Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
།སྡུག་བསྔལ་བསྒྲུབ་པར་བྱ་བ་ཉིད་དུ་རབ་ཏུ་བསྒྲུབས་པ་ཡིན་ནོ། །སྒྲུབ་པར་བྱེད་པ་ནི་ཇི་སྐད་དུ་བཤད་པའི་ཀུན་འབྱུང་གི་བདེན་པ་དག་ཡིན་པ་དེ་བས་ན། རེ་ཞིག་སྡུག་བསྔལ་གྱི་རྣམ་པ་དང་།

ཀུན་འབྱུང་གི་རྣམ་པ་གོ་རིམས་བཞིན་དུ་རབ་ཏུ་བསྒྲུབས་པ་ཡིན་ཏེ། ཟག་པ་དང་བཅས་པ་འབྲས་བུར་གྱུར་པ་སྡུག་བསྔལ་དང་། རྒྱུར་གྱུར་པ་ཀུན་འབྱུང་གི་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེའི་རྒྱུ་ཅན་གྱི་དངོས་པོའི་ཁྱད་པར་དང་། ལྷག་མ་ཀུན་འབྱུང་གི་རྣམ་པར་གྲུབ་པར་འགྱུར་རོ། །དེའི་ཞེས་བྱ་བ་ནི་ཀུན་
འབྱུང་དང་སྦྱར་རོ། །གང་ལ་དེའི་རྒྱུ་ཡོད་པ་དེ་ནི་རྒྱུ་ཅན་ནོ། །དེའི་རྒྱུ་ཅན་ཡང་དེ་ཡིན་ལ་དེ་ནི་རྒྱུ་ཅན་གྱི་དངོས་པོ་སྟེ། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བའི་དོན་ཏོ། །དེའི་ཁྱད་པར་ནི་མི་རྟག་པ་དང་སྟོང་པ་དང་། བདག་མེད་པའི་རྣམ་པའོ། །ལྷག་མ་ཀུན་འབྱུང་གི་རྣམ་པ་ནི་རྒྱུ་དང་རྐྱེན་དང་རབ་ཏུ་སྐྱེ་བའི་རྣམ་པ་ཡིན་ཏེ།
དེ་དག་ནི་སྡུག་བསྔལ་དང་ཀུན་འབྱུང་གི་རབ་ཏུ་དབྱེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །བདག་མེད་པ་ཉིད་གོམས་པས་ཉོན་མོངས་པ་འགོག་པ་ཡོད་པ་རབ་ཏུ་བསྒྲུབས་པས་འགོག་པའི་འགོག་པ་ནི་རྣམ་པར་བསྒྲུབས་པ་ཡིན་ནོ། །དེ་ཡོད་ན་རྣམ་པ་ལྷག་མ་ཞི་བ་ལ་སོགས་པ་གྲུབ་པར་འགྱུར་རོ། །དེ་བཞིན་དུ་ལམ་ཡང་
རྒྱུ་དེ་ཡང་གནོད་པ་ཅན་ཉིད་ནི་བདག་མེད་མཐོང་བ་ཞེས་བྱ་བ་ལ་སོགས་པས་སྡུག་བསྔལ་རབ་ཏུ་ཞི་བའི་ཐབས་བསྟན་པ་ཡིན་ནོ། །དེ་བསྟན་པས་རྣམ་པ་ལྷག་མ་གྲུབ་བོ། །འཁོར་བའི་སྡུག་བསྔལ་དང་རྒྱུ་དང་རབ་ཏུ་ཞི་བ་དང་ཐབས་ཞེས་བྱ་བ་ནི་ཟླས་དབྱེ་བའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད།
བམ་པོ་བཞི་བཅུ་རྩ་དྲུག་པ། ཕུང་པོ་སྟེ་གཟུགས་ལ་སོགས་པ་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བའོ། །སྡུག་བསྔལ་རྣམ་པ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །
དེ་ལ་ཚོར་བ་སྡུག་བསྔལ་ནི་དངོས་སུ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ཡིན་ཏེ། དེའི་རྒྱུ་དེའི་རྐྱེན་ནི་བརྒྱུད་པའི་སྒོ་ནས་ཡིན་ནོ། །ཚོར་བ་བདེ་བ་ནི་དངོས་སུ་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ཡིན་ཏེ། དེའི་རྒྱུ་དེའི་རྐྱེན་ནི་བརྒྱུད་པའི་སྒོ་ནས་ཡིན་ནོ། །ཚོར་བ་བདེ་བ་ཡང་མ་ཡིན་སྡུག་
བསྔལ་བ་ཡང་མ་ཡིན་པ་ནི་དངོས་སུ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ཏེ། དེའི་རྒྱུ་ནི་བརྒྱུད་པའི་སྒོ་ནས་ཡིན་ནོ། །འགྲོ་བ་དང་འོང་བ་རབ་ཏུ་བསྒྲུབས་སུ་ཟིན་ཀྱང་ཡང་རྣམ་པ་གཞན་གྱི་སྒོ་ནས་རབ་ཏུ་བསྒྲུབས་པའི་ཕྱིར་ཡང་གལ་ཏེ་སེམས་ཅན་སྔ་མ་གཞན་འགའ་ཞིག་ལས་ཞེས་བྱ་བ་ལ་སོགས་པས་འཇིག་

རྟེན་རྒྱང་པན་པའི་དོགས་པ་བསུ་བ་ཡིན་ནོ། །དེ་ལ་དང་པོར་ཞེས་བྱ་བ་ནི་གོམས་པར་མ་བྱས་པའི་རྟེན་དང་བྱིས་པའི་གནས་སྐབས་ན་ཡང་ངོ་། །གང་ལ་གོམས་པ་མ་མཐོང་བ་ཅན་འདིས་ནི་གོམས་པ་མ་བྱས་པ་ཉིད་སྟོན་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་ན་གཞན་ལ་གསལ་བ་བསྒྲུབས་པས།
སྐྱེ་བ་འདི་ལ་གོམས་པ་མཐོང་བའི་ཕྱིར་ཤུགས་ཀྱིས་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་པར་འགྱུར་བ་དེ་ལྟར་ན་སྐྱེ་བ་སྔ་མ་གྲུབ་པ་ཡིན་ནོ། །དེ་དང་འདྲ་བར་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མ་མཐོང་དུ་ཟིན་ཀྱང་ཞེས་བྱ་བ་ནི་ཇི་ལྟར་སྐྱེ་བ་འདི་ལ་སྔར་ཇི་སྐད་དུ་བཤད་པའི་ཡོན་ཏན་མིག་
གསལ་བ་གང་ཡིན་པ་དེ་ནི། འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མེད་ན་མི་རིགས་དེའི་དབང་གིས་གོམས་པ་སྔོན་དུ་སོང་བ་ཅན་དུ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མ་མཐོང་དུ་ཟིན་ཀྱང་ངོ་། །དང་པོར་འདོད་ཆགས་ལ་སོགས་པ་ལ་གསལ་བར་ཁས་ལེན་ན། བྱིས་
པས་གོམས་པར་མ་བྱས་པའི་གནས་སྐབས་སུ་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མེད་པ་ཤུགས་ཀྱིས་གོམས་པ་སྔོན་དུ་སོང་བ་ཅན་མ་ཡིན་ཏེ། དང་པོ་ཐམས་ཅད་གདོན་མི་ཟ་བར་གསལ་བར་འདོད་པར་འགྱུར་ན། གོམས་པ་མཐོང་བ་སྔོན་དུ་སོང་བ་ཅན་དེ་ཡང་འགལ་བ་ཡིན་ཏེ་དེ་མ་མཐོང་བའི་
ཕྱིར་རོ། །དེ་ཡང་སྔོན་དུ་རང་བཞིན་མཚུངས་པར་བྱས་པ་ཉིད་ཡིན་མོད་ཀྱི་ཞེས་བྱ་བ་སྐྱེ་བ་སྔ་མ་དང་རང་བཞིན་འདྲ་བ་དེས་བྱས་པ་ཡིན་ན་ཡང་ངོ་། །དེ་བས་ན་ཚེ་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མེད་པ་བསྒྲུབ་པར་བྱ་བ་ལ་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་ཀྱང་སངས་རྒྱས་པ་ལ་བརྗོད་པར་བྱའོ། །དཔེ་བསྒྲུབ་པར་
བྱ་བས་སྟོང་པ་མ་ཡིན་ནམ་ཞེས་བྱ་བ་ནི་གཞན་ལ་དཔེ་ལས་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་མ་ཡིན་ཏེ། ཐོག་མ་མེད་པ་ཅན་ཉིད་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་འདི་སྐད་དུ་གོམས་པ་སྔོན་དུ་སོང་བ་ཅན་ཉིད་སྤྱི་བསྒྲུབ་པར་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་
དེ་ལས་ཡང་བསྒྲུབ་པར་བྱ་བས་སྟོང་པ་ཉིད་མ་ཡིན་པ་དང་། གྲུབ་པ་ལ་སྒྲུབ་པ་མ་ཡིན་ཏེ། དང་པོའི་གསལ་བ་གོམས་པ་མཐོང་བ་སྔོན་དུ་སོང་བ་ཅན་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་ཐོག་མ་མེད་པ་ཅན་ཉིད་གྲུབ་པར་འགྱུར་རོ་ཞེས་བསྟན་ཏེ། །གཏན་ཚིགས་འདིའི་ཞེས་བྱ་བ་ནི་གསལ་བའི་ཞེས་བྱ་བ་འདིའོ། །དེའི་རྒྱུ་

ཉིད་ལ་ཁྱབ་པར་བྱེད་པ་ནི་དེ་ལ་མ་འཁྲུལ་པ་ཅན་ཉིད་ཡིན་ལ། དེ་དང་འགལ་བའི་ཡང་འཁྲུལ་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེའི་རང་བཞིན་ངེས་པའི་ཡོན་ཏན་ལ་བརྟེན་པ་ཡིན་ལ་ཞེས་བྱ་བ་ནི་བད་ཀན་གྱི་རང་བཞིན་དུ་ངེས་པའི་ཡོན་ཏན་གང་ཡིན་པ་དེ་དེ་ལ་བརྟེན་པ་ཡིན་ཞེས་བྱ་བའི་
དོན་ཏོ། །རང་བཞིན་དེའི་ཞེས་བྱ་བ་ནི་མཁྲིས་པའི་རང་བཞིན་གྱིའོ། །དེ་ཙམ་གྱི་རྒྱུ་ཅན་ཉིད་ལ་ཁྱབ་པར་བྱེད་པ་དེ་ནི་དེ་མཚུངས་པ་ཡོད་ན་དེ་མི་མཚུངས་པ་མེད་པ་ཉིད་ཡིན་ལ་དེ་དང་འགལ་བ་ནི་མི་མཚུངས་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཐལ་བ་དང་ཐལ་བ་ཟློག་པ་དག་མ་ངེས་པ་
ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མཚུངས་པ་ཅན་ཞེས་གང་ཡིན་པ་དེ་ནི་མཚུངས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་ཐལ་བ་མ་ངེས་པ་ཡིན་ཏེ། གཟུགས་ལ་སོགས་པ་མཚུངས་པ་མེད་པ་དག་ལ་ཡང་རྒྱུ་མཚུངས་པ་ཅན་ཉིད་ཡོད་པའི་ཕྱིར་རོ། །གང་ཞིག་གང་མཚུངས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་ཟློག་པ་མ་ངེས་
པ་ཡིན་ཏེ། གཟུགས་ལ་སོགས་པ་འབྱུང་བ་ཙམ་གྱི་རྒྱུ་མཚུངས་པ་ཡོད་ཀྱང་མཚུངས་པ་མ་ཡིན་པ་དམིགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་འབྱུང་བའི་རྒྱུ་ཅན་ཉིད་ཡིན་པར་འདོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་ཐལ་བ་དང་བཟློག་པ་ལས་གཟུགས་ལ་སོགས་པ་ཕྱོགས་སུ་བྱེད་ཅེ་ན། དེ་ཙམ་རྒྱུ་ཉིད་ཡིན་པ་
གསལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཐལ་བ་ལ་འབྱུང་བ་རྣམས་ཀྱང་ཕྱོགས་སུ་བྱས་པའི་ཕྱིར་ཞེས་བྱ་ལ་ཆོས་མངོན་པ་ལས་འབྱུང་བའི་རྒྱུ་ཅན་ཉིད་ཡིན་པར་མཚུངས་ན་ཡང་གཟུགས་ལ་སོགས་པའི་ཁྱད་པར་ཁས་ལེན་པ་ཡིན་ནོ། །གལ་ཏེ་ཐལ་བ་འབྱུང་བ་ལ་ཡང་ཕྱོགས་སུ་བྱེད་ན་གཟུགས་ལ་སོགས་
པའི་འབྱུང་བའི་རྒྱུ་མཚན་དུ་མཚུངས་པ་ཡང་མཚུངས་པ་ཐོབ་པར་འགྱུར་བ་དེ་ལྟར་ན་དེའི་ཚེ་ཁས་བླངས་པ་ལས་ཉམས་པར་འགྱུར་རོ། །དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གལ་ཏེ་དེ་ལ་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཐའ་ལའོ། །བསྡུས་པའི་དོན་ལས་འདོད་པ་དང་མི་འདོད་པ་བདག་
པོར་གྱུར་པ་རྣམས་ཀྱིས་ཐ་དད་པ་ཉིད་དུ་བསྒྲུབས་པའི་འབྱུང་བ་རྣམས་ནི་གཟུགས་ལ་སོགས་པ་ཐ་དད་པ་རྣམས་ཀྱི་རྒྱུ་ཡིན་ཞེས་གྲུབ་པའི་མཐའ་ལས་ཁས་བླངས་པ་ཡིན་ལ། འབྱུང་བ་ཙམ་དུ་སྨྲ་བའི་འབྱུང་བ་ཐ་དད་པ་མེད་པ་ཉིད་དག་ལས་གཟུགས་ལ་སོགས་པ་ཐ་དད་པ་སྐྱེ་བར་འདོད་པ་དེའི་ཚེ་ཐལ་བ་ནི་འདི་མེད་དོ་ཞེས་བྱ་བ་འདི་

