྒྱུ་དང་ངོ་བོ་ནི་མི་དམིགས་པ་ཉིད་ཀྱིས་དངོས་པོ་ལྡོག་པའི་ཕྱིར་རོ། །དེ་ལྟར་ཡང་། ཚད་མས་གྲུབ་པར་སྨྲ་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏེ། །དམིགས་
པའི་མཚན་ཉིད་དུ་གྱུར་པ་ཉིད་ཀྱི་ཁྱད་པར་ཅི་ལྟར་གྲུབ་ཅེ་ན། འདིར་བཤད་པ། དེ་ལའང་སྐྱེས་བུ་མ་མཐོང་ལས། །སྲོག་སོགས་ལྡོག་པ་མེད་པའི་ཕྱིར། །གཏན་ཚིགས་ཐེ་ཚོམ་ཟ་བཤད་པས། །བལྟར་རུང་དོན་ལ་དེ་ཞེས་བསྟན། །ཕ་རོལ་པོ་དག་གིས་སྨྲས་པ། །བུམ་པ་ལ་སོགས་པ་དག་ལ་ནི་བདག་ལྡོག་
པས་ཡིན་ཏེ། དེས་ན་གལ་ཏེ་གསོན་པོའི་ལུས་ལ་ཡང་བདག་ལྡོག་ན་སྲོག་ལ་སོགས་པ་ཡང་ལྡོག་པར་འགྱུར་རོ་ཞེས་བྱའོ། །འདི་ལ་སློབ་དཔོན་གྱིས་བདག་བལྟར་མི་རུང་བའི་ཕྱིར་བུམ་པ་ལ་སོགས་པ་ལ་བདག་མེད་པ་ཉིད་མ་གྲུབ་སྟེ། མི་དམིགས་པ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །
དེས་ན་བལྟར་རུང་བའི་དོན་ལ་མི་དམིགས་པ་གོ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་རྣམ་པར་གཅོད་པ་བསྒྲུབ་པ་ཉིད་ཀྱིས་གཏན་ཚིགས་ཐམས་ཅད་མི་དམིགས་པ་ཉིད་མ་ཡིན་ནམ། དེས་ན་གཏན་ཚིགས་གསུམ་དུ་ཅི་ལྟར་འགྱུར་ཞེ་ན། ཉེས་པ་འདི་མེད་དེ་འདི་ལྟར། འདིས་ནི་དངོས་ལས་དངོས་
པོའི་ཆོས། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །འདིས་ནི་ས་ཕྱོགས་ལ་སོགས་པའི་དངོས་པོ་ལ་ཡང་མ་ཡིན་པ་སྒྲུབ་པ་མ་ཡིན་གྱི་འོན་ཀྱང་དངོས་པོའི་ངོ་བོ་ཁས་བླངས་པ་མ་བྱས་པར་དགག་པ་བསྒྲུབས་པ་ཡིན་ལ། སྔ་མ་རང་བཞིན་དང་འབྲས་
བུའི་གཏན་ཚིགས་དག་གིས་ནི་མ་ཡིན་པའི་སྒོ་ནས་དགག་པ་སྒྲུབ་པ་ཡིན་ནོ། །དེས་ན་འབྲེལ་པར་མཚུངས་ཀྱང་ཡུལ་ཐ་དད་པའི་ཕྱིར་ཐ་དད་པ་ཁོ་ནའོ། །འོ་ན་རང་བཞིན་མི་དམིགས་པ་ལ་འབྲེལ་པ་གང་ཡིན་ཞེ་ན། དེའི་བདག་ཉིད་དོ་ཞེས་བཤད་པ་ནི། དེ་ལ་དམིགས་རུང་རྣམས་ཀྱི་ནི། །ཡོད་པ་དམིགས་པ་ལས་གཞན་

