Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 177
Văn bản gốc(Tây Tạng)
Trang 20 / 20 (50.000 ký tự/trang)
ཟུང་ངོ་། །མདོ་ལ་སོགས་པ་སྨོས་པས་ནི་ཉེ་བར་མཚོན་བ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་གཞན་དག་ ལ་ཡང་བདག་ཉིད་རྟགས་ཉིད་དུ་བརྟགས་པ་ན་ཅི་རིགས་པར་རྒྱུ་ཡིན་པར་རྟོགས་པར་བྱའོ། །དེ་དག་འབྱུང་ཞེས་བྱ་བ་ནི་དྲན་པ་འབྱུང་བ་སྟེ་དེ་ཉིད་ནི་དྲན་པ་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཅི་རིགས་པའི་དོན་ནི་དྲན་པ་ཉམས་སུ་མྱོང་བ་སྟེ་ཉམས་སུ་མྱོང་བ་ནི་རིག་པའོ། །བདག་ཉིད་ཇི་ ལྟ་བ་བཞིན་གྱི་རྐྱེན་ལས་ཞེས་བྱ་བ་ནི་དུས་གཞན་ལ་སྡོམ་པ་དང་དོན་འདྲ་བ་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང་། དེ་བཞིན་དུ་བསྟན་བཅོས་ཀྱི་འབད་རྩོལ་ཉམས་སུ་མྱོང་བའི་ཕྱིར་ཇི་ལྟ་བ་བཞིན་གྱི་རྐྱེན་ལས་ཏེ། མིག་ལ་སོགས་པའི་བློའི་འབྲས་བུ་ལྡོག་པ་ལས་མིག་ལ་སོགས་པའི་ ནུས་པ་ཞེས་བྱ་བ་འདི་དང་སྦྱར་རོ། །འབྲས་བུ་ལྡོག་པ་ལས་ཞེས་བྱ་བ་ནི་མིག་བཙུམས་པ་ལ་སོགས་པ་དང་ལོང་བ་ལ་སོགས་པ་ལ་འབྲས་བུ་ལ་སོགས་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །ཡུལ་གཞན་ལ་གཡེང་བའི་ཕྱིར་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བ་མཐོང་བ་དང་ཐོགས་པ་ལས་རྣམ་པར་གཡེང་ བ་མཐོང་ངོ་། །སོགས་པའི་སྒྲས་ནི་ལོག་པར་རྟོག་པར་གཟུང་ངོ་། །རྒྱུ་དེའི་ཕྱིར་ཡིད་ལ་བྱེད་པ་བློ་ཐམས་ཅད་ལ་ནུས་པ་ཡིན་ཏེ། དྲུག་པོ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་དང་འབྲེལ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་བློ་དང་འབྲེལ་པ་ཅན་ཡིན་ནོ། །གཞན་ཡང་མཉན་བྱ་ཉིད་དང་ཞེས་བྱ་བ་ལ་སོགས་ པ་ལ་ཇི་ལྟར་མཉན་པར་བྱ་བ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བའི་ཕྱིར་འཁྲུལ་པ་ཡིན་པ་དེ་བཞིན་དུ་སྲོག་ལ་སོགས་པ་ཡང་ཞེས་པའི་ཐ་ཚིག་གོ། །སྲོག་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་བུམ་པ་ལ་སོགས་པ་བདག་མེད་པ་ཉིད་ལས་ལྡོག་པར་འགྱུར་གྱི་མཐུན་པའི་ཕྱོགས་དག་ ལས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་ལྡོག་པ་གཞན་གྱིས་བདག་དང་བཅས་པར་ཅུང་ཟད་ཀྱང་ཁས་བླངས་པ་ཡོད་པ་མ་ཡིན་ཏེ་མེད་པ་ལ་བྲལ་བ་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་སྲོག་ལ་སོགས་པ་བདག་ལས་ལྡོག་པ་མ་ཡིན་པ་དེའི་ཕྱིར་འདི་ བདག་མེད་པ་ལ་འཇུག་པའི་དོགས་པ་ཡོད་པ་མ་ཡིན་པ་དེ་ལྟར་ན་འདིའི་ལྡོག་པ་འཁྲུལ་པ་མེད་པ་ཅན་ཡིན་ནོ། །འོན་ཀྱང་མཐུན་པའི་ཕྱོགས་ཉིད་ལས་ཀྱང་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་རྟག་པ་ཉིད་ལས་ཀྱང་ལྡོག་པ་དེ་བས་ན་དངོས་པོའི་ཆོས་སུ་གྱུར་པ་འདི་ལ་རྣམ་པ་གཞན་མེད་པའི་ཕྱིར་མི་མཐུན་པའི་ ཕྱོགས་ལ་ཡང་འཇུག་པའི་དོགས་པ་མི་ལྡོག་པ་དེ་ལྟར་ན་ལྡོག་པ་ལ་འཁྲུལ་པ་ཅན་ཡིན་ནོ། །ལྡོག་པ་གཞན་མ་ཡིན་ཞིང་རྗེས་སུ་འགྲོ་བ་མེད་པ་ཡང་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་པ་གང་ཡིན་པ་དེ་ཉིད་དེ་ལས་ལྡོག་པ་ཡིན་ཞིང་ལྡོག་པ་མེད་པ་ཡང་རྗེས་སུ་འགྲོ་བ་ཡིན་ཏེ། དགག་པ་འགོག་པ་ནི་སྒྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་དག་གི་ནང་ནས་ཞེས་བྱ་བ་ལ་སོགས་པ་ལ་མེད་པ་ནི་རྟག་པའི་ཡུལ་མ་ཡིན་ཞིང་མི་རྟག་པའི་ཡུལ་ཡང་མ་ཡིན་པ་དེ་ལྟར་མི་རྟག་པའི་ཡུལ་ཡང་རྟག་པའི་ཡུལ་མ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཡང་གཅིག་གི་ ཡུལ་མ་ཡིན་པ་ཡང་གཞན་གྱི་ཡུལ་དུ་མི་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །མ་ཡིན་ཏེ་དེ་དག་གི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །རྟག་པ་དང་མི་རྟག་པ་དེ་དག་ནི་དངོས་པོ་ཉིད་ཀྱི་དེ་ཉིད་མཚན་ཉིད་ཡིན་པའི་ཕྱིར་ཏེ། གཅིག་འགོག་པའི་གཉིས་པ་སྒྲུབ་པའི་མཚན་ ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་འདི་སྐད་དུ་རྟག་པ་མེད་པ་ཙམ་མི་རྟག་པ་ཉིད་ཀྱང་མ་ཡིན་ཞིང་མི་རྟག་པ་མེད་པ་ཙམ་རྟག་པ་ཉིད་མ་ཡིན་གྱི་འོན་ཀྱང་དེ་དག་ནི་དངོས་པོའི་ཆོས་ཉིད་ཡིན་ནོ། །དེ་བས་ན་དེ་དག་དངོས་པོའི་ཆོས་ཉིད་ཡིན་པ་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་དག་གཅིག་མེད་པའི་ཡུལ་གྱི་ དངོས་པོ་དེ་ལས་གཞན་པ་ཡུལ་དུ་འགྱུར་བ་ཡིན་གྱི་མེད་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བ་མེད་པ་ཙམ་ནི་ལྡོག་པ་ཡིན་ལ་དེ་རྗེས་སུ་འགྲོ་བ་མེད་ན་གདོན་མི་ཟ་བར་ཡོད་པ་ཡིན་ནོ། །མེད་པ་འགོག་པའི་མཚན་ཉིད་ནི་གྲུབ་པ་ཡིན་ ལ་དེ་མེད་པ་འགོག་པར་མི་འདོད་པར་ཐོབ་པར་འགྱུར་རོ། །དེ་ལ་ཡང་རྣམ་པར་གཅོད་པ་ཙམ་བརྗོད་པར་འདོད་པ་ཡོད་ན་ཞེས་བྱ་བ་ནི་གང་གི་ཚེ་མི་རྟག་པ་ཉིད་མེད་པ་ཙམ་རྟག་པ་ཉིད་དུ་བརྗོད་པར་འདོད་པ་ཡིན་གྱི་དངོས་པོའི་ཆོས་མ་ཡིན་པ་དེའི་ཚེ་དངོས་པོ་མ་ཡིན་པ་བཀག་པ་ལ་ཡང་དེའི་མཚན་ཉིད་ཡོད་པ་ཉིད་ཡིན་ནོ་ཞེས་ བྱ་བ་རྟག་པ་དང་མི་རྟག་པ་དག་གཅིག་གི་ཡུལ་མ་ཡིན་པ་དེ་ལས་གཞན་པའི་ཡུལ་གྱི་མཚན་ཉིད་ཡིན་ནོ། །མེད་པའི་སྒྲ་ཉིད་ནི་དགག་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་དངོས་པོར་གྱུར་པའི་གཏན་ཚིགས་ཞེས་བྱ་བ་ལ་སོགས་པ་མཐུན་པའི་ཕྱོགས་མེད་པ་ལས་གཏན་ཚིགས་ལྡོག་པ་ཡོད་པ་མ་ཡིན་པ་དེ་ལྟར་ན་གཏན་ ཚིགས་མེད་པ་ལ་སྟོན་པར་བྱེད་དོ། །གཞན་དག་ཀྱང་ཞེས་བྱ་བ་ནི་སངས་རྒྱས་པའོ། །མཐུན་པའི་ཕྱོགས་མེད་པ་རྟག་པ་ལས་གཏན་ཚིགས་བྱས་པ་ལྡོག་པར་སྨྲ་བ་ལ་རིགས་པ་མ་ཡིན་པ་བྱེད་པར་བསམ་པར་མི་བྱའོ། །དངོས་པོ་ལ་རེག་པ་མེད་པ་སྟེ་སངས་རྒྱས་པས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལས་ལྡོག་ པའི་མཚན་ཉིད་ཀྱི་དགག་པ་གང་ཡིན་པ་བརྗོད་པར་འདོད་པ་ཡིན་ཏེ། རྣམ་པར་བཅད་པ་ཙམ་ལས་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་གཅོད་པའི་རྒྱུས་རྣམ་པར་གཅོད་པ་ཉེ་བར་མཚོན་པར་བྱེད་པའི་ཆོས་གཞན་དངོས་པོའི་ཁྱད་པར་འགོག་པ་སྟེ་མ་ཡིན་པར་ཞེས་བྱ་བའི་ཐ་ ཚིག་གོ། །སྐབས་སུ་བབ་པའི་སྒྲུབ་པར་བྱད་པ་ཞེས་བྱ་བ་བྱས་པ་ཉིད་དེ་སྒྲུབ་པར་བྱེད་པའི་ཆོས་ལྡོག་ནའོ། །སྒྲུབ་པ་དང་དགག་པ་དག་གི་སྒྲའི་འཇུག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱེད་ཀྱི་གཞུང་གིས་སྒྲུབ་པ་དང་དགག་པ་དག་གིས་སྒྲའི་འཇུག་པ་གང་ཡིན་པ་དེ་མེད་པ་དག་ལ་མེད་པའི་ཕྱིར་རོ། །མ་ཡིན་པར་དགག་ པའི་ངོ་བོ་མ་ཡིན་པ་དག་ཀྱང་ཞེས་བྱ་བ་ནི་མེད་པར་དགག་པ་ཡང་མ་ཡིན་པ་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་མེད་པར་མི་འདོད་དོ་ཞེས་བྱ་བར་དགོངས་སོ། །དེ་ལ་ཡང་ཞེས་བྱ་བ་ནི་མེད་པ་དེའི་ཡང་ཡུལ་དགག་པ་ནི་བླ་སྟེ། མ་ཡིན་པའི་ཡུལ་མ་ཡིན་ཞིང་མེད་པ་དགག་པའི་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ། ཡུལ་དུས་འགོག་ཅེས་བྱ་བ་ནི་མེད་པ་དགག་པ་ཉིད་མ་ཡིན་གྱི་འོན་ཀྱང་ཡུལ་དང་དུས་ཡོད་པ་ཉིད་འདི་ལ་མེད་ཅིང་དུས་འདིར་མེད་དོ་ཞེས་འགོག་པ་ཡིན་ནོ། །གལ་ཏེ་དེ་ལྟར་ནི་འགྱུར་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །ཡོད་པ་ཞེས་བྱ་བ་ནི་དངོས་པོ་ཡོད་པའོ། ། དུ་མ་དགག་སྒྲུབ་བཞིན་ནོ་ཞེས་བྱ་བ་ནི་གཞི་ཐ་དད་པའི་ཆོས་དག་གི་དགག་པ་དང་སྒྲུབ་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྣ་བ་ལ་སོགས་པ་དེའི་འབྲས་བུ་ཅན་མ་ཡིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་འབྲས་བུ་ཅན་མ་ཡིན་པའོ། །བསླད་པ་ཞེས་བྱ་བ་ནི་སྒྲ་རྣམས་ཀྱིས་སོ། །མི་ཤེས་བསླད་ཅན་ཞེས་ བྱ་བ་ནི་མི་ཤེས་པས་འཁྲུལ་པ་ཅན་ནོ། །དེ་ཉིད་ནི་རྣམ་པ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རྣམ་པ་མི་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་ཐ་དད་པ་ལ་བརྟེན་པས་འཇུག་པ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ནས་ཁྱད་པར་གྱི་བསྡུ་བ་བྱའོ། །གང་གི་ཕྱིར་དངོས་པོ་ཐ་དད་ པ་ལ་བརྟེན་པས་འཇུག་པ་དེའི་ཕྱིར་ཞེན་པའི་རང་བཞིན་ཉིད་ཀྱི་མི་ཤེས་པས་བསླད་པའི་ཕྱིར་རོ། །འདིས་ཀྱང་མི་ཤེས་བསླད་པ་ཅན་ཞེས་བྱ་བ་བསྟན་ཏོ། །འབྲེལ་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་དོན་གྱི་མ་ཡིན་པའི་རྗེས་སུ་དཔག་པ་གང་དང་གང་ཡིན་པ་དེ་དང་དེ་མི་རྟག་པ་ཡིན་ནོ་ཞེས་བྱ་བའི་སྒྲ་གང་ཡིན་པ་ དག་གོ། །དེ་སྟོན་པར་བྱེད་པའི་གནས་སྐབས་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་རྟོག་པའི་དོན་དུ་དོན་ཁས་ལེན་པའི་ཕྱིར་རོ། །ཚད་མ་དང་ཅིག་ཤོས་འགལ་བའི་ཕྱིར་ཏེ། མེད་པ་སྒྲུབ་པར་བྱེད་པ་དང་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་དག་ལས་འགལ་བ་མེད་པའི་ཕྱིར་རོ། །ཡུལ་གཅིག་ལ་འཇུག་པ་ན་འགལ་བར་ འགྱུར་གྱི་དངོས་པོའི་སྟོབས་ཀྱིས་འཇུག་པའི་ཚད་མ་འགལ་བ་ཡོད་པ་མ་ཡིན་ནོ། །དེས་བྱས་པའི་གོ་བར་བྱེད་པ་དགག་པའི་རྟེན་མཐུན་པའི་ཕྱོགས་དེ་ལ་ཐ་ཚོམ་ཟ་བའི་ཕྱིར་རོ། །བུམ་པ་ལ་སོགས་པ་བདག་མེད་པ་འགའ་ཞིག་ལ་མ་མཐོང་བ་ཞེས་བྱ་བ་ནི་གཞན་གྱི་བསམ་པས་བདག་མེད་པ་དག་ལ་ཞེས་ བཤད་པ་ཡིན་གྱི་དེ་ལྟ་མ་ཡིན་ན་བདག་རང་བཞིན་གྱིས་བསྐལ་པ་ཡིན་པའི་ཕྱིར་ཇི་ལྟར་ན་བུམ་པ་ལ་སོགས་པ་དག་ལ་ཡང་མེད་པ་ཡིན། གལ་ཏེ་བུམ་པ་ལ་སོགས་པ་མདུན་ན་གནས་པ་བདག་མེད་པ་འགའ་ཞིག་ལ་སྲོག་ལ་སོགས་པ་མ་མཐོང་བ་དེ་ལྟར་ན་ཡང་མ་མཐོང་བ་དེ་ལ་ཡང་ཇི་ལྟར་དམིགས་པའི་མཚན་ ཉིད་ཀྱིར་གྱུར་པའི་བུམ་པ་ལ་སོགས་པ་ལྡོག་པ་དངོས་པོ་བདག་མེད་པར་གཞག་པ་མ་མཐོང་བདག་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ཡོད་ན་ནི་དེར་འགྱུར་ན། །ཞེས་བྱ་བ་ནི་གལ་ཏེ་དངོས་པོ་ཕུང་པོ་གསུམ་པ་ཡོད་པར་འགྱུར་ན་གང་ལ་བདག་མེད་པ་ལྡོག་པ་ན་ཡང་བདག་ཡོད་པ་མ་ཡིན་པ་དེ་དང་དེར་འགྱུར་རོ། །གསོན་ པོའི་ལུས་ལ་བདག་མེད་པ་ལྡོག་པ་ན་ཡང་བདག་གི་དངོས་པོ་ཡོད་པ་ཡིན་ནོ། །འོན་ཀྱང་ཡོད་པ་ལྡོག་པ་མེད་ན་ཡང་ཞེས་བྱ་བ་ནི་ཇི་ལྟར་སྲོག་ལ་སོགས་པ་ལྡོག་པ་མེད་པའི་མཐུན་པའི་ཕྱོགས་སུ་བརྗོད་པ་ཡིན་ཏེ། སྲོག་ལ་སོགས་པའི་མཐུན་པའི་ཕྱོགས་ལས་མི་ལྡོག་པ་ན་མེད་པ་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ སྲོག་ལ་སོགས་པའི་མཐུན་པའི་ཕྱོགས་ཡོད་པ་མ་བསྟན་པ་ཡིན་ནོ། །གལ་ཏེ་ལྡོག་མེད་རྗེས་འགྲོ་མེད། །ཅེས་བྱ་བ་ནི་གལ་ཏེ་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་དང་བྲལ་བ་ཡིན་ན་ཡང་རྗེས་སུ་འགྲོ་བར་མི་འདོད་ནའོ། །མཐོང་བ་དང་མ་མཐོང་བ་དེ་དག་རྒྱུ་དང་འབྲས་བུ་ཉིད་དེའི་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ ཉེ་བར་བཏགས་པ་ཡིན་ནོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་ངེས་པ་ལ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ངེས་པ་ལ་སྒྲུབ་པར་བྱེད་པ་ངེས་པའི་རྣམ་པར་ངེས་པར་མི་འགྱུར་ཏེ། ཐམས་ཅད་ཐམས་ཅད་ལ་སྦྱོར་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པའི་སྒྲས་ནི་ངེས་པ་མེད་པར་མི་འགྱུར་རོ། ། འདིའི་ཐ་དད་བྱེད་ཐ་དད་མིན། །ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་བདུན་པའི་ཚིག་གཅིག་པ་ཡིན་ནོ། །འདིའི་ཞེས་བྱ་བ་ནི་ཚོགས་པའོ། །འདིས་ནི་ཕྱོགས་སྔ་མའི་དོགས་པ་བསུ་བ་ཡིན་ནོ། །འདིར་འདིའི་བསམ་པ་ནི་གལ་ཏེ་ཡང་མེ་ལ་སོགས་པའི་ཚོགས་པ་ལས་དུ་བ་སྐྱེ་བ་དེ་ལྟ་ན་ཡང་བརྒྱ་བྱིན་གྱི་སྤྱི་བོ་ལ་ སོགས་པ་ལས་ཀྱང་འབྱུང་བ་ཡོད་པ་ཉིད་ཡིན་ནོ། །དེ་ལ་འདིར་འགྱུར་ཏེ། མེ་ལ་སོགས་པའི་ཚོགས་པ་ལས་ངེས་པར་སྐྱེ་བ་ཅན་གྱི་དུ་བ་ཅི་ལྟར་མཚན་ཉིད་དང་བྲལ་བའི་ཚོགས་པ་ལས་འབྱུང་བར་འགྱུར་ཞེ་ན། དེ་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་མེ་ལ་སོགས་པའི་མཚན་ཉིད་དང་བྲལ་བའི་ ཚོགས་པ་གང་ཡིན་པ་དེ་ཐ་དད་པར་བྱེད་པ་དང་ཐ་དད་པར་བྱེད་པ་མ་ཡིན་པའི་ངོ་བོ་གང་གིས་མེ་ལ་སོགས་པའི་ཚོགས་པས་དུ་བ་སྐྱེད་པར་བྱེད། དེ་ནི་མཚུངས་པ་ཉིད་ཀྱི་ཕྱིར་ཐ་དད་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་ཚོགས་པ་གཞན་ལ་རག་ལས་པ་ཅི་ལྟར་ཚོགས་པ་གཞན་ལས་འབྱུང་བར་འགྱུར་བའམ། འབྱུང་བར་འགྱུར་ན་འབྲས་བུ་རྒྱུ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་སྐྱོན་འདི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ངོ་བོ་ཐ་དད་པ་མེད་པ་དེ་བས་ན་མེ་ལས་ཀྱང་དུ་བ་འབྱུང་བ་ཡོད་པ་དེ་ལྟར་ན་འབྲས་བུའི་རྒྱུ་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ཐ་དད་པར་བྱེད་པ་དང་ཐ་དད་པར་བྱེད་པ་མ་ཡིན་པ་ཁས་ ལེན་ན་ཐ་དད་པའི་ངོ་བོ། ངོ་བོ་ཐ་དད་མེད་ཉིད་ཉམས། །དངོས་པོ་གཅིག་ལ་ཞེས་བྱ་བ་ནི་ལན་གྱི་ཚིག་ཡིན་ནོ། །དེ་ཉིད་ནི་དེ་ལྟར་ནི་འགྱུར་མོད་ཀྱི་དུ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དོན་གཞན་དུ་གྱུར་པའི་ཚོགས་པ་ནི་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་ནི་རང་བཞིན་ཅན་ནོ། ། ཇི་ལྟར་མེ་ལས་དངོས་སུ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་མངོན་སུམ་སྟེ། མེའི་ཡུལ་ཅན་གྱི་མངོན་སུམ་གྱི་ཤེས་པ་ཡུལ་ཅན་ཡིན་ཏེ་མེ་ནི་དུ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་དེ་ཡིན་པར་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་དུ་བའི་རྒྱུ་ནི་མེ་ཡིན་ཏེ། ཇི་ལྟར་མངོན་སུམ་གྱིས་སླུ་བ་མེད་པར་རྟོགས་པ་དེ་ ལྟར་རྗེས་སུ་དཔག་པས་ཀྱང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་འབྲེལ་པ་ཅན་གྱི་རྫས། །ཞེས་བྱ་བ་ནི་འོ་མ་དང་འབྲེལ་པའི་རྫས་སོ། །ཅི་སྟེ་འབྲས་བུ་རུལ་པའི་སྤྱི་ལ་བརྟེན་ནས་ཞེས་བྱ་བ་ནི་རུལ་པ་ཐ་དད་པ་ལ་ཡང་གཅིག་ཉིད་དུ་ཞེན་པའོ། །གཅིག་ཉིད་ཡིན་ཞེས་བྱ་བ་ནི་ནུས་པ་དག་ལ་ཡང་གཅིག་ཉིད་དུ་ ཞེན་ནས་གཅིག་ཉིད་ཀྱི་ཐ་སྙད་ལ་བརྟེན་པ་ཡིན་པར་བརྗོད་དོ། །དེ་ཁོ་ན་ཉིད་དུ་ན་རྫས་ནི་བདག་ཕུལ་དུ་བྱུང་བའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་ནུས་པ་རྫས་བཞིན་དུ་ཐ་དད་པ་ཉིད་ཡིན་ནོ། །དེ་ཉིད་ནི་རྒོལ་བ་སྔོན་དུ་སོང་བས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ནི་འགྱུར་མོད་ཀྱི་འདི་བདག་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་ སོ། །བདག་ཉིད་དུ་གྱུར་པའི་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་དུ་གྱུར་པའི་ནུས་པ་དང་འབྲས་བུ་དག་ཕན་ཚུན་འདྲེས་པ་མ་ཡིན་ནོ་ཞེས་བྱ་བ་དེ་དང་སྦྱར་རོ། །གཅིག་པོ་དེས་ཞེས་བྱ་བར་དགོངས་སོ། །ཡན་ལག་གི་དངོས་པོའི་རྟེན་ཞེས་བྱ་བ་ནི་དུ་བ་དང་བུད་ཤིང་གི་འགྱུར་བ་ལ་ཡན་ལག་སྟེ་རྒྱུ་ཉིད་ཀྱི་དངོས་པོའི་ རྟེན་ཡིན་ནོ། །འཇིག་དང་བྱས་པ་ཉིད་གོང་དུ་ཇི་སྐད་བཤད་ཟིན་ཏོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས་སོ། །གང་དག་དེ་གོ་བར་བྱེད་པ་ཡིན་པར་མི་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་མཉན་པར་བྱ་བ་ཉིད་དང་མཚུངས་པའི་ལྡོག་པ་རྒོལ་བ་གང་དག་གོ་བར་བྱེད་པ་ཉིད་དུ་མི་འདོད་ཀྱི། སྲོག་ལ་སོགས་པ་མཉན་པར་བྱ་བ་ཉིད་དང་ མཚུངས་པའི་ཆོས་ཅན་གོ་བར་བྱེད་པ་ཉིད་ཡིན་པར་འདོད་པའོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དབེན་པའི་བདག་ཉིད་དུ་གྱུར་པས་དེ་མེད་པའི་ཐ་སྙད་དུ་རུང་བའི་བདག་ཉིད་དུ་གྱུར་པ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་རྒྱུ་དང་ ཁྱབ་པར་བྱེད་པ་ལྡོག་པས་ན་འབྲས་བུ་དང་ཁྱབ་པར་བྱ་བ་མེད་པར་སྟོན་པར་བྱེད་དོ། །དེ་ལ་ཡང་རང་བཞིན་འགོག་པའི་ཕྱིར་ཇི་སྐད་དུ་བཤད་པའི་རྣམ་པས་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པར་འགྱུར་རོ། །དེ་ལ་ཡང་སྐྱེས་བུ་མ་མཐོང་ལས་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་སྐྱེས་བུ་མ་མཐོང་བ་དེའི་ཕྱིར་ སྐྱེས་བུ་མ་མཐོང་བའི་རྒྱུས་སྐྱེས་བུ་ལྡོག་པས་སྲོག་ལ་སོགས་པ་ལྡོག་པ་ཡོད་པ་མ་ཡིན་ནོ། །འདི་སྐད་དུ་གང་གི་ཕྱིར་སྐྱེས་བུ་མ་མཐོང་བ་དེའི་ཕྱིར་དེ་ལྡོག་པས་སྲོག་ལ་སོགས་པ་ལྡོག་པར་ངེས་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དོན་འདི་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་རིགས་པ་བརྟགས་པ་ ལོགས་ཤིག་ཏུ་མཛད་པ་ལས་བཤད་པ་ཡིན་ནོ། །གཞུང་གང་གིས་ཤེ་ན། གཞན་ལ་མ་མཐོང་བའི་ངོ་བོ་ཞེས་བྱ་བ་ལ་སོགས་པས་ཞེས་བྱ་བ་སྨོས་ཏེ། སློབ་དཔོན་གྱི་གཞུང་འདིས་ལྡོག་པ་ཅན་གྱི་གཏན་ཚིགས་ཐེ་ཚོམ་ཟ་བའི་གཏན་ཚིགས་སུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མི་སྣང་བའི་ཡུལ་མི་ དམིགས་པ་ལ་ཡང་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་རྟོགས་སོ། །དེ་བས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་ཀྱི་ཁྱད་པར་སློབ་དཔོན་བཞེད་པ་ཡིན་ནོ། །ལས་ལ་ཡོད་པའམ་ཞེས་བྱ་བ་ནི་ལས་སྒྲུབ་པར་བྱེད་པ་ལ་དམིགས་པའི་སྒྲས་ལས་ཀྱི་བྱ་བ་བརྗོད་པ་ཡིན་ནོ། །བྱེད་པ་བསྒྲུབ་པ་ནི་བྱེད་པ་པོ་ལ་ ཡོད་པ་ཡིན་ནོ། །ཁྱབ་པ་དང་ལྡོག་པ་མེད་པ་ནི་ཞེས་བྱ་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེ་འདྲ་བའི་དོན་ནི་གང་དང་གང་ལ་དེ་འདྲ་བའི་རང་བཞིན་ཡིན་པ་དེ་དང་དེ་ལ་དེ་འཛིན་པར་བྱེད་པའི་དམིགས་པ་ཞེས་བྱ་བ་ནི་ཁྱབ་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ཤེས་པ་ཡད་ན་ཡུལ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་ པ་མེད་པ་ཡིན་ནོ། །ཡུལ་ཅན་དག་ཅེས་བྱ་བ་ནི་མེད་པའི་ཐ་སྙད་དོ། །མི་དམིགས་པ་དེ་ཡང་ཞེས་བྱ་བ་ནི་དམིགས་སུ་མེད་པ་སྟེ། དམིགས་པའི་སྒྲས་བློས་བརྗོད་པའི་ཕྱིར་རོ། །མེད་པ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་དགག་པ་ལས་ཟློག་པ་ཡོད་པ་ཉིད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་མེད་པ་ཉིད་ཀྱི་རང་བཞིན་ ཡིན་པ་ཞེས་བརྗོད་དོ། །ཤེས་བརྗོད་ཐེ་ཚོམ་ཟ་བའི་ཞེས་བྱ་བ་ནི་གཅིག་བཞིན་དུ་འགྱུར་བའི་ཟླས་དབྱེ་བས་མ་ནིང་གི་རྟགས་ཡིན་ནོ། །དེ་ཉིད་ཡུལ་ཅན་དག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པས་ཚིག་གསུམ་པ་ཅན་གྱི་ཟླས་དབྱེ་བ་ཡིན་པར་བཤད་དོ། །འདི་གཉིས་ལས་ ཞེས་བྱ་བ་ནི་མཐོང་བ་དང་མ་མཐོང་བ་དག་ལས་ཡུལ་ཅན་ལ་ཡུལ་བསྟན་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གཟུང་ངོ་། །མེད་པའི་ཤེས་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་མེད་པའི་སྒྲ་ལ་སོགས་པར་རུང་བ་དེ་ཉིད་འབྲས་བུ་གྲུབ་པས་ན་སྟེ། རུང་བ་དེ་ཡང་བདག་ཉིད་དུ་གྱུར་བ་ཡིན་པ་དེ་ལྟར་ན་ རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཡིན་ནོ། །དགོས་པ་གང་གིས་ཉམས་སུ་མྱོང་བ་སྟེ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་ཤེས་པ་ནི་རང་རིག་པའི་བདག་ཉིད་ཅན་ཉིད་ཡིན་གྱི་འདིའི་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་དེ་བསྟན་པར་བྱ་བའི་ཕྱིར་ཉམས་སུ་ མྱོང་བ་སྨོས་པ་མཛད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བརྗོད་པར་འདོད་པའི་ཡུལ་ལས་ཡུལ་གཞན་གྱིས་ཉེ་བར་བསྒྱུར་བ་གཞན་དང་འདྲེས་པ་ཅན་ཏེ། རང་རིག་པའི་བདག་ཉིད་དུ་སྣང་བར་འགྱུར་བ་དེའི་ཚེ་ཐ་དད་པ་ཤེས་པ་འདིའི་ཤེས་པ་འདི་ལས་ཐ་དད་པ་ཡིན་ནོ་ཞེས་འདི་རྣམ་པར་འཇོག་པའི་ཕྱིར་རོ། །དཔེར་ན་གོས་ལ་ཚོན་ བཞིན་ནོ། །ཞེས་བྱ་བ་ནི་དཔེར་ན་གོས་ལ་ཚོན་གཞན་གྱིས་བསྒྱུར་བ་ན་རྒྱུ་གཞན་ལ་ལྟོས་པའི་ཕྱིར་དམར་པོར་ངེས་པ་མེད་པ་ལྟ་བུའོ། །དངོས་པོ་ནི་སྐྱེད་པར་བྱེད་པའི་རྒྱུ་ཡིན་ཏེ། དེ་ལས་འགྱུར་བ་དེ་ལྟར་ན། དངོས་པོ་རྒྱུ་ལས་འབྱུང་བ་ཉིད་ན་སྟེ། མི་རྟག་པ་ཉིད་ཡིན་ནོ། །དེའི་དངོས་པོ་དེ་ལའོ། །ཆོས་ཞེས་བྱ་བ་ནི་ཐ་ དད་པའོ། །གང་གིས་དངོས་པོ་འཇིག་པ་དེ་ཉིད་ཀྱི་ཕྱིར་དངོས་པོ་འཇིག་པ་ཞེས་བྱ་བ་སྨོས་སོ། །བརྒྱུད་པ་འདིས་ཅི་ཞིག་བྱ་བ་ནི་དངོས་པོའི་རྒྱུས་མི་རྟག་པ་ཉིད་ཐ་དད་པ་སྐྱེད་པར་འགྱུར་ཞིང་དེས་འདི་འཇིག་པ་ཡིན་ནོ། །འཇིག་སྟེ་ཞེས་བྱ་བ་ནི་མདོ་ཡིན་ལ། དེ་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་འཆད་ པར་བྱེད་དོ། །ཅིར་ཡང་མི་འགྱུར་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ནོ། །དངོས་པོའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོའི་བདག་ཉིད་དུ་གྱུར་པ་ཡང་དེ་ཡིན་ལ་འཇིག་པའི་རང་བཞིན་ཡང་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་བྱེད་པས་ན་གལ་ཏེ་མི་རྟག་པ་ཉིད་ཀྱི་ཕྱིར་ཆོས་བདག་ལ་ཕན་ འདོགས་པར་བྱེད་པར་ཡང་འགྱུར་ཏེ། བུམ་པ་ལ་སོགས་པའི་འཇིག་པའི་རང་བཞིན་ཡང་ཕན་འདོགས་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཞེས་བྱ་བ་ནི་འཇིག་པར་བྱེད་པ་ཉིད་དུ་མངོན་པར་འདོད་པ་མི་རྟག་པའི་བདག་ཉིད་ཅན་གྱི་ཆོས་སུ་འགྱུར་ན་འགའ་ཞིག་ཀྱང་མ་ཡིན་ནོ། །འབྱུང་འཇིག་ཅན་ཞེས་བྱ་བ་ནི་གནས་སྐབས་གང་ལ་ གཞན་གྱིས་ཀྱང་འདི་འཇིག་པར་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པར་ནི་སྐད་ཅིག་མ་རེ་རེ་ལ་དངོས་པོ་རྣམས་འབྱུང་ཞིང་འཇིག་པའི་དཔེ་ཡིན་ནོ། །དེའི་ཚེ། དེ་ལྟར་མེད་ཡོད་ཇི་ལྟར་རུང་། །གལ་ཏེ་སྐད་ཅིག་ཀྱང་ལྟོས་མེད། །དངོས་པོ་འབྱུང་བ་མ་ཡིན་ན། །དངོས་པོ་འཇིག་པ་ལ་ལྟོས་པ་མེད་པ་ཉིད་ཡིན་ན་སྐད་ཅིག་ ཀྱང་དངོས་པོ་ཡོད་པ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ནོ། །དེའི་ཚེ། དེ་ལྟར་མེད་ཡོད་ཇི་ལྟར་རུང་། །གཅིག་ལ་ཡང་དེར་འདི་འདིའི་ཡོད་པ་དང་མེད་པ་ཇི་ལྟར་རུང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་དངོས་པོ་མི་རྟག་པར་ཞེས་བྱ་བ་ལ་སོགས་པས་འཆད་ པར་བྱེད་དོ། །སློབ་དཔོན་ཤཱཀྱ་བློས་སྦྱར་བ་ལས་ཚད་མ་རྣམ་འགྲེལ་གྱི་ལེའུ་བཞི་པའི་ཊཱི་ཀཱའོ། །མུ་སྟེགས་བརྫུན་པའི་རྟོག་གེ་ཐམས་ཅད་འཇོམས་ནུས་བསྟན་བཅོས་ལུགས་བཟངས་ཐམས་ཅད་ཀྱི། །ཆ་ཙམ་བདག་གིས་བཤད་པས་མི་གཡོ་ཤིན་ཏུ་བརྟན་པའི་བསོད་ནམས་སྐྱེས་ཐོབ་པ། །དེས་ནི་སེམས་ཅན་ཚོགས་འདི་སྲིད་པ་གསུམ་པའི་ རྒྱ་མཚོ་དག་ལས་ཡོངས་དྲངས་ནས། །ཚངས་སོགས་ཀྱིས་ཀྱང་ཐོབ་མིན་སངས་རྒྱས་གོ་འཕང་དྲི་མེད་རྟག་ཏུ་ཐོབ་པར་ཤོག །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་སྒོམ་པ། སློབ་དཔོན་ཤཱཀྱའི་བློས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རྫོགས་སོ།། །།འདི་ནི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། །།