ཡིན་ནོ། །འབྱུང་བའི་རང་བཞིན་གྱི་ཁྱད་པར་ལས་ཞེས་བྱ་བ་ནི་གྱུར་པའི་ཁྱད་པར་ཐོབ་པ་ལས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་གི་ངོ་བོ་ཉིད་ཀྱིས་གྱུར་པའི་ཁྱད་པར་ཡིན་ནོ་ཞེ་ན། རྒྱུ་མཚན་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངེས་པ་མི་རུང་བའི་ཕྱིར་ཏེ་གྱུར་པ་ཐམས་ཅད་ལ་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །བརྟགས་པ་ཡང་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་ཁྱད་པར་ཡིན་ན་ཞེས་བྱ་བ་ནི་འབྱུང་བ་རྣམས་ཀྱི་ཁྱད་པར་ཡིན་པ་ན་མ་ངེས་པ་ཡིན་ཏེ། འབྱུང་བ་ཐ་དད་པ་དེ་དག་ཉིད་ལས་གཟུགས་ལ་སོགས་པའི་ཁྱད་པར་སྐྱེ་བའི་ཕྱིར་རོ། །དེ་ལྟར་ནི་འགྱུར་ན་ཉེས་པའི་རྒྱུ་
ཅན་ཉིད་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་ཉེས་པའི་རྒྱུ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྐྱོན་དེའི་གྱུར་པ་གཞན་ཡོད་ན་ཡང་ཞེས་བྱ་བ་ནི། ཡོན་ཏན་ཤེས་རབ་ཀྱི་རྒྱུའི་ཉེས་པ་དེའི་གྱུར་པ་གཞན་ཡོད་ན་ཡང་ངོ་། །དེ་ལས་གཞན་པའི་ཞེས་བྱ་བ་ནི་དྲི་ང་བ་དང་ཁྲོ་བ་ལ་སོགས་པའོ། །དེ་བཞིན་དུ་སྐྱོན་
གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ཇི་ལྟར་སྐྱེས་བུ་དེའི་ཤེས་རབ་མཁྲིས་པའི་ངང་ཚུལ་ཅན་དུ་འགྱུར་བ་དེ་ལྟར་ན་དེ་ལས་གཞན་ཏེ། རང་བཞིན་དེའི་གཅིག་ཏུ་ངེས་པར་འགྱུར་བ་ཅན་གྱི་དྲི་ང་བ་དང་། རྡུལ་ལ་སོགས་པའི་ཆོས་ཀྱང་ཅིའི་ཕྱིར་མི་མཐོང་ཞེས་བཤད་པ་གང་ཡིན་པ་དེ་བསལ་བར་འགྱུར་རོ། །
དེ་ལྟར་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། བཤད་མ་ཐག་པའི་ཚུལ་གྱིས་དེའི་རང་བཞིན་གྱི་ཡོན་ཏན་རེ་རེ་ཉིད་དུ་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། དེ་དང་དེའི་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྒྱུ་དང་འཕྲོ་བ་ལ་སོགས་པའི་རྒྱུའོ། །དེ་ནི་ཇི་ལྟར་ཤེས་རབ་ལ་སོགས་
པའི་རྒྱུ་མཁྲིས་པའི་གནས་སྐབས་དེ་ཡོངས་སུ་གྱུར་པ་དེ་ལྟར་ཁྲོ་བའི་རྒྱུ་དང་རྡུལ་གྱི་རྒྱུ་ཡང་ཡོད་པ་ཡིན་ནོ་ཞེས་སྨྲས་པ་ཡིན་ཏེ། ཐ་དད་པ་ཞེས་སྨྲ་བ་ཡིན་ནོ། །ཐ་དད་པ་ཞེས་བྱ་བ་ནི་གྱུར་པ་རེ་རེ་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ལྟོས་པའི་བྱ་བ་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བ་
ཙམ་གྱི་རྒྱུ་ལ་མ་གཏོགས་པར་སྐལ་བ་མཉམ་པའི་རྒྱུ་ལྟོས་པར་བྱ་བ་གཞན་ཁས་མ་བླངས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པ་ཡང་རླུང་ལ་སོགས་པའི་ཁྱད་པར་ཡོད་ན་ཡང་ཁྱད་པར་དུ་མི་འགྱུར་རོ་ཞེས་བྱ་བ་འདིའིའོ། །འདིས་ནི་སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་

ཞེས་བྱ་བའི་གཞུང་བཙུགས་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་། ཁྱད་པར་མེད་ཕྱིར་གྲུབ་ཉིད་མིན། །ཞེས་བཤད་པ་གང་ཡིན་པ་དེ་བསྒྲུབས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁམས་ཆ་མཉམ་པ་ལ་སོགས་པ་ལ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ལྔ་པ་ཡིན་ཏེ། དེ་ལས་ནང་གི་རེག་བྱ་སྐྱེ་བའི་
ཕྱིར་རོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་གནོད་པར་བྱེད་པའིའོ། །ཁུ་བ་ཟད་ནས་ཁྲག་འཛག་པའོ། །དེ་ཙམ་གྱི་རྒྱུ་ཅན་ཉིད་ལ་དེ་ངེས་པ་ཡོད་ན། ངེས་པར་ཡོད་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཡོད་པར་མ་ངེས་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཟུགས་དང་
ཁུ་བ་ལ་སོགས་པ་དག་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ནི་བདུན་པའི་ཚིག་གཉིས་པའོ། །གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཟུགས་དང་། ཁུ་བ་ཙམ་གྱི་རྒྱུ་ཅན་མ་ཡིན་པ་ཉིད་ནི་འདོད་ཆགས་ལ་འདོད་པ་ཉིད་ཀྱི་ཕྱིར་རོ། །གཞན་འདོད་ཆགས་ཀྱི་རྒྱུ་ཉིད་དུ་བསྟན་པ་ཞེས་བྱ་བ་ནི། ཁམས་ཆ་མཉམ་པ་ལ་
སོགས་པའོ། །ཁྲོ་བ་ལས་བཟློག་པ་འདོད་ཆགས་ཀྱི་རང་བཞིན་ཉིད་ལས་གནས་པ་ཞེས་བྱ་བ་ནི་ཁྲོ་བ་ལས་བཟློག་པ་སྟེ། འགལ་བ་འདོད་ཆགས་ཀྱི་རང་བཞིན་བད་ཀན་གྱི་བདག་ཉིད་ཅན་དེ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་སྐྱེས་པ་ལ་དེ་དང་མི་འགལ་བའི་རང་བཞིན་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་ལས་
བཟློག་པ་འགལ་བའི་རང་བཞིན་གྱི་གནས་སྐབས་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལ་གནས་པའི་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རང་བཞིན་ཉིད་ལ་གནས་པའིའོ། །རང་བཞིན་གཉི་ག་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་ཞེ་སྡང་དག་གི་བད་ཀན་དང་མཁྲིས་པའི་རང་བཞིན་གང་
ཡིན་པ་དེ་འདུས་པ་ལས་གཉིས་ག་སྟེ་འདོད་ཆགས་དང་ཞེ་སྡང་འཇུག་གོ། །དེ་བས་ན་འདོད་ཆགས་ཀྱི་རང་བཞིན་ཉིད་ལས་ཞེ་སྡང་འབྱུང་བ་མ་ཡིན་ནོ་སྙམ་དུ་སེམས་སོ། །གཉིས་ཀ་འཇུག་པར་རྟོག་པ་འདི་ཡང་བསལ་བ་སྟེ་སྤངས་པ་ཡིན་ནོ། །ཇི་ལྟར་ཞེ་ན་འཇུག་པ་མཚུངས་པར་ཐལ་བས་ཞེས་བྱ་བ་སྨོས་ཏེ། མཁྲིས་
པའི་རྒྱུའི་ཉེས་པ་དང་། ཤེས་རབ་དང་ཕྲག་དོག་ལ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་དག་ཀྱང་མཚུངས་པར་འཇུག་པ་ཅན་དུ་ཐལ་བར་འགྱུར་བས་སོ། །གལ་ཏེ་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་མཚུངས་པར་འཇུག་པར་ཐལ་བའི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། མཁྲིས་པའི་རང་བཞིན་ལས་འབྱུང་བ་ཅན་གྱི་གནས་

སྐབས་ཀྱི་ཡུལ་ལ་སོགས་པས་ཆོས་འགའ་ཞིག་གི་ཚེ་འཇུག་པ་དང་ལྡོག་པ་དེ་དང་འདྲ་བར་རང་བཞིན་གཉིས་སུ་འདུས་པ་འདི་ལ་ཡང་འགའ་ཞིག་འཇུག་པ་མཚུངས་པའི་རང་བཞིན་ཡིན་གྱི། ཤེས་རབ་ལ་སོགས་པ་ཐམས་ཅད་ནི་མ་ཡིན་ནོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་
འགོག་པར་བྱེད་དོ། །རིགས་མཐུན་བག་ཆགས་ཁྱད་པར་ལས། །རག་ལས་པས་ནི་འཇུག་པ་ཅན། །ཞེས་བྱ་བ་ནི་རིགས་མཐུན་པ་གང་ཡིན་པ་དེ་ནི་རིགས་མཐུན་པ་སྟེ་འཇིག་ཚོགས་ལ་ལྟ་བའོ། །བག་ཆགས་ཀྱི་ཁྱད་པར་ནི་སྔོན་གྱི་འདོད་ཆགས་ལ་སོགས་པས་བསྒོས་པ་ས་བོན་ཡིན་ནོ། །རིགས་མཐུན་པ་དང་བག་
ཆགས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་ལ་རག་ལས་པས་འཇུག་པ་སྟེ། སྐྱེ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སོ་སོའི་སྐྱེ་བོའི་གནས་སྐབས་ན་འདོད་ཆགས་ལ་སོགས་པ་གཉིས་ཀ་ལ་རག་ལས་པས་འཇུག་པ་ཅན་ཉིད་ཡིན་ནོ། །གང་འཕགས་པའི་ལམ་ལས་ལྡང་བའི་འཕགས་པའི་ཐོག་མར་
ཉོན་མོངས་པའི་སེམས་སྐྱེ་བ་ནི་དེ་ལ་ཉོན་མོངས་པ་གང་ཡིན་པ་དེ་ནི་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་པ་ཡིན་ཏེ། འཕགས་པའི་ལམ་གྱི་དུས་ན་ཉོན་མོངས་པ་ཅན་གྱི་ཡིད་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་བདག་དང་བདག་གིར་ལྟ་བ་རིགས་མཐུན་པ་ལ་རག་ལས་པས་འཇུག་པ་ཅན་དང་། རྒྱུའི་ཁྱད་པར་ཞེས་བྱ་བ་
ལ་སོགས་པས་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་པས་འཇུག་པ་ཉིད་བསྟན་ཏོ། །དེ་དག་ནི་རྣམ་པར་ཤེས་པ་སྣ་ཚོགས་པ་གཞན་དང་གཞན་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཅེས་བྱ་བས་ནི་འདོད་ཆགས་ལ་སོགས་པ་དང་། སྣ་ཚོགས་པ་ཞེས་བྱ་བས་ནི་རིགས་ཀྱི་ཁྱད་པར་དང་། གཞན་དང་གཞན་ཞེས་
བྱ་བ་ལ་སོགས་པས་འདི་སྐད་ཅིག་མ་ཉིད་བསྟན་ཏོ། །ཡང་ཇི་ལྟར་ན་འདོད་ཆགས་ལ་སོགས་པ་རླུང་ལ་སོགས་པའི་ཆོས་ཉིད་ཡིན་པ་འགོག་པ་ན་འབྱུང་བའི་ཆོས་ཉིད་ཡིན་པ་ཡང་འགོག་པར་འགྱུར་ཞེ་ན། རླུང་ལ་སོགས་པའི་ཉེས་པ་རྣམས་ནི་འབྱུང་བའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་
ལྟར་མཁྲིས་པ་ནི་འབྱུང་བ་ཆེན་པོ་མེ་དང་། བད་ཀན་ནི་འབྱུང་བ་ཆེན་པོ་ཆུའི་རང་བཞིན་ཡིན་ལ་རླུང་ནི་རང་གི་སྒྲ་ཉིད་ཀྱིས་བཤད་དོ། །གཞན་ནམ་གཞན་ཅུང་ཟད་ཀྱང་མེད་པ་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ལས་གཞན་ཡོད་པ་མ་ཡིན་ཏེ། ཐ་དད་པར་དམིགས་སུ་མེད་པའི་ཕྱིར་རོ། །གཞན་མ་ཡིན་པ་ཡང་མ་

ཡིན་ཏེ་གཟུགས་ལ་སོགས་པ་དང་འདྲ་བར་དུ་མ་ཉིད་དུ་ཐལ་བའི་ཕྱིར་དང་གཞི་ཉིད་ཉམས་པའི་ཕྱིར་རོ། །གང་ལས་དེ་རྟེན་ཡིན། གཟུགས་ལ་སོགས་པའམ། འདོད་ཆགས་ལ་སོགས་པའི་རྟེན་ཡིན་ནོ། །དེ་ལྟར་ཁས་ལེན་ན་ཡང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མང་པོ་ཉིད་ཁས་ལེན་པར་འགྱུར་ནའོ། །རྣམ་
པར་ཤེས་པ་དེ་ཙམ་དག་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དག་སྟེ། ཡིད་ཀྱི་བློ་ཉིད་ཀྱི་རྟེན་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །དབང་པོའི་རྣམ་པར་ཤེས་པ་ནི་ལྔ་ཉིད་དུ་འདོད་པ་ཡིན་ནོ། །རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་སོ་སོ་ཐ་དད་པ་ཁས་ལེན་ན་ཉེས་པ་འདི་ཡིན་ནོ། །དབང་པོ་གཅིག་གིས་གཟུང་བ་ཉིད་
ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་སོགས་པའི་སྒྲས་ནི་གཅིག་སྐྱེ་ན་ཐམས་ཅད་སྐྱེ་བ་དང་། གཅིག་འགོག་ན་ཐམས་ཅད་འགོག་པ་ལ་སོགས་པ་གཟུང་ངོ་། །ཁས་བླངས་ནས་འབྱུང་བ་བཞི་པོ་རང་རྟེན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོར་འཇུག་པ་མ་ཡིན་པས་ན་ཐ་དད་པ་མེད་པར་
འཇུག་པ་ཅན་ནོ། །གང་ཡིན་པ་དེ་ནི་རྟེན་དང་བརྟེན་པའི་ངོ་བོར་ངེས་པའི་རང་བཞིན་འདི་ཡིན་པ་ཞེས་བྱ་བ་ལ་འབྱུང་བའི་རྟེན་དུ་ངེས་པའི་རང་བཞིན་ཡིན་ཞིང་གཟུགས་ལ་སོགས་པའི་བརྟེན་པར་ངེས་པའི་རང་བཞིན་ནོ། །གལ་ཏེ་དེ་ལྟར་ན་མི་འདོད་པ་དེའི་ཚེ་དེ་དག་གི་རང་བཞིན་ངེས་པ་མེད་པ་ན་ཞེས་བྱ་བ་འདི་ཉིད་ཀྱི་བཤད་པ་ནི་
རྟེན་དང་བརྟེན་པའི་ངོ་བོ་མེད་པས་ཞེས་བྱ་བ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ཉིད་ཀྱི་ངེས་པ་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་འབྱུང་བ་དག་རྒྱུར་བྱས་ནས། གཟུགས་ལ་སོགས་པ་གནས་པ་དེའི་ཕྱིར། གཟུགས་ལ་སོགས་པ་ཉིད་རྒྱུར་བྱས་པའི་གཟུགས་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྒྱུར་བྱས་པའི་གཟུགས་ཉིད་ཀྱི་ངེས་པ་མི་
རུང་ངོ་། །དེ་བས་ན་འབྱུང་བ་ལ་སོགས་པའི་རྟེན་དང་བརྟེན་པའི་ངོ་བོར་ངེས་པའི་རང་བཞིན་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལ་ཡང་དེ་ལྟར་རྟོག་ན་ནི་ཞེས་བྱ་བ་ནི་ལུས་དང་། འདོད་ཆགས་ལ་སོགས་པ་དག་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་བཞིན་དུ་རྟེན་དང་བརྟེན་པའི་དངོས་པོར་རྟོག་ན་ཡང་ཞེས་
བྱ་བའི་དོན་ཏོ། །བརྟན་པའི་ངོ་བོས་ལུས་ཀྱི་བདག་ཉིད་ཅན་གྱི་རྟེན་ཡོད་ན་ཞེས་བྱ་བ་ནི་གཞན་ནི་སྐད་ཅིག་མ་ཉིད་མ་ཡིན་པར་ཁས་ལེན་པའི་ཕྱིར་རོ། །ལུས་བརྟན་པའི་ངོ་བོ་ཡིན་ནོ། །དེ་དག་ཀྱང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་མ་ལུས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དེ་བཞིན་དུའོ། །ཐ་