མིན། །མེད་པ་ནི་མི་དམིགས་པ་ལས་གཞན་མ་ཡིན་པ་ཉིད་དོ། །འོན་ཀྱང་མི་དམིགས་པ་ཉིད་ཡིན་ནོ། །གལ་ཏེ་ཤེས་པ་ལྡོག་པ་ནི་མི་དམིགས་པ་ཡིན་ལ། ཡོད་པ་ལྡོག་པ་ནི་དངོས་པོ་མེད་པ་མ་ཡིན་ནམ། ད་ཅི་ལྟར་འདི་གཉིས་དེའི་བདག་ཉིད་ཡིན། ཤེས་པ་ཤེས་
བྱ་དག་ཐ་དད་པ་དེ་བཞིན་དུ་དེ་མེད་པ་དག་ཀྱང་ཡིན་ནོ། །ཤེས་པ་ཉིད་དོན་གྱི་ཡོད་པ་ནི་ཡིན་ཏེ། ཤེས་པ་མེད་ཀྱང་དེ་ཡོད་པའི་ཕྱིར་རོ། །འདི་ལྟར། ལྐོག་ཏུ་གྱུར་པའི་དོན་རྣམས་ཀྱང་། །རྗེས་སུ་དཔག་པས་ཡོད་པར་འཛིན། །དུ་བ་མཐོང་བ་མེ་ཡོད་པར། །རྗེས་སུ་དཔག་པ་མིན་ནམ་ཅི། །དེར་
ཡང་རྗེས་སུ་དཔག་པས་དམིགས་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། རྗེས་སུ་དཔག་པ་མེད་པར་ཡང་ཡོད་པས་ན་འཁྲུལ་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལྡོག་པས་ནི་དེ་མེད་པ་གོ་བར་བྱེད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་ལ་ཡང་རྗེས་སུ་དཔག་པའི་ཕྱིར་རོ་ཞེ་ན། འདི་ནི་ལེགས་པ་མ་ཡིན་ཏེ། །
དམིགས་པར་བྱ་བ་མེད་པར་ནི། །དམིགས་པ་མེད་ལས་གཞན་མ་ཡིན། །དམིགས་པའི་མཚན་ཉིད་དུ་གྱུར་པ་ནི། དེ་མ་དམིགས་པས་མེད་པའི་ཐ་སྙད་དུ་བསྒྲུབ་པ་ཡིན་ཏེ། དེ་དག་གི་ཡོད་པ་ནི་དམིགས་པ་ལས་གཞན་མ་ཡིན་ནོ། །འདི་ལྟར་དམིགས་པར་རུང་བ་ཡང་ཡིན་ལ། མ་དམིགས་པ་ཡང་
ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཉིད་དོ། །དེས་ན་དམིགས་པའི་མཚན་ཉིད་དུ་འགྱུར་བའི་དོན་གྱི་ཡོད་པ་ནི་དམིགས་པ་ཉིད་དོ། །འདི་ལྟར་གལ་ཏེ་དམིགས་པར་བྱ་བ་ཉིད་ནི་དེ་དོན་གྱི་ངོ་བོ་ཁོ་ནའོ། །དེ་སྟེ་དམིགས་པར་བྱེད་པའི་དམིགས་པར་བྱེད་པ་པོ་ལ་གནས་པར་བརྗོད་ན། དེའི་ཚེ་ཡང་དམིགས་
པའི་མཚན་ཉིད་ཀྱིར་གྱུར་པ་ཁྱབ་པ་ཉིད་དོ། །དེ་ལས་ལྡོག་པ་མེད་ན་ཡང་ཐ་དད་པར་ལྡོག་པ་མ་ཡིན་ཏེ། ཐ་དད་པ་ནི་ལྡོག་པས་གོ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་མི་འཁྲུལ་པའི་ཕྱིར། དམིགས་པ་ཉིད་ཡོད་པར་བརྗོད་དོ། །ཐ་དད་པ་དུས་མཚུངས་པར་དམིགས་པས་དོན་རྣམས་དམིགས་པ་ནི་མ་
