Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 177
Văn bản gốc(Tây Tạng)
Trang 19 / 20 (50.000 ký tự/trang)
པར་སྦྱོར་བར་བྱེད་དོ། །ཡང་དག་ངེས་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ལྡན་པའི་སྒྲ་ནི་འཇུག་པའི་ཚིག་ཡིན་ཏེ། སྐད་ཀྱི་བྱིངས་དོན་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་གྲངས་གཞན་གྱི་ཚིག་རྣམ་པར་སྦྱར་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཤེས་ན་འཇུག་པའི་ངག་ གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ་ཞེས་སྨོས་སོ། །དེ་ལྟ་བུའི་རྣམ་པ་ཅན་དུ་ཁས་ལེན་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་དང་ལྡན་པའི་ངག་ནི་ཁས་བླངས་པའི་དབང་གིས་དེ་དག་ཚད་མར་གྱུར་བ་ཡིན་གྱི་དངོས་པོའི་སྟོབས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་དེའི་ བསྟན་བཅོས་ལ་བརྟེན་པ་ཞེས་བྱ་བ་ནི་རྟེན་པར་བྱེད་པས་ན་བརྟེན་པ་སྟེ་བསྟན་བཅོས་ཁས་ལེན་པ་ཞེས་བྱ་བའི་དོན་ཏོ། །ཚད་མ་མེད་པའི་དམ་བཅའ་བ་དེ་བསལ་བ་ཡིན་ནོ་ཞེས་བྱ་བ་རྗེས་སུ་འཇུག་གོ། །དེ་བས་ན་ཉམས་སུ་མྱོང་བ་མ་ཡིན་པའི་ཡུལ་ཅན་དག་ཀྱང་དེའི་རང་བཞིན་ཅན་ཉིད་ཡིན་པ་ཞེས་བྱ་བ་ལ་དོན་བྱེད་ པ་ལ་མི་སླུ་བའི་སྒོ་ནས་ཤེས་པ་གང་དག་ལ་ཡུལ་ཉམས་སུ་མྱོང་བ་མེད་པ་དེ་དག་ཀྱང་ཉམས་སུ་མྱོང་བ་མ་ཡིན་པའི་ཡུལ་ཅན་གྱི་ཤེས་པ་དང་འདྲ་བའི་ཕྱིར་དེའི་རང་བཞིན་ཅན་དེ་མི་སླུ་བ་ཉིད་དང་ཚད་མ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །མ་འོངས་ལ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བའོ། །ཆོས་ནི་ཆོས་ལ་སོགས་པའོ། ། བདེ་མི་འབྱིན་ཞེས་བྱ་བའི་བསྒྲུབ་པར་བྱ་བའི་ཆོས་འདི་ལ་ཆོས་ཞེས་བྱ་བའི་ཆོས་ཅན་བསྟན་བཅོས་ལ་གྲགས་པ་ཡིན་ཏེ། མངོན་སུམ་ལ་སོགས་པའི་ཚད་མ་དེ་ལ་མི་འཇུག་པའི་ཕྱིར་རོ། །རང་བཞིན་གྱིས་བསྐལ་པའི་ཕྱིར་དང་། དེ་མེད་ན་མི་འབྱུང་བའི་རྟགས་ངེས་པ་མེད་པའི་ཕྱིར་རོ། །གང་གི་ཚེ་བསྟན་ བཅོས་པ་ཞེས་བྱ་བ་ལ་འདི་ལ་བསྟན་བཅོས་ཡོད་པས་ན་བསྟན་བཅོས་པ་སྟེ། དེའི་ཚེ་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ནི་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དམིགས་པར་བྱེད་པས་ན་དམིགས་པ་སྟེ་བརྟེན་པའོ། །དངོས་སུ་བསྟན་བཅོས་དེ་ལ་དམིགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ ཅེས་བྱའོ། །དེ་ལ་དམིགས་པ་ཡོད་པ་མ་ཡིན་པ་ནི་དེ་དམིགས་ཅན་མིན་ཏེ། བསྟན་བཅོས་ལ་བརྟེན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཁས་བླངས་པའི་བསྟན་བཅོས་ཀྱིས་མ་བསྟན་པའི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཁས་བླངས་པའི་བསྟན་བཅོས་ཀྱིས་མ་བསྟན་པ་སྟེ། ཚད་ མ་གཞན་ཉིད་ཀྱིས་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་དེས་མ་ངེས་པའི་ཆོས་ཅན་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་དབང་གིས་སྒྲ་ངེས་པ་མ་ཡིན་གྱི་འོན་ཀྱང་མངོན་སུམ་གྱི་ཚད་ཀྱི་ལས་ཡིན་ནོ། །གལ་ཏེ་ཡང་དཔྱོད་པ་པས་བསྟན་བཅོས་ཚད་མ་ཉིད་དུ་ཁས་ལེན་པ་དེ་ལྟ་ན་ཡང་འདི་དག་ནི་ ཚིག་ཙམ་དུ་བྱེ་བྲག་མེད་པའི་ཕྱིར་ཕན་ཚུན་གགས་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ནུས་པ་མཚུངས་ཕྱིར་ཞེས་བྱ་བ་ནི་སྟོབས་མཚུངས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་རྟག་ཅེས་བྱ་བའི་བསྟན་བཅོས་ཀྱི་ངག་འདི་ལ་ཡང་སྟོབས་དང་ལྡན་པ་ཉིད་ཀྱི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྟག་པ་ཉིད་དུ་ དམ་བཅའ་བ་ཚད་མ་ཉིད་མ་ཡིན་པའི་ཕྱིར་གནོད་པ་ཅན་མ་ཡིན་པར་རིགས་པ་མ་ཡིན་ནོ། །བྱས་པ་ཉིད་ཀྱི་ཕྱིར་མི་རྟག་གོ་ཞེས་བཤད་པ་ཚད་མ་དང་ལྡན་པ་དེ་རྟག་པ་ཉིད་དུ་དམ་བཅའ་བ་ལ་གནོད་པ་ཅན་ཡིན་པ་དེ་བས་ན་དེ་དག་ནུས་པ་མཚུངས་པ་ཉིད་ཡིན་ཞེ་ན། དེ་ནི་བདེན་ཏེ་འདི་ལྟར་དེ་དག་ཚིག་གཉིས་པོ་ དག་གི་ནང་ནས་ཚིག་གཅིག་ལ་ཚད་མ་ཡོད་པ་ཞེས་བྱ་བ་ལ་སོགས་པས་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དཔེའི་ཕྱོགས་བསྟན་པར་བྱ་བའི་ཕྱིར་འདི་ཉེ་བར་བཀོད་པ་ཡིན་ཏེ་གཞན་དུ་གང་ལ་བསྟན་བཅོས་དང་ཅིག་ཤོས་གཉི་ག་དག་ཀྱང་ཚད་མ་ཉིད་མ་ཡིན་པའི་དཔེ་ཉེ་བར་བཀོད་བ་ཡིན་ནོ། །གང་ལ་ཡང་ བསྟན་བཅོས་ལ་ཉེ་བར་བསྟན་པ་ནི་ཆོས་ཅན་ཡིན་ཏེ། དཔེར་ན་མ་འོངས་པར་བདེ་བ་འབྱིན་པར་བྱེད་པ་མ་ཡིན་པའི་ཆོས་ཞེས་བྱ་བ་དེ་ལ་ཡང་བསྟན་བཅོས་དང་། ཅིག་ཤོས་དག་ནི་དམ་བཅའ་བ་ཚད་མ་ཉིད་མ་ཡིན་པའི་ཕྱིར་གགས་བྱེད་པ་ཉིད་རིགས་པ་ཡིན་གྱི་གནོད་པ་བྱེད་པ་ནི་མ་ཡིན་ནམ། དེ་བས་ན་ དངོས་པོ་དེ་ལ་དམིགས་པ་ཅན་མ་ཡིན་པ་ཞེས་བྱེ་བྲག་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། འདི་སྙམ་དུ་ཆོས་ཅན་རྣམ་པར་གཞག་པ་ནི་བསྟན་བཅོས་ལ་བརྟེན་པ་ཉིད་ཀྱི་ཕྱིར་རྣམ་པར་དཔྱོད་པའི་སྐབས་ཀྱི་བསྟན་བཅོས་རྒྱུ་མཚན་ཉིད་ཡིན་པ་དེ་ལྟར་ན་བསྟན་བཅོས་ཀྱི་ངག་ལ་སྟོབས་དང་ ལྡན་པ་ཉིད་ཡོད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཚེ་དེ་དག་ལས་ཚིག་གཅིག་ལ་ཚད་མ་དང་ལྡན་པ་མ་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ་བསྟན་བཅོས་ཀྱི་ངག་གང་ཡིན་པ་དང་། ཚིག་གང་ཡིན་པ་དེ་དང་འགལ་བ་དེ་དག་ནི་གཅིག་ལ་ཚད་མ་དང་ལྡན་པ་མ་ཡིན་པ་འགལ་བའི་ཚིག་ཡིན་ཏེ། ཚད་མ་དང་ བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཚད་མ་དང་ལྡན་པ་ཡིན་ན་ཞེས་བྱ་བ་ནི་གང་གི་ཚེ་བསྟན་བཅོས་ལ་ལྟོས་པའི་ཚིག་ཚད་མ་དང་ལྡན་པར་འགྱུར་བ་སྟེ། དཔེར་ན་དཔྱོད་པ་པས་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་གོ་ཞེས་སྨྲས་པ་ལྟ་བུའོ། །བསྟན་བཅོས་ལས་ཕྱིན་ཅི་ལོག་པའི་ཚིག་རྣམ་པ་གཉིས་པོ་འདི་ལ་བསྟན་བཅོས་ གང་ཡང་རུང་བའི་ཚིག་ཚད་མ་ཉིད་མ་ཡིན་པ་ན་ཡང་གནོད་པ་བྱེད་པ་ཉིད་ཡིན་པར་འདོད་པར་འགྱུར་རོ། །བསྟན་བཅོས་ཀྱི་ཕྱོགས་གཅིག་ཏུ་གྱུར་པའི་ཚིག་དེ་ཉིད་ཀྱི་མིང་སྟེ་མིང་ཅན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རིགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཚིག་གཅིག་ནི་ ཚད་མ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་དེ་བསྟན་པ་ཡིན་ནོ། །ཚད་མ་དང་ལྡན་པ་ཡིན་ན་ཞེས་བཤད་པ་གང་ཡིན་པ་དེ་ནི་ཚིག་གཅིག་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གནོད་པ་བྱེད་པ་ནི་ཚད་མ་ཡིན་ཏེ། དེ་ཡང་རྟོགས་པ་པོ་ཁས་ལེན་པའི་དབང་གིས་ཡིན་ནོ། །དེ་ཡང་། དེ་ལ་ཁས་བླངས་ འབྲས་རྟགས་དང་། །ཞེས་བྱ་བའི་སྐབས་སུ་དཔྱད་ཟིན་ཏོ། །རྗེས་སུ་དཔག་པའི་ནང་དུ་འདུ་བར་འགྱུར་རོ་ཞེས་བྱ་བ་ནི་མངོན་སུམ་ཉིད་མ་ཡིན་པ་ལ་ཚད་མ་ཉིད་དུ་ཞེས་བལྟ་བར་བྱ་སྟེ། མངོན་སུམ་ལས་གཞན་པའི་ཚད་མ་ཐམས་ཅད་རྗེས་སུ་དཔག་པའི་ནང་དུ་འདུས་པའི་ཕྱིར་རོ། །རྗེས་སུ་དཔག་པའི་རྒྱུ་ཉིད་ ཡིན་པའི་ཕྱིར་བསྟན་བཅོས་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པར་བརྗོད་དེ། བསྟན་བཅོས་ཀྱིས་ཀུན་ནས་སློང་བའི་རྗེས་སུ་དཔག་པའི་ཤེས་པའི་བསྟན་བཅོས་འབྲས་བུའི་རྟགས་ཡིན་ནོ། །གལ་ཏེ་ཐ་དད་པའི་ཚིག་ཡུལ་གྱི་ཞེས་བྱ་བ་ལ་སོགས་པ་ཁས་བླངས་པས་ཞེས་བྱ་བ་ནི་ལྔ་པ་ཡིན་ནོ། ། གལ་ཏེ་ཇི་སྐད་དུ་བཤད་པའི་ཡུལ་ཐ་དད་པ་བསྟན་པའི་དོན་དུ་རྗེས་སུ་དཔག་པ་དང་འགལ་བ་ལས་ཐ་དད་པའི་ཚིག་ནི་ཁས་བླངས་པའི་སྐབས་ཉིད་ཡིན་པའི་ཕྱིར་ལྟོས་པར་བྱ་བ་ཡིན་པའམ་ཁས་བླངས་པས་གནོད་པ་ལས་བྱ་བའི་ཚིག་དེ་ཉིད་དྲུག་པ་རྣམ་པར་བསྒྱུར་ལ་སྦྱར་བར་བྱའོ། །རང་གི་ཚིག་ཀྱང་ཐ་དད་པ་ཞེས་བྱ་བའི་ མདོ་ལ་དྲུག་པའི་དོན་གྱི་བདུན་པ་ཡིན་ནོ། །རང་གི་ཚིག་ནི་རིགས་པའི་སྒོ་ལས་ཐ་དད་པ་སྟེ་སོ་སོར་བྱས་པ་ཡིན་ནོ། །དེ་ལ་རྒྱུ་ནི་འདི་ཡིན་ཏེ། ཚིག་ཏུ་བརྗོད་པ་ཙམ་ལ་རག་ལས་པ་ཉིད་ནི་འགའ་ཞིག་གི་ཚེ་ཡང་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ཉིད་ནི་རང་གི་ཚིག་ཀྱང་ཐ་དད་པ་ཞེས་བྱ་བ་ ལ་སོགས་པས་འཆད་པར་བྱེད་དོ། །གགས་བྱེད་བ་འབའ་ཞིག་ཁོ་ནར་འགྱུར་གྱི་གནོད་པ་བྱེད་པ་ནི་མ་ཡིན་ནོ། །བསྟན་བཅོས་ལ་བརྟེན་པའི་ཆོས་ཅན་ནི་རྣམ་པར་དཔྱོད་པའི་རྟེན་ཉིད་ཡིན་པའི་ཕྱིར་བསྟན་བཅོས་སྒྲུབ་པར་བྱེད་པ་ཡིན་པར་ཡང་འགྱུར་རོ། །དེ་བས་ན་ཐ་དད་པའི་རྒྱུ་མཚན་ཡོད་པ་ཡིན་ནོ་ཞེས་བྱ་བར་ དགོངས་སོ། །རང་གི་ཚིག་དེ་དག་ཀྱང་རྟག་ཏུ་གགས་བྱེད་པ་ཉིད་མ་ཡིན་པ་དེ་ལྟར་ན་དེ་ལ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་གཅིག་ཚད་མ་དང་ལྡན་པའི་ཚིག་ཅེས་བྱ་བ་ནི་དམ་བཅའ་བའི་དོན་གཅིག་སྟོན་པར་བྱེད་པའི་ཚིག་སྟེ། གལ་ཏེ་ཚད་མ་དང་ལྡན་པར་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། ། དེའི་ཚེ་ཡང་ཚད་མའི་སྟོབས་ཀྱིས་གནོད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་རིགས་པར་དེ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་ཡིན་གྱི་རང་གི་ཚིག་གིས་གནོད་པ་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་ཚད་མ་ཉིད་ཡིན་པར་ཁས་ལེན་པའི་ཕྱིར་གནོད་པ་བྱེད་པར་སྐྱེས་པ་ཞེས་བྱ་བ་ནི་ཚད་མར་ཁས་བླངས་པའི་ཕྱིར་ དེ་ལས་གནོད་པ་བྱེད་པ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །དེ་ཡང་ཡིན་ལ་ལུང་ཡང་ཡིན་པས་ན་ལུང་དེའོ། །དེ་མི་འདོད་ན་ནི་བསྟན་བཅོས་གནོད་པ་བྱེད་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་སྐབས་ལ་ལྟོས་ནས་ཞེས་བྱ་བ་ཁོང་ནས་དབྱུང་བར་བྱའོ། །གལ་ཏེ་སྔར་ཞེས་བྱ་བ་ལ་སོགས་པས་ གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །སྔ་མ་དེས་ཞེས་བྱ་བ་ནི་སྔར་དེ་དང་པོར་བསྟན་བཅོས་ཁས་བླངས་པ་རྟེན་པས་སོ། །ཚིག་ཕྱི་མ་ལ་ཞེས་བྱ་བ་ནི་བསྟན་བཅོས་ཁས་མི་ལེན་པའིའོ། །འོ་ན་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་བསྟན་བཅོས་ཀྱང་རྒོལ་བས་ཁས་བླངས་པ་ཉིད་ལས་ ཚད་མ་ཡིན་གྱི་དངོས་པོའི་སྟོབས་ཀྱིས་མ་ཡིན་པ་དེ་ལྟར་ན་གལ་ཏེ་རང་གི་ཚིག་ཀྱང་ཡིན་པ་དེ་ལྟར་ན་འདི་དག་ལ་ཐ་དད་པ་ཅི་ཞིག་ཡོད། སྔར་ཇི་སྐད་བཤད་པ་བཞིན་དུ་ཞེས་བྱ་བ་ནི། བདག་གཞན་ཡིད་ཆེས་འདོད་པ་ཡིན། །ཅི་འདྲ་བ་ཞིག་ཅེ་ན། ཡང་དག་ངེས་དང་ལྡན་པའི་ངག ། ཅེས་བྱ་བའི་སྐབས་སུ་བསྟན་ཟིན་པའི་ཕྱིར་རོ། །གལ་ཏེ་རང་གི་ཚིག་དང་འགལ་བ་ལས་བསྟན་བཅོས་ཀྱི་འགལ་བ་ཐ་དད་པ་ལ་སྐྱོན་ཅི་ཞིག་ཡོད་ཅེ་ན། དེ་ལྟར་ན་གགས་བྱེད་པ་ཉིད་ཡིན་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། རང་གི་ཚིག་དང་འདྲ་བར་བསྟན་བཅོས་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ གྲགས་དོན་དག་ལ་ཞེས་བྱ་བ་འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་གང་གི་ཚེ་ཆོས་ཅན་དང་རྟགས་ཡིན་པར་ཞེས་བྱ་བ་ཡིན་ནོ། །དེ་ཡང་དོན་དམ་པར་རྟོགས་པའི་རྟེན་མ་ཡིན་པ་ཞེས་བྱ་བ་ནི་ལུང་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །དེ་བས་ན་ཁྲུས་ཞེས་བྱ་བ་ ལ་སོགས་པ་ལ་གལ་ཏེ་ཆགས་པ་མེད་པ་ལ་སོགས་པའི་རང་བཞིན་ཁྲུས་ལ་སོགས་པར་འགྱུར་བ་དེའི་ཚེ་ཆགས་པ་ལ་སོགས་པའི་ཕྱིན་ཅི་ལོག་པའི་རྣམ་པར་དམིགས་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་གནོད་པར་བྱེད་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། གང་དག་ཉོན་མོངས་པས་སྡིག་པའི་ལས་སྤྱོད་པ་ ངན་པའི་གནས་སྐབས་ཡིན་ཏེ། དེ་དག་ལ་ཚུལ་ཁྲིམས་ཀྱི་ཁྱད་པར་གནོད་པ་ཅན་ཡིན་ནོ། །གང་དག་མངོན་དུ་ཕྱོགས་གྱུར་ན་ཡང་ལས་ངན་པ་མི་སྤྱོད་པ་དེ་ནི་ཀུན་ནས་དཀྲིས་པ་ཡིན་ཏེ། དེ་དག་ལ་ཏིང་ངེ་འཛིན་གྱི་ཁྱད་པར་གནོད་པ་ཅན་ཡིན་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དེ་དག་གི་སྐྱེ་བ་རྣམ་པར་གནོན་ པའི་ཕྱིར་རོ། །ས་བོན་གྱི་དངོས་པོའི་གནས་སྐབས་ནི་བག་ལ་ཉལ་གྱི་གནས་སྐབས་ཡིན་ཏེ། དེ་དག་ལ་ཤེས་རབ་ཀྱི་ཁྱད་པར་གནོད་པ་ཡིན་ཏེ། བདག་མེད་པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་ཉོན་མོངས་པའི་ས་བོན་རྩད་ནས་འདོན་པ་ཉིད་ཀྱི་ཕྱིར་རོ། །འདིར་ཞེས་བྱ་བ་ནི་ལེའུ་དང་པོར་ལུང་གི་ཚད་མ་སྤྱོད་པའི་ སྐབས་སུའོ། །སྦྱིན་པ་ལ་སོགས་པའི་སེམས་པ་འཇུག་པ་ལས་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་མེད་ཚིག་ཅེས་བྱ་བའི་རྣམ་པར་འགྲེལ་པ་ནི་རང་གི་འདོད་པ་སྟོན་པར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རང་གིས་འདོད་པ་ནི་རང་འདོད་པ་སྟེ། ཚིག་གང་ལ་དེ་སྟོན་པར་བྱེད་པའི་ཡུལ་ཡོད་ པ་དེ་ལ་དེ་སྐད་ཅེས་བྱའོ། །རང་གི་འདོད་པ་སྟོན་པར་བྱེད་པའི་ཡུལ་ཅན་གྱི་ཚིག་གང་ལ་མ་བཀག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུ་ལ་སོགས་པའི་སྒྲའི་ཐ་སྙད་ལ་སྐྱེས་པའི་ཆོས་ཞེས་བྱ་བ་ནི་གནས་གཞན་ཟློག་པའི་སྒོ་ནས་བརྟག་པའི་ཆོས་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་ཐ་སྙད་དུ་བྱེད་ པ་ཡིན་གྱི་དངོས་པོ་ལ་སྒྲའི་དབང་གིས་ཆོས་འགའ་ཞིག་ཀྱང་སྐྱེ་བ་ནི་མ་ཡིན་ནོ། །ཐ་སྙད་དེ་ལ་སྐྱེས་པ་ཞེས་བྱ་བ་ནི་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་དེ། ཟླ་བའི་སྒྲའི་ཐ་སྙད་ལ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་ཀྱིས་རབ་ཏུ་གྲགས་པའི་རྟགས་ལ་བརྟེན་ནས་ཐམས་ ཅད་ལ་ཡོད་པ་ཉིད་དུ་སྲིད་པས་ཟླ་བ་ཉིད་མ་ཡིན་པར་དམ་བཅའ་བ་ལ་གནོད་པར་འགྱུར་རོ། །འདོད་པའི་སྒྲས་བསྟན་པར་བྱ་བ་ནི་ཕྱི་རོལ་གྱི་བརྗོད་པར་བྱ་བ་ཡིན་ཞིང་རབ་ཏུ་གྲགས་པ་ནི་འཇིག་རྟེན་གྱི་ཐ་སྙད་མ་ཡིན་ནམ་དེ་ཇི་ལྟར་ན་རང་བཞིན་གྱི་རྟགས་ཡིན། གང་གིས་ན། འགྲོ་ལ་གྲགས་པ་རང་ བཞིན་རྟགས། །ཞེས་བརྗོད་ཅེ་ན། དེ་ནི་བདེན་ཏེ། འོན་ཀྱང་རབ་ཏུ་གྲགས་པ་ནི་འདོད་པ་ཙམ་གྱི་རྗེས་སུ་འཇུག་པ་ཅན་ཡིན་ལ། འདོད་པ་ཙམ་གྱི་རྗེས་སུ་འཇུག་པ་ཅན་དེས་འདོད་པའི་སྒྲས་བརྗོད་པར་བྱ་བ་ནི་འདོད་པ་ཙམ་གྱི་རྗེས་སུ་འཇུག་པ་ཅན་རྣམ་པར་འཇོག་པ་གང་ཡིན་པ་དེ་ཉིད་ཉེ་བར་བཏགས་ ནས་གྲགས་པའི་སྒྲས་བསྟན་པ་ཡིན་ནོ། །དེ་ཡང་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་དེ་ལྟར་ན་རང་བཞིན་གྱི་རྟགས་ཡིན་ནོ། །འདིར་སྦྱོར་བ་ཡང་འདི་འདྲ་བ་ཡིན་ཏེ། གང་ཞིག་འདོད་པ་ཙམ་གྱི་རྗེས་སུ་འཇུག་པ་དེ་ནི་ཐམས་ཅད་ཡོད་པ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྟོག་པ་རང་རྒྱུད་པ་ འགའ་ཞིག་ལྟ་བུའོ། །འདོད་པའི་སྒྲ་ཡིས་བརྗོད་པར་བྱ་བ་ཉིད་ཀྱང་འདོད་པ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འཇལ་བྱེད་སྒྲ་སྒྲོ་བཏགས་པས་ཞེས་བྱ་བ་ལ་འདིར་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་དག་ཡོངས་སུ་གཅོད་པར་བྱེད་པར་ཆོས་མཐུན་པའི་ཕྱིར་ འཇལ་བྱེད་ཀྱི་སྒྲས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ཞེས་བྱ་བ་ལ་སོགས་པ་གསུམ་པོ་དག་ཀྱང་སྨོས་སོ། །རི་བོང་ཅན་ཟླ་བའི་སྒྲར་གྲགས་པ་ཉིད་དེ། སློབ་དཔོན་གྱིས་དཔེར་བཀོད་པ་ན་སྒྲ་གྲགས་པ་ཉིད་དུ་དེ་གྲུབ་པར་བསྟན་པ་མ་ཡིན་ནམ། དེ་ཅིའི་ཕྱིར་གྲགས་པ་མེད་ན་ཡང་སྒྲ་ལ་དངོས་པོ་དེ་ལ་ནི་ ཞེས་བྱ་བ་ལ་སོགས་པ་བརྗོད་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གྲགས་པ་དང་འགལ་བ་ལ་དཔེ་གཅིག་པོ་འདི་ཡོད་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ལ་ཐམས་ཅད་གྲགས་པ་ཡོད་ན་གྲགས་པ་མ་ཡིན་པའི་བརྗོད་པར་བྱ་བ་བཀག་པ་ན་ཡང་གྲགས་པ་དང་འགལ་བ་སྲིད་པའི་ཕྱིར་རོ། །དཔེ་ནི་ ཉེ་བར་མཚོན་པའི་ཕྱིར་བརྗོད་པ་ཡིན་ནོ། །དཔེར་ན་འཚེད་པར་བྱེད་པ་ཞེས་བྱ་བ་ནི་ཚོས་པ་མངོན་སུམ་དུ་གྱུར་པ་མ་ཡིན་ན་ཡང་རུང་བ་ཉིད་ཀྱི་སྟོབས་ཀྱིས་འཚེད་པར་བྱེད་པ་ཞེས་བརྗོད་དོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཐུན་མོང་མ་ཡིན་པ་ཉིད་དུ་ནི་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རི་བོང་ཅན་ལ་ཟླ་བའི་སྒྲས་བརྗོད་པར་ བྱ་བ་ཉིད་འགོག་པ་བསྒྲུབ་པར་བྱ་བ་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་མི་མཐུན་པའི་ཕྱོགས་ཡིན་ཏེ། ཇི་སྐད་དུ་བཤད་པའི་རྣམ་པས་ཐམས་ཅད་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཡིན་པ་དེ་ལྟར་ན་ཡོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མི་མཐུན་པའི་ཕྱོགས་ཉིད་ལ་འགྲུབ་པར་འགྱུར་རོ། །མཐུན་པའི་ ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་བ་ཡོད་ན་ཐུན་མོང་མ་ཡིན་པ་ཡིན་ནོ། །ཇི་སྲིད་དུ་དངོས་པོ་ཐམས་ཅད་འབྱུང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཇི་སྲིད་དུ་དངོས་པོ་ཐམས་ཅད་འབྱུང་བའི་ངང་ཚུལ་ཅན་ཏེ། དངོས་པོ་ཐམས་ཅད་འབྱུང་བའི་ངང་ཚུལ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་ཡང་ ཞེས་བྱ་བ་ནི་བྱས་པ་ཉིད་ལ་སོགས་པའི་རྟགས་ལའོ། །དེ་བས་ན་འདིར་ཡང་། གྲགས་པས་གྲུབ་པར་མི་འགྱུར་ན། །ཞེས་བྱ་བ་ནི་གལ་ཏེ་བྱས་པ་ཉིད་ལ་སོགས་པ་མཚན་ཉིད་མཚུངས་པ་ཅན་ཡིན་ན་འགལ་བ་མི་འཁྲུལ་པ་ཅན་དུ་འགྱུར་བ་དེའི་ཚེ། རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་ཡང་ འདོད་པའི་སྒྲའི་བརྗོད་པར་འདོད་པ་ཉིད་གྲགས་པས་གྲུབ་པ་མ་ཡིན་ཏེ། འདི་ལ་ཡང་དོགས་པ་ལྡོག་པ་མེད་པའི་ཕྱིར་རོ། །གྲགས་པ་གྲུབ་པ་ཡང་ཡོད་པ་ཡིན་ནོ། །དེ་ནི་ཡོད་པ་ཅི་ཞིག་བྱེད་ཅེ་ན། རྗེས་སུ་དཔག་པའི་ཡུལ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ན་དྲུག་པ་དང་དེ་ལ་ཕན་པ་དང་ཚིག་ ཐ་དད་པ་ལ་སོགས་པ་དག་ནི་ངེས་པའི་དོན་ཅན་མ་ཡིན་ནོ་ཞེས་བྱ་བ་འདི་དང་སྦྱར་རོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། འཆད་པ་པོ་མངོན་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་གི་བ་ལང་ཉིད་ཅེས་བྱ་བའི་དྲུག་པའི་སྦྱོར་བ་ལས་སྤྱི་ཐ་དད་པ་ཡོད་དོ་ཞེས་གཞན་དག་སེམས་སོ། །རྟ་ཉིད་དང་བ་ལང་ ཉིད་ཅེས་བྱ་བའི་དེ་ལ་ཕན་པའི་སྦྱོར་བ་ལས་བརྗོད་པ་དང་ཤེས་པའི་རྒྱུ་མཚན་གྱི་དངོས་པོ་ཡོད་པ་ཡིན་ནོ། །དེ་བཞིན་དུ། ཉེ་བའི་བ་ལང་ཅན་གྱི་བུ། །ཞེས་བྱ་བ་ནི་དེ་ལ་ཕན་པའི་སྦྱོར་བ་ལས་བུ་དང་ལྡན་པའི་འབྲེལ་པ་དངོས་སུ་ཡོད་པ་ཡིན་ནོ། །ཤིང་དག་དང་ཤིང་རྣམས་ཞེས་བྱ་བའི་ཚིག་ཐ་དད་པ་ ལས་གྲངས་དངོས་པོར་གྱུར་པ་ཡོད་པ་ཡིན་ནོ། །དེ་བཞིན་དུ་ཤིང་ཞེས་བྱ་བའི་ཚིག་གཅིག་པ་ལས་ཡན་ལག་ཅན་གྱི་རྫས་གཅིག་ཡོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཟུགས་ལ་སོགས་པ་མང་པོ་དག་ལ་ཚིག་གཅིག་རྒྱུ་མེད་པ་ཅན་ཅི་ལྟར་འགྱུར། ཡོད་པ་ཉིད་དང་ལྡོག་པ་དང་། །ཞེས་བྱ་བ་ལ་སོགས་པ་ ལ་བདག་ལ་སོགས་པའི་སྒྲའི་སྦྱོར་བ་ལས་བདག་ལ་སོགས་པ་ཐ་དད་པར་ཡོད་པ་ཉིད་གྲུབ་པ་མ་ཡིན་ཞིང་། གྲུབ་པའི་དབང་གིས་བ་ལང་ཉིད་ལ་སོགས་པའི་དྲུག་པ་གྲུབ་པ་མ་ཡིན་ལ། རིགས་ཀྱི་སྒྲ་གཞི་མཐུན་པ་ལས་རིགས་ནི་རྫས་ལས་ཐ་དད་པ་མེད་པ་མ་ཡིན་ཏེ། རིགས་མེད་པ་ཉིད་ཀྱི་ཕྱིར་གཉི་ག་ ཡང་འཐད་པ་མ་ཡིན་ནོ། །ཤིང་ཞེས་བྱ་བ་ལ་སོགས་པ་ཚིག་གཅིག་པའི་སྦྱོར་བ་ལས་ཡན་ལག་ཅན་གཅིག་གྲུབ་པ་མ་ཡིན་ཞིང་ཚིག་གཉིས་པ་ལ་སོགས་པའི་སྦྱོར་བ་ལས་ཀྱང་དུ་མ་ཉིད་མ་ཡིན་ཏེ། སྒྲ་ཙམ་ལས་གྲུབ་པ་ཉིད་ཡིན་ན་ནི་ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་འགྱུར་རོ། །ཟླ་བ་གཅིག་ ཡོད་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རིགས་པའི་སྒོའི་ཊཱི་ཀཱ་བྱེད་པའི་གཞུང་འགོད་པ་ཡིན་ནོ། །དེ་དང་འགལ་བ་ཡང་གྲགས་པ་དང་འགལ་བའོ། །དེ་ལྟར་ད་ཏྲིག་ཤིང་མིན་ཞེས། །ཞེས་བྱ་བ་ནི་མདོ་ཡིན་ལ་འདིའི་རྣམ་པར་འགྲེལ་པ་ནི་ད་ཏྲིག་ཤིང་མ་ཡིན་པར་ཞེས་བྱ་བའོ། །དེ་བས་ན་དེ་དངོས་ སུ་གྲུབ་པ་ཡིན་ན་རི་བོང་ཅན་ལ་ཡང་ཟླ་བ་ཉིད་ཡོད་པ་ཞེས་བྱ་བ་ལ་གལ་ཏེ་ཟླ་བ་ཉིད་ཀྱི་རྒྱུ་མཚན་གྱི་དངོས་པོ་རི་བོང་ཅན་དུ་ཁས་ལེན་པར་བྱེད་ན་ཞེས་བྱ་བར་དགོངས་སོ། །གྲགས་པ་ཞེས་བྱ་བའི་རྗེས་དཔོག་ཅེས་བྱ་བ་ནི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཅན་གྱི་གྲགས་པ་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ གང་ཡིན་པ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་བས་ན་རང་བཞིན་གྱི་རྟགས་ལས་འདོད་པའི་སྒྲས་བརྗོད་པར་བྱ་བ་ཐམས་ཅད་ལ་ཡོད་པའི་ཆོས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དེའི་ཡུལ་ཅན་གྱི་ཤེས་པ་ནི་འདིར་རྗེས་སུ་དཔག་པ་ཡིན་ནོ། །ཤེས་པ་དེ་ཉིད་བརྒྱུད་པས་ གྲགས་པས་བྱས་པ་ཉིད་ཡིན་པའི་ཕྱིར། གྲགས་པའི་རྗེས་སུ་དཔག་པ་ཞེས་བརྒྱུད་པས་བསྟན་པ་ཡིན་ནོ། །བརྡ་འགོག་མེད་ལ་སྐྱེས་པ་ཡི། །འདི་ལྟར་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་བརྡ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཉིད་ཡིན་ནོ། །དེ་བས་ན་འདོད་པ་ཙམ་དང་རྗེས་ སུ་འབྲེལ་པའི་ཕྱིར་ཐམས་ཅད་དུ་སྲིད་པའི་རྗེས་སུ་དཔག་པ་ཡིན་ནོ། །དོན་འདི་ཉིད་ནི་སྦྱོར་བས་གསལ་བར་བྱེད་དོ། །དང་པོའི་དོན་ལ་བརྡར་བྱས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རིགས་བརྗོད་པས་རྫས་ལ་འཇུག་པ་དེ་བས་ན་རིགས་དང་པོའི་དོན་ཡིན་ཏེ་དེར་ཡང་རྒྱུ་མཚན་གཞན་ལ་ལྟོས་པ་མེད་པའི་ ཕྱིར་འདོད་རྒྱལ་གྱི་སྒྲར་འགྱུར་རོ། །ཁས་བླངས་པ་དང་གྲགས་པས་གནོད་པ་དག་ཅེས་བྱ་བའི་ཚིག་གཉིས་པ་ནི་རང་གི་ཚིག་དང་ཡིད་ཆེས་པའི་ཚིག་གཅིག་ཏུ་བྱས་པའི་ཕྱིར་རོ། །དེ་དག་གནོད་པ་གཉིས་པོའི་ཞེས་བྱ་བ་ནི་ཁས་བླངས་པ་དང་གྲགས་པས་གནོད་པ་དག་གིའོ། །དཔེར་ན་གཞལ་ བྱའི་དོན་ཅན་དག་གི་ཚད་མ་ཞེས་བྱ་བ་ལ་སོགས་པས་ཚད་མ་ཀུན་ལས་བཏུས་པའི་གཞུང་འགོད་པ་ཡིན་ནོ། །དམ་བཅའ་བ་ཙམ་གྱིས་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་སྐབས་ལ་བརྟེན་པ་ཉིད་ཀྱི་བསྟན་བཅོས་དང་རང་གི་ཚིག་དག་རྒོལ་བས་ཚད་མ་ཉིད་དུ་དམ་བཅས་པ་དེ་ཙམ་གྱིས་ཞེས་བྱ་བའི་ཐ་ ཚིག་གོ། །དེ་ཉིད་ནི་བསྟན་བཅོས་དང་རང་གི་ཚིག་དག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གལ་ཏེ་ཡང་རང་གི་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་དོན་ལ་མི་སླུ་བའི་རྟགས་ཀྱིས་ཚད་མ་ཉིད་དུ་གྲུབ་པ་དེ་ལྟར་ན་རྗེས་སུ་དཔག་པ་གྲུབ་པ་ཉིད་ཀྱི་ཕྱིར་གནོད་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཡིད་ ཆེས་པས་གནོད་པ་རྒྱུ་དང་བཅས་པ་ནི་སྒྲ་ལས་བྱུང་བའི་གྲགས་པས་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །འདི་ལ་གཉིས་ཡོད་པ་ནི་མ་ཡིན་པས་ན་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དེ་འོན་ཀྱང་རང་གི་མཚན་ཉིད་ཡིན་ནོ། །མངོན་སུམ་དོན་ཞེས་བྱ་བ་འདི་ལ་ཞེས་བྱ་བ་ནི། མངོན་སུམ་དོན་དང་ རྗེས་དཔག་དང་། །ཡིད་ཆེས་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་མདོ་འདི་ལའོ། །རྣ་བའི་དབང་པོ་ཡུལ་ཉིད་དུ་ཞེས་བྱ་བ་ནི་སྒྲའི་རང་གི་མཚན་ཉིད་ཉིད་དོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ། རྣ་བའི་རྣམ་པར་ཤེས་པས་གཟུང་བར་བྱ་བ་སྒྲ་རང་གི་མཚན་ཉིད་རྣ་བའི་ཡུལ་ཉིད་ཡིན་པའི་ཕྱིར་མཉན་པ་ཡིན་ལ། དེས་ཀྱང་ མཉན་པར་བྱ་བ་མ་ཡིན་པར་དམ་བཅའ་བ་བསྩལ་བ་ཡིན་ནོ། །དེ་ཡང་མངོན་སུམ་ཉིད་ཀྱིས་ངེས་པ་ཉིད་ཡིན་པའི་ཕྱིར་མངོན་སུམ་གྱིས་གནོད་པ་ཡིན་གྱི། རྣ་བ་དང་སྒྲ་དག་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་འབྲེལ་པའི་སྒྲའི་དོན་མཉན་པར་བྱ་བ་མ་ཡིན་ནོ། །དེ་བས་ན་གསལ་བྱེད་པ་ལ་སོགས་པ་དག་གིས་ སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་རྗེས་སུ་དཔག་པ་ལ་གནོད་པ་ཡིན་ཏེ་འབྲེལ་པ་བཀག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་རྣ་བ་དང་སྒྲ་དག་གིས་འབྲེལ་པ་མངོན་སུམ་གྱིས་རྟོགས་པར་བྱ་བ་ཡིན་པ་དེ་ལྟར་ན་དེ་ནི་སྒྲའི་དོན་མི་ཤེས་པ་དག་གིས་བརྗོད་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེ་ཉིད་ བསྟན་པར་བྱ་བའི་ཕྱིར་རྣ་བ་དང་ལྷན་ཅིག་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲུབ་པ་གང་ཡིན་པ་དེ་ལྟ་བུའི་ངོ་བོར་ཞེས་བྱ་བ་ནི་རང་གི་ངོ་བོ་རྣམ་པར་གནས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་སྒྲའི་རང་གི་མཚན་ཉིད་དོ། །དེའི་སྟོབས་ཀྱིས་གྲུབ་པའི་དངོས་པོ་ནི་རྣ་བའི་རྣམ་པར་ཤེས་པའི་ཤུགས་ ཉིད་ལས་གྲུབ་པའི་དངོས་པོའོ། །རང་གི་ཆོས་ཅན་ཞེས་བྱ་བ་དེ་ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པར་རང་གི་ཆོས་ཅན་ཞེས་བརྗོད་པ་གང་ཡིན་པའོ། །དེ་བས་ན་གནོད་པ་སྨོས་པས་ཞེས་བྱ་བ་ནི་ཆོས་ལ་གནོད་པ་སྨོས་པས་ཀྱང་ངོ་། །མཁའ་སོགས་མིན་ཞེས་བྱ་བ་ནི་ཆོས་ཅན་སྟོན་པའོ། །འདི་ཉིད་ཀྱི་རྣམ་པར་ འགྲེལ་པ་ནི་ནམ་མཁའ་ལ་སོགས་པ་ཞེས་བྱ་བ་ཡིན་ནོ། །སོགས་པའི་སྒྲས་ནི་ཕྱོགས་དང་དུས་ལ་སོགས་པ་གཟུང་ངོ་། །དཔེར། སྔོན་མེད་ངོ་བོ་གཞན་གྱིས་བསྐྱེད་བྱ་མིན། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་འཆད་པ་ཡིན་ནོ། །འདི་ཉིད་ཀྱི་བཤད་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ ཡིན་ནོ། །འདིར་བསྒྲུབ་པར་བྱ་བ་ནི་རྣམ་པར་གཅོད་པ་ཙམ་ཡིན་གྱི་བཟློག་པས་ཕུལ་དུ་བྱུང་བ་ཉིད་མ་ཡིན་ནོ། །དེ་ཉིད་ནི་གཅིག་གི་རང་བཞིན་དུ་གནས་པ་དང་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བ་ནི་སྒྲའི་རྒྱུ་ནམ་མཁའ་དེ་གལ་ཏེ་རྟག་པར་འགྱུར་བ་དེའི་ཚེ་ རྒྱུ་རྟག་ཏུ་ཉེ་བའི་ཕྱིར་ཅིག་ཅར་སྒྲ་རྣམས་སྐྱེ་བར་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །སོགས་པའི་སྒྲས་ནི་ཕྱོགས་རྣམས་ཅིག་ཅར་ཤར་ལ་སོགས་པའི་ཤེས་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་ལ་དུས་ཀྱང་ཅིག་ཅར་དང་ཡུན་རིང་པོའི་ཤེས་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །གཏན་ཚིགས་ ཀྱང་རྣམ་པར་གཅོད་པ་ཙམ་ཡིན་གྱི་རིམ་གྱིས་འབྲས་བུ་བྱེད་པ་མ་ཡིན་ཏེ་ནམ་མཁའ་ལ་སོགས་པར་དངོས་པོར་གྱུར་པ་མ་ཡིན་པ་ལ་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་གཅོད་པའི་ངོ་བོའི་གཏན་ཚིགས་ཞེས་བྱ་བ་སྨོས་སོ། །མཁའ་སོགས་ཆོས་ཅན་དངོས་མེད་ཀྱི། །ངོ་བོ་ ཉིད་ཀྱང་དེ་དང་འདྲ། །ཞེས་བྱ་བ་ལ་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་བཞིན་ཉིད་དུ་གྱུར་པ་མིན་པར་ཡང་གཏན་ཚིགས་འདིས་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་བཞིན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་ དོ། །གལ་ཏེ་ཇི་ལྟར་ན། ཅིག་ཅར་སྒྲ་སོགས་རྒྱུ་མེད་ཕྱིར། །ཞེས་བྱ་བའི་གཏན་ཚིགས་འདི་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ཞེ་ན། འདི་སྙམ་དུ་ཇི་ལྟར་ཅིག་ཅར་སྒྲ་ལ་སོགས་པའི་རྒྱུ་མ་ཡིན་པ་ད་ལྟར་རིམ་གྱིས་ཀྱང་སྒྲ་ལ་སོགས་པའི་རྒྱུ་ཉིད་ཡིན་པར་མི་འདོད་དེ། ནམ་མཁའ་ལ་སོགས་པ་རྟག་ པ་ཡང་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དོན་གྱིས་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བ་དེ་ལྟར་ན་གཏན་ཚིགས་ཀྱི་དོན་འདི་ཉིད་དུ་གནས་པ་ཡིན་ནོ། །གཏན་ཚིགས་རྣམ་པར་གཅོད་པའི་ངོ་བོ་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བའི་ གཏན་ཚིགས་རྣམ་པར་གཅོད་པ་ཙམ་གྱི་ངོ་བོ་མེད་པར་དགག་པ་ཙམ་གྱི་མཚན་ཉིད་མ་གྲུབ་པ་ཉིད་མ་ཡིན་ཏེ། དངོས་པོར་གྱུར་པའི་ཆོས་ཅན་མེད་ན་ཡང་ཐ་སྙད་པའི་ཆོས་ཅན་རྣམ་པར་གཅོད་པ་ཙམ་ལ་གནོད་པ་མེད་པའི་ཕྱིར་རོ། །དེའི་ཚེ་འདིར་གྲངས་ཅན་ལ་ཞེས་བྱ་བ་ལ་སོགས་པ་ལ། ཅིག་ཅར་སྒྲ་སོགས་ རྒྱུ་མིན་ཕྱིར། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རེག་བྱ་དང་། གཟུགས་དང་། རོ་དང་དྲི་རྣམས་གཟུང་སྟེ། དེ་དག་ནི་བདེ་བ་ལ་སོགས་པའི་འབྲས་བུ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འདིར་གཏན་ཚིགས་ནི་རྣམ་པར་གཅོད་པ་ཙམ་མ་ཡིན་གྱི། འོན་ཀྱང་བཟློག་པས་རིམ་གྱིས་སྒྲ་ལ་སོགས་པའི་རྒྱུ་ཉིད་ ཡིན་པ་དེའི་ཕྱིར་རིམ་བཞིན་བྱེད་པ་གཏན་ཚིགས་ཉིད་དུ་གཟུང་བ་ཞེས་བྱ་བས་འཆད་པར་འགྱུར་རོ། །ཤུགས་ཀྱིས་བདེ་བ་ལ་སོགས་པ་མི་རྟག་པའི་རང་བཞིན་དུ་ཞེས་བྱ་བ་ཉིད་རྟག་པ་ཉིད་བཀག་པའི་ཤུགས་ཀྱིས་མི་རྟག་པ་ཉིད་འདོད་པར་འགྱུར་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བར་ དགོངས་སོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མི་རྟག་པའི་རང་བཞིན་གྱིས་ཆོས་ཅན་མེད་པ་བསྒྲུབ་པར་བྱ་བ་ལ་རྟག་པའི་རང་བཞིན་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ཡིན་ནོ། །དེ་བས་ན་རིམ་གྱིས་འབྲས་བུ་བྱེད་པའི་ཕྱིར་གཏན་ ཚིགས་འདི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །རིམ་གྱིས་འབྲས་བུ་བྱེད་པ་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཉིད་ཡིན་ན་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་དེ་ཅིའི་ཕྱིར་མི་བརྗོད་འདི་སྐད་དུ་བརྗོད་པར་བྱ་སྟེ། མི་རྟག་པ་ཉིད་མེད་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་མི་རྟག་པ་ཉིད་ལྡོག་པ་མ་ཡིན་ནམ་ཞེ་ན། དེ་ནི་བདེན་ཏེ། གཞན་དག་དེ་ལྟར་མི་འདོད་པ་དེ་ལྟར་ན་དེའི་ངོར་བཤད་པ་ཡིན་ནོ། །གཏན་ཚིགས་སྔ་མའི་ཞེས་བྱ་བ་ནི་དཔེར། སྔོན་མེད་ངོ་བོ་གཞན་གྱིས་བསྐྱེད་བྱ་མིན། །ཞེས་བྱ་བ་ལ་སོགས་པས་བཤད་པ་དེ་ལ་རིམ་གྱིས་ཀྱང་དོན་བྱེད་པར་མི་འདོད་ཅིང་ཅིག་ཅར་ཡང་མ་ཡིན་པ་དེ་ལྟར་ན་ དོན་གྱི་བྱ་བ་དང་བྲལ་བའི་ཕྱིར་འདི་ཉིད་གཏན་ཚིགས་ཀྱི་དངོས་པོ་ཡིན་ནོ། །དེ་ཡང་སྐབས་གཞན་དུ་ལན་དུ་མར་ཁྱབ་པ་བསྟན་པར་བྱ་བ་ཡིན་ནོ། །ཁྱད་པར་མ་གྲུབ་པ་ལ་སོགས་པ་ཞེས་བྱ་བ་ནི་ཁྱད་པར་རབ་ཏུ་མ་གྲུབ་པ་ནི་དཔེར་ན་སངས་རྒྱས་པས་གྲངས་ཅན་པ་ལ་སྒྲ་འཇིག་པ་ཅན་ཡིན་ནོ་ཞེས་བྱ་བ་ ལྟ་བུ་ཡིན་ཏེ། སྒྲའི་འཇིག་པ་བརྗོད་པར་བྱ་བའི་དོན་ཉིད་གྲངས་ཅན་ལ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་གྱི་གཞི་མ་གྲུབ་པ་ནི་དཔེར་ན་བྱེ་བྲག་པས་སངས་རྒྱས་པ་ལ་བདག་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །གཉི་ག་མ་གྲུབ་པ་ནི་དཔེར་ན་བདག་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། ། སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་མངོན་སུམ་ལ་སོགས་པས་བསྩལ་བ་དག་ལ་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་ཡིན་པ་དེ་བས་ན་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་པའི་རྒྱུའི་ཕྱིར་ཕྱོགས་ལྟར་སྣང་བ་བརྗོད་པ་སྟེ། དགའ་བྱེད་བདག་པོ་ལ་སོགས་པའི་བརྗོད་པ་ཚད་མ་ ཀུན་ལས་བཏུས་པ་མཛད་པས་ཅིའི་ཕྱིར་མ་བཤད་ཅེ་ན་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །དཔེ་བསྒྲུབ་པར་བྱ་བས་སྟོང་པ་ལ་སོགས་པ་སྐྱོན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་གལ་ཏེ་ཁྱད་པར་མ་གྲུབ་པས་བསྒྲུབ་པར་བྱ་བའི་ཆོས་ཅན་མ་གྲུབ་པའི་ཕྱིར་བརྗོད་པ་ཡིན་ནོ། །དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསྒྲུབ་ པར་བྱ་བའི་ཆོས་ཅན་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །ཅི་སྟེ་དཔེ་མ་གྲུབ་པ་ཡིན་པ་དེའི་ཚེ་དཔེ་བསྒྲུབ་པར་བྱ་བས་སྟོང་པའི་སྐྱོན་ཡིན་ཞིང་ཁྱད་པར་གྱི་གཞི་མ་གྲུབ་ན་ཡང་གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ། །གཉི་ག་མ་གྲུབ་པ་ཡང་དེ་མ་ཐག་ཏུ་འདས་པའི་ སྐྱོན་དེ་དག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དམ་བཅའ་བ་ཙམ་ཉིད་ཀྱིས་ཞེས་བྱ་བ་དོན་གཞན་འདི་སྟོན་པར་བྱེད་པའི་ཚིག་ཅེས་བྱ་བ་ནི་ཡིད་ཆེས་པ་དང་རང་གི་ཚིག་ཚད་མ་ཡིན་པར་དམ་བཅའ་བ་ཙམ་གྱིས་ཞེས་བྱ་བ་ལ་དམ་བཅའ་བ་ཙམ་གྱིས་ཞེས་བྱ་བའི་ཚིག་འདིའི་དོན་འདི་ནི་སྔར་བཤད་པ་ཡིན་ནོ། །དེ་ལ་ལྟོས་ནས་ གཞན་འདི་ཞེས་དམ་བཅའ་བ་ཙམ་གྱིས་ཕྱོགས་ཀྱི་སྐྱོན་ཡོད་པ་ཡིན་གྱི། གཏན་ཚིགས་ལ་སོགས་པའི་སྐྱོན་གྱི་སྒོ་ནས་ནི་མ་ཡིན་ནོ་ཞེས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །མངོན་སུམ་ལ་སོགས་པ་དང་འགལ་བ་ཐམས་ཅད་ལ། ཡན་ལག་ཕྱི་མ་ལ་ལྟོས་སྐྱོན། །གང་ཡིན་པ་དེའི་རྗེས་བྱེད་ པ། །དེས་མིན་ཞེས་བཤད་ཅེ་ན་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །འདིར་འབྲེལ་པ་ནི་རིམ་པ་ཐ་དད་པ་ཅན་ཡིན་ནོ། །ཁྱད་པར་གྱི་གཞི་མ་གྲུབ་པ་ལ་སོགས་པའི་སྐྱོན་གང་ཡིན་པ་དེ་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ ཡན་ལག་ཕྱི་མ་ལ་ལྟོས་པའི་སྐྱོན་དེས་རྗེས་སུ་བྱེད་ཅིང་དམ་བཅའ་བ་ཡུལ་དུ་བྱེད་པ་ཡིན་ནོ། །གཏན་ཚིགས་ལ་སོགས་པའི་སྐྱོན་ཐམས་ཅད་དང་དམ་བཅའ་བ་འགལ་བའི་ཕྱིར་རོ། །དེ་དག་ནི་དམ་བཅའ་བ་ཙམ་གྱིས་ཡོད་པ་མ་ཡིན་ནོ། །ཆོས་ཀྱི་རང་གི་ངོ་བོ་བསལ་བས་དམ་བཅའ་བའི་སྐྱོན་གང་ ཡིན་པ་བཤད་པ་ཞེས་བྱ་བ་ནི་བུམ་པ་རྟག་ཅེས་བྱ་བའི་དམ་བཅའ་བ་འདིའི་རྟག་པ་ཉིད་རྗེས་སུ་དཔག་པས་བགྲོད་པ་ཉིད་ཀྱི་ཕྱིར་ཚད་མ་ཀུན་ལས་བཏུས་པར་ཆོས་ཀྱི་རང་གི་ངོ་བོ་བསལ་བས་དམ་བཅའ་བའི་སྐྱོན་བཤད་པ་ཡིན་ནོ། །ཆོས་ཀྱི་ཁྱད་པར་དཔེར་ཞེས་བྱ་བ་ནི་ཡན་ལག་ལས་ཡན་ལག་ཅན་གཞན་ མ་ཡིན་ཏེ། སྲང་མདའ་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིས་ཆོས་ཅན་གྱི་ཁྱད་པར་ལ་སོགས་པ་ཡང་བསལ་བ་ཡིན་ནོ། །སོགས་པའི་སྒྲས་ནི་རང་གི་ངོ་བོ་བསལ་བ་དང་། གཉི་གའི་རང་གི་ངོ་བོའི་ཁྱད་པར་བསལ་བ་གཟུང་ངོ་། །དེ་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་ཆོས་ཀྱི་ཁྱད་པར་ དེའི་དཔེ་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ནི་དེ་སྟོན་པར་བྱེད་པ་མ་ཡིན་ཏེ་ཞེས་འཆད་པར་བྱེད་དེ། དེའི་ཚེ་ཆོས་ཅན་གྱི་ཁྱད་པར་ལ་སོགས་པ་བསལ་བ་ཞེས་བྱ་བར་སྦྱར་རོ། །དམ་བཅའ་བ་བྱས་པ་ན་ཞེས་བྱ་བ་ནི་བྱེ་བྲག་པས་སོ། །འདིར་ཡང་ཆོས་ཅན་ཡན་ལག་ཅན་དེ་ཡན་ལག་ དག་ལས་ཆོས་གཞན་ཉིད་ཡིན་པ་བསྒྲུབ་པར་བྱ་བ་ཡིན་ཞིང་ཆོས་དེའི་ཁྱད་པར་ལྕི་བ་ལ་སོགས་པ་མ་བཤད་དུ་ཟིན་ཀྱང་མེད་ན་མི་འབྱུང་བ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་དེ་མ་ཐག་ཉིད་དུ་སྟོན་པར་འགྱུར་རོ། །ཆོས་ཅན་གྱི་ཁྱད་པར་ལྕི་བ་ལ་སོགས་པ་དེ་དག་ཀྱང་སྲང་མདའ་དམའ་བའི་ཁྱད་པར་ འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འབྲས་བུ་མི་དམིགས་པའི་མཚན་ཉིད་ཅན་གྱི་རྗེས་སུ་དཔག་པ་འདིས་བསལ་བར་འགྱུར་རོ། །འདིའི་ཁྱབ་པ་ཡང་རྒྱས་པར་འོག་ནས་སྒྲུབ་པར་འགྱུར་རོ། །གཞན་གྱི་ཁྱད་པར་བསལ་བ་ཡིན་གྱི་ཞེས་བྱ་བ་གཞན་གྱི་ཁྱད་པར་ནི་ལྕི་བ་ཉིད་ལ་སོགས་པ་སྟེ་དེ་བསལ་བ་ཡིན་ནོ། ། ལྕི་བ་ལ་སོགས་པའི་ཞེས་བྱ་བའི་སོགས་པའི་སྒྲས་ནི་འོག་ཏུ་འགྲོ་བ་ལ་སོགས་པ་གཟུང་ངོ་། །ལྡན་ཡོད་ཅེས་བྱ་བ་ནི་ཡན་ལག་ལྡན་པ་ལྷན་ཅིག་བྱེད་པ་ཅན་འབྲས་བུའི་རྫས་རྩོམ་པར་ཁས་ལེན་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྡུལ་ཕྲ་རབ་རེ་རེ་མཐོང་བའི་འབྲས་བུ་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཀྱིས་མི་རུང་བའི་ཕྱིར་རོ། །དེའི་འབྲས་བུ་ཡང་མཐོང་བ་ཡིན་ཏེ། དེ་མཐོང་ནས་ཡུལ་གཞན་ལ་གནས་པའི་སྒྲིབ་གཡོགས་དང་རང་གི་ཡུལ་ལ་གཞན་གྱི་སྐབས་མི་འབྱེད་པ་ནི་ཐོགས་པ་ཉིད་ཡིན་ནོ། །ཡོན་ཏན་མེད་དང་བྱེད་པ་དེ་དག་གང་ལ་མེད་པ་དེ་ལ་དེ་སྐད་ ཅེས་བྱའོ། །ཡོན་ཏན་མེད་པ་ཅན་ཉིད་ཀྱི་ཕྱིར་དང་བྱེད་པ་མེད་པ་ཅན་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །རྡུལ་ཕྲ་རབ་ཆ་གཉིས་པ་ནས་བརྩམས་པའི་རྡུལ་ཕྲ་མོ་ཆ་གཉིས་པ་ནི་ཡན་ལག་ཅན་གྱི་རྫས་ཡིན་ནོ། །ཕྲ་མོ་དེ་ཉིད་རྡུལ་ཕྲན་ཆ་གསུམ་པ་ལ་སོགས་པ་ཆེན་པོ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། ། སྲང་མདའ་དམའ་བའི་ཁྱད་པར་དེ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྫས་ཀྱི་ཕྲེང་བ་ལྕི་བར་བྱས་པ་འབྲས་བུའི་རྫས་ཐམས་ཅད་ལྕི་བར་བྱེད་པ་མ་ཡིན་པ་དེ་ལྟར་ན་འབྲས་བུའི་རྫས་རེ་རེ་ལྕི་བར་བྱེད་པར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། ཚོགས་པས་བྱས་པ་ཡིན་ཏེ། རེ་རེ་ལ་དེ་ལྟ་བུར་གྱུར་པའི་ལྕི་བ་ཉིད་མེད་ པའི་ཕྱིར་ཚོགས་པས་བྱས་པ་ཡིན་ནོ། །ཚོགས་པས་བྱས་པ་སྲང་མདའ་དམའ་བའི་ཁྱད་པར་དེ་ཡང་ཡན་ལག་གཞན་གྱིས་བྱས་པའི་ཁྱད་པར་ཡང་ཆུང་བ་ཉིད་ཀྱི་ཕྱིར་རྟོགས་པར་མི་འགྱུར་རོ། །དེ་ཉིད་ནི་དེ་བས་ན་འབྲས་བུ་གཞན་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྡུལ་ ཆ་གཉིས་པ་ལ་སོགས་པའི་འབྲས་བུའི་རྫས་དུ་མ་ཞེས་བྱ་བ་ནི་རིམ་གྱིས་རྡུལ་ཕྲན་ལ་སོགས་པ་སྦྱོར་བ་ན་ཡན་ལག་ཅན་གྱི་མཐར་ཐུག་པའི་འབྲས་བུའི་ཕྲེང་བ་ཐ་མ་སྐྱེ་བར་འགྱུར་རོ་ཞེས་གཞན་གྱིས་ཁས་བླངས་པ་ཡིན་ནོ། །རྡུལ་གྱི་ཚོགས་དེ་ཙམ་ཉིད་ཅིག་ཅར་སྦྱོར་བ་ན་རྡུལ་ཆ་གཉིས་པ་ལ་སོགས་པའི་ གོ་རིམས་ཡོད་པ་མ་ཡིན་གྱི། འོན་ཀྱང་འབྲས་བུའི་རྫས་གཅིག་ཡན་ལག་ཅན་ཐ་མ་ཞེས་བྱ་བའི་མིང་ཅན་དུ་འགྱུར་རོ། །གཞན་ཡང་ལྕི་བའི་ཁྱད་པར་དེའི་ཕྱིར་ཞེས་བྱ་བ་རྡུལ་གྱི་ཚོགས་རིམ་དང་ཅིག་ཅར་སྦྱོར་བ་གང་ཡིན་པ་དེ་མ་ཐག་པའི་ལྕི་བའི་ཁྱད་པར་ཐོབ་པ་གང་ཡིན་པ་དེའི་ཕྱིར་རོ། །མ་ཤ་ལ་ སོགས་པ་སོ་སོར་བཀར་བ་ཞེས་བྱ་བ་ནི་མ་ཤ་ལ་སོགས་པ་མེད་པར་མ་ཤ་ལ་སོགས་པ་གཅིག་ལ་གཅིག་ལྡན་པ་བཀར་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མ་ཤ་ཀ་ལ་སོགས་པའི་རྫས་ལས་ཐ་དད་པ་ཡན་ལག་ཅན་གྱི་རྫས་རྩོམ་པ་ཡོད་པ་མ་ཡིན་པ་དེ་བས་ན་མ་ཤ་ཀ་ལ་སོགས་པའི་ཡན་ལག་རྣམས་དེར་ལྕི་བ་ ཡིན་ནོ། །དོན་འདི་ཉིད་ནི་དེ་སྐད་དུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྷན་ཅིག་བཀར་བའི་ཚེ་ཞེས་བྱ་བའི་མདོའི་ཆ་ལ་རིམ་བཞིན་ཞེས་བྱ་བ་ལ་སོགས་པ་ཁོང་ནས་དབྱུང་བ་སྨོས་སོ། །མ་ཤ་ཀའི་ཚོགས་ཇི་སྲིད་པ་སོ་སོར་བཀར་བ་ན་དེ་ལ་གཞན་བསྣན་ཞིང་བཀར་བ་དང་གསུམ་པ་དང་བཞི་པ་ལ་སོགས་ པའི་བར་དུའོ། །དེ་ལ་ཡང་འོལ་མ་སི་གཉིས་ལ་སོགས་པའི་འབྲས་བུའི་རྫས་ཐ་མ་ཡན་ལག་ཅན་གྱི་མཐར་ཐུག་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མ་ཤ་ཀ་ཞེས་བྱ་བ་ནི་སོ་སོར་བཀར་བ་དེ་ཡང་མ་ཤ་ཀ་རེ་རེ་དང་ལྡན་པར་བཀར་བ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མ་ཤ་ཀ་གཉིས་ལ་སོགས་པའི་ འབྲས་བུའི་རྫས་འབྱུང་བར་ཁས་ལེན་པའི་ཕྱིར་རོ། །འོལ་མ་སི་སྟོང་གི་ལྕིད་ཙམ་དུ་མི་འགྱུར་གྱི་ཞེས་བྱ་བ་ནི་འོལ་མ་སི་སྟོང་སོ་སོ་སོ་སོར་བཀར་བའི་ལྕི་བ་གང་ཡིན་པ་དེ་འོལ་མ་སི་སྟོང་རིམ་གྱིས་ཅིག་ཅར་བཀར་བ་ན་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་མ་ཤ་ཀ་སྟོང་སོ་སོར་བཀར་བའི་ལྕི་བ་གང་ ཡིན་པ་དེ་ལྷན་ཅིག་བཀར་བ་ན་མི་འགྱུར་རོ་ཞེས་བྱ་བ་དེ་ཅི་རིགས་པར་སྦྱར་བར་བྱའོ། །འོལ་མ་སི་སྟོང་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཡིན་ནོ། །གྲངས་མཚུངས་པ་ཞེས་བྱ་བ་ནི་ལྕི་བའི་གྲངས་ཉིད་གཅལ་བར་བྱ་བ་ཉིད་དུའོ། །རྫས་ཀྱི་ཚོགས་དེ་ཙམ་ཞེས་བྱ་བ་ནི་མ་ཤ་ཀ་གཉིས་ལ་སོགས་པ་འབྲས་ བུའི་རྫས་རིམ་གྱིས་སྐྱེ་བའོ། །ཉེ་བ་སྟེ་དེ་ཡང་རེ་རེ་དང་ལྡན་པར་བཀར་བ་གང་ཡིན་པ་དང་དེ་དང་བྲལ་བར་བཀར་བ་ནའོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ཏེ། ཡུངས་ཀར་གཉིས་ལ་སོགས་པའི་ཐ་མའི་ཡན་ལག་ཅན་གྱི་མཐར་ཕྱིན་པ་ཐམས་ཅད་ཀྱི་ལྕི་བ་རྟོགས་པ་ མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པ་ཡིན་ནོ། །ཡུངས་ཀར་ཞེས་བྱ་བ་ནི་མཚམས་སྟོན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡུངས་ཀར་ལས་སྔར་ཞེས་བྱ་བས་རྣམ་པར་བཤད་པ་ཡིན་ནོ། །ཡུངས་ཀར་ལས་གཞན་པའི་ཞེས་བྱ་བ་ནི་ཡུངས་ཀར་གཉིས་ལ་སོགས་པའི་ཡན་ལག་ཅན་དུ་གནས་པའོ། ། རྡུལ་ཕྲ་རབ་དག་ལ་ལྕི་བ་ཉིད་ལ་སོགས་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གཟུགས་ལ་སོགས་པ་གཟུང་ངོ་། །རས་བལ་གྱི་འདབ་མ་བཞིན་ནོ་ཞེས་བྱེ་བྲག་པས་སྨྲས་པ་གང་ཡིན་པ་དེ་མཚུངས་པ་མ་ཡིན་པར་བསྟན་པའི་ཕྱིར་གལ་ཏེ་ཡང་རས་བལ་ཞེས་བྱ་བ་སྨོས་ཏེ། རས་བལ་ལྕི་བ་ཞེས་ བྱ་བ་དེ་དང་སྦྱར་རོ། །དེའི་འབྲས་བུ་སྟེ་ཞེས་བྱ་བ་ལ་ཡན་ལག་ཅན་གྱི་འབྲས་བུ་དང་ལྕི་བ་དང་གཟུགས་དང་སྒྲིབ་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །སོགས་པའི་སྒྲས་ནི་ཐོགས་པར་བྱེད་པ་ལ་སོགས་པ་གཟུང་ངོ་། །དམའ་དེ་མཚོན་པ་ཞེས་བྱ་བ་ནི་སྲང་དམའ་བའི་ཁྱད་པར་གཟུང་བ་མེད་པའི་ཕྱིར་དམའ་བ་ ཡན་ལག་ཅན་མེད་པར་བསྟན་པའི་ཕྱིར་བཤད་པ་གང་ཡིན་པ་དེ་རྟོགས་པའོ། །དེ་ཉིད་ནི་དམའ་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་མ་ཤ་ཀ་ལ་སོགས་པ་ལྷག་མ་མེད་པ་ཡན་ལག་ཅན་དང་བྲལ་བ་ཉིད་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཉེ་ བར་མཚོན་པ་ཙམ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིམ་པ་ལ་སོགས་པའི་རི་ལུ་ཞེས་བྱ་བ་ལ་སོགས་པ་ནི་སོ་སོར་ཐ་དད་པའི་གནས་སྐབས་སོ། །འདྲེས་པའི་གནས་སྐབས་ཀྱི་ཞེས་བྱ་བ་ནི་འཇིམ་པ་ལ་སོགས་པའི་རི་ལུ་གཅིག་ཏུ་བྱས་པའི་གནས་སྐབས་ཀྱིའོ། །དེ་ལ་ཡན་ལག་ཅན་གྱི་རྫས་གསུམ་པ་འབྱུང་ བའི་གཟུགས་ལྷག་པ་མཐོང་བར་འགྱུར་ན་ཡང་ཡོད་པ་ཡང་མ་ཡིན་ནོ། །ཇི་ལྟར་ཁས་བླངས་པས་གནོད་པ་ཡོད་པ་ཞེས་བྱ་བ་ནི་ཚིག་གི་དོན་ལས་འདས་པ་ཇི་ལྟར་གྱི་སྒྲའམ་མི་ཟད་པའི་བསྡུ་བ་ཡིན་ནོ། །གང་ལ་གང་གི་དམ་བཅའ་བ་ལ་གནོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ བཤད་པའི་ཕྱོགས་ལ་ནི། །ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པ་ལས་ཡན་ལག་ཅན་ནི་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཕྱོགས་དཔེར་བཤད་པའོ། །དེ་ཉིད་ནི་ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །བསྒྲུབ་པར་བྱ་བའི་ཆོས་གཞན་ཉིད་ཀྱི་ཁྱད་པར་ ལྕི་བ་ཉིད་ལ་སོགས་པ་གང་ཡིན་པ་དེའི་ཞེས་བྱ་བའི་ཐ་ཚིག་གོ། །མེད་ན་མི་འབྱུང་བ་ཉིད་ནི་སྔར་བསྟན་ཟིན་ཏོ། །གཞན་ཞེས་བྱ་བ་ནི་འདིར་ཡང་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་བལྟ་བར་བྱའོ། །མེད་ན་མི་འབྱུང་བ་མ་ཡིན་པ་ལ་གནོད་པ་ཡང་སྐབས་སུ་འགྱུར་བ་ཡིན་ནོ། །བློ་གཞན་ནོ་ཞེས་བྱ་བ་ནི་དཔེ་མ་ གྲུབ་པའི་ཚིག་གི་དཔེར་བརྗོད་པ་ཡིན་ཏེ། བློ་ལ་མི་རྟག་པ་ཉིད་མ་གྲུབ་པས་བསྒྲུབ་པར་བྱ་བས་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཤེས་བྱེད་སྐབས་ལ་ནི་ཞེས་བྱ་བ་ལ་ཤེས་བྱེད་ནི་བསྒྲུབ་པར་བྱ་བ་སྟོན་པར་བྱེད་པའོ། །སྐབས་འབྱེད་པ་ཡིན་པས་ན་སྐབས་ཏེ་ཤེས་པར་བྱེད་པའི་སྐབས་ལ་ཞེས་བྱ་བ་ནི་དྲུག་པའི་བསྡུ་བའོ། །དེའི་ དོན་གྱི་དྲུག་པར་བལྟ་བར་བྱ་སྟེ། ཤེས་པར་བྱེད་པའི་དོན་དུ་སྒྲུབ་པར་བྱེད་པའི་སྐབས་སུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཤེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྒྲུབ་པར་བྱེད་པ་ཤེས་པར་བྱེད་པའི་སྐབས་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པར་བྱ་བ་ཐམས་ཅད་མ་གྲུབ་ པ་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པ་ཡང་ཡིན་ཏེ། ཤེས་པར་བྱ་བའི་སྒྲའི་རྣམ་གྲངས་ནི་བསྒྲུབ་པར་བྱ་བའི་སྒྲ་ཡིན་ནོ། །ཤེས་པར་བྱེད་པའི་སྐབས་ལས་གཞན་ལ་ཐལ་བ་མེད་དོ་ཞེས་བྱ་བ་ནི་ཡན་ལག་ལྔར་སྨྲ་བས་ཤེས་པའི་ཕྱིར་ཡན་ལག་ལྔ་སྐབས་སུ་བྱས་པ་ཡིན་ནོ། །དེ་ལ་སྐབས་ཀྱི་དབང་གིས་ཡན་ལག་ ལྔ་པོ་དེ་དག་གི་མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པར་བྱེད་པ་ནི་བྱེད་པ་སྟེ་འདིས་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྣམ་པར་གཞག་པ་དག་ཡིན་ཞིང་ཞེས་བྱ་བ་ནི་མ་འདྲེས་པའོ། །བྱེད་པ་པོ་ཆེས་ཤིན་ཏུ་འདོད་པ་ཞེས་བྱ་བ་ནི་དང་པོ་ཉིད་སྟོབས་དང་ལྡན་པར་ བྱེད་པའོ། །གྲུབ་པའི་མཐའ་ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ལན་གཉིས་པ་ཡིན་ཏེ། ཐམས་ཅད་ཀྱི་ད་ལྟར་བའི་ཡུལ་ནི་རྒྱུད་ཐམས་ཅད་ཀྱི་གྲུབ་པའི་མཐའོ། །དེ་སྐད་དུ་རྒྱུད་ཐམས་ཅད་དང་འགལ་བ་མེད་པ་རྒྱུད་ཀྱི་སྐབས་ཀྱི་དོན་ནི་རྒྱུད་ཐམས་ཅད་ཀྱི་གྲུབ་པའི་མཐའ་ཡིན་ནོ་ཞེས་བྱ་ བ་ནི་མདོ་ཡིན་ནོ། །རྒྱུད་མཐུན་པ་ལ་གྲུབ་ཅིང་གཞན་གྱི་རྒྱུད་ལ་མ་གྲུབ་པ་ནི་རྒོལ་བའི་རྒྱུད་ཀྱི་གྲུབ་པའི་མཐའོ། །གང་གྲུབ་པ་ན་གནས་སྐབས་གཞན་གྲུབ་པ་ནི་སྐབས་ཀྱི་གྲུབ་པའི་མཐའོ། །མ་བརྟགས་པར་ཁས་བླངས་པ་ལས། དེའི་ཁྱད་པར་བརྟགས་པ་ནི་ཁས་བླངས་པའི་གྲུབ་པའི་ མཐའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་དྲུག་ཅུ་རྩ་གསུམ་པ། ཁས་བླངས་པའི་དོན་མ་བརྟགས་པར་མདོར་སྦྱར་བ་ནི་གྲུབ་པའི་མཐའ་ཡིན་ནོ་ཞེས་བྱ་བ་གྲུབ་པའི་མཐའི་སྤྱིའི་མཚན་ཉིད་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ལ་སོགས་པ་དེའི་ཚེ་ཁས་མི་ལེན་པ་དེ་ བས་ན་གྲུབ་པའི་མཐར་གྱུར་པ་མ་ཡིན་པ་དེ་དག་ལ་མ་གྲུབ་པ་ཉིད་དུ་ཐལ་བ་ཡོད་པ་མ་ཡིན་ནོ་ཞེས་བསམས་པའོ། །དེ་སྐབས་སུ་བྱས་ནས་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་ཞེས་བྱ་བ་ལ་སོགས་པ་ནི་ལན་གསུམ་པ་ཡིན་ནོ། །དེ་ལ་འདིར་བསྒྲུབ་ པར་བྱ་བ་གང་ཡིན་པ་དེ་ནི་ལས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདི་ལྟར་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ལས་ལ་བྱེད་པའི་རྐྱེན་ཡིན་ནོ། །གང་གི་ཕྱིར་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལས་ཡིན་ཞིང་། མ་གྲུབ་པ་ཡང་བསྒྲུབ་པར་བྱ་བ་ཡིན་ལ་མ་གྲུབ་པ་དེ་ལ་ཡང་རྣམ་པ་འགའ་ཞིག་གིས་གཏན་ཚིགས་ལ་ སོགས་པ་ཡང་ཡོད་པ་ཡིན་ནོ། །དེ་ནི་རྣམ་པ་འགའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་སྒྲུབ་པར་བྱེད་པ་ཡང་ཇི་སྐད་དུ་བཤད་པའི་རྣམ་པས་ལས་ཉིད་ཡིན་པར་བསྟན་ཏོ། །བྱེད་པ་པོ་ཆེས་ཤིན་ཏུ་འདོད་པ་ལས་ཡིན་པ་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དེ་ལ་འདས་པའི་དུས་བརྗོད་པར་འདོད་པ་མ་ཡིན་ཏེ། འདོད་པ་དང་འདོད་པར་འགྱུར་བ་ལ་ཡང་ལས་ཀྱི་མིང་ཅན་དུ་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གྲོང་དུ་སོང་ཞེས་བྱ་བ་འདི་ཉིད་ལ་ལས་ཀྱི་མིང་ཅན་དུ་འགྱུར་གྱི་གྲོང་དུ་འགྲོ་བ་དང་འགྲོ་བར་འགྱུར་ཞེས་བྱ་བ་འདི་ལ་མི་འགྱུར་རོ། །དེ་ཉིད་བསྟན་ པར་བྱ་བའི་ཕྱིར་བསྒྲུབ་པར་བྱ་བ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སོགས་པ་སྨོས་པས་ནི་གྲུབ་པའི་མཐའི་སྐབས་ལ་སོགས་པ་གཟུང་ངོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་རྣམ་པ་བཞི་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་གང་ཡིན་པ་གཟུང་ངོ་། །ཇི་ལྟར་འདི་ལ་ ནུས་པ་མེད་པ་དེ་ལྟར་འོག་ནས་འཆད་པར་འགྱུར་རོ། །སྔར་མ་གྲུབ་པའི་རང་བཞིན་ཕྱིར་ཞེས་བྱ་བ་ནི་གལ་ཏེ་ཡན་ལག་གི་མཚན་ཉིད་ལས་སྔར་བསྒྲུབ་པར་བྱ་བའི་དངོས་པོ་གནས་པ་ཉིད་སྒྲུབ་པར་བྱེད་པ་ལས་ཐ་དད་པར་འགྱུར་བ་དེའི་ཚེ་ལན་འདི་འཐད་པ་ཡིན་ནོ། །རྒོལ་བ་གང་ཞིག་བསྒྲུབ་པར་བྱ་བ་དང་ སྒྲུབ་པར་བྱེད་པའི་ཁྱད་པར་ལ་རྨོངས་པ་དེ་ཡན་ལག་གི་མཚན་ཉིད་བརྗོད་པའི་ཕྱིར་བསྟན་པར་བྱ་བ་ཡིན་ནོ། །དེ་ཉིད་ནི་རྒོལ་བ་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བའི་དབྱེ་བ་མ་བཟུང་བ་ཅན་གྱིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་གྲུབ་པ་ལྡོག་པ་དོན་ཅན་གྱི་སྒྲ་ལས་ བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དབྱེ་བ་མ་བཟུང་བ་ཡིན་ཏེ། སྒྲུབ་པར་བྱེད་པ་ལ་ཡང་མ་གྲུབ་པ་ཡོད་པའི་ཕྱིར་རོ། །ཁས་བླངས་མཚན་ཉིད་ཕྱིར་ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་ཁས་བླངས་པ་ཉིད་གྲུབ་པའི་མཐའི་སྒྲས་བརྗོད་པའི་ཕྱིར་རོ། །འགྱུར་བར་ན་འདོད་མོད་ཀྱི་ཁས་བླངས་པའི་དོན་ནི་གྲུབ་པའི་མཐའ་ ཡིན་ནོ་ཞེས་བརྗོད་པའི་ཕྱིར་གཏན་ཚིགས་ལ་སོགས་པ་མ་གྲུབ་པ་དེའི་ཚེ་དེའི་ངོ་བོར་ཁས་བླངས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གལ་ཏེ་ཡང་མ་གྲུབ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་དང་ལྡན་པའི་རྐྱེན་བཤད་པ་ཉིད་ཀྱིས་གྲུབ་པའི་མཐའ་ཉིད་ཐོབ་པར་འགྱུར་རོ། །བསམ་པ་ནི་འདི་ཡིན་ཏེ་ དམ་བཅའ་བ་དང་ཁས་བླངས་པ་དང་གྲུབ་པའི་མཐའ་ཞེས་བྱ་བ་ནི་དེ་དག་ནི་རྣམ་གྲངས་སུ་རྣམ་པར་གཞག་པ་ཡིན་པ་དེ་ལྟར་ན་འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་ཡིན་ལ། འདི་ནི་ཁོ་བོ་ཅག་གི་དམ་བཅའ་བ་ཡིན་ཞིང་འདི་ནི་ཁས་བླངས་པ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །བསྒྲུབ་པར་བྱ་བ་སྟོན་པ་ཡང་དམ་ བཅའ་བ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་ཡིན་ནོ། །དེས་ན་ཇི་སྲིད་དུ་བསྒྲུབ་པར་བྱ་བའི་སྒྲས་དོན་བརྗོད་པ་དེ་སྲིད་དུ་དམ་བཅའ་བ་དང་ཁས་བླངས་པ་དང་གྲུབ་པའི་མཐའ་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་ཞིང་བསྒྲུབ་པར་བྱ་བའི་སྒྲས་ཀྱང་གསུམ་འཕངས་པ་ཡིན་ནོ། །དེ་བས་ན་ཁས་ལེན་པར་འདོད་པར་འགྱུར་བ་ཡང་གྲུབ་པའི་ མཐའ་ཉིད་ཡིན་པར་འགྱུར་རོ། །དེ་ཉིད་ནི་དེ་ལྟར་ཁས་བླང་བར་བྱ་བ་དག་ལ་ཞེས་བྱ་བ་ལ་སོགས་ཏེ། བསྒྲུབ་པར་བྱ་བའི་སྒྲ་བྱེད་པ་དང་ལྡན་པའི་རྐྱེན་གྱིས་བཤད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་ཆོས་མཐུན་པའི་ཕྱིར་དེའི་ཚེ་ཆོས་ཡོད་པ་ཅན་དཔེ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་བ་དག་གི་དཔེའི་མཚན་ཉིད་ ཡིན་ནོ། །སྒྲ་མི་རྟག་སྟེ་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའི་བུམ་པ་དཔེ་ཡིན་ཏེ། དེའི་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ནི་སྐྱེ་བ་དང་ལྡན་པ་ཉིད་ཡིན་ནོ། །དེ་ལྟར་ན་སྐྱེ་བ་དང་ལྡན་པ་ཡིན་ཞིང་བུམ་པ་ཡང་ཡིན་ནོ། །བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ཀྱི་རྒྱུ་དེའི་ཕྱིར་དེའི་ཆོས་ ཡོད་པ་ཅན་ཏེ་བསྒྲུབ་པར་བྱ་བ་འདོད་པའི་ཆོས་གང་ཡིན་པ་དེ་དག་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཆོས་ཙམ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ཅེས་བྱ་བ་འགལ་བར་འགྱུར་རོ། །བསྒྲུབ་པར་བྱ་བའི་ཆོས་ཙམ་གཞན་ཡོད་པ་མ་ཡིན་ན་གང་གི་ནི་དཔེ་དང་ཆོས་ མཐུན་པ་ཉིད་ཅན་དུ་འགྱུར། དེ་ཉིད་ནི་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ནི་སྐྱེ་བ་དང་ལྡན་པ་ལ་སོགས་པའོ། །གང་གི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ལ་སྐྱེ་བ་དང་ལྡན་པ་ལ་སོགས་པའི་ཆོས་མེད་པར་འགྱུར་བ་དེའི་ཆོས་བསྒྲུབ་པར་བྱ་བའི་ཆོས་དེས་དཔེ་ལ་ཡང་དེའི་ཆོས་ཡོད་པ་ཅན་ཉིད་ཡོད་ པ་མ་ཡིན་ནོ། །འོན་ཏེ་ཚོགས་པ་ཞེས་བྱ་བ་ནི་ཆོས་སམ་ཆོས་ཅན་ཐ་དད་པར་བསྒྲུབ་པར་བྱ་བ་ཉིད་མ་ཡིན་གྱི་འོན་ཀྱང་དེ་དག་གི་ཚོགས་པ་གང་ཡིན་པ་དེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། གཉིས་བསྒྲུབ་པར་བྱ་བ་ཡིན་པ་ཞེས་བྱ་བ་ནི་ཆོས་ཅན་གྱི་ཁྱད་པར་དུ་བྱ་བའི་ཆོས་ཅན་བསྒྲུབ་པར་བྱ་བའམ་ཆོས་ཀྱིས་ཁྱད་པར་ དུ་བྱས་པའི་ཆོས་ཅན་གཉིས་བསྒྲུབ་པར་བྱ་བ་ཡིན་པའོ། །དེ་ཚེ་གཏན་ཚིགས་དང་ཞེས་བྱ་བ་ལ་སོགས་པ་ལ་འདི་ཉིད་ནི་དེ་ཉིད་ལྟར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཆོས་ཀྱིས་ཁྱད་པར་དུ་བྱ་བའི་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ལ་བརྟེན་ནས་དེ་ཉིད་དེ་ལྟ་བུའི་རྣམ་པ་ཅན་གྱི་ ཆོས་ཅན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བས་ཁྱད་པར་དུ་བྱས་པའོ། །གཞན་གྱི་ཞེས་བྱ་བ་ནི་ཕྱིར་རྒོལ་བའིའོ། །གལ་ཏེ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་ཅན་ལ་གཞན་གྱི་གཏན་ཚིགས་གྲུབ་པར་འགྱུར་བ་དེ་ལྟ་ན་ཡང་སྒྲུབ་པར་བྱེད་པ་བརྗོད་པ་དོན་མེད་པ་ཅན་དུ་འགྱུར་རོ། །མི་རྟག་པ་ཅན་ཉིད་ཀྱིས་ཞེས་བྱ་བ་ལ་ སོགས་པས་དཔེའི་མཚན་ཉིད་ཀྱི་དངོས་པོ་བསྟན་པ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་དང་དཔེ་ཆོས་མཐུན་པ་ཉིད་གཞན་ལ་མ་གྲུབ་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་སྒྲས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་དཔེའི་མཚན་ཉིད་ལ་ཆོས་ཀྱིས་བསྒྲུབ་པར་བྱ་བའི་སྒྲར་བཤད་པ་ཡིན་ནོ། ། གཏན་ཚིགས་ཀྱི་མཚན་ཉིད་ནི་ཕྱོགས་ཀྱི་སྒྲར་བཤད་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཚིག་སྨོས་པ་ཉིད་ཡིན་པ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཚིག་ཉིད་ཡིན་ཏེ། ཤེས་པར་འདོད་པའི་བྱེ་བྲག་ཅན་ཉིད་ཀྱི་ཆོས་ཅན་ཕྱོགས་ཀྱི་ཕྱོགས་གཅིག་ཏུ་རུང་བ་ཁྱབ་པ་མེད་པ་དང་ཁྱབ་ཆེས་པ་སྤངས་ནས་ཕྱོགས་ཀྱི་མཚན་ཉིད་བྱས་པ་ཉིད་ཀྱི་ཕྱིར་ རོ། །ཕྱོགས་ཀྱི་ཕྱོགས་གཅིག་ཏུ་རུང་བ་དེའི་ཆོས་ཅན་གཟུང་བ་ན་ཕྱོགས་ཀྱི་ཆོས་ཉེ་བར་བཏགས་པས་གཞུང་བཙུགས་པ་ཉིད་ཡིན་གྱི་བསྒྲུབ་པར་བྱ་བའི་སྒྲ་ནི་མ་ཡིན་ཏེ། དེ་ལ་མ་གྲུབ་ཡང་དཔེར་ཐལ་བའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ཡང་གཞན་གྱིས་དམ་བཅའ་བའི་མཚན་ཉིད་དུ་བརྗོད་པ་དེ་བས་ན་གཞན་གྱི་ ཕྱོགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་རྟོགས་པའི་ཕྱིར་ཚིག་བརྗོད་པ་མ་ཡིན་ནོ། །སྔར་ངེས་པར་གཟུང་བའམ་ཞེས་བྱ་བ་ནི་ཚིག་སྔ་མ་ལ་ངེས་པར་གཟུང་བ་ནི་ཁོ་ན་སྟེ། ངེས་པར་གཟུང་བའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདིར་དམ་བཅའ་བ་ངེས་པར་གཟུང་བ་ཡིན་ནོ། །དེ་བཞིན་དུ་ཕྱིས་ངེས་པར་ གཟུང་བ་ཞེས་བྱ་བ་འདི་ལ་ཡང་བལྟ་བར་བྱ་སྟེ། འདིར་ནི་བསྒྲུབ་པར་བྱ་བ་འཆད་པ་ངེས་པར་གཟུང་བར་བྱ་བ་ཡིན་ནོ། །སྔར་ངེས་པར་གཟུང་བའི་འབྲས་བུ་རྣམ་པ་གཉིས་ཏེ། བསྒྲུབ་པར་བྱ་བ་འཆད་པ་ཉིད་དམ་བཅའ་བ་ཡིན་གྱི་གྲུབ་པ་འཆད་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པས་འབྲས་བུ་ དང་པོ་ཟློག་པར་བྱེད་དོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་གཉིས་པ་ཡིན་ནོ། །མི་ལྡན་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བཤད་པ་དམ་བཅའ་བ་ཉིད་དམ་བཅའ་བ་མ་ཡིན་ནོ་ཞེས་བྱ་བ་ནི་མི་ལྡན་པ་རྣམ་པར་བཅད་པའོ། །དེ་བས་ན་དམ་བཅའ་བ་ངེས་པ་མེད་པ་ ཉིད་ཀྱི་ཕྱིར་ཐལ་ཆེས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གཏན་ཚིགས་དང་དཔེ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིགས་པ་བས་དམ་བཅའ་བ་དང་གཏན་ཚིགས་འགལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་གཞུང་གང་ཡིན་པ་སློབ་དཔོན་གྱིས་དམ་བཅའ་བ་དང་གཏན་ཚིགས་དག་གི་འགལ་བ་ ནི་ཞེས་བྱ་བ་ལ་སོགས་པས་ཉེ་བར་འགོད་པར་མཛད་དོ། །བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དང་ལྷན་ཅིག་མེད་པ་ཅན་ནི་ཞེས་བྱ་བ་ནི་ཆོས་ཅན་གང་ལ་བསྒྲུབ་པར་བྱ་བར་འདོད་པའི་ཆོས་དེ་ལ་མེད་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དང་ལྷན་ཅིག་མེད་པ་ཅན་ཡིན་ནོ་ཞེས་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར། འདོད་དང་མེད་ཅན་མ་གྲུབ་ཡིན། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་ཆོས་ཅན་ཡོད་པ་ཉིད་ལ་འདོད་པའི་ཆོས་ཙམ་དང་འགལ་བར་འགྱུར་ཏེ། སྒྲ་མི་རྟག་ཅེས་བྱ་བར་དམ་བཅའ་བ་ལ་བྱས་པ་བཞིན་ཞེས་བྱ་བ་ཡིན་པ་དེའི་ཚེ་གཏན་ཚིགས་འགལ་བར་འགྱུར་རོ། །དེའི་ཚེ་ཡང་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ། ། གལ་ཏེ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་མི་རྟག་ཅེས་བྱ་བ་ལ་སོགས་པ་འདིས་སོ། །འགལ་བའི་ཆོས་རྟག་པ་ཉིད་བཤད་པས་ཞེས་བྱ་བ་ནི་སྒྲ་རྟག་ཅེས་བྱ་བའི་དམ་བཅའ་བ་འདིས་སོ། །སྤྱི་ནི་རྗེས་སུ་འཇུག་ཡིན་ནོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཞེས་བྱ་བའི་ཚིག་འདིས་ བརྗོད་པ་དངོས་པོ་ཙམ་མི་རྟག་པ་ཉིད་དུ་རྗེས་སུ་འཇུག་པ་སྟེ། ཁྱད་པར་སྟོན་པ་ན་ཡང་ངོ་། །དེ་བས་ན་སྒྲ་མི་རྟག་པ་ཉིད་ཡོད་པ་མ་ཡིན་ན་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཇི་སྐད་དུ་བཤད་པའི་རྣམ་པས་ཡོད་པ་མ་ཡིན་ནའོ། །རང་དང་འགལ་བ་ཞེས་བྱ་བ་ནི་རྟག་པ་ཉིད་དོ། །གལ་ཏེ་སྒྲ་མི་རྟག་པ་ཉིད་དུ་འདོད་པར་ འགྱུར་གྱི། དེ་ལས་བཟློག་པ་གཞན་ལས་མ་ཡིན་པ་དེའི་ཚེ་སྒྲ་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་བརྗོད་པར་བྱ་བར་འགྱུར་རོ། །ཡོད་པ་ཡིན་ན་ནི་སེལ་བར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་སྒྲ་མི་རྟག་པ་ཡིན་པར་དམ་བཅའ་བར་འགྱུར་བ་དེའི་ཚེ་སེལ་བར་འགྱུར་བ་སྟེ། གགས་བྱེད་པ་ཡིན་ནོ་ཞེས་ བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཚད་མ་ཀུན་ལས་བཏུས་པའི་གཞུང་ཉེ་བར་འགོད་པ་ཡིན་ནོ། །དེའི་མཚན་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་རྟག་པ་དང་གཏན་ཚིགས་ཡོད་པ་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་རྗོད་པར་བྱེད་དོ། །གལ་ཏེ་ འདིར་གཏན་ཚིགས་གང་གི་བརྗོད་པ་ཡིན་ཞེ་ན། གཏན་ཚིགས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ལུས་པ་བརྗོད་པ་ནི་འཇིག་རྟེན་པ་ཡིན་ལ། བརྗོད་པར་འདོད་པ་མ་ལུས་པ་བརྗོད་པ་ནི་འགའ་ཞིག་ལ་གྲགས་པ་ཡིན་ཏེ། སྐྱེས་བུའི་འདོད་པའི་དབང་གིས་གནས་པའི་ཕྱིར་རོ། །དེ་ཡང་སྟེ་སྒྲ་ ཐམས་ཅད་ལས་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་ལས་ཐ་དད་པ་སྟེ་མཚན་ཉིད་ཐམས་ཅད་དེ་ལ་ཡང་སྒྲ་ལ་ཡོད་པ་མ་ཡིན་ནོ། །ཤིང་ཤ་པ་ཉིད་ཤིང་མ་ཡིན་ནོ་ཞེས་བྱ་བ་ནི་ཤིང་ཤ་པ་མ་གཏོགས་པའི་ཤིང་གཞན་ཞེས་བྱ་བ་ནི་ངག་གི་དོན་མིན་པར་ཤེས་སོ། ། སྤངས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །སྒྲ་ལ་སྒྲ་ཉིད་ཡོད་པ་ཉིད་ཡིན་པ་ཞེས་བྱ་བ་ནི་སྒྲ་ཉིད་ནི་ཐམས་ཅད་ཉིད་མ་ཡིན་ལ་གལ་ཏེ་ཡོད་ན་སྒྲ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གཞན་དག་སེམས་སོ། །ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་པ་ཡིན་ནོ། །ཅི་ལྟར་ཞེ་ན་ཤེས་ པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སྒྲ་ཉིད་ནི་གཅིག་ཉིད་ཡིན་ལ་དེ་ཡང་ཞེས་བྱ་བའི་ཆའི་ནང་དུ་འདུས་པ་ཡིན་པས་གཞན་སྒྲ་ཉིད་ཀྱང་ཡོད་པ་མ་ཡིན་ན་གང་གི་ཤེས་པར་བྱེད་པ་ཉིད་ཡིན་པར་འགྱུར། ཤེས་པ་ལ་གྲུབ་སྟེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་སྣང་བའོ། །དེ་ཉིད་ནི་ ལྡོག་པ་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དེ་རང་གི་མཚན་ཉིད་དེ་དང་དེ་ལས་ལྡོག་པ་ནི་འདིར་ལྡོག་པའི་སྒྲས་བཤད་དོ། །དེ་ལྟར་ན་རང་གི་མཚན་ཉིད་ལྡོག་པ་ཉམས་སུ་མྱོང་བའི་སྒོ་ནས་འོངས་པའི་རྣམ་པར་རྟོག་པའི་ཤེས་པ་དེ་ནི་གང་ལ་ཐ་སྙད་ཀྱི་རྟེན་ཐ་དད་པར་སྣང་བར་འགྱུར་རོ། ། དེ་མཐར་ཕྱིན་པའི་ཞེས་བྱ་བ་ནི་ཐ་དད་པའི་མཐར་ཕྱིན་པའོ། །འདིར་ནི་ཐ་སྙད་ཐོབ་པ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །དེ་ལ་བདུན་པའི་བསྡུ་བའམ་གསུམ་པའི་བསྡུ་བ་ཡིན་པ་དེ་ལྟར་ན་ཐ་སྙད་ཀྱིས་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འབྲས་བུའི་ངོ་བོའི་ཐ་སྙད་བསྒྲུབ་པར་བྱ་བ་ཉིད་ ཡིན་པར་བརྗོད་པར་འདོད་པ་དེའི་ཚེ་བདུན་པ་ཡིན་ལ་གང་གི་ཚེ་འབྲས་བུ་འགོས་པར་བྱེད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་གསུམ་པའི་བསྡུ་བ་ཡིན་ནོ། །བློ་ནི་ལྡོག་པའི་ཁྱད་པར་ལ་དམིགས་པ་ཅན་ཏེ་དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་འདྲ་བའི་ཐ་དད་བློ་ནི་འདྲེས་མེད་ཅན་ ཏེ་གང་གིས་ཐོབ་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲ་རྟག་སྟེ་སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་ལ་ཆོས་ཅན་ནམ་གཏན་ཚིགས་ལྡོག་པ་ལ་བརྟེན་པ་ཐ་དད་པའི་བློ་ཡོད་པ་མ་ཡིན་ནོ། །སྒྲ་ཞེས་བརྗོད་པ་ན་ཁྱད་པར་གཞན་མི་སྤོང་བའི་ཆོས་ཅན་ཤེས་པར་འགྱུར་ཞིང་སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་ཁྱད་པར་གཞན་ སྤོང་བ་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་དེ་ལྟ་ཡིན་ན་ཡང་ཤེས་པ་དང་སྒྲ་གཉི་ག་ལ་འཇུག་པའི་ཡུལ་རྣམ་པར་གཅོད་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཐོབ་པའི་རྣམ་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང་ ཞེས་བྱ་བ་ནི་མིག་ལ་སོགས་པའི་འདུས་པའི་ཁྱད་པར་རོ། །འདུས་བྱས་པའི་ཁྱད་པར་ཡང་གང་དུ་མི་རྟག་པ་ཉིད་དུ་གཞན་གྱིས་ཁས་མ་བླངས་པ་ཡིན་ནོ། །རྟགས་དང་རྟགས་ཅན་ཡིན་ཞེས་བྱ་བ་ནི་སྤྱི་ནི་རྟགས་ཡིན་ཏེ། ཤེས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་ནི་རྟགས་ཅན་ཡིན་ཏེ་ཤེས་པར་བྱ་བ་ ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་དཔེ་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་མི་རྟག་སྟེ་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་སྟེ་དེ་ལྟ་ན་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་ཡིན་ཏེ། འདི་ལྟར་སྒྲ་ནི་མི་རྟག་སྟེ་རྩོལ་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ཁྱད་པར་བསྒྲུབ་ པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་ཁྱད་པར་དང་སྤྱིའི་ངོ་བོ་ཉིད་གོ་རིམས་བཞིན་དུ་སྟོན་ཏོ། །སྒྲ་ནི་སྒྲ་ཡིན་པས་ཞེས་བྱ་བ་ནི་སྒྲ་བརྩལ་མ་ཐག་ཏུ་བྱུང་བ་ཞེས་བྱ་བ་གང་ཡིན་པ་འདི་སྒྲ་ཡིན་ནོ། །སྨྲ་བ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ་སྒྲ་ནི་ མི་རྟག་སྟེ་བརྩལ་མ་ཐག་ཏུ་འབྱུང་བ་ཡིན་ནོ་ཞེས་བྱ་བའི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཆོས་ཅན་གྱི་བྱེ་བྲག་ཉིད་ཡིན་པར་འདོད་པ་དེ་བས་ན་ཁྱད་པར་དང་བཅས་པའི་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ཞིང་དེ་ཉིད་ཀྱི་ཁྱད་པར་དུ་གཏན་ཚིགས་ཡིན་པ་དེ་ལྟར་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་པར་སེམས་སོ། ། དེ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ཕྱོགས་ཀྱི་བྱེ་བྲག་བརྩལ་མ་ཐག་ཏུ་བྱུང་བ་གཏན་ཚིགས་ཉིད་དུ་བརྗོད་པ་ལ་ཡང་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཅན་ཐ་དད་ཅེས་བྱ་བ་ཡང་དེ་ཡིན་ཐ་དད་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་སྐད་དུ་གལ་ ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཆོས་ཅན་གྱི་ཁྱད་པར་ཡིན་པ་དེ་ལྟ་ན་ཡང་ཁྱད་པར་དེ་ལས་ཆོས་ཅན་ཐ་དད་པར་ཤེས་པ་དེ་ལྟར་ན་སྒྲ་སྒྲའི་ངོ་བོར་རྟོགས་པ་ན་སྒྲ་མ་ཡིན་པ་ལྡོག་པའི་རྒྱུ་མཚན་ལྡོག་པ་ཡིན་གྱི། བརྩལ་མ་ཐག་ཏུ་བྱུང་བ་ཉིད་མ་ཡིན་པ་ལྡོག་པ་ནི་མ་ཡིན་ནོ། །དེ་བས་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཁྱད་པར་དུ་ འགྱུར་བའམ་མི་འགྱུར་བ་ཡང་བླ་སྟེ། དེ་གང་གི་ཚེ་སྒྲའི་རང་གི་ངོ་བོ་ཤེས་པ་དེ་ཉིད་ཕྱོགས་ཡིན་ཞིང་ཁྱད་པར་བརྗོད་པ་ནི་ཕྱོགས་ཀྱི་ཕྱོགས་གཅིག་ཏུ་འཁྲུལ་པ་བསྩལ་བའི་དོན་ཡིན་ནོ། །གང་གི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཁྱད་པར་དུ་བྱུང་བ་ཡིན་པ་དེའི་ཕྱིར་སྒྲ་བསྒྲུབ་པར་བྱ་བ་ཡིན་ ནོ་ཞེས་བྱ་བའི་ངེས་པ་འདི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཕྱིར་ཇི་སྐད་དུ་བཤད་པའི་རྣམ་པས་ཁྱད་པར་འདི་ཡང་བསྒྲུབ་པར་བྱ་བའི་ནང་དུ་འདུས་པ་མ་ཡིན་ནོ། །དེ་ཉིད་དཔེས་གསལ་བར་བྱ་བའི་ཕྱིར་ཅི་དང་འདྲ་བར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་གོང་བུ་གཞན་དུ་ རྣམ་པར་གཅོད་པའི་འབྲས་བུ་ཅན་རྭ་ཅན་ཞེས་བྱ་བའི་ཁྱད་པར་ཡིན་ལ་གོང་བུ་ཉིད་ནི་རྟ་ཉིད་མ་ཡིན་པར་བསྒྲུབ་པར་བྱ་བ་ཡིན་ནོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་སྔར་བསྒྲུབ་པར་བྱ་བའི་དུས་ན་ཡན་ལག་ཡིན་ན་ཡང་ཁྱད་པར་གཙོ་བོ་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་ནང་དུ་འདུས་པ་མ་ཡིན་ནོ་ཞེས་བཤད་དོ། །འདིས་ནི་ སྒྲུབ་པར་བྱེད་པའི་དུས་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཐལ་བ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ཏོ། །མཉན་པར་བྱ་བ་དང་འདྲ་བར་སྒྲ་ཡང་ཐུན་མོང་མ་ཡིན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་གཞན་གྱིས་བརྒལ་བ་མ་ཡིན་ནམ། མཉན་པར་བྱ་བ་ཉིད་དང་དམ་བཅའ་བའི་དོན་དུ་འགྱུར་རོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཁྱད་པར་ དམ་བཅའ་བའི་དོན་ཡིན་པར་མི་རུང་ངོ་ཞེས་དེ་ཅིའི་ཕྱིར་བརྗོད་ཅེ་ན། དེ་ནི་བདེན་ཏེ་འོན་ཀྱང་སྒྲ་ཉིད་ལས་མཉན་པར་བྱ་བ་རྣམ་པ་ཐམས་ཅད་དུ་མཚན་ཉིད་མི་འདྲ་བར་བཤད་པར་བྱ་བའི་ཕྱིར་དེ་སྐད་དུ་བསྟན་ཏོ། །འདིར་ནི་སྒྲ་སྒྲའི་ཞེས་བྱ་བ་ནི་སྒྲ་རྟག་སྟེ་སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིར་རོ། །ཕྱོགས་ཀྱི་ཁྱད་པར་ ལ་ལྟོས་པ་ཞེས་བྱ་བ་ནི་ཕྱོགས་ཉིད་ཁྱད་པར་ཡིན་ཏེ་དེ་ལ་ལྟོས་པ་སྟེ་གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པ་ཡིན་ནོ་ཞེས་སེམས་སོ། །དེའི་ཚེ་ཕྱོགས་ཀྱི་ཆོས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ཉིད་ཀྱི་ཆོས་ཞེས་བྱ་བ་འདིས་གཞན་དང་ལྡན་པ་རྣམ་པར་གཅོད་པས་ཕྱོགས་ཀྱི་ཆོས་མ་ཡིན་པ་ཉིད་ཅེས་བྱ་བའི་ དོན་ཏོ། །སྒྲའི་ངོ་བོ་ཉིད་དུ་སྦྱོར་བ་མེད་ན་ཡང་ཞེས་བྱ་བ་ནི་སྒྲའི་རང་གི་ངོ་བོ་དང་སྦྱོར་བ་མེད་ན་ཡང་ངོ་། །ཕྱོགས་ཀྱི་ཆོས་ཞེས་བྱ་བ་ནི་ཆོས་ཉིད་ཁྱད་པར་དུ་བྱ་བ་ཡིན་པ་དེ་བས་ན་ཁྱད་པར་གྱི་གཞི་དང་བཅས་པར་ཚིག་གི་ཕྲད་གང་ཡིན་པ་བརྗོད་པ་ཡིན་གྱི། ཁྱད་པར་དང་ནི་མ་ཡིན་ཏེ། ཁྱད་པར་དང་བཅས་པ་བརྗོད་པ་ནི་མི་ལྡན་ པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། འདི་སྙམ་དུ་གལ་ཏེ་ཡང་སྒྲ་འཇུག་པའི་སྒོ་ནས་ཆོས་ཁྱད་པར་གྱི་གཞི་ཡིན་པ་དེ་ལྟ་ན་ཡང་དེ་ན་འཇུག་པའི་སྒོ་ནས་ཆོས་ཅན་གཙོ་བོ་ཉིད་ཡིན་པའི་ཕྱིར་ཁྱད་པར་གྱི་གཞི་ཡིན་ཞིང་ཆོས་ཁྱད་པར་ཡིན་ནོ་ཞེས་སེམས་སོ། །ཟླ་བོ་ཕྱོགས་རྣམ་པ་གཉིས་སུ་ ཞེས་བྱ་བ་ནི་གང་དེ་རྣམ་པར་གཅད་པར་བྱ་བའི་ཟླ་བོ་དེ་ཡོད་པ་དང་མེད་པ་གཏན་ཚིགས་ཀྱི་སྒོ་ནས་ཉེ་བར་འཇོག་པར་བྱེད་དོ། །དེ་ལ་ངེས་པར་གཟུང་བས་ཡོད་པ་དང་མེད་པ་རྣམ་པར་བཅད་པར་འགྱུར་རོ། །རྩོད་ཕྱིར་ཐ་དད་སྤྱི་དག་དང་། །ཞེས་བྱ་བ་ནི་གཏན་ཚིགས་ལྡོག་པ་ཅན་འབའ་ཞིག་དང་གཏན་ཚིགས་ རྗེས་སུ་འགྲོ་བ་ཅན་འབའ་ཞིག་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་པའི་ཡིན་ནོ། །དེ་བས་ན་རྩོད་པའི་ཕྱིར་དེ་དག་གཏན་ཚིགས་ཉིད་མ་ཡིན་པར་བསྟན་པའི་ཆེད་དུ་ཐ་དད་སྤྱི་དག་དང་ཐ་དད་པ་དང་སྤྱི་དག་བཤད་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་གསུམ་བསྟན་ཏེ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་མ་ ཡིན་པ་དང་། རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པ་དང་མི་རྟག་པ་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །འདི་མཐུན་པའི་ཕྱོགས་ནི་གློག་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ལྡོག་པ་མེད་པ་ཅན་གྱི་ཞེས་བྱ་བ་ནི་བརྩལ་མ་ཐག་ཏུ་བྱུང་བ་ མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་ལ་བརྩལ་མ་ཐག་ཏུ་བྱུང་བ་མི་མཐུན་པའི་ཕྱོགས་དེ་བས་མི་རྟག་པ་ཉིད་ལྡོག་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པས་ཞེས་བྱ་བ་ནི་འདི་ལྟར་གཞན་དག་རྡུལ་ཕྲ་རབ་རྟག་པ་ཉིད་དུ་འདོད་ཅིང་དེ་ལ་ཡང་རེག་པར་བྱ་བ་མ་ཡིན་པ་ཡོད་པ་མ་ཡིན་ནོ། །མི་མཐུན་པའི་ ཕྱོགས་ནམ་མཁའ་ལ་སོགས་པ་འགའ་ཞིག་ལ་ཞེས་བྱ་བ་ནི་བརྩལ་མ་ཐག་ཏུ་བྱུང་བ་བསྒྲུབ་པར་བྱ་བ་ལ་ནམ་མཁའ་ལ་སོགས་པ་དང་གློག་ལ་སོགས་པ་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་ན་ནམ་མཁའ་ལ་སོགས་པ་ལ་ནི་མི་རྟག་པ་ཉིད་མེད་ལ་གློག་ལ་སོགས་པ་ལ་ནི་ ཡོད་པ་ཡིན་ནོ། །དེ་བས་ན་རྗེས་སུ་འགྲོ་བ་ཡོད་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་རྗེས་སུ་འགྲོ་བ་ཡོད་པ་ཙམ་གྱིས་འགྱུར་ན་མི་རྟག་པ་ཉིད་ཀྱི་ཕྱིར་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་དེ་ལས་ཀྱང་རྟོགས་པར་འགྱུར་རོ། །ལྡོག་པ་དང་བཅས་པས་ཞེས་བྱ་བ་ནི་གལ་ཏེ་ལྡོག་པ་ མཚུངས་པ་ཉིད་ཀྱིས་འགྱུར་ན་རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པ་ཡིན་ནོ་ཞེས་བྱ་བ་ཡང་འདི་ལས་འགྱུར་ཏེ་འདིའི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པར་མཚུངས་པ་ཡིན་ནོ། །རྗེས་སུ་འགྲོ་བ་གཙོ་བོས་ཀྱང་། །ཞེས་བྱ་བ་ནི་མཐུན་ པའི་ཕྱོགས་གང་ཡིན་པ་ཐམས་ཅད་ལ་གཏན་ཚིགས་འཇུག་ཅིང་མི་མཐུན་པའི་ཕྱོགས་འགའ་ཞིག་ལ་མེད་པ་དེ་ལ་རྗེས་སུ་འགྲོ་བ་གཙོ་བོ་ཡིན་པ་དེས་ཀྱང་རྟོགས་པ་མ་ཡིན་ནོ། །གལ་ཏེ་འགྱུར་ན་ནི་མི་རྟག་པ་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཞེས་བྱ་བ་འདིས་ཀྱང་རྟོགས་པར་འགྱུར་རོ། །དེ་ལས་ ཀྱང་ཅིའི་ཕྱིར་རང་བཞིན་ཉིད་ཡིན་ཞེ་ན། གལ་ཏེ་མཐུན་པའི་ཕྱོགས་ལ་འཇུག་པ་དེ་ཙམ་ཉིད་ཀྱིས་ཇི་ལྟར་རང་བཞིན་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ནུས་པ་གགས་བྱེད་པ་མེད་པ་ཅན་གྱི་རྒྱུའི་སྐད་ཅིག་མས་འབྲས་བུ་ལ་འཁྲུལ་པ་མེད་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་དང་རྗེས་སུ་དཔག་ པར་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གོང་དུ་ཇི་སྐད་བཤད་ཟིན་པ་ལྟ་བུ་ཞེས་བྱ་བ་ནི་རིག་བྱེད་སུན་འབྱིན་པའི་སྐབས་སུའོ། །ཐུན་མོང་དུ་བསྟན་པའི་དཔེ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་གོ་ཞེས་བྱ་བ་འདིས་འབྲས་བུ་དང་རང་བཞིན་གཉི་ག་དག་ཀྱང་ཐུན་མོང་དུ་ བསྟན་པ་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་སྐྱེ་བ་ལ་བསྩལ་མ་ཐག་ཏུ་བྱུང་བའི་སྒྲས་བརྗོད་པའི་ཕྱིར་རོ། །སྒྲུབ་པ་པོ་གཏན་ཚིགས་བརྗོད་མཁས་དོན་དུ་ཞེས་བྱ་བ་ནི་སྒྲུབ་པ་པོ་མཁས་པའི་ཆེད་དུའོ། །གཏན་ཚིགས་ཀྱི་ཚིག་གི་དོན་བཤད་ཟིན་པ་ཡིན་ན་ཡང་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་ པར་གོ་བར་བྱེད་པའི་མཚན་ཉིད་རྗེས་སུ་བྱེད་པའི་སྒོ་ནས་ཚིག་གི་གོ་རིམས་བསྟན་པ་མཛད་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་ཐ་དད་མི་འགྱུར་རོ། །རང་གི་དོན་གྱི་རྗེས་སུ་དཔག་པར་གཉིས་པོ་གང་ཡིན་པ་དེ་ཉིད་ཅེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་འབྲས་བུ་དང་རང་བཞིན་དག་གི་མཚན་ཉིད་གང་ཡིན་པ་ནི་རྗེས་སུ་དཔག་ པར་བྱ་བ་ལ་ཡོད་པ་དང་། དེ་མཚུངས་མེད་ལ་མེད་པ་ཉིད། །ཅེས་བྱ་བ་ཡིན་ནོ། །གཉི་ག་ལ་ཁྱབ་པའི་ཕྱིར་ཐུན་མོང་དུ་བསྟན་པའི་མཚན་ཉིད་གང་ཡིན་པ་དེ་ཉིད་ཐ་དད་པ་མེད་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །འབྲས་བུའི་རྟགས་ཀྱིས་ནི་དཔེས་ནི་ཞེས་བྱ་བ་ལ་སོགས་པ་ལ་བརྩལ་མ་ཐག་ཏུ་སྐྱེ་བ་ཡང་མི་རྟག་པ་ཐམས་ཅད་ལ་ ཡོད་པ་མ་ཡིན་པ་དེ་ལྟར་ན་རང་བཞིན་གྱི་གཏན་ཚིགས་ཀྱང་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་བརྟེན་པ་ཡིན་ནོ། །རེ་ཞིག་ལྡོག་པ་ཅན་གྱི་གཏན་ཚིགས་ལ་ཞེས་བྱ་བ་ནི་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་འདིའི། སྲོག་སོགས་མེད་པས་བདག་ མེད་ལ། །ཁྱབ་པ་ཞེས་བྱ་བ་དེ་ཉིད་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་རེ་ཞིག་རྣམ་པར་འབྱེད་པར་བྱེད་དོ། །གལ་ཏེ་བསྒྲུབ་པར་བྱ་བ་ལྡོག་པས་སྒྲུབ་པར་བྱེད་པ་ལྡོག་པ་ཡོད་ན་སྒྲུབ་པར་བྱེད་པ་མེད་པས་བསྒྲུབ་པར་བྱ་བ་མེད་པ་སྟེ་མི་མཐུན་པ་མེད་པ་ལ་ཁྱབ་པར་འགྱུར་རོ། །དེ་ཡང་དེའི་ཚེ་སྟེ་སྲོག་ལ་སོགས་པ་ མེད་པ་ན་བདག་མེད་པ་ལ་ཁྱབ་པར་འགྱུར་ན་གསོན་པོའི་ལུས་གང་ལ་བདག་ཉིད་མི་འགྱུར་བ་དེ་ཉིད་ལ་སྟེ་གསོན་པོའི་ལུས་ལས་བདག་མེད་པའི་བདག་ཉིད་ལ་ཁྱབ་པ་ལྡོག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཁྱབ་པར་བྱེད་པ་ཉིད་དུ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དག་ཏུའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་འབྲས་ བུ་ཉིད་དོ། །དེ་ནི་བདག་ལ་དམིགས་པ་ན་སྲོག་ལ་སོགས་པ་དེ་དམིགས་པ་ཡོད་དོ་ཞེས་བྱ་བ་འདིས་ནི་རྗེས་སུ་འགྲོ་བ་བཤད་དོ། །བདག་རྟོགས་པ་མེད་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་ལྡོག་པ་བསྟན་ཏོ། །རྒྱུ་མ་ཡིན་པ་བཀག་པས་ཞེས་བྱ་བ་ནི་བདག་ལ་སོགས་པ་དེ་རྒྱུ་མ་ཡིན་པ་དེ་བཀག་པའི་ཕྱིར་རོ། །བདག་ མ་རྟོགས་པའི་སྲོག་ལ་སོགས་པའི་རྒྱུ་གཞན་ཉིད་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་གཡོ་འགུལ་ནི་བློའི་ཕུལ་དུ་བྱུང་བ་ཡིན་ལ་སྲོག་ལ་སོགས་པ་དང་རྗེས་སུ་མཐུན་པའི་ལུས་ཕུལ་དུ་བྱུང་བའོ། །རྩོལ་བ་ནི་གནས་རྣམས་ཀྱི་བྱེད་པའོ། །གཞལ་བྱ་ཉིད་ ཕྱིར་གཏན་ཚིགས་ཀྱི་ཕྱིར། བུམ་སོགས་རྣམས་བདག་དང་བཅས་པར་ཏེ་ཞེས་བྱ་བ་ནི་གལ་ཏེ་ཆོས་མཐུན་པ་ཉིད་ཙམ་གྱིས་རྟོགས་པར་འགྱུར་བ་དེའི་ཚེ་གསོན་པོའི་ལུས་བདག་དང་བཅས་པ་དང་གཞལ་བྱ་ཉིད་ཡིན་པ་དེ་བས་ན་བུམ་པ་ལ་སོགས་པ་དང་ཆོས་མཐུན་པ་ཉིད་ཡིན་པའི་ཕྱིར་བདག་དང་བཅས་པ་ཉིད་དུ་ཅིའི་ཕྱིར་ རྗེས་སུ་དཔག་པར་མི་འགྱུར། རླུང་འཕེན་པར་བྱེད་པའི་ནང་གི་བྱེད་པ་ནི་རྩོལ་བ་ཡིན་ལ་དྲན་པ་དང་འདོད་པ་དང་རྩོལ་བ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །སྲོག་ལ་སོགས་པ་ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་དང་དབང་པོའི་འགྱུར་བའི་མཚན་ཉིད་མིག་འབྱེད་པ་དང་འཛུམས་པ་ལ་སོགས་པའོ། །ཅི་རིགས་པར་ཞེས་ བྱ་བ་ནི་དབང་པོའི་འགྱུར་བ་འགྲམ་ཆུ་ལྡང་བ་དག་ནི་དྲན་པ་དང་འདོད་པའི་རྒྱུ་ཡིན་ལ་སྲོག་དང་མིག་འབྱེད་པ་ལ་སོགས་པ་ནི་རྩོལ་བའི་རྒྱུ་ཡིན་ནོ། །དེ་ཉིད་ནི་དཔེར་ན་འགའ་ཞིག་མཐོང་ངམ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ས་བོན་གྱིས་གང་བ་ལ་སོགས་པའི་གཟུགས་དང་དེའི་དྲི་མཐོང་ངམ་ བསྣམས་ན་གོ་རིམས་བཞིན་དུ་ལྕེའི་དབང་པོའི་འགྱུར་བ་གནས་སྐབས་རྣམ་པ་གཞན་ཉིད་དུ་འགྱུར་བ་ནི་འགྲམ་ཆུ་ལྡང་བའོ། །དེ་ནི་བདུན་པའི་ཚིག་གཅིག་པ་ཡིན་ཏེ། གཅིག་བཞིན་དུ་འགྱུར་བའི་ཟླས་དབྱེ་བ་ཡིན་ནོ། །དེ་ལ་དྲན་པ་དང་འདོད་པ་ལ་སོགས་པའི་རྒྱུ་ཉིད་ཡིན་པར་རྟོགས་པར་བྱའོ་ཞེས་བྱ་བར་ སྦྱར་རོ། །སོགས་པའི་སྒྲས་ནི་དབང་པོ་ནུས་པ་མེད་པ་གཟུང་ངོ་། །དེ་ལྟར་ན་ས་བོན་གྱིས་གང་བའི་གཟུགས་དང་དྲི་མཐོང་ཞིང་བསྣམས་པའི་དེ་མ་ཐག་ཏུ་རོ་སྐྱུར་བའི་དྲན་པ་དང་འདོད་པ་དང་དེ་དག་ལས་ལྕེའི་དབང་པོའི་འགྱུར་བ་འགྲམ་ཆུ་ལྡང་བ་འབྱུང་བར་འགྱུར་རོ། །ལུས་ཀྱི་ནུས་པ་དང་བློ་དང་རྩོམ་པ་ལ་ སོགས་པ་ནི་དབུགས་འབྱུང་བ་དང་རྔུབ་པ་དང་མིག་འབྱེད་པ་དང་འཛུམས་པའི་རྒྱུ་ཉིད་ཡིན་པར་རྟོགས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སོགས་པའི་སྒྲས་ནི་ཅི་རིགས་པར་སྐལ་བ་མཉམ་པའི་རྒྱུ་གཟུང་ངོ་། །མདོ་ལ་སོགས་པ་སྨོས་པས་ནི་ཉེ་བར་མཚོན་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཞེས་ བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་གཞན་དག་ལ་ཡང་བདག་ཉིད་རྟགས་ཉིད་དུ་བརྟགས་པ་ནི་ཅི་རིགས་པར་སྐལ་བ་མཉམ་པའི་རྒྱུ་ག