དད་པ་མེད་པར་འཇུག་པར་འགྱུར་ཏེ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་ཐམས་ཅད་ཀྱང་ངོ་། །དེ་དག་ནི་ཞེས་བྱ་བ་ནི་ལུས་དང་འདོད་ཆགས་ལ་སོགས་པ་དག་ནིའོ། །ཅི་སྟེ་འདོད་ཆགས་ལ་སོགས་པ་མི་སྐྱེ་བའི་གནས་སྐབས་སུ་ལུས་
རྣམ་པ་གཞན་དུ་འགྱུར་བར་འདོད་ན། གང་གིས་ན་འདོད་ཆགས་ལ་སོགས་པ་མི་སྐྱེ་བའམ། ནུས་པ་མེད་པར་འགྱུར་བ་དེའི་ཚེ། རྣམ་པ་གཞན་དུ་འགྱུར་བ་ནི་དེའི་རྟེན་གྱི་རང་བཞིན་མེད་པ་སྟེ། འདོད་ཆགས་ལ་སོགས་པ་དེ་ལ་འབྱུང་བ་དག་རྟེན་གྱི་རང་བཞིན་དེ་མེད་པས་འཇིག་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་
སྐད་ཅིག་མ་ཉིད་མ་ཡིན་པ་ཉམས་པར་འགྱུར་རོ་ཞེས་དགོངས་སོ། །འཇིག་པ་མེད་ན་ནི་ཞེས་བྱ་བ་ནི་ཇི་ལྟར་འདོད་ཆགས་ལ་སོགས་པ་མ་སྐྱེས་པའི་དུས་ན་ཡང་འབྱུང་བ་དག་སྔར་གྱི་ངོ་བོ་འཇིག་པ་མེད་པ་དེའི་ཚེ་སྔར་ཡང་སྟེ། འདོད་ཆགས་ལ་སོགས་པ་སྐྱེས་པའི་དུས་ན་ཡང་འདོད་ཆགས་ལ་སོགས་པའི་འབྱུང་བ་
དག་རྟེན་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་འདོད་ཆགས་ལ་སོགས་པ་མ་སྐྱེས་པའི་གནས་སྐབས་ན། འབྱུང་བ་དག་རྟེན་མ་ཡིན་པ་དེ་ལྟར་སྐྱེས་པའི་གནས་སྐབས་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །འདོད་པར་ནི་འགྱུར་ན། དུས་ཐམས་ཅད་དུ་ཐ་དད་པ་མེད་པར་འདོད་ཆགས་ལ་སོགས་པ་འཇུག་པ་ཉིད་ཡིན་ནོ་ཞེ་ན།
དེའི་ཕྱིར་དེ་ལྟར་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་འགའ་ཞིག་གི་ཚེ་སྐྱེ་བ་ཡིན་གྱི་ཐམས་ཅད་ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ནོ། །རྟེན་དང་བརྟེན་པ་ཉིད་དུ་སོ་སོར་ངེས་པ་དེ་ལ་ཐ་དད་པ་མེད་པར་གནས་པས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ཡང་ཐ་དད་པར་གནས་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་
འགལ་བ་དམིགས་པའོ། །ཚྭར་གྱུར་པ་ལ་ཞེས་བྱ་བ་ནི་སྐྱར་བར་གྱུར་པ་ལའོ། །དོན་དམ་པའི་ཞེས་བྱ་བ་ནི་རྗེས་སུ་ཡོད་པའིའོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མྱོས་པའི་ནུས་པ་ཡང་ཆང་ཞེས་བྱ་བའོ། །དངོས་འཇིག་འགྱུར་གྱི་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་དེ་འཇིག་པར་འགྱུར་ཏེ།
གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གང་གཞན་གྱི་མྱོས་པའི་ནུས་པའི་ཐ་དད་པ་སྒྲུབ་པར་བྱེད་པ་ཆང་གནས་པ་ན་ཡང་མྱོས་པའི་ནུས་པ་ཞེས་བྱ་བ་ལ་སོགས་པས་བཤད་པ་འདི་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་འདོད་པ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྣམ་པ་འདིས་ཀྱང་མྱོས་པའི་ནུས་པ་

ཐ་དད་པ་གྲུབ་པར་བྱེད་པའི་གཏན་ཚིགས་མ་གྲུབ་པར་གནས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆང་མ་ཚང་བ་མེད་པར་གནས་པའི་ངོ་བོར་གནས་པ་མྱོས་པའི་ནུས་པ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་གཏན་ཚིགས་ནི་ཐ་དད་པར་གྲུབ་པ་ཡིན་ནོ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པས་སྨོས་སོ། །གང་གི་ཚེ་མྱོས་པའི་
ནུས་པ་ཐ་དད་པ་མ་གྲུབ་པ་དེའི་ཚེ་དོན་དམ་པའི་རྟེན་དང་བརྟེན་པའི་དངོས་པོ་བཙལ་བར་བྱ་བའི་ཕྱིར། སངས་རྒྱས་པས་བཤད་པའི་གཏན་ཚིགས་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་གང་ཞིག་གང་ཁོ་ན་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྣང་བ་ཐ་དད་པ་ཅན་ཏེ་རྣམ་པར་ཤེས་པ་གང་ལ་ཡུལ་གྱི་རྣམ་པ་ཡོད་པ་
དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་དག་གིས་བརྟགས་པའི་ཕྱིར་རོ། །ལུས་དང་སེམས་དག་གི་ཞེས་བྱ་བ་ལ་སོགས་པས་ཡུལ་གཞན་འཛིན་པ་ཅན་གྱི་རང་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རང་གི་ཡུལ་ལས་གཞན་བ་ལང་ལ་སོགས་པའི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཡང་དག་པར་རིག་པར་
བྱེད་པ་ནི་སེམས་ཅན་གྱི་རྣམ་པའི་གནས་སྐབས་སུ་གྱུར་པ་ན་རང་གིས་རིག་པའོ། །གལ་ཏེ་རང་གི་རྒྱུད་ལ་ལུས་དང་སེམས་ལྷན་ཅིག་དམིགས་པའི་ཕྱིར་གཅིག་ཉིད་ཡིན་ནོ་ཞེ་ན། ལྷན་ཅིག་དམིགས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཡང་ཞེས་བྱ་བ་ནི་གཞན་གྱི་ལུས་སོ། །དམིགས་པར་བྱེད་པའི་
སེམས་ཀྱི་ཞེས་བྱ་བ་ནི་གཞི་མཐུན་པ་དང་། དམིགས་པར་བྱེད་པའི་སྐྱེས་བུའི་སེམས་གང་ཡིན་པ་ཞེས་བྱ་བར་སྦྱར་རོ། །ཡང་རྣམ་པ་གཞན་དུ་ན་ཞེས་བྱ་བ་ནི། སྣང་བ་ཐ་དད་ཅན་རྟོགས་ཕྱིར། །ཞེས་བྱ་བའི་མདོ་དེ་རྣམ་པ་གཞན་དུ་འཆད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། ལུས་ཀྱང་དབང་པོ་གཞན་གྱིས་ཞེས་བྱ་བ་ནི་
ལུས་ཀྱི་དབང་པོའམ་མིག་གི་དབང་པོས་སོ། །རྣམ་པར་ཤེས་པ་ཡང་གཞན་ཉིད་ཀྱིས་ཞེས་བྱ་བ་ནི་ཡིད་ཀྱི་དབང་པོས་སོ། །གང་གི་ཚེ་རྣམ་པར་ཤེས་པ་སྔ་མ་རྣམ་པར་ཤེས་པ་ཕྱི་མས་དམིགས་པ་ན་རང་རིག་པ་ཡིན་དུ་ཟིན་ཀྱང་དབང་པོ་གཞན་ཉིད་ཡིན་པ་དེ་ཉིད་ཡིན་ཏེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་
ཡིན་དེ་ཡིད་དོ། །ཞེས་ཡིད་ཀྱི་དབང་པོས་རྣམ་པར་གཞག་པའི་ཕྱིར་རོ། །མེའི་གཟུགས་དང་རླུང་གི་རེག་བྱ་ཞེས་བྱ་བ་ལ། མེའི་གཟུགས་མིག་གི་དབང་པོས་སམ། རླུང་གི་རེག་བྱ་ལུས་ཀྱི་དབང་པོས་གཟུང་བ་ལྟ་བུའོ། །གལ་ཏེ་མཐོང་བས་གཟུང་བར་བྱ་བ་དང་། རེག་པས་གཟུང་བར་བྱ་བ་བྱེ་བྲག་ལ་སོགས་པ་རྫས་གཅིག་ཡིན་པར་

འདོད་པ་དེའི་ཚེ། སྣང་བ་ཐ་དད་པ་ཅན་གྱིས་གཟུང་བར་བྱ་བ་ཡང་གཅིག་ཉིད་ཡིན་པའི་ཕྱིར་དང་པོ་མ་ངེས་པ་ཡིན་ནོ་ཞེ་ན། མཐོང་བ་དང་རེག་པ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཅན་གྱི་རྫས་སྔར་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་སྔ་མ་ཞེས་བྱ་བ་ནི་
ཉེ་བར་མཚོན་པ་ཡིན་གྱི་གཉིས་པ་ལ་ཡང་རྣམ་པ་འདི་ཉིད་ཀྱིས་མ་ངེས་པ་མ་ཡིན་ནོ། །གཞན་ཡིད་ཀྱི་དབང་པོ་མི་འདོད་པ་མ་ཡིན་ནམ། དེ་བས་ན་སེམས་དབང་པོས་གཟུང་བར་བྱ་བ་ཉིད་མ་ཡིན་ནམ། དེ་བས་ན་ལུས་དང་སེམས་དང་འདོད་ཆགས་ལ་སོགས་པའི་ཚོགས་ཀྱང་དབང་པོ་ཐ་དད་པས་གཟུང་བར་བྱ་བ་
ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། གལ་ཏེ་ཡང་དབང་པོ་དྲུག་པ་མི་འདོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་ཤེས་པ་སྒྲུབ་པར་བྱེད་པ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དབང་པོའི་སྒྲའི་ཤེས་པའི་གྲུབ་པར་བྱེད་པ་ཉེ་བར་མཚོན་པའི་དོན་དུ་བརྗོད་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །ཤེས་པའི་སྒྲུབ་པར་བྱེད་པ་ནི་ཤེས་པའི་སྒྲུབ་པར་བྱེད་པ་སྟེ་གང་ལ་དེ་ཐ་དད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་མེད་པའི་ཕྱིར་སེམས་བཟུང་བ་ཉིད་མ་ཡིན་ནོ་ཞེ་ན། སེམས་ཉིད་ནི་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །རང་ཉིད་ཀྱི་མཁལ་མ་ཟུག་གཟེར་ཉམས་སུ་མྱོང་བ་དང་ཟློས་གར་མཁན་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །མཁལ་མའི་གཟེར་ནི་བདག་ཉིད་ཀྱི་མངོན་སུམ་དུ་ཡིན་ལ། ཟློས་གར་མཁན་ནི་བདག་དང་གཞན་གྱི་ཡིན་ཏེ། དེ་དག་ཀྱང་ཐ་དད་པ་ཡིན་ནོ། །དེ་ལ་བརྟེན་པའི་གཟུགས་སོགས་བཞིན་དུ་ཞེས་བྱ་བ་
ནི་ལུས་ལ་བརྟེན་པའི་གཟུགས་སོགས་བཞིན་དུའོ། །བཤད་མ་ཐག་པའི་ཚུལ་གྱིས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་བད་ཀན་ལ་སོགས་པའི་ཆོས་ཡིན་པ་སྤངས་པའི་སྒོ་ནས་སོ། །རྣམ་ཤེས་མིན་པའང་རྣམ་ཤེས་ཀྱི། །ཉེར་ལེན་མིན་ཕྱིར་ཞེས་བྱ་བ་ནི་འབྱུང་བ་རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་རྣམ་
པར་ཤེས་པའི་ཉེ་བར་ལེན་པའི་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཉིད་ནི་ཐ་དད་པ་དང་། ཐ་དད་པ་མེད་པར་རྣམ་པར་གཞག་པ་ནི་ཉེ་བར་ལེན་པའི་རྒྱུས་བྱས་པ་ཉིད་ཡིན་ཏེ། དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ཉེ་བར་ལེན་པ་དང་བྲལ་ནས་ཡོད་པ་མ་ཡིན་ནོ། །བསྣུན་པ་ལས་འབྱུང་བ་དང་

ངག་གི་སྒྲ་དང་། རླུང་གི་ཁྱད་པར་དབུགས་འབྱུང་བ་ལ་སོགས་པའི་སྒྲའི་ཁྱད་པར་གང་ཡིན་པ་དེ་དག་ཏུ་བརྟགས་པ་དེ་དག་ཀྱང་རིགས་མཐུན་པའི་རྒྱུའི་ཁྱད་པར་ཕྲ་བ་ཡོད་པ་ཉིད་ཡིན་ནོ། །གལ་ཏེ་ནུས་པ་ཐམས་ཅད་ཡོད་པ་ནི་ཡིན་ན། ཐ་མའི་གནས་སྐབས་ན་འདི་ནི་ལྷན་ཅིག་བྱེད་པ་ཡིན་ལ། འདི་ནི་ཉེ་བར་ལེན་པ་ཡིན་
ནོ་ཞེས་བྱ་བའི་ཐ་དད་པ་འདི་གང་ལས་ཡིན་ཞེ་ན། འཇིག་རྟེན་སྣང་བ་དང་བཅས་པའི་ལམ་མཚུངས་པ་ལ་འཁྲུལ་པ་ནི་ངོ་མཚར་ཆེ་སྟེ། འདི་ལྟར་ཉེ་བར་ལེན་པ་དང་། ལྷན་ཅིག་བྱེད་པའི་རྣམ་པར་དབྱེ་བ་འདི་ནི་བྱིས་པ་ཚུན་ཆད་ལ་རབ་ཏུ་གྲགས་པ་ཡིན་ནོ། །དེ་ལྟར་ན་མིག་དང་གཟུགས་དང་སྣང་བ་དང་། ཡིད་ལ་བྱེད་
པའི་ཚོགས་ཕན་ཚུན་ལྷན་ཅིག་བྱེད་པ་སྔ་མ་ལས་ཕྱིས་ཀྱི་མིག་ལ་སོགས་པའི་ཚོགས་པ་སྐྱེ་བར་འགྱུར་རོ། །དེ་ལ་ལྷན་ཅིག་བྱེད་པ་དང་ཉེ་བར་ལེན་པ་དག་ཐ་དད་པ་མེད་ན། ཅིའི་ཕྱིར་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་རྗེས་སུ་བྱེད་དེ། མིག་དང་གཟུགས་དག་གི་མ་ཡིན། མིག་གི་སྐད་ཅིག་མ་གཉིས་
པ་མིག་ཉིད་ཀྱི་རྗེས་སུ་བྱེད་ཀྱི་རྟོགས་པའི་ངོ་བོའམ་ཕྱི་རོལ་གྱི་གཟུགས་ཀྱི་རྒྱུན་གྱི་རྗེས་སུ་བྱེད་པ་མ་ཡིན། གཟུགས་ཀྱི་སྐད་ཅིག་མ་གཉིས་པ་ཡང་གཟུགས་ཀྱི་སྐྱེ་བའི་རྗེས་སུ་བྱེད་པས་འཇུག་གི་རྟོགས་པའི་ངོ་བོ་ཉིད་དམ། མིག་གི་རང་བཞིན་ཉིད་ཀྱི་མ་ཡིན། དེ་ལྟར་ན་གལ་ཏེ་ཉེ་བར་ལེན་པས་བྱས་པ་མི་འདོད་ན་དྲི་དང་།
རོ་དང་རེག་བྱ་བ་ལ་སོགས་པ་ཕན་ཚུན་ལྷན་ཅིག་བྱེད་པ་རྣམས་ཀྱི་རྒྱུན་གྱི་ཐ་དད་པ་འདི་གང་གིས་བྱས་པ་ཡིན། གང་གི་ཚེ་རྒྱུད་གཞན་གྱི་རྣམ་པར་ཤེས་པ་བདག་པོར་གྱུར་པ་ལས་རྒྱུད་གཞན་ལ་རྣམ་པར་ཤེས་པ་སྐྱེ་བ་དེ་ཅིའི་ཕྱིར་རྒྱུད་གཞན་དང་འབྲེལ་པར་མི་འགྱུར་ཏེ། དེ་བཞིན་དུ་ས་ལ་སོགས་པ་དག་ལས་སྐྱེས་པར་གྱུར་པའི་
མྱུ་གུ་ས་བོན་གྱི་རྒྱུན་གྱི་རྗེས་སུ་འཇུག་པའི་རྒྱུ་བརྗོད་པར་བྱའོ། །དེ་བས་ན་རིགས་མཐུན་པ་དང་རིགས་མཐུན་པ་མ་ཡིན་པའི་རྒྱུན་ཐ་དད་པར་རྣམ་པར་གཞག་པ་ནི་ཉེ་བར་ལེན་པས་བྱས་པ་ཉིད་ཡིན་ནོ། །རིགས་མཐུན་པ་ཉིད་ཀྱང་རིགས་མཐུན་པ་ཉིད་ཀྱི་རྒྱུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་རྣམ་པར་
གཞག་པས་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་བས་ན་འབྱུང་བ་བཞི་ལས་ཐ་དད་པའི་སེམས་ཉིད་ཀྱང་རིགས་མཐུན་པའི་ཉེ་བར་ལེན་པས་སྐྱེད་པར་འགྱུར་རོ། །ཇི་ལྟར་འབྱུང་བ་དེ་དག་ཉིད་ཐ་དད་པ་མེད་པར་འཇུག་པ་ཡིན་དུ་ཟིན་ཀྱང་ཐ་དད་པའི་རིགས་མཐུན་པའི་ཉེ་བར་ལེན་པས་བྱས་པ་ཡིན་ནོ། །ཅིག་ཤོས་ལྟར་ན་རྟོགས་པའི་ངོ་བོ་མ་

ཡིན་པའི་ཉེ་བར་ལེན་པ་ལས་སེམས་འབྱུང་བར་འགྱུར་བ་ན། འབྱུང་བར་གྱུར་པ་ཕྱིས་འབྱུང་བ་དང་འདྲ་བར་རྟོགས་པའི་རང་བཞིན་མ་ཡིན་པ་ཉིད་དུ་འགྱུར་རོ། །བ་ལང་གི་ལྕི་བ་ལ་སོགས་པ་ལས་ཤ་ལུ་ཀ་ལ་སོགས་པ་འབྱུང་བའི་ཕྱིར་ཉེ་བར་ལེན་པ་གཉིས་པ་མཐོང་བ་མ་ཡིན་ནམ། དེ་དང་དེ་
ནི་མ་དཔྱད་པར་བརྗོད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་བྱེ་བྲག་པ་དག་གི་བ་ལང་གི་ལྕི་བ་ཉེ་བར་ལེན་པ་མ་ཡིན་གྱི་འོན་ཀྱང་དེས་དྲངས་པའི་ཤ་ལུ་ཀའི་རྡུལ་ཕྲ་རབ་ཡིན་པར་འདོད་དོ། །གྲངས་ཅན་པ་དག་ཀྱང་བ་ལང་གི་ལྕི་བའི་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ལས་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་ཤ་ལུ་ཀའི་
རྫས་སྐྱེ་བར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་དག་གི་གཞུང་གིས་ཀྱང་། བ་ལང་གི་ལྕི་བ་ཞེས་བྱ་བ་ལ་སོགས་པའི་རྫས་གཅིག་ཡོད་པ་ནི་མ་ཡིན་གྱི། འོན་ཀྱང་གཟུགས་དང་དྲི་དང་རོ་དང་། རེག་བྱ་ལ་སོགས་པ་རྫས་བརྒྱད་འདུས་པ་ཡིན་ནོ། །དེ་ལ་གཟུགས་ཀྱི་ཉེ་བར་ལེན་པ་ལས་གཟུགས་སྐྱེ་ཞིང་དེ་
བཞིན་དུ་རོ་ལས་རོ་ཡིན་པ་དེ་ལྟ་ན་རིགས་མཐུན་པ་ཉིད་ཉེ་བར་ལེན་པ་ཡིན་ནོ། །དེ་ཁོ་ན་ཉིད་བཞི་ཙམ་དུ་སྨྲ་བ་དག་ཀྱང་བཞི་པོ་ཉིད་དུ་གྱུར་པ་དེ་ལྟར་ན་རིགས་མི་མཐུན་པའི་ཉེ་བར་ལེན་པ་ཉིད་ལས་བྱུང་བ་མ་ཡིན་ནོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་ལ་ཡང་ཕྱི་རོལ་གྱི་དོན་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་
པ་ཉིད་ལས་རྣམ་པར་ཤེས་པ་འབྱུང་བ་ཡིན་པ་དེ་ལྟར་ན་དེ་ལ་ནི་དཔྱད་པ་ཉིད་ཡོད་པ་མ་ཡིན་ནོ། །ཕ་དང་མའི་རྣམ་པར་ཤེས་པ་ཡང་ཉེ་བར་ལེན་པ་མ་ཡིན་ཏེ། དེ་ཉིད་དང་འདྲ་བར་དེའི་རྒྱུ་དང་འབྲེལ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་དེའི་དྲན་པ་དང་ཡིད་གཞུངས་པ་ལ་སོགས་པ་དང་ལྡན་པར་ཐལ་བར་འགྱུར་རོ། །ལམ་
འདི་དཔྱད་པ་མང་བས་རེ་ཞིག་གཞག་གོ། །དེ་བས་ན་བློ་གང་ཡིན་པ་དེ་རང་གི་རྒྱུད་ལས་བྱུང་བའི་ངང་ཚུལ་ཅན་བློ་སྔ་མའི་ཉེ་བར་ལེན་པ་ཅན་ཡིན་ཏེ། དཔེར་ན་ད་ལྟར་གྱི་ལྟ་བུའོ། །མངལ་ལ་སོགས་པ་ནི་ཡོད་པ་ཡང་བློ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །གཞན་ཉེ་བར་ལེན་པའི་རྒྱུ་ཉིད་བསལ་བ་
དང་། རྒྱུ་མེད་པར་སྨྲ་བ་བཀག་པ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ལྟར་ན་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཅན་ཉིད་མ་ཡིན་ནོ། །དེ་ལྟར་ན་འབྱུང་བ་རྣམས་སྐད་ཅིག་མ་ཉིད་དུ་ཁས་བླངས་ནས། འཇིག་རྟེན་རྒྱང་པན་པ་རྒོལ་བ་འགོད་པ་དེ་དག་ཀྱང་འབྱུང་བ་ཉེ་བར་ལེན་པ་ཉིད་ཡིན་པ་བཀག་པ་ཉིད་ཀྱི་ཕྱིར་

བསལ་བ་ཡིན་ནོ། །འང་ཞེས་བྱ་བའི་སྒྲས་ནི་ཞེས་བྱ་བ་ནི། རྣམ་པར་ཤེས་མིན་པའང་རྣམ་ཤེས་ཀྱིས། །ཉེར་ལེན་མིན་ཕྱིར་ཞེས་བྱ་བའི་མདོའི་འང་གི་སྒྲ་ཡིན་ནོ། །གཞན་གྱི་གཞུང་གིས་ལུས་ལ་སོགས་པ་གོ་རིམས་ཉིད་མེད་པ་ཅན་ཡིན་པའི་ཕྱིར་དེའི་འབྲས་བུ་འདོད་ཆགས་ལ་སོགས་པ་ཅིག་ཅར་སྐྱེ་བར་ཐལ་
བར་འགྱུར་རོ། །གལ་ཏེ་ཡང་སེམས་ཞེས་བྱ་བ་ལ་སོགས་པས་གྲངས་ཅན་གྱི་འདོད་པའི་དོགས་པ་བསུ་བ་ཡིན་ནོ། །གྲངས་ཅན་གྱིས་མེད་པ་སྐྱེ་བ་མེད་པའི་ཕྱིར་དང་ཐམས་ཅད་དུ་རིམ་གྱིས་རྣམ་པར་ཤེས་པ་གྱུར་པ་དམིགས་པའི་ཕྱིར། ཐམས་ཅད་ལ་རྣམ་པར་ཤེས་པའི་ནུས་པ་ཁས་བླང་བར་བྱ་སྟེ། འདི་
ལྟར་གླང་པོ་ཆེ་ལ་སོགས་པ་རྩྭ་ལ་སོགས་པའི་ཟས་ཡོངས་སུ་གྱུར་པ་ཐོབ་པ་ཅན་ཡིན་པ་དེ་བས་ན་དེ་དག་གི་ནུས་པ་ནི་རྩྭ་མཆོག་གི་རྩེ་མོ་ལ་སོགས་པ་ལ་ཡང་ཡོད་པ་ཡིན་ནོ། །སེམས་མངོན་པར་གསལ་བ་མ་ཡིན་པ་ཅན་གྱི་ནི་འབྱུང་བ་རྣམས་ལ་སྣང་བའི་བདག་ཉིད་ཅན་གྱི་གནས་སྐབས་ཀྱི་ངོ་བོའི་སེམས་གང་ཡིན་
པ་དེ་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་རྩྭ་མཆོག་གི་རྩེ་མོ་ལ་སྣང་བའི་བདག་ཉིད་ཅན་གྱི་གནས་སྐབས་ཀྱི་ངོ་བོ་གང་ཡིན་པ་དེ་ཉིད་ཡོད་པ་ཡིན་ནོ་ཞེས་སྦྱར་རོ། །སེམས་དམིགས་པའི་སྒྲུབ་པར་བྱེད་པ་གཡོ་བ་ལ་སོགས་པའི་འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་གསོན་པོའི་
ལུས་བཞིན་དུ་མངོན་པར་མི་གསལ་གནས་སྐབས་ན་ཡང་སེམས་བདག་ཉིད་ཐམས་ཅད་མ་ཚང་བ་མེད་པར་འགྱུར་བ་དེའི་ཚེ། འབྲས་བུ་རྩོམ་པ་ལ་གགས་བྱེད་པ་ཅི་ཞིག་ཡོད། གགས་བྱེད་པ་ཡོད་ན་ཡང་དེ་དེ་ཉིད་ཡིན་ནོ་ཞེས་ཁས་བླང་བར་མི་བྱའོ། །གཞན་ཡོད་ན་དེ་ཡོད་དོ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་
པའོ། །བདེ་བའི་ངོ་བོ་མ་ཡིན་པ་ཅན་གྱི་ཞེས་བྱ་བ་ནི་བདེ་བ་མ་ཡིན་པའི་ངོ་བོ་ཅན་གྱི་སྡུག་བསྔལ་ཡིན་ཏེ། དེ་ནི་བདེ་བར་འགྱུར་བ་མ་ཡིན་ནོ། །དེ་ཉིད་ཡིན་ན་ཞེས་བྱ་བ་ནི། ནུས་པར་མངོན་པར་འདོད་པར་གླང་པོ་ཆེ་བརྒྱ་མངོན་པར་གསལ་བ་དང་སེམས་ཉིད་ཡིན་ནའོ། །གཞན་ཡིན་པས་ཞེས་བྱ་བ་ནི་མིག་ལ་སོགས་པ་
མ་ཚང་བའོ། །ཁྱད་པར་འདི་རྟེན་ཅན་གང་ཡིན་ཞེས་བྱ་བའི་བཤད་པ་ནི་འབྱུང་བ་ཕུལ་དུ་བྱུང་བ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་ཆད་པའི་ཆོས་ཡོད་པ་ཅན་ཞེས་བྱ་བ་ནི། གང་རྒྱུན་ཆད་པའི་ཆོས་ཡོད་པ་དེ་ནི་རྒྱུན་ཆད་པའི་ཆོས་ཡོད་པ་ཅན་ནོ། །འདོད་ཆགས་ལ་སོགས་པའི་ཁྱད་པར་གྱི་འབྲས་བུ་ཅན་ཞེས་

བྱ་བ་ནི། གང་ལ་འདོད་ཆགས་ལ་སོགས་པའི་འབྲས་བུ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ལྟ་ན་ནི་འགྱུར་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། གཞན་གྱི་བསམས་པའི་དོགས་པ་བསུ་བ་ཡིན་ཏེ། འདོད་ཆགས་དང་བྲལ་བ་འགའ་ཞིག་ཀྱང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །
གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་རྒྱུ་འཕེལ་བ་དང་འགྲིབ་པ་ཐ་དད་ཀྱང་སྲོག་ཆགས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་བདག་ཉིད་མཚུངས་པ་གང་ཡིན་པ་དེ་མི་ཟད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེའི་བཤད་པ་ཡིན་ནོ། །བདག་ཉིད་འདྲ་ཞེས་བྱ་བ་ནི་ལྔ་པའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་རྒྱུ་མཚུངས་པ་དག་ལས་
ཞེས་བཤད་པ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དེ་དག་རྒྱུ་མཚུངས་པ་གང་ཡིན་པ་དེ་ལས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚུངས་པའི་བདག་ཉིད་ལས་བྱུང་བ་དེ་ལྟར་ན་བདག་ཉིད་མཚུངས་པ་ལས་བྱུང་བའོ། །གལ་ཏེ་བདག་ཉིད་མཚུངས་པ་དང་ཆེས་ཤིན་ཏུ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་དེ་ལས་ཅིར་
འགྱུར་ཞེ་ན། བདག་ཉིད་མཚུངས་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་མཚུངས་པ་དང་། ཆེས་ཤིན་ཏུ་བ་གཉི་ག་ཡང་ཅིག་ཅར་འབྱུང་བ་རྣམས་ལ་ཡོད་པ་ཡིན་ན་ནི། དེ་ལ་མཚུངས་པ་ལས་འདོད་ཆགས་ལ་སོགས་པ་འཆད་པར་མི་འགྱུར་ཞིང་། ཆེས་ཤིན་ཏུ་བ་ལས་ཐམས་ཅད་དུ་
འདོད་ཆགས་ལ་སོགས་པ་མཚུངས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གཅིག་ལ་གཉི་ག་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོན་ཏན་ནམ་ཆོས་དྲོ་བ་ཞེས་བྱ་བ་ལ་ཆོས་ནི་བྱེ་བྲག་པའི་གཞུང་གིས་སོ། །ཡོན་ཏན་ནི་གྲངས་ཅན་ལ་སོགས་པའི་གཞུང་གིས་སོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ་དེ་ཡང་
ཞེས་བྱ་བ་ནི་དྲོ་བ་ཉིད་དོ། །ཁྱད་པར་དང་བཅས་པའི་གཏན་ཚིགས་ཞེས་བྱ་བ་ནི་གང་ཞིག་ཆོས་ཅན་གྱི་རིགས་སམ། ཡོན་ཏན་ཅན་གྱི་རིགས་གང་ལ་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། དྲོ་བ་ལ་མ་ལྟོས་པར་མེ་ཆོས་ཅན་ཉིད་མ་ཡིན་ཞིང་། དྲོ་བ་ཉིད་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་མ་ངེས་པ་ཉིད་མ་ཡིན་ནོ། །
དེ་ལ་ཡང་དྲོ་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དྲོ་བ་ཉིད་ནི་འབྱུང་བ་ཆེན་པོ་མེ་ཡིན་པ་དེའི་ཕྱིར་དེ་ཉིད་ཆོས་ཅན་ཡིན་ནོ། །འདི་ལྟར་དྲོ་བ་དེ་ལས་འབྱུང་བ་ལས་གྱུར་པ་སྟེ། འབར་བའི་གཟུགས་ཅན་མེ་ཞེས་བྱ་བ་སྐྱེ་བ་དེ་བས་ན་རྒྱུ་དྲོ་བ་ཉིད་འཆད་པ་ན་དེའི་འབྲས་བུ་འབར་བའི་གཟུགས་ཅན་རྣམ་པར་འཆད་པ་

ཡིན་ཏེ། རྒྱུ་མེད་པ་ན་འབྲས་བུ་མེད་པའི་ཕྱིར་རོ། །དེ་བས་ན་འབར་བའི་གཟུགས་ཅན་གང་ཡིན་པ་ཡོད་ན་དྲོ་བ་ལྡོག་པ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་འབར་བའི་ཆོས་ཅན་དུ་གྱུར་པ་ལ་དྲོ་བའི་ཆོས་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་མེད་ན་གང་གིས་ན་དེ་ཆད་པ་མེད་པས་མ་ངེས་པར་འགྱུར། གལ་ཏེ་འབར་བ་ཆོས་ཅན་
ཡིན་ཡང་བླ་སྟེ། དེ་གཟུགས་དང་རེག་བྱ་ལས་ཐ་དད་པའི་རྫས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། རེག་བྱ་དང་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་དྲོ་བ་ཉིད་ཀྱི་འབར་བ་ནི་ཆོས་ཡིན་ལ། དྲོ་བ་ཉིད་ནི་ཆོས་ཅན་དང་རྒྱུ་ཡིན་པ་དེ་བས་ན་འབར་བ་ཡོད་ན་ཆོས་ཅན་དུ་གྱུར་པའམ། རྒྱུར་གྱུར་
པའི་དྲོ་བ་འཆད་པ་མ་ཡིན་པ་དེ་ལྟར་དཀར་པོ་ལ་སོགས་པའི་བ་ལང་ཆོས་མ་ཡིན་པ་དང་། བདེ་བ་ལ་སོགས་པའི་ལུས་ཆོས་མ་ཡིན་ཞིང་། དཀར་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པ་ནི། བ་ལང་དང་ལུས་ཀྱི་རྒྱུ་མ་ཡིན་ནོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ནས་སྦྱར་བར་བྱའོ། །ཅིག་ཤོས་ལྟར་ན་ནི་གཞན་ལུས་
རྒྱུ་ཉིད་དུ་འདོད་པ་དེ་ལྟར་ན་ཐལ་བར་འགྱུར། གལ་ཏེ་ལུས་སམ་བ་ལང་ཆོས་སུ་འགྱུར་ཞིང་། དཀར་པོ་ལ་སོགས་པས་དང་། འདོད་ཆགས་ལ་སོགས་པ་ཆོས་ཅན་དང་རྒྱུར་གྱུར་པ་དེའི་ཚེ། བ་ལང་དང་ལུས་གནས་པ་ཡོད་ན་དཀར་པོ་ལ་སོགས་པ་དང་། འདོད་ཆགས་ལ་སོགས་པ་འཆད་པར་མི་འགྱུར་རོ། །
འོན་ཀྱང་བ་ལང་དང་ལུས་ནི་ཆོས་ཅན་ཉིད་ཡིན་ཏེ། ཡི་གེ་དང་ནི་རྒྱུ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་ནི་དེའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དཀར་པོ་ལ་སོགས་པ་ནི་བ་ལང་ལ་སོགས་པ་དེའི་ཆོས་ཡིན་པའི་ཕྱིར་ཏེ། གཏན་ཚིགས་ཀྱི་ཆོས་ཅན་བ་ལང་ལ་སོགས་པ་དང་ལུས་གནས་པ་ན། ཆོས་དཀར་པོ་ལ་
སོགས་པ་དང་། འདོད་ཆགས་ལ་སོགས་པ་འཆད་ཅིང་ཆོས་འབར་བ་ཞེས་བྱ་བ་གནས་པ་ན། ཆོས་ཅན་དྲོ་བ་འཆད་པ་མ་ཡིན་ནོ། །གཟུགས་ལ་སོགས་པའི་སྤྱིའི་ངེས་པ་གང་ཡིན་པ་དེ་ཞེས་བྱ་བ་ནི། འབྱུང་བ་ཐམས་ཅད་ཚོགས་པ་ན་གདོན་མི་ཟ་བར་ཡོད་པའི་ངང་ཚུལ་ཅན་ནོ། །སྤྱི་སྨོས་པ་ནི་ཁྱད་པར་
རྣམས་ནི་འཁྲུལ་པའི་ཕྱིར་རོ། །སྔར་འདོད་ཆགས་ལ་སོགས་པ་ཐ་དད་པས་བསྒྲུབ་པས་ཞེས་བྱ་བ་ནི། སྣང་བ་ཐ་དད་ཅན་རྟོགས་ཕྱིར། །ཞེས་བྱ་བ་འདིས་ལུས་དང་སེམས་དག་ཐ་དད་པ་བསྒྲུབས་པའི་ཕྱིར་རོ། །ལྷན་ཅིག་མི་འཇུག་པའི་ཕྱིར་ཞེས་བྱ་བ་ནི། གནས་སྐབས་ཐམས་ཅད་དུ་འདོད་ཆགས་ལ་སོགས་

པ་མེད་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པའི་ནུས་པ་རྟག་ཏུ་ཡོད་པའི་ཕྱིར། ལན་ཅིག་འཇུག་པ་ཡིན་ནོ་ཞེ་ན། ནུས་པའི་ངོ་བོ་ཡོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འབྱུང་བ་རྣམས་དང་ལྷན་ཅིག་གནས་པར་ངེས་པའི་མཚན་ཉིད་ཅན་གྱི་ཐ་དད་པ་མེད་པ་ཡིན་ནོ་ཞེས་
བཤད་པ་གང་ཡིན་པ་དེ་གྲུབ་པར་བསྟན་ཏོ། །འདོད་པར་མི་འགྱུར་མོད་ཀྱི། ལུས་ཀྱི་བདག་ཉིད་ཅན་གྱི་འབྱུང་བའི་གནས་སྐབས་ཐམས་ཅད་ལ་འདོད་ཆགས་ལ་སོགས་པ་ཐམས་ཅད་ཀྱི་ཅིག་ཅར་ནུས་པ་ཡོད་པ་དེ་བས་ན། འདོད་ཆགས་ལ་སོགས་པ་ཅིག་ཅར་སྐྱེ་བར་ཐལ་བ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེ་ན། ནུས་
པའི་རང་བཞིན་ཡོད་ན་ཡང་འདོད་ཆགས་ལ་སོགས་པའི་རང་གི་ངོ་བོ་འཇུག་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་འབྱུང་བའི་བདག་ཉིད་ཀྱི་རང་བཞིན་ཡིན་ན་ཡང་འདོད་ཆགས་ལ་སོགས་པའི་རང་གི་ངོ་བོ་སྟེ། རང་བཞིན་གསལ་བའི་ངོ་བོ་ཐོབ་པའི་འཇུག་པ་གང་ལ་ཡོད་པ་དེ་ནི། འདོད་ཆགས་ལ་སོགས་
པའི་རང་གི་ངོ་བོ་འཇུག་པ་ཅན་དེ་ཡོད་པ་བསལ་བའི་ཕྱིར་རོ། །གཞན་ཡོད་པ་ན་གཞན་ཡོད་པ་རིགས་པ་མ་ཡིན་ནོ་ཞེས་དེ་ལྟར་བཀག་ཟིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ནུས་པ་དང་། གསལ་བའི་ཁྱད་པར་ཁས་བླངས་ཏེ་བཤད་ནས། ད་ནི་ནུས་པ་དང་གསལ་བའི་ཁྱད་པར་ཉིད་མི་འཐད་དོ་ཞེས་
བསྟན་པའི་ཕྱིར་འབྱུང་བའི་རང་བཞིན་དུ་ཁྱད་པར་མེད་པ་ཡིན་ན་ཡང་ཞེས་བྱ་བ་སྨོས་སོ། །འབྱུང་བ་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར། རང་བཞིན་གྱི་ཁྱད་པར་ཡོད་པ་མ་ཡིན་ན། དེའི་རང་བཞིན་ཞེས་བྱ་བ་འབྱུང་བ་རྣམས་ཀྱི་རང་བཞིན་དུ་བདག་ཉིད་གཅིག་པ་དང་། གསལ་བའི་ཁྱད་པར་མི་རུང་བའི་ཕྱིར་ཏེ།
གཅིག་ལ་གཉི་གའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །གལ་ཏེ་འབྱུང་བའི་རང་བཞིན་ཙམ་ལས་འདོད་ཆགས་ལ་སོགས་པ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་འགྱུར་བའི་ཁྱད་པར་ལས་ཡིན་ལ། དེ་ཡང་དུས་ཐམས་ཅད་ན་ཡོད་པ་མ་ཡིན་པ་དེ་ལྟར་ན་རྒྱུ་མ་ཚང་བ་མེད་པ་ཐག་ཉེ་བ་ཅན་ཡིན་པ་ཉིད་མ་གྲུབ་པ་
ཡིན་ནོ་ཞེ་ན། གྱུར་པའི་ཁྱད་པར་འཇུག་མེད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྱུར་པའི་ཁྱད་པར་འཇུག་པ་མེད་པ་ནི་མངོན་དུ་ཕྱོགས་པ་མེད་པའོ། །ཡོངས་སུ་གྱུར་པའི་ཁྱད་པར་གཅིག་ལ་གནས་པ་ཞེས་བྱ་བ་ནི། དུས་ཇི་སྲིད་གྱུར་པ་དེ་འཕོས་པ་མེད་པའི་དེ་སྲིད་དུ་རིགས་མཚུངས་པ་སྟེ། རིགས་གཅིག་པ་གྱུར་

པས་བསྒྲུབ་པར་བྱ་བ་འདོད་ཆགས་ལ་སོགས་པའི་བློ་ཐམས་ཅད་ཅིག་ཅར་ཅིའི་ཕྱིར་འཇུག་པར་མི་འགྱུར། འདོད་པར་ནི་འགྱུར་མོད་ཀྱི་འདོད་ཆགས་ལ་སོགས་པའི་བློ་རེ་རེ་ལ་སྐད་ཅིག་མ་རེ་རེ་རིམ་བཞིན་དུ་འགྱུར་བའི་ངང་ཚུལ་ཅན་གྱི་གྱུར་པ་ཐ་དད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་སྐད་ཅིག་མ་རེ་རེར་གྱུར་པ་ཡང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྱུར་པའི་རྒྱུ་མཚན་འབྱུང་བ་ཙམ་ཅུང་ཟད་གང་ཡིན་པ་དེའི་ཞེས་བྱ་བ་ལ་སོགས་པས། དེ་རྒྱུ་མེད་པ་ཅན་ཉིད་དུ་འཆད་པར་བྱེད་དོ། །འབྱུང་བའི་རང་གི་མཚན་ཉིད་ནི་ངོ་བོ་གཅིག་པ་ཡིན་པའི་ཕྱིར་དང་། དེ་ཡང་རྟག་ཏུ་ནུས་པ་ཉིད་ཡིན་པའི་ཕྱིར། གྱུར་པ་ཐམས་ཅད་
ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ཉེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ལ་བདག་དང་བདག་གིར་མངོན་པར་ཆགས་པ་ནི་དེ་ལ་ཞེན་པའོ། །སོགས་པ་སྨོས་པས་ནི་ཞེ་སྡང་དང་ང་རྒྱལ་ལ་སོགས་པ་གཟུང་ངོ་། །དེ་བས་ན་སྐྱེ་བའི་དུས་ན་ཞེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བ་ན་
བདག་གི་དངོས་པོ་གདུང་བར་བྱེད་དོ། །དགེ་བ་ལ་སོགས་པའི་ལས་ནི་བྱ་བ་ཡིན་ཞིང་དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ནི་ལོངས་སྤྱོད་པ་ཡིན་ནོ། །དེ་དག་གི་རྟེན་ནི་གཞིའི་དངོས་པོའོ། །མཚན་ཉིད་དེ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དེ་ཉིད་དུ་བརྗོད་པར་
བྱ་བ་མ་ཡིན་པའི་གང་ཟག་ཅེས་བྱ་བས་སོ། །དངོས་པོར་འགྱུར་བའི་རྗེས་སུ་བྱེད་པ་ཅན་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་རྒྱུའི་དངོས་པོར་འགྱུར་བའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་རེག་བྱ་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་ཏེ། མིག་གི་
རྣམ་པར་ཤེས་པའི་ཡུལ་གཟུགས་རེག་བྱ་དང་ལྡན་པའི་ཚོགས་པ་ཉིད་ཡོད་པའི་ཕྱིར་རོ། །རེག་བྱ་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་སེམས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བཤད་པའི་མཚན་ཉིད་ཅན་གྱི་ལྡོག་པ་ལ་ཞེས་བྱ་བ་ནི་རྒྱུ་གཅིག་ཐག་ཉེ་བ་བསྟན་ནས་གཉིས་པ་དེ་ལ་མེད་པར་སྟོན་པ་ནི་བཤད་
པའི་མཚན་ཉིད་ཅན་གྱི་ལྡོག་པ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་ལྡོག་པ་ཉིད་ལ་རྒྱུ་གཞན་དུ་གྲུབ་པ་ཡིན་ནོ། །དེ་ཉིད་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྲིད་པ་ལ་འདོད་པ་ནི་འཁོར་བའི་སྲེད་པ་སྟེ། སྐྱེ་བའི་གནས་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །སྐྱེ་བའི་གནས་ནི་མངལ་ལ་སོགས་