ཡིན་གྱི། འོན་ཀྱང་དེར་རྗེས་སུ་ཆུད་པར་དམིགས་པར་བྱ་བའི་མཚན་ཉིད་དམིགས་པ་ཉིད་ལས་ཡིན་ནོ། །དེའི་ཕྱིར་དམིགས་པ་ཉིད་ཡོད་པ་ཡིན་ལ་དེ་ལས་ནི་མི་དམིགས་པ་ཉིད་མེད་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དངོས་པོ་མེད་པ་རྣམས་ནི་དོན་དམ་པར་ཕན་ཚུན་ཐ་དད་པར་འགའ་ཡང་མེད་ཀྱི་འོན་

ཀྱང་བུམ་པ་མེད་དོ། །ཤིང་རྟ་མེད་དོ་ཞེས་ཁྱད་པར་དངོས་པོ་ཐ་དད་པས་ཐ་དད་པ་ཡིན་ནོ། །དོན་དམ་པར་ནི་དགག་པར་བྱ་བ་ཐ་དད་ཀྱང་དངོས་པོ་མེད་པས་ཐ་དད་པ་མ་ཡིན་ནོ། །གལ་ཏེ་མེད་པ་ཉིད་མི་དམིགས་པས་ཡིན་ན། དེའི་ཚེ་ལོག་པར་རྟོག་པ་མེད་པ་ཉིད་དོ་ཞེ་ན། དེ་ནི་བདེན་ཏེ།
འདི་ལྟར། དེ་ཕྱིར་མི་ཤེས་ཤེས་བྱའི་ཕྱིར། །མི་དམིགས་དཔེ་གཅིག་འདོད་པ་ཡིན། །མི་དམིགས་པ་དཔེ་གཅིག་ནི་རང་བཞིན་མི་དམིགས་པའི་མཚན་ཉིད་དོ། །རེ་ཞིག་ཤེས་པ་དང་ཤེས་བྱ་དངོས་པོ་མེད་པ་དག །ཐ་དད་པ་མེད་པར་མ་རྟོགས་པའམ་གྲངས་ཅན་པ་གང་དག་ཤིན་ཏུ་རྨོངས་
པས་ན། ཐམས་ཅད་ཐམས་ཅད་ན་ཡོད་དོ་ཞེས་ཀུན་དུ་འཛིན་པ་དང་ལྡན་པ་ཡོངས་སུ་ཤེས་པ་དང་བྲལ་བའི་མི་ཤེས་པ་དེ་དག་ཤེས་པར་བྱ་བའི་དོན་དུ་རང་བཞིན་མི་དམིགས་པས་གཅིག་ཡིན་ནོ། །འོན་ཏེ་དེར་བསྒྲུབ་པར་བྱ་བ་ཅི་ཞིག་ཡིན་ཞེ་ན། ཡུལ་མེད་ཕྱིར་དེར་ཡུལ་ཅན་ནི། །ཤེས་བརྗོད་
ཐེ་ཚོམ་འགོག་འགྱུར་ཏེ། །དཔེར་ན་སྲེག་པར་བྱེད་མིན་ཕྱིར། །མེ་མ་ཡིན་ཞེས་བྱ་བ་བཞིན། །ཤེས་པ་དང་བརྗོད་པ་དག་གི་ཡུལ་ནི་ཡོད་པ་ཉིད་ཡིན་ལ། དེ་དག་ཏུ་ཐེ་ཚོམ་ཟ་བའི་ཡུལ་ནི་དེར་ཐེ་ཚོམ་ཟ་བ་ཡིན་ནོ། །ཡུལ་དེ་མེད་པར་ངེས་པས་ནི་ཤེས་པ་དང་བརྗོད་པ་དང་ཐེ་ཚོམ་ཟློག་པར་བྱེད་
དེ། བཟློག་པའི་ཡུལ་ཡོད་པའི་ཕྱིར་རོ། །དཔེར་ན་མེ་མ་ཡིན་ཏེ་སྲེག་པར་བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་བཞིན་ཏེ། ཕྱོགས་གཞན་དུ་གྱུར་པའི་མེ་ཡོད་ན་མེར་ཐེ་ཚོམ་ཟ་བར་འགྱུར་གྱི། བཟློག་པ་ཡོད་པའི་ཕྱིར། དེ་མེད་ན་སྲིད་པར་ག་ལ་འགྱུར། འདི་ལྟར་སྲེག་པར་བྱེད་པ་མེད་པ་ལས་མེ་
མེད་པ་ཉིད་ནི་གཞན་མ་ཡིན་ནོ། །ཅི་ལྟར་སྲེག་པར་བྱེད་པ་ལས་མེ་གཞན་མ་ཡིན་པ་དེ་བཞིན་དུ། དམིགས་སུ་རུང་བ་མེད་པ་ནི། །མི་དམིགས་པ་ལས་གཞན་མ་ཡིན། །དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། །དམིགས་པའི་མཚན་ཉིད་དུ་གྱུར་པ་རྣམས་ཀྱི་མེད་པ་ཉིད་
ཅེས་བྱ་བ་ནི། མི་དམིགས་པའི་རང་བཞིན་ལས་གཞན་ཕྱི་རོལ་དུ་འགྱུར་བ་མེད་དོ། །དེ་བས་ན་དེ་གྲུབ་ན་དེའི་བདག་ཉིད་དངོས་པོ་གྲུབ་པ་ཁོ་ནའོ། །གལ་ཏེ་མི་དམིགས་པས་དངོས་པོ་མེད་པ་སྒྲུབ་པ་མ་ཡིན་ནམ། དེ་ཅི་ལྟར་ན་བསྒྲུབ་བྱ་དང་། སྒྲུབ་པར་བྱེད་པ་དག་གཅིག་ཉིད་ཡིན་ཞེ་ན།

དེ་ཡང་མི་རུང་སྟེ། དེ་ཉིད་འདིར་ནི་མ་གྲུབ་སྟེ། །མ་གྲུབ་པ་ཡིས་མ་གྲུབ་པ། །གྲུབ་འགྱུར་མ་ཡིན་འདི་ལ་ནི། །འབྲལ་མེད་དེ་ཕྱིར་དེ་མ་ཡིན། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱད་པ་དག་ཐ་དད་པར་འགྱུར་དགོས་སོ་ཞེས་གང་བརྗོད་པ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱད་པའི་
དངོས་པོ་དེ་ཉིད་འདིར་མ་གྲུབ་པས། དེ་ཅི་ལྟར་དེ་བཞིན་དུ་ཐ་དད་པར་གྲུབ་པ་མ་གྲུབ་པ་ནི་མ་གྲུབ་པས་མི་འགྲུབ་པོ། །ཅི་སྲིད་དུ་གཞན་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོར་རབ་ཏུ་མ་གྲུབ་པ་དེ་སྲིད་དུ་ཐ་དད་པར་མི་འགྲུབ་པ། ཅི་སྲིད་ཐ་དད་པར་མ་གྲུབ་པ་དེ་སྲིད་དུ་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་
དངོས་པོ་ནི་འབྲེལ་པ་ཡོད་ན་འགྱུར་བ་ཡིན། མི་དམིགས་པ་དང་མེད་པ་དག་དེའི་བདག་ཉིད་ཀྱི་འབྲེལ་པ་སྤོང་བ་ལ་ནི་འབྲེལ་པ་གཞན་ཡོད་པ་མ་ཡིན་ནོ། །དེ་དག་རྒྱུ་དང་འབྲས་བུའི་དངོས་པོ་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་མེད་པས་མི་དམིགས་པ་མེད་པ་ཡིན་ཏེ། གང་གི་ཚེ་བུམ་པ་ལ་སོགས་པ་འགའ་