པའོ། །གནས་སྐབས་ནི་མི་དང་ལྷ་ལ་སོགས་པའོ། །ཉེ་བར་མཁོ་བ་ནི་ཙནྡན་དང་གུར་གུམ་ལ་སོགས་པའོ། །སེམས་ཅན་ནི་སྲོག་ཆགས་གྲོགས་སུ་འགྱུར་བའོ། །བདེ་བའི་རྒྱུ་ཉིད་ཀྱིས་ཞེས་བྱ་བ་ནི་བྱེད་པའི་གསུམ་པའོ། །བགྲོད་པར་བྱ་བའི་ཉིད་ཀྱིས་ཞེས་བྱ་བ་ནི། དེ་ལྟ་བུར་འགྱུར་
བའི་མཚན་ཉིད་ཅན་གྱི་གསུམ་པ་ཡིན་ཏེ། བགྲོད་པར་བྱ་བའི་ངོ་བོར་ཡུལ་དུ་བྱ་བ་ཞེས་བྱ་བའི་དོན་ཏོ། །སྔར་ཡོད་པ་ཞེས་བྱ་བ་ནི་མངལ་གྱི་གནས་ཡོངས་སུ་ལེན་པ་ལས་སྔར་ཏེ། བློ་ནི་རང་གི་ཉེ་བར་ལེན་པ་ལ་རག་ལས་པ་ཉིད་ཀྱིས་ཐོག་མ་མེད་པ་ཅན་ཉིད་དུ་བསྒྲུབས་པ་ཉིད་ཀྱི་ཕྱིར། སྔར་ཡོད་པ་ཉིད་
དུ་གྲུབ་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ལུང་ཉེ་བར་འགོད་པའོ། །འདི་ལས་སྡུག་བསྔལ་འབྱུང་བས་ན་ཀུན་འབྱུང་བའོ། །སྲེད་པ་ནི་སྤྱིར་མ་འོངས་པའི་སྐྱེ་བ་དོན་དུ་གཉེར་བའི་རྣམ་པ་ཅན་ནི་དེ་ཉིད་ཀྱི་ཕྱིར་ཡང་སྲིད་པ་འབྱུང་བ་ཅན་ནི། ཡང་སྲིད་པ་དགོས་པ་ཉིད་ཀྱི་ཕྱིར་རོ། །དགའ་བ་དང་འདོད་ཆགས་ནི་
དགའ་བའི་འདོད་ཆགས་ཏེ། དེ་དག་དང་བཅས་པ་ནི་རྒྱུན་གྱི་ཁྱད་པར་སྐྱེ་བ་ན་རྒྱུན་ལ་རྣམ་པར་འདྲེས་པ་ཡིན་གྱི་མཚུངས་པར་ལྡན་པས་ནི་མ་ཡིན་ཏེ། འདོད་ཆགས་གཉིས་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །དེ་ལ་དགའ་བ་ནི་ད་ལྟར་གྱི་དངོས་པོ་ལ་དམིགས་པའི་ཉོན་མོངས་པ་ཅན་གྱི་དགའ་བའོ། །འདོད་
ཆགས་ཀྱང་ད་ལྟར་བའི་དངོས་པོ་ལ་དམིགས་པའི་མངོན་པར་ཆགས་པ་ཉིད་ཡིན་ནོ། །དེ་སྐད་དུ་གང་གི་ཕྱིར་ད་ལྟར་བའི་ཡུལ་འདོད་པ་ཅན་གྱི་དགའ་བ་དང་། མངོན་པར་ཆགས་པ་སྐྱེ་བ་དེའི་ཕྱིར་དེ་ལྟ་བུར་གྱུར་པའམ། དེ་ལས་ཁྱད་པར་དུ་གྱུར་པ་ཅན་གྱིས་མ་འོངས་པ་ཡང་འདོད་པར་བྱེད་དོ་ཞེས་བསྟན་པར་འགྱུར་
རོ། །ད་ལྟར་བའི་ཡུལ་འདོད་པ་ཅན་ཉིད་ལ་དགའ་བའི་འདོད་ཆགས་དང་བཅས་པ་བཤད་པ་གང་ཡིན་པ་དེ་ཇི་ལྟར་མ་འོངས་པ་དོན་དུ་གཉེར་བ་ཡིན་ཞེ་ན། དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ཞེས་བྱ་བ་སྨོས་ཏེ། སྲིད་པ་དང་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ལ་ཁྱད་པར་མེད་པར་དོན་དུ་གཉེར་བའི་རྣམ་པ་
ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཁམས་དོན་དུ་གཉེར་བ་ནི་འདོད་པའི་སྲེད་པའོ་གཟུགས་དང་གཟུགས་མེད་པའི་ཁམས་དོན་དུ་གཉེར་བ་ནི་སྲིད་པའི་སྲེད་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པ་ནི་འཇིག་པའི་སྲེད་པའོ། །བདེ་བའི་སྲེད་པ་འཇུག་པའི་རྒྱུ་མཚན་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་འཇུག་པའི་རྒྱུ་

མཚན་གང་ཡིན་པ་ནི་བདེ་བའི་སྲེད་པ་ཞེས་བྱའོ། །འདི་ལས་འདི་བདེ་བ་ཡིན་ནོ་ཞེས་བྱ་བ་ནི། དངོས་པོ་དམན་པ་བདེ་བའི་རྒྱུ་ཉིད་དུ་གཟུང་བ་ལས་སོ། །ལ་ལར་འཇུག་པའི་བདག་ཏུ་ཆགས་པ་ཉིད་ལ་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་འདི་ཉིད་ཀྱི་གཉི་ག་ལ་གྲུབ་པའི་བགྲོད་པ་ལ་སོགས་པ་འཇུག་པའིའོ། །དེ་བཞིན་དུ་
གཞན་ལ་འཇུག་པའི་ཡང་བདག་ཏུ་ཆགས་པ་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཡུལ་གང་ལ་ཞེ་ན། ཀུན་ལ་ཞེས་བྱ་བ་སྨོས་སོ། །བརྩེ་བ་དང་ལྡན་པ་ལས་གཞན་དུ་ཞེས་བྱ་བ་ནི་དེའི་འཇུག་པ་བརྩེ་བའི་དབང་གིས་ཡིན་གྱི། བདག་ཏུ་ཆགས་པའི་རྒྱུས་འཇུག་པ་ནི་པ་ཡིན་ནོ། །དངོས་སམ་བརྒྱུད་
པས་ཞེས་བྱ་བ་ནི། གང་གི་ཚེ་ལུས་སྙོམས་པས་རྒྱས་པར་གྱུར་པ་ལ། ནང་གི་རེག་བྱའི་ཁྱད་པར་སྐྱེས་པའི་བདེ་བ་ལ་བརྟེན་ནས། འདོད་པ་སྐྱེ་བ་དེའི་ཚེ་ནི་བརྒྱུད་པའོ། །གང་གི་ཚེ་ནི་ལུས་ལ་བརྟེན་ནས་ཞེན་པ་ལ་སོགས་པ་སྐྱེ་བ་དེའི་ཚེ་དངོས་ཡིན་ནོ། །ཕན་འདོགས་འགའ་ཞིག་ཅེས་བྱ་བ་ནི་ལུས་ཀྱིས་བྱས་
པའི་ཉེ་བར་སྦྱོར་བའི་ཁྱད་པར་རོ། །དེ་ལྟར་ན་དེ་ལ་དམིགས་པ་བྱུང་བ་ཡོད་པ་དེའི་རྣམ་པ་ཅན་ཉིད་འདོད་ཆགས་ལ་སོགས་པ་ཕན་འདོགས་པ་ཡིན་ནོ། །གང་ཡང་ལུས་རྒྱས་པ་ལ་སོགས་པ་ཡོད་ན་བརྒྱུད་པས་འདོད་ཆགས་ལ་སོགས་པ་སྐྱེ་བ་དེ་ལྟ་ན་ཡང་དེའི་གནས་སྐབས་སུ་འབྱུང་བ་ཅན་གྱི་ཕན་འདོགས་པ་ཉིད་
ཡོད་པ་ཡིན་ནོ། །དེ་དག་སྐྱེ་བའི་རྒྱུན་དང་གགས་བྱེད་པ་ལ་སོགས་པ་ལ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དེ་དག་སྐྱེ་བའི་རྒྱུན་རྒྱུན་གྱིས་འཇུག་པ་དང་། གགས་བྱེད་པ་སྟེ་འགལ་བའི་རྐྱེན་བསྐྱེད་པ་ལའོ། །ཇི་ལྟར་རིགས་མཐུན་པའི་ཉེ་བར་ལེན་པ་ངེས་པར་ཉེ་བར་སྦྱོར་བ་དེ་ལྟར་ལུས་མ་ཡིན་པའི་ཕྱིར་
ངེས་པར་སྦྱོར་བ་བཀག་པ་ཡིན་ནོ། །འགལ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁས་བླངས་པ་དང་འགལ་བ་དག་ནི་ཡུལ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་མེད་པར་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཕྱོགས་ཀྱི་སྐྱོན་སྡུད་པར་བྱེད་དོ། །སངས་རྒྱས་པས་འདོད་ཆགས་མེད་པར་སྐྱེ་བ་མ་མཐོང་
བའི་ཕྱིར། སྐྱེ་བ་འདིའི་འདོད་ཆགས་རྒྱུ་ཡིན་ནོ་ཞེས་བྱ་བ་བཤད་པའི་རིགས་གང་ཡིན་པ་འདི་ནི། རིགས་འདི་ལུས་འདོད་ཆགས་ཀྱི་རྒྱུ་ཉིད་ཡིན་པར་འདོད་པ་ན་ལུས་མེད་པར་འདོད་ཆགས་མ་མཐོང་བའི་ཕྱིར་ལུས་འདོད་ཆགས་ཀྱི་རྒྱུ་ཡིན་པར་རོ། །རིགས་པ་འདི་ཉིད་ཀྱིས་ཞེས་བྱ་བ་ནི། དུས་མཉམ་དུ་འབྱུང་བ་ཅན་ཉིད་

ཡིན་པའི་ཕྱིར་རོ། །རྒྱུ་མེད་པ་ཅན་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པ་དང་མེད་པར་ཐལ་བའི་ཕྱིར་རོ། །ཡོན་ཏན་དང་བཅས་པའི་རྫས་སྐྱེ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ལུས་ཀྱི་ཡོན་ཏན་གྱི་ཡོན་ཏན་དང་བཅས་པའི་ལུས་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱིན་ཅི་ལོག་པའི་
བློ་ནི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་གི་མཚན་ཉིད་ཅན་གྱི་མ་རིག་པའོ། །ཇི་སྐད་དུ་བཤད་པའི་རྒྱུ་དང་རང་བཞིན་གྱི་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་གྱིའོ། །ཇི་སྐད་དུ་བཤད་པའི་རྒྱུའི་རང་བཞིན་ཞེས་བྱ་བ་ནི་སྲིད་པའི་སྲེད་པ་སྟེ་རྒྱུའི་རང་བཞིན་ནོ། །མ་གྲུབ་ཕྱིར་ཡང་ཞེས་བྱ་བ་ནི། གཏན་
ཚིགས་མ་གྲུབ་པའི་ཕྱིར་ཡང་ངོ་། །འཁོར་བའི་ཆོས་ཅན་འགའ་ཞིག་ཀྱང་། །ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བདག་ལ་སོགས་པ་བཀག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་བདུན་པ། གལ་ཏེ་འཁོར་བ་པ་
འགའ་ཞིག་ཅེས་བྱ་བ་ནི་བདག་ཏུ་སྨྲ་བའོ། །ཅུང་ཞིག་ཀྱང་མི་སྣང་བ་སྟེ། ལྟ་བ་པོ་བདག་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །ཅི་སྟེ་ཁོ་བོ་ཅག་ལ་སོགས་པ་ལ་བརྩམས་པ་ཡིན་པ་དེའི་ཚེ་མ་གྲུབ་པ་ཡིན་ཏེ་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་སོགས་པ་ལ་ཁོ་བོ་འབད་རྩོལ་བྱེད་དོ་ཞེས་བྱ་བ་དེ་ལྟ་བུའི་ངེས་པ་སྐྱེད་
པའི་ཕྱིར་རོ། །གལ་ཏེ་ཡང་བདག་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་རྣམ་པར་ཤེས་པ་ཉིད་བདག་དང་བདག་གིར་སྒྲོ་འདོགས་པས་འཁྲུལ་པར་སྐྱེས་པ་ན། ཤེས་པ་བྱ་བ་དང་བཅས་པ་རྒྱུར་བྱས་ནས་མཐོང་ངོ་ཞེས་བརྗོད་དོ། །རྣམ་པར་ཤེས་པའི་རྒྱུ་དེ་ཉིད་ཀྱི་སྒྲོ་འདོགས་པ་ལ་གནོད་པའི་ཕྱིར། ཇི་ལྟར་བདག་མེད་དུ་
ཟིན་ཀྱང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པའི་རིམ་གྱིས་འབྲས་བུ་མེད་པར་མི་འགྱུར་བ་དེ་ལྟར་དེ་ཉིད་ནི་ཐོས་པ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །སྦྱོར་བ་ནི་གང་ཞིག་གང་ལ་ཞེས་བྱ་བ་ལ་སོགས་པ་འདིས་བདག་ཏུ་ཆགས་པ་འཇུག་པའི་རྒྱུ་ཉིད་ཡིན་པར་བསྟན་ཏེ།
གང་གི་རྣམ་པར་སྒྲོ་འདོགས་པས་སོ། །དེ་ལ་ཆགས་པས་ཏེ་མངོན་པར་ཆགས་པ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲོ་འདོགས་པའི་ཆགས་པས་བྱས་པའི་འཇུག་པ་དེ་དང་ལྡན་པའོ། །གང་ཞིག་གང་ལ་ཆགས་པ་དང་ལྡན་པ་དེ་ནི་དེ་ལ་མངོན་པར་ཆགས་པས་བྱས་པའི་འཇུག་པ་དང་ལྡན་པ་ཡང་ཡིན་

ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །མངོན་པར་ཆགས་པ་ཙམ་ལ་རག་ལས་པ་ཉིད་ཀྱིས་འཇུག་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །རེ་ཞིག་བདག་ཏུ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ་གང་ལ་བདག་ཏུ་འཛིན་པའི་འཆིང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དོན་དུ་ཞེས་བྱ་བ་ནི་བདག་ལ་ཕན་འདོགས་
པའི་དོན་དུ་སྟེ། ཉོན་མོངས་པ་སྤངས་པའི་དེ་མ་ཐག་ཉིད་དུ་དེ་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བསམས་པའོ། །གནས་པར་འཇུག་པ་ལ་ཞེས་བྱ་བ་ནི་གནས་པ་ལ་རག་ལས་པས་འཇུག་པའི་དོན་དུའོ། །བདག་ལ་ཉེ་བར་མཁོ་བ་མཐོང་བའི་རྒྱུ་ཅན་ནི་གནས་པར་
འཇུག་པ་ཡིན་ལ། འདི་ལ་ཉེ་བར་མཁོ་བ་མཐོང་བ་མེད་པ་དེ་ལྟར་ན་རྒྱུ་མི་དམིགས་པའོ། །གཞན་ལ་ཕན་འདོགས་པ་སེམས་ཅན་ལ་ཆགས་པའི་ཕྱིར་མ་ཡིན་ཞེས་བྱ་བར་སྦྱར་ཏེ། མངོན་པར་ཆགས་པ་སྤངས་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འདུ་བྱེད་ཡིན་ལ་དེ་ཉིད་སྡུག་བསྔལ་
ཡིན་ཏེ། མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཆགས་པ་ཡི་ཞེས་བྱ་བ་ལ་སོགས་པ་དཔེ་བསྟན་པ་ཡིན་ཏེ། དེ་བདག་གི་བདེ་བའི་དོན་དུ་བསྟན་པ་ཡང་མ་ཡིན་ཞིང་། ཆགས་པས་ཀྱང་མ་ཡིན་ཏེ། འོན་ཀྱང་བརྩེ་བ་ཁོ་ནས་ཡིན་ནོ། །འདི་འཆིང་
བར་བྱེད་པ་མ་ཡིན་ཞིང་ཞེས་བྱ་བ་ནི་དེ་འཇོག་པར་བྱེད་པ་མ་ཡིན་ཞིང་ངོ་། །གལ་ཏེ་ཡང་བར་མ་དོར་གགས་བྱེད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་རོ། །གགས་བྱེད་པར་ནུས་པ་ཅན་གྱི་ལས་ཀྱིས་འཕངས་པའི་སྲིད་པ་ཡོད་ན་རིགས་པ་འདི་ཡིན་གྱི། དེ་ལྟ་མ་ཡིན་ན་ངེས་པའི་ལས་ངེས་
པས་འཕངས་པའི་དུས་ངེས་པ་ཅན་གྱི་སྲིད་པ་ལ་བར་མ་དོར་གགས་བྱེད་པ་ཡོད་པ་ཉིད་མ་ཡིན་ནོ། །གླ་དང་རྔན་པ་དང་། གླ་བའི་རིན་ཞེས་བྱ་བ་ནི་དོན་གཞན་ཉིད་མ་ཡིན་ནོ། །མི་རྟག་པ་ལ་སོགས་པའི་བདག་ཉིད་ལ་ཞེས་བྱ་བ་ནི་མི་རྟག་པ་དང་བདེ་བ་མ་ཡིན་པ་དང་། བདག་མེད་པ་ལ་སོགས་པའི་རང་བཞིན་ཞེས་
བྱ་བའི་དོན་ཏོ། །ཕྱིན་ཅི་ལོག་གི་ཤེས་པ་ནི་རྟག་པ་དང་བདེ་བ་ལ་སོགས་པའི་ངོ་བོར་འཛིན་པ་སྟེ། འདིས་ནི་མ་རིག་པ་བསྟན་ཏོ། །བདག་ཏུ་ལྟ་བ་སྤངས་པ་ཅན་གང་ཡིན་པ་དེ་ལ་སེམས་ཅན་དུ་ལྟ་བ་སྔོན་དུ་སོང་བ་ཅན་མེད་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་སེམས་ཅན་དུ་ལྟ་བ་སྔོན་དུ་སོང་བ་ཅན་ཡིན་པ་

དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྦྱོར་བ་གཉིས་པ་ཡང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཉིད་ཡིན་ཏེ་བདག་ཏུ་ལྟ་བ་སྤངས་པ་ལ་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་བློ་དང་མི་ལྡན་པ་ཉིད་ཀྱིས་ཁྱབ་པ་ཉིད་ཀྱི་ཕྱིར་དང་། བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་སྙིང་རྗེའི་
སེམས་དང་ལྡན་པ་ནི་དེ་དང་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །སྙིང་རྗེ་རྣམ་པ་གཉིས་ཏེ། སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའོ། །དེ་ལ་གལ་ཏེ་སྙིང་རྗེ་སྔ་མ་ལ་བརྟེན་ནས་བརྗོད་པ་དེའི་ཚེ་སྦྱོར་བ་སྔ་མ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདོད་ཆགས་དང་བྲལ་བ་དག་ལ་ནི་སེམས་ཅན་ལ་དམིགས་པའི་
སྙིང་རྗེས་ཁས་མི་ལེན་པའི་ཕྱིར་རོ། །ཅི་སྟེ་སྙིང་རྗེ་གཉིས་པ་ལ་བརྟེན་ནས་བརྗོད་པ་ཡིན་ན་ནི་དེ་ལས་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། ཆོས་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་ལ་ལྟ་བ་སྔོན་དུ་སོང་བ་ཅན་ཉིད་དུ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སེམས་ཅན་ལ་དམིགས་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །གང་གི་ཕྱིར་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་དོན་དམ་པ་ཡིན་གྱི། སེམས་ཅན་ལ་དམིགས་པ་མ་ཡིན་པའི་རྒྱུ་དེ་ཉིད་ཀྱི་ཕྱིར། སྦྱོར་བ་གཉིས་པ་ལ་ཡང་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གྲོལ་བ་རྣམས་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་སྙིང་རྗེའི་སེམས་དང་
ལྡན་པ་ཉིད་མ་གྲུབ་པའི་ཕྱིར་རོ། །སྡུག་བསྔལ་ཤེས་ལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ཤེས་པ་རྣམ་པ་བཞི་དག་ཡིན་ཏེ་ཤེས་པའོ། །དེ་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་ཞེས་བྱ་བ་སྨོས་སོ། །འདི་ནི་ཡོད་པའི་བདུན་པ་ཡིན་ཏེ། སྡུག་བསྔལ་ཤེས་པ་ཡོད་ན་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་སྤངས་པ་
ཅན་གྱི་ཞེས་བྱ་བ་ནི་ཞེ་སྡང་ཅན་ནི་འཇིག་རྟེན་ན་གནོད་པ་ཡིན་ལ་དེ་མེད་པའི་ཕྱིར་ཞེ་སྡང་སྤངས་པ་ཅན་ཡིན་ཏེ། འགལ་བ་མེད་པའི་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཡང་སྡུག་བསྔལ་ཤེས་པས་འདོད་ཆགས་ལ་སོགས་པ་ཡང་སྤངས་པ་ཡིན་པ་དེ་ལྟ་ན་ཡང་ཞེ་སྡང་སྨོས་པ་བྱས་པ་གང་ཡིན་པ་དེ་ནི་སྙིང་རྗེ་
དངོས་སུ་ཞེ་སྡང་དང་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །འདུས་རེག་ཙམ་ཞེས་བྱ་བ་ལ་ཙམ་སྨོས་པ་ནི་དོན་ལྷག་པར་སྒྲོ་འདོགས་པ་སྤངས་པའི་ཕྱིར་རོ། །ཁྲོ་རྒྱུ་ཞེས་བྱ་བ་ནི་ཞེ་སྡང་གི་རྒྱུའོ། །དེ་ཉིད་ནི་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགལ་བ་ཅན་ནི་ཞེ་སྡང་གི་ཡུལ་དུ་འགྱུར་རོ། །དེ་

མེད་པར་ཁྲོ་བའི་རྒྱུ་ཞེ་སྡང་མ་ཡིན་གྱི་ཞེས། འོན་ཀྱང་བདག་ཏུ་ལྟ་བ་ཉིད་ཡོད་ན་ཞེ་སྡང་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་དེས་ན་བདག་དང་བདག་གི་རྣམ་པའི་ཞེས་བྱ་བ་སྨོས་སོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་གྲུབ་པ་ལ་སྒྲུབ་པ་ལ་སོགས་པ་སྔར་བཤད་པའི་མཇུག་སྡུད་པར་བྱེད་དོ། །དེ་
ཡང་གོང་དུ་རྣམ་པར་ཕྱེ་ཟིན་ཏོ། །གང་འདུ་བྱེད་ནུས་ཟད་མེད་ཅན། །ཞེས་བྱ་བ་ནི་ཕུང་པོའི་རྒྱུན་སྐྱོན་མེད་པ་སྐྱེད་པ་ལ། འདོད་ཆགས་དང་བྲལ་བ་གང་དག་ལ་ལས་ཀྱི་ནུས་པ་ཟད་པ་མེད་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་
དཔའ་རྣམས་ནི་ལས་ཀྱི་ནུས་པ་ཟད་པ་ཅན་མ་ཡིན་ཏེ། ཚོགས་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཉེས་མེད་ཅན་ཞེས་བྱ་བ་ནི་སྡིག་པ་མེད་པ་ཅན་ནོ། །སེམས་ཅན་གྱི་དོན་ཡིད་ལ་བྱེད་པས་གནས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་གོ། །
ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ཞེས་བྱ་བ་ནི་གཉིས་པའོ། །གནས་པ་ནི་སྙིང་རྗེའི་འཇུག་པ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ལས་སྙིང་རྗེ་ལྡོག་པས་ཁྱབ་པ་ཉིད་ཀྱི་ཕྱིར་དང་། གནས་པ་ནི་དེ་དང་འགལ་བ་ཉིད་
ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་འགལ་བ་ཉིད་དམིགས་པའོ། །བསྒོམ་པའི་ལམ་དང་མི་སློབ་པའི་ལམ་དང་མི་སློབ་པའི་ལམ་ལས་སྔར་བྱུང་བ་ཅན་ཉིད་ཡིན་པའི་ཕྱིར་མཐོང་བའི་ལམ་ནི་ལམ་དང་པོའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་
སྒྲས་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་གཟུང་ངོ་། །སྡུག་བསྔལ་གྱི་བདེན་པ་མཐོང་བ་ཉིད་ཀྱིས་དེ་དག་གིས་འཇིག་ཚོགས་སུ་ལྟ་བ་སྤངས་པ་ཡིན་ནོ། །ཀུན་དུ་བརྟགས་པ་ནི་བསྟན་བཅོས་སེམས་པ་ལ་སོགས་པའི་སྒོ་ནས་བྱུང་བའོ། །ལྷན་ཅིག་སྐྱེས་པ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་
བའོ། །དེ་དག་ཉིད་ཀྱིས་སྤངས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་དེ་ནི་བསྒོམ་པའི་ལམ་ཉིད་ཀྱིས་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བདག་ཏུ་ཆགས་པ་ཁས་ལེན་པ་ཉིད་ཀྱི་ཕྱིར། རྒྱུན་དུ་ཞུགས་པ་ལ་ལྷན་ཅིག་སྐྱེས་པའི་མི་ཤེས་པ་ཕྱིན་ཅི་ལོག་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར།

གང་གི་ཕྱིར། གང་ཞིག་ང་ཞེས་མཐོང་མེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུའི་གཏན་ཚིགས་སོ་ཞེས་བྱ་བ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་ནི་བདག་ཏུ་ཆགས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེ་གཉིས་ནི་མ་གྲུབ་པ་ཡིན་ཏེ་ཞེས་བྱ་བ་ནི་འཁོར་བ་ཡང་
འཆིང་བ་ཡིན་ནོ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ཡང་ཐར་པ་ཡིན་ནོ་ཞེས་བྱ་བ་དེ་གཉིས་སོ། །གལ་ཏེ་ཇི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཏུ་སོགས་པ་བཀག་པའི་ཕྱིར་རོ། །འགའ་ཞིག་བཅིངས་པ་དང་། རང་དབང་བ་འགའ་ཞིག་ཀྱང་གྲོལ་བ་མ་ཡིན་ནོ། །དེ་མེད་པའི་ཕྱིར་
དེ་ལ་ལྟོས་ནས་འཁོར་བ་དང་མྱ་ངན་ལས་འདས་པ་དག་འཆིང་བ་དང་ཐར་པ་ཉིད་དུ་བརྟགས་པ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འོ་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་འཇུག་པའི་གོ་རིམས་ཇི་ལྟར་ཡིན་ཞེ་ན། འོན་ཀྱང་མ་རིག་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བར་དུ་ཞེས་བྱ་བའི་
སྒྲ་ནི་འདུ་བྱེད་ཡོད་ན་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་གི་བདག་ལ་སོགས་པ་མེད་པར་ཡང་མ་རིག་པ་ལ་སོགས་པ་ངོ་བོ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པའི་རང་བཞིན་ཅན་འཇུག་པར་འགྱུར་ལ། དེ་འཇུག་པ་ཙམ་ཡང་འཁོར་བ་ཞེས་
ཐ་སྙད་གདགས་སོ། །འགལ་བའི་རྐྱེན་ཉེ་བ་ལས་ཀྱང་རྒྱུ་བཅོམ་པའི་སྒོ་ནས། མ་རིག་པ་ལྡོག་པ་ཙམ་ལ་ཐར་པ་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འཆིང་བ་ལ་སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ཡིན་པས་ཁྱབ་པ་ཡིན་ཏེ། དེ་དང་འགལ་བ་ཉིད་ནི་སྡུག་བསྔལ་སྐྱེ་བ་དང་བྲལ་བ་ཉིད་ཡིན་པ་དེ་ལྟར་
ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འགྱུར་བ་ནི་བདེན་ན་སྡུག་བསྔལ་སྐྱེ་བའི་རྒྱུ་བདག་ཉིད་ཡིན་པ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ནི་མ་གྲུབ་པ་ཡིན་བར་བསམ་པར་མི་བྱ་སྟེ་ཞེས་བྱ་བ་སྨོས་སོ། །ཇི་སྐད་དུ་བཤད་པའི་འཆིང་བས་ཞེས་བྱ་བ་ནི་སྡུག་བསྔལ་སྐྱེད་པའི་རྒྱུའི་
མཚན་ཉིད་ཅན་གྱིས་སོ། །གཉི་གའི་རྣམ་པ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་དང་། མི་རྟག་པ་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར། གང་ཟག་ནི་རྣམ་པ་གཉི་ག་དང་བྲལ་བ་ཉིད་ཡིན་པར་འདོད་དོ། །དེ་ལྟ་བུར་གྱུར་པའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་ནི་རྣམ་པ་གཉི་གས་ཁྱབ་པ་ཉིད་ཀྱི་

ཕྱིར་རོ། །དེ་ཉིད་ནི་རྟག་པ་དང་མི་རྟག་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་སྤངས་པ་ནི་ཕན་ཚུན་སྤངས་པ་སྟེ་དེ་དང་བྲལ་བའོ། །དེས་གནས་པའི་མཚན་ཉིད་རྟག་པ་དང་མི་རྟག་པ་གང་དག་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ཡིན་པ་དེ་ཉིད་ཀྱི་ཕྱིར། རྟག་པ་སྤངས་ཏེ་མི་རྟག་པའི་
མཚན་ཉིད་དུ་གནས་པ་དང་། མི་རྟག་པ་སྤངས་ཏེ་རྟག་པའི་མཚན་ཉིད་དུ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལས་ཅིར་འགྱུར་ཞེ་ན། དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཟག་ལ་སོགས་པའི་དངོས་པོ་ལ་རྟག་པའམ། མི་རྟག་པ་གཅིག་རྣམ་པར་བཅད་པ་དང་། ཡོངས་
སུ་གཅོད་པ་གང་ཡིན་པ་དེ་དག་ནི་དེ་ལས་གཞན་པ་རྟག་པའམ་མི་རྟག་པ་ཡོངས་སུ་བཅད་པ་དང་། རྣམ་པར་བཅད་པ་གང་ཡིན་པ་དེ་མེད་ན་མི་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་དངོས་པོ་ཡོད་ན་རྟག་པ་རྣམ་པར་བཅད་པའམ། ཡོངས་སུ་གཅོད་པ་ནི་གོ་རིམས་བཞིན་དུ་མི་རྟག་པ་ཡོངས་སུ་
གཅོད་པ་མེད་ན་མི་འབྱུང་བ་ཅན་ཡིན་ནོ། །མི་རྟག་པ་རྣམ་པར་བཅད་པ་དང་། ཡོངས་སུ་གཅོད་པ་དང་རྟག་པ་ཡོངས་སུ་གཅོད་པ་དང་རྣམ་པར་བཅད་པ་མེད་ན་མི་འབྱུང་བ་ཅན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་གལ་ཏེ་གང་ཟག་ལ་རྟག་པ་རྣམ་པར་བཅད་ན་མི་རྟག་པ་གསལ་བར་
བཟུང་བ་དེའི་ཕྱིར་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །ཅི་སྟེ་རྟག་པ་ཡོངས་སུ་གཅོད་པ་དེའི་ཚེ་ཡང་མི་རྟག་པ་རྣམ་པར་བཅད་པ་དེའི་ཕྱིར། རྟག་པ་ཉིད་ཡིན་པས་ན་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་གལ་ཏེ་མི་རྟག་པ་ཉིད་རྣམ་པར་བཅད་པ་དེ་བས་ན།
རྟག་པ་བཟུང་བ་དེའི་ཕྱིར་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །ཅི་སྟེ་མི་རྟག་པ་ཡོངས་སུ་གཅོད་པ་ཡིན་པ་དེ་ལྟ་ན་ཡང་རྟག་པ་རྣམ་པར་བཅད་པ་ཡིན་པ་དེ་ལྟར་ན། ངེས་པར་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པ་ཉིད་དུ་འགྱུར་རོ། །མི་རྟག་པ་སྟེ་ཞེས་བྱ་བ་འདིའི་འགྲེལ་པ་ནི་སྐད་ཅིག་
མ་ཉིད་དུ་ཞེས་བྱ་བ་ཡིན་ནོ། །དེ་ནི་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་མ་ཡིན་པ་ནི་དོན་བྱེད་པར་ནུས་པ་དང་བྲལ་བ་ཉིད་ཀྱིས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཚེ་མ་བཅིངས་པ་ནི་ཞེས་བྱ་བ་ནི་འཆིང་བ་མེད་པས་མ་བཅིངས་པའོ། །གལ་ཏེ་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་སྐྱོན་

མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་རྟག་པ་ཉིད་དུ་གང་ཟག་བརྗོད་པར་བྱ་བ་ཡིན་པས་ཁས་བླངས་ནས་སྐད་ཅིག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་སྨྲ་བར་འགྱུར་བ་དེའི་ཚེ་ཡོད་པ་ཉིད་མ་ཡིན་པར་འགྱུར་ཏེ། རིམ་དང་ཅིག་ཅར་དོན་བྱེད་པ་འགལ་བའི་ཕྱིར་རོ། །གང་གི་ཚེ་རྟག་
པ་ཉིད་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཚེ། སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེ་ན། རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་དང་། མི་རྟག་པ་དག་མེད་པའི་ངོ་བོ་དེ་ཉིད་གང་ཟག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟག་པ་དང་མི་རྟག་པར་ལུང་བསྟན་དུ་མེད་པའི་ཕྱིར་གང་ཟག་ཏུ་སྨྲ་བར་
བརྗོད་པར་བྱ་བ་མ་ཡིན་པ་སྟེ་ལུང་དུ་མ་བསྟན་པ་ཡིན་ནོ། །རྟེན་ཡོངས་སུ་གྱུར་པ་གང་ཞེ་ན། ཉེས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལམ་དེའི་བདག་ཉིད་ལ་ཞེས་བྱ་བ་ནི་ལམ་གྱི་རང་བཞིན་ཉིད་ལའོ། །དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཅན་ཡིན་གྱི་ཞེས་བྱ་བ་ནི་དངོས་པོ་ཇི་ལྟ་
བ་བཞིན་དུ་གནས་པ་འཛིན་པའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཚད་མ་དང་འགལ་བའི་རྣམ་པ་ནི་ཕྱིན་ཅི་ལོག་གི་རྣམ་པའོ། །དེ་དང་རྗེས་སུ་འབྲེལ་པ་ནི་ཉེ་བར་བསྒྱུར་བ་སྟེ། ཉེས་པ་གང་ཡིན་པ་དེའི་བདག་ཉིད་ཅན་དུ་མི་འགྱུར་རོ། །སེམས་ཉིད་ཉེ་བར་ཉོན་མོངས་པར་བྱེད་པས་ན་ཉེ་བའི་
ཉོན་མོངས་པ་སྟེ་འདོད་ཆགས་ལ་སོགས་པའོ། །རྒྱུ་མཚན་འགའ་ཞིག་ལས་བདག་ལ་སོགས་པར་སྒྲོ་བཏགས་པས་འཇུག་པའི་འཁྲུལ་པའི་ཤེས་པ་ནི་གློ་བུར་གྱི་རྐྱེན་ཡིན་ཏེ། དེ་ནི་ཚད་མའི་གྲོགས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་གནོད་པ་ཡོད་ན་ཞེས་བྱ་བ་ནི་གློ་བུར་བའི་རྣམ་པས་དེའི་རྒྱུ་ཅན་གྱི་
ཉེ་བའི་ཉོན་མོངས་པ་བདག་མེད་པའི་ལམ་གྱིས་གསལ་བ་ཡོད་ན་ཞེས་བྱ་བའི་དོན་ཏོ། །རང་གིས་རང་བཞིན་ལ་གནས་པའི་ཞེས་བྱ་བ་ནི་བདག་མེད་པའི་ལམ་དེའི་བདག་ཉིད་ལ་གནས་པའིའོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟར་གནས་པ་བཞིན་
དུ་འཛིན་པས་ཞུགས་པའི་བདག་མེད་པའི་ལམ་ནི་སེམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །བདག་ཉིད་དེའི་རྟེན་དུ་གྱུར་པ་མ་ཡིན་ཏེ་ཞེས་བྱ་བ་ནི། རྣམ་པ་གཞན་དུ་འཇུག་པའི་རྟེན་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདྲེས་པའི་རྐྱེན་ནི་གཡའ་ལ་སོགས་པ་འདྲེས་པའི་རྒྱུའིའོ། །དེ་ཤིན་ཏུ་མེད་ན་

ཞེས་བྱ་བ་ནི་འདྲེས་པའི་རྐྱེན་ཤིན་ཏུ་མེད་ནའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དཔེ་གཉིས་པའོ། །ཡང་རྣམ་པ་གཞན་དུ་འཇུག་པའི་རྟེན་དུ་གྱུར་པ་ལས། དེ་ལས་ཟློག་པའི་རྣམ་པ་དེའི་བདག་ཉིད་དང་བྲལ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་བདག་ཉིད་དུ་གྱུར་པ་ཡིན་པ་དེ་ལྟར་ན་ཁྱབ་
པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་དེ་ཁོ་ན་ཉིད་མཐོང་བ་དེའི་བདག་ཉིད་སེམས་ལ་ཡོད་པ་མ་ཡིན་པ་དེ་བས་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ་ཞེ་ན། མ་གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དམ་པར་རྣམ་པར་ཤེས་པ་ནི་དོན་འཛིན་པར་འདོད་པས་ཞེས་བྱ་བ་ནི། དོན་
དམ་པར་རྣམ་པར་ཤེས་པ་དོན་འཛིན་པ་ཉིད་ནི་མ་ཡིན་ཏེ། གཟུང་བ་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་རེ་ཞིག་ཕྱི་རོལ་གྱི་དོན་ཡོད་པར་འདོད་པ་གང་ཡིན་པ་དེས་འདི་ལྟར་འདོད་པར་བྱའོ་ཞེས་བསྟན་པའི་ཕྱིར་དེ་སྐད་དུ་བརྗོད་པ་ཡིན་ནོ། །ཕྱི་རོལ་ལམ་ཞེས་བྱ་བ་ནི་འདྲ་བ་གཞན་དང་གཞན་འབྱུང་བ་ལ་སོགས་
པའི་འཁྲུལ་པར་བྱེད་པའི་རྣམ་པའོ། །ཅིག་ཤོས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་གྱི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་ཞེས་བྱ་བས་བསླད་པའོ། །དེའི་ཚེ་ཡུལ་འཛིན་པའི་ཆོས་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་པའི་རྣམ་པ་འཛིན་པའི་ཕྱིར་རོ། །དེ་ཉིད་
ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་པར་ནི་འགྱུར་མོད་ཀྱི་ཕྱི་རོལ་གྱི་དོན་གྲུབ་པ་མེད་མོད། རྣམ་པར་ཤེས་པ་ནི་རབ་ཏུ་གྲུབ་པ་ཡིན་ན་དངོས་པོ་ཐམས་ཅད་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་བརྗོད་ཅེ་ན། ཤེས་པ་ཡང་ཕྱིན་ཅི་ལོག་གི་རྣམ་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།
གང་གི་ཚེ་རྣམ་པར་ཤེས་པ་ཡུལ་དུ་གྱུར་པ་ཡང་ཤེས་གཞན་གྱི་ཡུལ་དུ་བྱེད་པ་དེའི་ཚེ། དེ་ལ་ཡང་སྒྲོ་བཏགས་པའི་རྣམ་པ་ཉིད་ཀྱི་སྒོ་ནས་ཡུལ་དུ་བྱེད་པ་དེ་ལྟར་ན། ཤེས་པ་ཐམས་ཅད་ལོག་པར་འཛིན་པའི་རང་བཞིན་ཅན་དུ་གྲུབ་པར་འགྱུར་རོ། །དེ་ཉིད་ནི་དེ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་
གཞག་པ་ཉིད་ཀྱི་གནས་སྐབས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཡུལ་ཅན་ཉིད་དེ་ཤེས་པའི་གནས་སྐབས་ཅི་འདྲ་བ་ཞིག་ཡིན་ཞེས་བྱ་བའི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་གཞག་པ་འདི་ལ། ཅི་རྣམ་པར་ཤེས་པའི་ཆོས་ཡུལ་འཛིན་པ་ཡིན་ནམ། འོན་ཏེ་ལོག་པ་འཛིན་པ་ཡིན་ཞེས་བྱ་བ་

དེའི་གནས་སྐབས་ཡིན་ནོ། །དེ་ལ་གལ་ཏེ་ལོག་པ་འཛིན་པ་འདི་ཉིད་ཆོས་ཡིན་ནོ་ཞེས་རྣམ་པར་གཞག་པ་དེའི་ཚེ། ཤེས་པའི་ཤེས་པ་ཡིན་ན་ཡང་ལོག་པ་འཛིན་པའི་རང་བཞིན་དུ་འགྱུར་བ་དེ་ལྟར་གང་ལས་ཤེས་པ་གྲུབ་པ་ཡིན། དེ་ཡང་ཤེས་པ་ཤེས་པ་གཞན་གྱིས་ཉམས་སུ་
མྱོང་བ་ཡིན་ནོ་ཞེས་བྱ་བའི་གཞུང་དེར་རྟོགས་པར་བྱའོ། །རང་རིག་ལ་ནི་སྐྱོན་འདི་ཡོད་པ་མ་ཡིན་ནོ། །དེའི་རང་བཞིན་འཛིན་པའི་ཤེས་པས་ཤེས་པ་ཉིད་ལ་དེ་ལ་དེ་ཡོད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། འདི་ལ་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དམིགས་པའོ། །རང་བཞིན་དེ་ལ་རྣམ་
པ་གཞན་དུ་འགྱུར་བ་ཅན་ནི་རང་བཞིན་དེ་ལས་རྣམ་པ་གཞན་དུ་འགྱུར་བ་ཅན་ནོ། །གང་ལ་གློ་བུར་བའི་རྐྱེན་གྱིས་བྱས་པ་ཡོད་པ་དེ་ནི་ཞེས་འབྲུ་མང་པོ་པའོ། །དཔེར་ན་ཐག་པར་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་གློ་བུར་བའི་རྐྱེན་གྱིས་བྱས་པའི་འཁྲུལ་པའི་ཡུལ་སྦྲུལ་གྱི་རྣམ་པར་ཞུགས་
པའི་རང་བཞིན་ལས་རྣམ་པ་གཞན་དུ་འགྱུར་བ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ལྡོག་པ་ལ་ནི་ཞེས་བྱ་བ་ལྡོག་པའི་རྒྱུ་མཚན་ལ་ནིའོ། །དེ་ནི་རང་བཞིན་གནས་པ་གཞན་དུ་འགྱུར་བའི་ལྡོག་པའི་རྒྱུ་མཚན་ནི་ཞེས་བྱ་བས་འཆད་པར་བྱེད་དོ། །རང་དང་རིགས་མཐུན་པའི་ཉེ་བར་ལེན་པའི་
ཞེས་བྱ་བ་ནི་གཞི་མཐུན་པའི་འཇུག་པའོ། །རིགས་མཐུན་པའི་རྒྱུ་ནི་ལོག་པའི་ཤེས་པའོ། །ཤིན་ཏུ་སྐྱེད་ནུས་མེད་ཡིན་ནོ་ཞེས་བྱ་བའི་ཤིན་ཏུ་སྨོས་པས་ནི་འདི་སྐད་དུ། གལ་ཏེ་རྒྱུན་དུ་ཞུགས་པ་ལ་སོགས་པ་སྐྱེ་མོད་ཀྱི་རི་མོ་ལ་གནོད་སྦྱིན་དུ་འཁྲུལ་པ་དང་འདྲ་བར་དེ་ལ་འདི་བརྟན་པར་འགྱུར་བ་མ་
ཡིན་ནོ་ཞེས་བསྟན་ཏོ། །ཤིན་ཏུ་སྐྱེ་བ་ལ་དེ་ལ་གནོད་པ་ཅན་སྐྱེད་ནུས་པའི་སྙིང་པོ་ཅན་དང་བྲལ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་གནོད་པ་ཅན་སྐྱེད་ནུས་པའི་སྙིང་པོ་ཅན་ཉིད་ཡིན་པ་དེ་ལྟར་ན། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་རྐྱེན་
ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། དཔེར་ན་རྒྱུན་རྣམ་པར་འཆད་པའི་དུས་ན། སྔ་མ་ལས་ཤིན་ཏུ་མཚན་ཉིད་མི་འདྲ་བའི་སྐད་ཅིག་མ་གཞན་མངོན་སུམ་དུ་བྱེད་པའི་ཕྱིར། མི་དམིགས་པ་ཞེས་བྱ་བའི་མངོན་སུམ་གྱིས་རྒྱུ་མི་རྟག་པ་ཉིད་དང་། དེའི་སྟོབས་ཀྱིས་བདག་མེད་པ་ཉིད་རྣམ་པར་འཇོག་

པར་བྱེད་དོ། །དེ་ནས་བསྒོམ་པའི་རིམ་པ་ཡིན་པ་དེའི་ཚེ། མངོན་སུམ་ནི་བདག་མེད་པ་ཉིད་མཐོང་བའི་མཚན་ཉིད་ཅན་གྱི་གནོད་པ་ཅན་རྒྱུ་མཚན་ཉིད་ཡིན་ནོ། །གང་གི་ཚེ་བྱས་པ་ཉིད་ཡིན་པ་ལ་སོགས་པའི་རྟགས་ཀྱིས་བདག་མེད་པ་རྣམ་པར་གཞག་ནས། བསམ་པ་
དང་བསྒོམ་བ་ལ་སོགས་པ་རིམ་བཞིན་རྩོམ་པ་དེའི་ཚེ། རྗེས་སུ་དཔག་པ་ཡང་རྒྱུ་མཚན་ཉིད་ཡིན་ནོ། །འགལ་བ་ནི་གཉི་ག་