ཞིག་གིས་བསལ་བ་དེ་ཉིད་ཀྱི་ཚེ་མི་དམིགས་པ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ། གལ་ཏེ་དངོས་པོ་མེད་པ་མི་དམིགས་པ་ལས་གཞན་པའི་ཚད་མས་ཤེས་པ་ཡིན་ན། དེའི་ཕྱིར་དེ་དག་མི་དམིགས་པ་ལྷན་ཅིག་འབྲེལ་པ་འགྲུབ་ཀྱི། གཞན་དུ་ན་ཕན་ཚུན་རྟེན་པའི་སྐྱོན་དུ་འགྲོ་བ་གང་གིས་ཟློག །འདི་ལྟར།
འབྲེལ་པ་ཚད་མས་གྲུབ་ན་ནི། །མི་དམིགས་པ་ནི་ཚད་མ་ཉིད། །མི་དམིགས་ཚད་མ་ཉིད་ཡིན་ན། འབྲེལ་པ་རབ་ཏུ་འགྲུབ་པར་འགྱུར། །ཕན་ཚུན་རྟེན་ཕྱིར་གཅིག་ཉིད་ཀྱང་། །རབ་ཏུ་འགྲུབ་པར་འགྱུར་མ་ཡིན། །དེ་ཉིད་ཕྱིར་ན་ཕན་ཚུན་གྱིས། །བྱས་པའི་འབྲས་བུ་འགྲུབ་མ་ཡིན། །དེའི་ཕྱིར་
མི་དམིགས་པ་ལས་དངོས་པོ་མེད་པར་མི་འགྲུབ་སྟེ། འབྲེལ་པ་མེད་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱི་འབྲེལ་པ་ཡིན་ན་ནི་མི་དམིགས་པ་དེ་ཉིད་མེད་པ་ཡིན་པའི་ཕྱིར་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ནོ། །རྣམ་པ་མ་མཐོང་ན་མེད་ཅེས། །བྱ་བའི་ཐ་སྙད་འདི་འགྲུབ་པས། །དེའི་འབྲས་ཡིན་ཡང་དེ་ལས་ནི། །
བློ་སྒྲ་ཐེ་ཚོམ་མེད་པར་འགྲུབ། །གལ་ཏེ་ཐ་སྙད་འགྲུབ་པ་ལ་ཡང་དཔེ་མེད་པ་ཉིད་མ་ཡིན་ནམ། ཐ་སྙད་ཐམས་ཅད་ན་ནི་མི་དམིགས་པའི་བསྒྲུབ་པར་བྱ་བ་ཡིན་ནོ། །དེའི་ཚེ་འང་དཔེ་གཞན་བསྒྲུབ་པ་ནི་ཐུག་པ་མེད་པ་ཉིད་དོ། །ཐ་སྙད་ཀྱང་མི་དམིགས་པའི་འབྲས་བུར་འགྱུར་བ་ཉིད་དོ། །དེས་ན་རྒྱུས་འབྲས་བུ་

སྒྲུབ་པར་མི་རིགས་ཏེ། རྒྱུ་ནི་གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་མ་ཡིན་ཏེ། འདི་ལྟར་ཐ་སྙད་འདི་ནི་ལྟར་རུང་བ་མ་མཐོང་བའི་རྒྱུ་མཚན་ཅན་དུ་འགྲུབ་པ་ཉིད་དོ། །དེ་ཙམ་གྱི་རྒྱུ་མཚན་གྱིས་མེད་པའི་ཐ་སྙད་དུ་བྱ་བ་རུང་བ་ཉིད་ནི་མི་དམིགས་པའི་རང་བཞིན་ཉིད་ཡིན་ཏེ། རུང་བ་ཉིད་ནི་
དོན་གཞན་མ་ཡིན་པའི་ཕྱིར་རོ། །སེམས་དང་ལྡན་པ་དེ་མཐོང་བས་ཐ་སྙད་ནི་གདོན་མི་ཟ་བར་འཇུག་པ་ཡིན་ནོ། །དངོས་པོ་མེད་པའི་ཐ་སྙད་དེའི་རྒྱུ་མཚན་ཅན་དུ་དྲན་པ་ནི་གདོན་མི་ཟ་བར་དེའི་སེམས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །གལ་ཏེ་ལུས་ངག་གི་ཐ་སྙད་འཇུག་པར་མི་བྱེད་ན་ཡང་མི་བྱེད་མོད། ཚད་
མ་ནི་རྟོགས་པར་སྒྲུབ་པར་བྱེད་པ་ཉིད་ཀྱིས་ཚད་མ་ཡིན་གྱི་ལུས་ལ་སོགས་པའི་ཐ་སྙད་བསྒྲུབས་པས་ནི་མ་ཡིན་ནོ། །དེའི་ཕྱིར། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པར། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པའང་འབའ་ཞིག་གོ། །ཞེས་བྱ་བ་ནི་བསྡུ་བའོ། །
ཅི་ལྟར་མཐོང་དང་མ་མཐོང་བས། །རྒྱུ་དང་འབྲས་བུ་ཉིད་བསྒྲུབ་བཞིན། །དེ་གཉིས་ལས་ནི་འབྲས་སོགས་སྒྲ། །ཐ་སྙད་དོན་དུ་བཀོད་པ་ཡིན། །མཐོང་བ་དང་མ་མཐོང་བའི་ཁྱད་པར་ལས་མ་གཏོགས་པར་ནི་རྒྱུ་དང་འབྲས་བུ་ཉིད་གཞན་ཡོད་པ་མ་ཡིན་ནོ། །འདིའི་འབྲས་བུ་ཞེས་བྱ་བའི་དོན་ནི་འདི་
ཉིད་ཡིན་ཏེ་འདི་མེད་པར་ནི་མི་འབྱུང་ངོ་ཞེས་བྱ་བའོ། །གལ་ཏེ་འདི་ལས་ཐ་དད་པ་ཡིན་ན། དེའི་ཚེ་དེ་མེད་ཀྱང་འབྱུང་བ་ཉིད་དོ། །དེ་ལྟར་གྱུར་ན་འབྲེལ་པ། དོན་གཞན་མེད་དོ། །འོན་ཏེ་དེ་མེད་པར་མི་འབྱུང་ན། དེ་ལྟར་ཡིན་ན་དེ་ཉིད་འབྲེལ་པ་ཡིན་པས། གཞན་དོན་མེད་དོ། །གལ་ཏེ་འབྲེལ་པ་ཡོད་ན་དེ་
མེད་ན་མེད་ལ། དེ་ཡོད་ན་ཡོད་དོ་ཞེས་འགྲུབ་པ་ཡིན་ནོ་ཞེ་ན། གལ་ཏེ་འབྲེལ་པས་དེ་ཡོད་ན། །ཡོད་ཅེས་བྱ་བར་འདོད་ན་ནི། །དེ་མེད་ན་ཡང་འབྲེལ་པ་སྔར། །གང་གིས་ཞེས་ནི་ཡིན་པར་བརྟག །འབྲེལ་པ་གཉིས་ལ་གནས་པའི་ཕྱིར། །གཅིག་ཡོད་པ་ལ་ཅི་ལྟར་འགྱུར། །གལ་ཏེ་འབྲས་བུ་སྐྱེ་བར་ནི། །
རྒྱུ་རུང་བར་ནི་འབྲེལ་པ་ཡིན་ན། རྒྱུ་ཉིད་ལས་ནི་འབྲས་བུ་སྐྱེ་བ་ཞེས་བྱ་བ་ཉིད་རིགས་པར་འགྱུར། འདི་ལྟར་རྒྱུ་ནི་དེ་ལྟ་བུར་གྱུར་པ་ཉིད་དུ་རང་གི་རྒྱུ་ལས་བྱུང་བ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྒྱུ་དང་འབྲས་བུ་ཉིད་ཀྱི་དངོས་པོ་གཞན་ནི་དབང་པོ་ལས་འདས་པ་མཐོང་བ་དག་ལ་ཡང་སྣང་བ་མ་ཡིན་ནོ། །

དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུའི་ཐ་སྙད་སྒྲུབ་པ་ཡིན་ནོ། །འོ་ན་ཇི་ལྟར་དོན་ཐ་དད་མེད་པར་སྒྲ་ཐ་དད་པར་འགྱུར་ཞེ་ན། མ་ཡིན་ཏེ་མཐོང་བ་དང་མ་མཐོང་བ་དེ་དག་ཉིད་ལ་ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་འབྲས་བུ་ལ་སོགས་པའི་སྒྲ་སྦྱར་བ་ཡིན་ནོ། །དེས་ན།
ནུས་པའི་རྒྱུ་ནི་འབྲས་བུའི་རང་བཞིན་དུ་གྱུར་པ་ཉིད་ཡིན་ནོ། །དེས་ན་མི་དམིགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པ་དེ་བས་ན་འདི་ལོགས་ཞིག་ཉེ་བར་མ་བཀོད་དོ། །གལ་ཏེ་ཅི་ལྟར་དེའི་བདག་ཉིད་མེད་པར་རང་བཞིན་མི་དམིགས་པ་རང་བཞིན་གཏན་ཚིགས་ཀྱི་ནང་དུ་འདུ། ཅི་ལྟར་དངོས་པོ་མེད་པ་
དག་ཕན་ཚུན་ཐ་དད་པ་མ་ཡིན་པ་དེ་བཞིན་དུ་ཐ་མི་དད་པ་ཡང་མ་ཡིན་ནོ། །བདག་མེད་པ་ལ་ཡང་དེའི་བདག་ཉིད་སྲིད་པ་ཡང་མ་ཡིན་ཏེ། རི་བོང་གི་རྭ་ནི་བོང་བུའི་རྭའི་བདག་ཉིད་མ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་པ་ནི་མི་དམིགས་པ་ནི་དགག་པར་བྱ་བ་ལས་བཟློག་པའི་བདག་ཉིད་ཡིན་ནོ། །འདི་ལྟར།
རྒྱུ་ལས་འབྲས་བུ་གྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །གཏན་ཚིགས་རབ་དབྱེ་བཤད་པ་ལ། །ཐ་དད་པར་ནི་དཔེར་མ་བསྟན། །སྟོང་པའི་བདག་ཉིད་ཀྱི་དངོས་པོ་མེད་པ་ནི་ཚད་མའི་སྤྱོད་ཡུལ་དུ་རྣམ་པར་དཔྱད་པར་རུང་བ་མ་ཡིན་ལ་དེ་ནི་རང་གི་ངོ་བོ་ཙམ་དུ་གྲུབ་ཏུ་ཟིན་ཀྱང་ཅུང་ཟད་ཀྱང་འགྲུབ་པ་མ་
ཡིན་ནོ། །དེ་ནི་དངོས་པོ་འཆོལ་བར་རྟོགས་པའི་ལྟ་བ་ཅན་དག་གིས་དེ་ལྟར་འདོད་པ་ཡིན་ནོ། །དེ་ལ་གལ་ཏེ་དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་ཡུལ་དང་དུས་དང་རང་བཞིན་ཐ་དད་པ་དང་ལྡན་པའི་ཕྱིར། ལྡོག་པ་ཡིན་ན་དངོས་པོ་མེད་པ་གཞན་བརྟགས་པས་ཅི་ཞིག་བྱ། འོན་ཏེ་རང་གི་ངོ་བོས་ལྡོག་པ་མ་ཡིན་ན་དེ་ལྟ་ན་
ཡང་དངོས་པོ་མེད་པ་གཞན་ཞིག་ནི་དོན་མེད་དོ། །གཅིག་ལ་ནི་དོན་མེད་ལ། གཞན་ལ་ནི་མི་ནུས་སོ་ཞེས་སྔར་བསྟན་ཟིན་པ་ཉིད་དོ། །དེའི་ཕྱིར་རང་གི་ངོ་བོར་གྱུར་པའི་དངོས་པོ་གཞན་གྱིས་དབེན་པ་ཉིད་ལ་བུམ་པ་ལ་སོགས་པའི་མེད་པ་ཞེས་ཐ་དད་པའི་ཚུལ་དུ་དེ་ལྟར་སྟོན་པ་ཡིན་ནོ། །འདི་ལྟར་བརྗོད་པར་འདོད་པའི་
དོན་གྱི་རང་བཞིན་གྱིས་དབེན་པའི་བདག་ཉིད་དོན་གཅིག་གིས་ནི་དམིགས་པ་གང་ཡིན་པ་དེ། རང་རིག་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་ལས་དྲན་པ་སྔོན་དུ་འཇུག་པ་ན། འདི་ནི་མ་དམིགས་སོ་སྙམ་པ་རྟོགས་པའི་རང་གི་བློ་སྐྱེའོ། །དེ་ལ་ས་ཕྱོགས་དམིགས་པ་ཉིད་གཞན་མི་དམིགས་པ་ཡིན་དེ་གང་གི་ཕྱིར་

འདི་ནི་གཞན་གྱི་རང་བཞིན་དུ་མ་དམིགས་སོ་ཞེས་བྱ་བ་ཡིན་ན། །འདིར་དོན་ནི། དེའི་རང་བཞིན་དུ་མ་དམིགས་ཏེ། འདི་ནི་དེའི་རང་བཞིན་དུ་མེད་དོ་ཞེས་བྱ་བ་འདི་ཉིད་ཡིན་ནོ། །གལ་ཏེ་བུམ་པ་དེ་འདི་ན་མེད་དོ་ཞེས་ཏེ། འདིའི་རང་བཞིན་དུ་མེད་དོ་ཞེས་བྱ་བར་བསྒྲུབ་པར་བྱ་བ་ཡིན་ནམ། ཅི་ལྟར་ན་བཟློག་
སྟེ་བརྗོད་ཅེ་ན། གལ་ཏེ་གཞན་ཡང་འདིའི་ཡང་འདིའི་ནང་དུ་མི་འདུ་ན། བདེན་པ་ཞིག་ན། དེའི་ནང་དུ་འདུ་བ་ཉིད་དོ། །འདི་ལྟར། ས་ཕྱོགས་དེ་ཡི་རང་བཞིན་གྱིས། །དབེན་པའམ་འདི་ཡིས་བུམ་པའང་རུང་། །མཁས་པ་རྣམས་ལ་ཅི་ལྟར་ཡང་། །འདིས་ནི་རྣམ་དབྱེ་སྣང་བ་མེད། །གལ་ཏེ་རང་
བཞིན་འདིས་དབེན་པར་མ་གྱུར་ན་འདི་ཡང་དེས་དབེན་པར་མི་འགྱུར་བའི་ཕྱིར་ཤིན་ཏུ་གསལ་བའི་དོན་ལ་གཞན་དག་ནི་ལྟ་ཅི་ཞིག་སྨོས། དེའི་ཕྱིར་དེས་དབེན་པ་ཉིད་འདིར་དེའི་དངོས་པོ་མེད་པ་ཡིན་ནོ། །གང་གི་ཕྱིར་དེས་དབེན་པའི་ཕྱོགས་མཐོང་བ་ཉིད་ལ་དེ་མ་དམིགས་སོ་ཞེས་བྱ་བའམ། དེ་ལས་
གཞན་གྱི་རང་བཞིན་དུ་དམིགས་སོ་སྙམ་པའི་བློ་སྐྱེ་བ་དེ་ཉིད་ཀྱ