Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 177
Văn bản gốc(Tây Tạng)
Trang 8 / 20 (50.000 ký tự/trang)
མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དངོས་སུ་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་དུ་ཟིན་ཀྱང་དེ་ཉིད་རྒྱུ་ཉིད་ཡིན་པ་ནི། ངེས་པ་དེར་འདུས་བྱས་པའི་ཡང་ཞེས་བྱ་བ་ནི་ལུས་འདུས་བྱས་པའི་ཡང་ཞེས་བྱ་བའི་དོན་ཏོ། །དངོས་སུ་ལན་ཅིག་བྱེད་པའི་འགྱུར་བ་ཡང་ ངེས་པར་འབྲས་བུའི་རྗེས་སུ་བྱེད་པར་འགྱུར་རོ། །དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡུལ་གྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི། ཡུལ་ནི་དངོས་སུ་དབང་པོའི་ཤེས་པའི་ལྷན་ཅིག་བྱེད་པ་ཡིན་ལ། དེ་ཡང་དབང་པོའི་ཤེས་པའི་རྗེས་སུ་འཇུག་པ་ཡིན་ཏེ། དེ་གསལ་བ་ཉིད་རྗེས་སུ་བྱེད་ པའི་ཕྱིར་རོ། །གལ་ཏེ་འོ་ན་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་ཁྱད་པར་གང་ཡིན་ཞེ་ན། དེ་ནི་འོག་ནས་འཆད་པར་འགྱུར་རོ། །དངོས་སུ་ཉེ་བར་ལེན་པའི་རྒྱུ་ཉིད་མ་ཡིན་པ་ནི་འགལ་བ་ཡིན་ལ། དེས་ནི་དེའི་རྗེས་སུ་མི་འཇུག་པ་ལ་ཁྱབ་པ་དེ་ལྟར་ན་འགལ་བས་ཁྱབ་པ་དམིགས་པ་ཡིན་ནོ། །དངོས་སུ་ ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་གཉིས་པ་དེ་ལ་ལྟོས་ནས་ཀྱང་འགལ་བ་ཁྱབ་པས་དམིགས་པ་ཡིན་ནོ། །དེ་ལྡོག་ན་ནི་ངེས་པར་ལྡོག་པ་ལ་དེའི་ཉེ་བར་ལེན་པའི་རྒྱུ་ཉིད་དང་། དེའི་དངོས་སུ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་དེའི་ཉེ་ བར་ལེན་པ་ཉིད་མ་ཡིན་པ་དང་། དེའི་ལྷན་ཅིག་བྱེད་པའི་རྐྱེན་ཉིད་མ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དུས་གཅིག་གི་ཚེ་སེམས་ལ་ངེས་པར་མ་བཟུང་བ་ཞེས་བྱ་བ་ནི་གཉིད་ལོག་པ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་ཀྱི་ཚེའོ། །འདུས་ བྱས་པ་རྐྱེན་ཇི་ལྟ་བ་བཞིན་དུ་མངོན་པར་གསལ་བར་འགྱུར་རོ་ཞེས་བྱ་བ་ལ། རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་གང་ཞིག་གང་སད་པར་བྱེད་པའི་རྐྱེན་ཏེ། དུས་གཞན་ལ་སྡོད་པ་ལ་སོགས་པའོ། །འདུས་བྱས་པ་མངོན་པར་གསལ་བ་ནི་འབྲས་བུ་སྐྱེ་བའི་རྗེས་སུ་མཐུན་པའི་མངོན་པར་གསལ་བའོ། ། འདུས་བྱས་པ་དེ་ཉིད་ལས་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་དུས་སུ་བསྒོས་ཤིང་བར་དུ་སད་པའི་བག་ཆགས་ཀྱི་ཁྱད་པར་ལ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་མངོན་པར་གསལ་བ་ཞེས་བྱ་བ་ནི་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་སྐྱེ་བོ་ཐ་དད་པ་མེད་པའི་རྒྱུའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་དང་བློའི་ ཡོན་ཏན་གཅིག་ཉིད་ཡིན་པས་སོ། །དེའི་རང་བཞིན་ཉིད་ལ་དེ་འདུས་བྱས་པར་གྱུར་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། འདིར་དེ་མེད་པ་ད་ལྟར་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཐོས་པ་ལ་སོགས་པ་ལུས་ཀྱི་འདུས་བྱས་པ་ཡོད་པ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་ཞེ་ན། མ་གྲུབ་པ་ཡང་མ་ ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྣང་བ་ཉིད་ལས་ཞེས་བྱ་བ་ནི་ལུས་ཀྱི་ཡོན་ཏན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་ལས་སོ། །གལ་ཏེ་ཐོས་པ་ལ་སོགས་པའི་འདུས་བྱས་པས་ལུས་ཀྱི་ཡོན་ཏན་བྱས་པ་ཡིན་པར་འགྱུར་ལ། དེ་ཡང་དམིགས་པར་འགྱུར་ན་ཐོས་པ་ལ་སོགས་པས་ འདུས་བྱས་པ་བྱེད་པའི་ཚེ་དང་མངོན་པར་གསལ་བའི་དུས་ན་ཡང་མི་དམིགས་ཏེ། གནས་སྐབས་གཉི་ག་ལ་ཡང་ལུས་ལ་ཁྱད་པར་མེད་པའི་ཕྱིར་རོ། །བག་མེད་པ་ཞེས་བྱ་བ་ནི་བག་མེད་པ་རྩོམ་པ་ཅན་ནོ། །མི་གཙང་བ་དང་གཡང་ས་ལ་སོགས་པའི་གནས་སུ་ཞེས་བྱ་བ་ལ། མི་གཙང་ བའི་གནས་དང་གཡང་སའི་གནས་ནི་ཟླས་དབྱེ་བའོ། །དེ་བས་ན་དམན་པའི་གནས་ནི་ཡོངས་སུ་ལེན་ན་ཡང་འདི་བདེ་བ་དང་སྡུག་བསྔལ་ཐོབ་པ་དང་དོར་བར་འདོད་པ་མེད་པ་དེ་ལྟར་ན་མ་ངེས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་བདག་ཉིད་འདོད་པ་དང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། ། དེ་ལྟར་ན་གང་མངོན་པར་ཆགས་པ་སྔོན་དུ་སོང་བ་ཅན་གྱི་དམན་པའི་གནས་ནི་ཡོངས་སུ་ལེན་པ་ཞེས་བྱ་བ་ཁྱད་པར་དང་བཅས་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་མེད་དོ། །གལ་ཏེ་དབང་ཕྱུག་ལ་སོགས་པ་འཕངས་པ་ཉིད་ཡིན་པའི་ཕྱིར། སྲོག་ཆགས་སེམས་ཅན་གཞན་གྱིས་ བཀྲི་བར་བྱ་བ་ཉིད་ཡིན་ནོ་ཞེ་ན། མ་གྲུབ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་པར་ཆགས་པ་སྔོན་དུ་སོང་བ་ཅན་གྱི་སྲོག་ཆགས་མངལ་གྱི་གནས་ལེན་པ་ཞེས་བྱ་བ་ཐེ་ཚོམ་ཟ་བ་མ་ཡིན་ནམ། གནས་སྐབས་འདི་ནི་རང་བཞིན་གྱིས་བསྐལ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ ན་གཏན་ཚིགས་འདི་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པར་འགྱུར་རོ། །འདི་ལྟར་དམན་པའི་གནས་ཡོངས་སུ་ལེན་པ་གང་ཡིན་པ་དེ་ནི་རེ་ཞིག་འབྱུང་བ་རྣམས་ཉེ་བར་ལེན་པ་ཉིད་ཡིན་པ་བཀག་པའི་ཕྱིར་དང་། འགོག་པའི་འབྱུང་བ་ཉིད་ཀྱི་ཕྱིར། འབྱུང་བ་ཙམ་གྱུར་པའི་མཚན་ཉིད་ཅན་ནི་མ་ཡིན་པར་ དགོངས་སོ། །ཉེ་བར་ལེན་པ་མེད་པར་དངོས་པོ་རྣམས་སྐྱེ་བར་མི་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །གཞན་གྱི་དབང་གིས་ཀྱང་དམན་པའི་གནས་སུ་འགྲོ་བ་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པ་བཀག་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་མེད་པ་ཅན་ཡང་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ངེས་ པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དམན་པར་གཉིད་ལོག་པ་ལྟུང་བ་བཞིན་དུ་ཡང་འགྲོ་བ་མ་ཡིན་ཏེ། བྱ་རོག་དང་ཏ་ལའི་ཚུལ་དུ་འགྲོ་བ་ཡིན་ན་ངེས་པར་མངལ་ལ་སོགས་པའི་གནས་ཡོངས་སུ་ལེན་པར་མི་རུང་བའི་ཕྱིར་རོ། །གང་ཡུལ་ལ་ལར་མི་ལ་སོགས་པ་སྐྱེ་བར་འགྱུར་རོ། ། དེ་བས་ན་རང་གི་ཉེ་བར་ལེན་པ་སྔོན་དུ་སོང་བ་ཅན་གྱི་བློ་ནི་ངེས་པར་དམན་པའི་གནས་ལེན་པར་བྱེད་པ་དེ་ལྟར་ན་དེ་ངེས་པར་བྱས་ནས་ལེན་པ་ཡིན་ནོ། །ངེས་པ་སྔོན་དུ་སོང་བ་ཅན་དམན་པའི་གནས་ལེན་པ་ཕྱིན་ཅི་ལོག་གི་བློས་འཕངས་པའི་མངོན་པར་ཆགས་པ་མེད་པ་མ་ཡིན་པ་དེ་ལྟར་ན་ཐེ་ཚོམ་ཟ་བའི་མ་གྲུབ་ པ་ཉིད་མ་ཡིན་ནོ། །རིགས་མཐུན་པའི་ཉེ་བར་ལེན་པ་ལ་རག་ལུས་པ་ཉིད་ཀྱི་བློ་ཡང་འོག་ནས་ངེས་པར་བྱ་བ་ཡིན་པ་ན་རེ་ཞིག་འདིར་གཞག་གོ། །གང་གི་ཕྱིར་དམན་པའི་གནས་ལ་མངོན་པར་ཆགས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་ཆགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། ཉེ་བར་བཏགས་ནས་ སྡུག་བསྔལ་བདེ་བའི་བློའི་མཚན་ཉིད་ཅན་ཉིད་དུ་ཕྱིན་ཅི་ལོག་པའི་བློ་མངོན་པར་ཆགས་པ་ཡིན་གྱི། བདེ་བའི་བློ་ཉིད་ནི་མངོན་པར་ཆགས་པ་མ་ཡིན་ནོ། །སྡུག་བསྔལ་ལ་བདེ་བའི་བློའི་རང་བཞིན་ཅན་དེ་ཉིད་ནི་སྡུག་བསྔལ་མངལ་གྱི་གནས་ལ་ཕྱིན་ཅི་ལོག་པའི་བློ་ཡིན་ནོ། །དེ་ ནི་བདེ་བ་ཡིན་ནོ་ཞེས་བྱ་བ་ནི་མངལ་གྱི་གནས་དེ་ཉིད་ནི་བདེ་བ་ཡིན་ནོ་ཞེས་དེ་ལྟ་བུའི་རྣམ་པར་འཇུག་པ་ཡིན་ནོ། །དེའི་རྒྱུ་ཅན་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་བློའི་རྒྱུ་ཅན་ནོ། །ཡང་དེ་ཉིད་ནི་སྡུག་བསྔལ་དང་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར་སྡུག་ བསྔལ་དང་བདེ་བ་དོར་བ་དང་ཐོབ་པའི་མཚན་ཉིད་ཅན་ཡིན་ཞེས་བྱ་བར་བལྟ་བར་བྱའོ། །དོར་བ་དང་ཐོབ་པའི་རང་བཞིན་ནི་སྲེད་པ་མ་ཡིན་ནོ། །སྲེད་པའི་སྒོ་ནས་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་ཐོབ་པ་དང་དོར་བའི་སྲེད་པའི་སྒོ་ནས་བདག་ཏུ་ཆགས་པ་ཡང་འཕངས་པ་ཡིན་ཏེ། དེ་མེད་པར་ཡུལ་ ལ་སྲེད་པ་མེད་པའི་ཕྱིར་རོ། །སྟོན་པར་བྱེད་པ་ནི་སྦྱོར་བར་བྱེད་པ་སྟེ། ལས་དང་མ་རིག་པ་དང་སྲིད་པ་ཡང་སྲིད་འབྱུང་བ་ཅན་ནི་ཀུན་འབྱུང་གི་བདེན་པ་ཡིན་ནོ་ཞེས་ལུང་ལས་གསུངས་པའི་ཕྱིར་རོ། །ཕྱིན་ཅི་ལོག་པའི་བློ་སྨོས་པས་ནི་མ་རིག་པ་བསྟན་པ་ཉིད་མ་ཡིན་ནོ། །མ་འོངས་པར་ཞེས་བྱ་བ་ནི་མ་ འོངས་པའི་སྐྱེ་བར་རོ། །ཅི་སྟེ་གཞན་དག་གིས་ཀྱང་མ་མཐོང་བ་དེ་ལྟར་ན་གཏན་ཚིགས་ཀྱི་དོན་དེ་ཉིད་མ་གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་ནི། གཞན་དག་གིས་མ་མཐོང་ངོ་ཞེས་བྱ་བ་ནི་གཞན་གྱིས་ངེས་པར་ནུས་པ་མ་ཡིན་ནོ། །འགའ་ཞིག་གིས་མཐོང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། རྣལ་འབྱོར་པ་ལ་སོགས་ པས་སོ། །རྣལ་འབྱོར་པའི་སྲིད་པའི་ཚད་མས་འོག་ནས་བསྒྲུབ་པར་འགྱུར་རོ། །ཡོད་པའི་ཐ་སྙད་ལས་རྗེས་སུ་དཔག་པ་ཡང་བཤད་ཟིན་ཏོ་ཞེས་བྱ་བ་ནི། སེམས་ནི་རིགས་མཐུན་པའི་ཉེ་བར་ལེན་པ་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་འོང་བ་ལ་རྗེས་སུ་དཔག་པ་བཤད་ཟིན་ཏོ། །ཅི་འདྲའི་ འཕེན་བྱེད་ཡོད་འགྱུར་ན། །ཕྱིས་ཀྱང་དེ་དང་འདྲ་བར་འགྱུར། །འཕེན་བྱེད་དུ་འགྱུར་ཏེ་རྒྱུ་མ་ཚང་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྟན་པས་འགྲོ་བ་ལ་རྗེས་སུ་དཔག་པར་བཤད་ཟིན་ཏོ། །དཔེར་ན་རང་གི་ངོ་བོ་ཉིད་ལྟ་བུའོ་ཞེས་བྱ་བ་ནི་གཡོ་བར་གྱུར་པའི་ངོ་བོ་གང་ཡིན་པ་དེའི་རང་བཞིན་ལ་གཡོ་བས་ ཁྱབ་པ་ཡིན་ལ་འདི་ལ་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཐལ་བའི་གཏན་ཚིགས་མ་གྲུབ་ཅིང་། །ཞེས་བྱ་བ་ནི་གང་ཞིག་གང་ལས་ཐ་དད་པ་མེད་པ་ཞེས་བྱ་བ་ལ་སོགས་པས་བཤད་པ་གང་ཡིན་པ་དེ་ལ་རྐང་པ་ལ་སོགས་པ་ཡང་ ལག་པ་དང་ཐ་དད་པ་མེད་པའི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་གང་ཡིན་པ་དེ་ནི་མ་གྲུབ་པ་ཡིན་ཏེ། རྐང་པ་ལ་སོགས་པ་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་རོ། །གང་ཞིག་གང་གཡོ་བ་ནི་མི་གཡོ་བ་ཞེས་བྱ་བ་ལ་སོགས་པ་ཟློག་པ་སྟེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ལག་པ་དང་རྐང་པ་ལ་ སོགས་པ་ཐ་དད་པར་ཁས་ལེན་པའི་ཕྱིར་རོ། །ཐ་དད་པར་གྲུབ་པ་ནི་ཡུལ་ཐ་དད་པ་ཅན་ཉིད་དོ། །ཐ་དད་པ་ཅན་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་སོ་སོ་ཉིད་དུ་གྲུབ་པར་འགྱུར་རོ། །གང་ཞིག་གང་ལས་ལྡན་པ་ཅན་གྱི་ཡུལ་ཐ་དད་པ་ཅན་ཞེས་བྱ་བ་ལ་ནམ་མཁའ་ནི་ལྡན་པ་ཅན་ནོ། །དེའི་ཡུལ་ནི་ལྡན་པ་ ཅན་གྱི་ཡུལ་ཏེ། གང་ལྡན་པ་ཅན་གྱི་ཡུལ་ཐ་དད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ནམ་མཁའི་ཡུལ་ཐ་དད་པ་ཅན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་བསྒྲིབས་པ་ཡང་བསྒྲིབས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡན་ལག་གི་རང་བཞིན་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ སྔར་དེ་མཐོང་བ་ཞེས་པ་ནི་ཇི་ལྟར་ཡན་ལག་མ་བསྒྲིབས་པ་མཐོང་བ་དེ་ལྟར་ཕྱོགས་གཅིག་གི་བསྒྲིབས་སུ་ཟིན་ཀྱང་མཐོང་བར་འགྱུར་རོ། །ཕྱོགས་གཅིག་གི་བསྒྲིབས་སུ་ཟིན་ཀྱང་ཁྱོད་ཀྱི་གཞུང་གི་ཡན་ལག་ཅན་མ་བསྒྲིབས་པ་ཉིད་ཡིན་ནོ། །ཡན་ལག་ཅན་གང་ལ་ཡན་ལག་འཛིན་པའི་ཐབས་མཐོང་བ་ དེ་ལ་དེ་སྐད་ཅེས་བྱའོ། །དེ་བསྒྲིབས་པ་ན་ཞེས་བྱ་བ་ནི་ཡན་ལག་བསྒྲིབས་པ་ནའོ། །ཡན་ལག་ཅན་ཐམས་ཅད་མཐོང་བ་དང་སྲིད་པས་ན་ཞེས་བྱ་བ་ལ་གལ་ཏེ་ཡན་ལག་ཐམས་ཅད་མཐོང་བར་འགྱུར་བ་དེའི་ཚེ་འགའ་ཞིག་གི་ཚེ་ཡན་ལག་ཅན་ཐམས་ཅད་ཡོངས་སུ་བཅད་པར་མི་འགྱུར་ཏེ། དབུས་དང་ཐ་ མའི་ཆ་ཅིག་ཅར་འཛིན་པའི་ཕྱིར་རོ། །ཡན་ལག་ཅན་མཐོང་བ་ཡང་ཁས་ལེན་པ་དེ་བས་ན། ཡན་ལག་ཅན་ཐམས་ཅད་མ་མཐོང་བ་ཅན་དེ་ཉིད་ཁས་བླང་བར་བྱའོ། །དེ་ལྟར་ན་ཕྱོགས་གཅིག་བསྒྲིབས་པས་ཀྱང་མ་ལུས་པ་མཐོང་བར་འགྱུར་རོ། །གལ་ཏེ་རྡུལ་གཉིས་པ་ཞེས་བྱ་བ་ལ་སོགས་པས་གསལ་བྱེད་ལ་ སོགས་པའི་ཕྱོགས་སྔ་མའི་དོགས་པ་བསུ་བའོ། །སྔར་དབང་པོ་ལས་འདས་པ་ཡིན་ན་ཞེས་བྱ་བ་ནི་མ་ཚོགས་པའི་གནས་སྐབས་ནའོ། །སྔར་བཞིན་ཁྱད་པར་མེད་པའི་ཕྱིར་ཏེ། དབང་པོ་ལས་འདས་པའི་གནས་སྐབས་ཁྱད་པར་མེད་པའི་ཕྱིར་རོ། །འདི་ནི་གཏན་ཚིགས་གཅིག་ ཡིན་ནོ། །སྐད་ཅིག་མ་ཉིད་མ་ཡིན་པར་སྒྲོ་བཏགས་ནས་འདི་སྐད་དུ་ཕྲ་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་གཉིས་པ་ཡིན་ནོ། །རྡུལ་ཕྲ་མོ་གང་ཡིན་པ་དེ་དང་དེ་དག་ཇི་ལྟར་སྔར་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡིན་པ་དེ་ལྟར་ཚེགས་སུ་ཟིན་ཀྱང་རྡུལ་ཕྲན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཏན་ ཚིགས་དེ་ཉིད་ཀྱི་ཕྱིར་དབང་པོ་ལས་འདས་པ་ཉིད་ཡིན་ནོ། །མི་རྟོགས་ཞེས་བྱ་བ་ནི་མདོ་ཡིན་ནོ། །འདིའི་བཤད་པ་ནི་འགའ་ཞིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །མི་ནུས་ཤིང་སྔར་གྱི་ངོ་བོ་ལས་འཕོས་པ་མེད་པ་ཞེས་བྱ་བ་ནི་སྔར་གྱི་གནས་སྐབས་སུ་འགྱུར་བ་ཅན་མི་ནུས་པ་ནི་སྔར་གྱི་ ངོ་བོ་ལས་འཕོ་བ་མེད་པ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །སྔ་མ་དང་ཕྱི་མ་ཞེས་བྱ་བའི་དང་པོ་དང་གསུམ་པ་དག་ཅེས་བྱ་བའི་དོན་ཏོ། །རྡུལ་ཕྲ་རབ་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་སྔར་ནུས་པ་མེད་པ་ལྷན་ཅིག་བྱེད་པའི་རྐྱེན་དང་ཕྲད་པ་ལས་གནས་སྐབས་དེ་ནི་སྣང་བ་སྐྱེ་བ་ གཞན་ཉིད་ཡིན་ཏེ། དེས་ནི་གཏན་ཚིགས་དང་པོ་མ་གྲུབ་པ་བཤད་དོ། །ནུས་པ་སྐྱེ་བ་གཞན་ཉིད་ཡིན་ཏེ་ཞེས་བྱ་བ་འདིས་ནི་ཕྱི་མ་ཡང་ངོ་། །རྡུལ་ཕྲ་རབ་དབང་པོ་ལས་འདས་པ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཉིས་པ་མ་གྲུབ་པར་བསྟན་ཏོ། །སྒྲིབ་བྱེད་ནི་མཐོང་བའི་ཐབས་ ལ་བསྒྲིབས་གཡོགས་གཞན་གྱིས་བར་དུ་བཅད་པ་ཉིད་དོ། །ཐོགས་པ་ནི་རང་གི་ཡུལ་དུ་གཞན་འབྱུང་བའི་གགས་བྱེད་པའོ། །དེ་ལྟར་བྱེད་པ་ཞེས་བྱ་བ་ནི་བསྒྲིབས་པ་ལ་སོགས་པ་བྱེད་པའོ། །དེ་ལྟར་ན་གསེར་དང་དངུལ་ཆུའི་རྡུལ་ཕྲ་རབ་རྣམས་དང་། རྡུལ་ཕྲན་ཆུ་ཕན་ཚུན་ཆོད་པའི་ཕྱིར་རེ་ ཞིག་སྔར་བརྩམས་པའི་ཡན་ལག་ཅན་གྱི་རྫས་འཇིག་པར་འགྱུར་ལ། གསེར་དང་དངུལ་ཆུ་ལ་སོགས་པ་ཡན་ལག་ཅན་གཞན་རྩོམ་པར་བྱེད་པ་ཡང་མ་ཡིན་ཏེ། རིགས་མི་མཐུན་པ་རྣམས་ནི་རྩོམ་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་དེ་ལས་རིགས་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་ སྨོས་སོ། །ཕན་ཚུན་འདྲེས་པར་གྱུར་པ་ཞེས་བྱ་བ་ནི་ཕན་ཚུན་རྣམ་པར་འདྲེས་པར་གྱུར་པའོ། །དེ་ལྟར་ན་ལྡན་པ་སྐྱེད་ན་ཡང་ཞེས་བྱ་བ་ནི་སྔར་བཞིན་དུ་ཕྱིས་ཀྱང་ནུས་པ་མེད་པ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པའི་ཇི་ལྟར་ན་བྱེད་པ་པོ་ཡིན་ཞེས་བྱ་བ་ནི་ལྷག་མའོ། །ཕྲད་དེ་ཚོགས་པ་ རྣམས་ནི་རྒྱུ་ཉིད་ཡིན་པར་འདོད་ན། ཕྲད་པ་དེ་ཉིད་ཀྱང་འཐད་པ་མ་ཡིན་པ་དེ་ལྟར་ན་བྱེད་པ་པོར་མི་འགྱུར་ཏེ། བྱེད་པ་པོར་ཡང་འདོད་པ་དེ་བས་ན་ལྡན་པ་སྐྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་ལྡན་པ་སྐྱེད་པ་ཡིན་ནོ། །ཇི་ལྟར་ན་རོ་གཟུགས་ལ་སོགས་པ་ལྡན་པ་ཞེས་བྱ་བ་ནི་རེ་ཞིག་བཏུང་བ་ཞིམ་པོ་ དང་། གཟུགས་བཟང་པོ་དང་དྲི་ཞིམ་པོ་ཅན་ཞེས་པ་ཐ་སྙད་དུ་བྱེད་པ་ལས་བཏུང་བ་རོ་དང་གཟུགས་ལ་སོགས་པ་དང་ལྡན་པ་བྱེ་བྲག་པ་ལ་སོགས་པའི་གཞུང་ལ་མེད་ཅིང་། བུ་རམ་ལ་སོགས་པའི་རིགས་མི་མཐུན་པ་འདྲེས་པ་ལས་ཀྱང་སྔར་གྱི་ཡན་ལག་ཅན་ཞིག་པ་ན་རིགས་མི་མཐུན་པ་ རྣམས་ཀྱང་འབྲས་བུའི་རྫས་མི་རྩོམ་པའི་ཕྱིར། བཏུང་བ་ཞེས་བྱ་བའི་ཡན་ལག་ཅན་ཡོད་པ་མ་ཡིན་གྱི་འོན་ཀྱང་སྒེའུ་གཤེར་དང་བུ་རམ་ལ་སོགས་པ་ཕྲད་པ་ཉིད་བཏུང་བ་ཡིན་ལ་ལྡན་པ་ཡང་ཚིག་གི་དོན་ཡོན་ཏན་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་དག་ཀྱང་ངོ་། །ཡོན་ཏན་རྣམས་ ལ་ཡོན་ཏན་མེད་པ་འདོད་པ་དེ་ལྟར་ན། བཏུང་བའི་རོ་དང་གཟུགས་ལ་སོགས་པའི་ལྡན་པ་ཡིན་པར་མི་འགྱུར་རོ། །བཏུང་བ་གཟུགས་ལ་སོགས་པ་དང་མི་ལྡན་པར་བསྟན་ནས་ད་ནི་བཏུང་བ་ལ་གཟུགས་ལ་སོགས་པ་དམིགས་པ་རྣམས་གཞན་གྱི་གཞུང་གིས་མི་འཛིན་པ་ཉིད་དུ་བསྟན་པའི་ཕྱིར། རྡུལ་ཕྲན་རྣམས་ཀྱི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། དེ་ལྟར་ན་རེ་ཞིག་གཟུགས་ལ་སོགས་པ་དེ་དག་བཏུང་བ་དང་ལྡན་པ་ཅན་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པ་ཉིད་ཀྱི་ཕྱིར་རོ། །བུ་རམ་ལ་སོགས་པ་དག་གི་ཡང་མ་ཡིན་ཏེ། དེ་དག་གི་ལྡན་པ་ཞིག་པས་ འཇིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་རིགས་མི་མཐུན་པ་དང་འདྲེས་པའི་རྡུལ་ཕྲ་རབ་གཟུགས་ལ་སོགས་པ་ཡོད་པ་གང་ཡིན་པ་དེ་དག་ལུས་པར་འགྱུར་རོ། །རྡུལ་ཕྲ་རབ་དེ་དག་གིས་འབྲས་བུ་རྩོམ་པ་ཡང་མ་ཡིན། གང་ལ་རྒྱུར་གཏོགས་པའི་གཟུགས་ལ་སོགས་པས་བརྩམས་པའི་འབྲས་བུའི་ གཟུགས་ལ་སོགས་པ་འབྱིན་པར་འགྱུར་རོ། །དེ་ཉིད་ནི་རིགས་མི་འདྲ་བས་ཆོད་པའི་ཕྱིར་འབྲས་བུ་རྩོམ་པ་ཅན་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །འོན་ཀྱང་རྡུལ་ཕྲ་རབ་ཏུ་གཏོགས་པའི་གཟུགས་ལ་སོགས་པའི་གནས་སྐབས་ནས་བཟུང་བ་ཡིན་ནོ་ཞེ་ན། དེའི་ཕྱིར་བདག་ཉིད་ཀྱང་ དབང་པོ་ལས་འདས་པ་ཡིན་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་གཟུགས་ལ་སོགས་པ་འཛིན་པ་མ་ཡིན་ཏེ། དེའི་རྟེན་ཤིན་ཏུ་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་ལྔ་པ། བློ་ཡི་ཐ་དད་ཡོད་བླ་སྟེ། །དངོས་དང་ཉེ་བར་ བཏགས་པའི་ཤེས་པའི་ཐ་དད་པ་ཡོད་དུ་ཆུག་ན་ཡང་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་དངོས་དང་ཉེ་བར་བཏགས་པའི་ཆོས་གཅིག་གང་ལ་ཡོད་པ་དེ་ལ་ནི་དངོས་དང་ཉེ་བར་བཏགས་པ་དེའི་ཆོས་ཅན་ནོ། །ཤེས་པ་གང་ལ་དངོས་དང་ཉེ་བར་བཏགས་པའི་རྒྱུ་མཚན་ཡོད་པ་དེ་ ནི་དེའི་རྒྱུ་མཚན་ཅན་ནོ། །དེའི་རྒྱུ་མཚན་ཅན་ཡང་དེ་ཡིན་ལ། ཤེས་པ་མཚུངས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཡུལ་ནི་དེ་དག་མ་ཡིན་ནོ་ཞེས་བྱ་བར་རོ། །ཤེས་པ་མཚུངས་པའི་ཡུལ་ཉིད་ལ་དངོས་པོ་མ་ཡིན་པ་དང་ཉེ་བར་བཏགས་པ་མ་ཡིན་པ་དེའི་ཆོས་ཅན་ཡིན་པ་ཉིད་ཀྱིས་ ཁྱབ་པ་ཡིན་ལ་དེ་དང་འགལ་ན་ཡང་དངོས་དང་ཉེ་བར་བཏགས་པ་དེའི་ཆོས་ཅན་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ནི་བདག་ཉིད་ཡོན་ཏན་ཉིད་ཡིན་པའི་ཕྱིར་དངར་བ་ནི་གྲངས་དང་ལྡན་པ་ལ་ཡོན་ཏན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གང་ལ་འདུ་བ་དང་ལྡན་པ་ཉིད་དེ། དངར་བ་ནི་ བྱ་རེ་རེ་ལ་དངར་བར་གྱུར་པའི་རིང་པོ་ཉིད་ཡོད་པ་མ་ཡིན་ནོ། །བརྗོད་པ་དག་ལས་ཞེས་བྱ་བ་ནི་གྲངས་ལ་སོགས་པ་རྗོད་པར་བྱེད་པའི་སྒྲ་ལས་སོ། །ཐ་དད་པ་མེད་པའམ་ཞེས་བྱ་བ་ནི་སྒྲུབ་པའི་ངོ་བོའི་སྒོ་ནས་བསྒྲུབ་པར་བྱ་བ་དང་པོའོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ནི་མོ་གཤམ་གྱི་བུ་ དཔེ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་པོ་ལ་ལྟོས་ནས་ནི། གཟུགས་དེ་ཉིད་ཀྱི་བདག་ཉིད་ཡིན་ནོ། །རྣམ་གྲངས་སུ་འགྱུར་ཞིང་ཞེས་བྱ་བ་ནི་ཐམས་ཅད་གཟུགས་ལ་སོགས་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་ལ་སོགས་པ་སྨོས་པས་ནི་སྒྲ་གཟུང་ངོ་། །སྒྲ་གང་ཞེས་བྱ་བ་ནི་དང་པོའི་ ཚིག་གཉིས་པའོ། །དངོས་པོ་ཐ་དད་རྗེས་སུ་འབྲང་བའི་ཞེས་བྱ་བ་ལ་ཐ་དད་པ་ནི་གཞན་སེལ་བའོ། །འདི་ཉིད་ཀྱི་བཤད་པ་ནི་སྡུད་པ་ཞེས་པ་ལ་སོགས་པ་ཡིན་ཏེ། སྡུད་པ་ནི་དངོས་པོ་དངོས་པོ་གཞན་དང་འབྲེལ་པའོ། །དེ་ལས་ལྡོག་པ་ནི་མ་འབྲེལ་བའི་གནས་སྐབས་སོ། །དེ་ཙམ་གྱི་ཡུལ་ ཅན་ནི་ཤེས་པ་གཅིག་ཡིན་ནོ། །ཡང་དག་པར་ལྡན་པའི་དངོས་པོ་ལས་ལྡོག་པ་རྒྱུན་མི་འཆད་པར་འབྱུང་བའི་དངོས་པོ་ལ་བརྟེན་ནས་ལྡན་པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་རོ། །དེས་ནི་ཞེས་བྱ་བའི་ལྡོག་པ་རྗོད་པར་བྱེད་པས་སོ། །དེ་ལྟར་ཀུན་ཏུ་རྟོག་པའི་ཞེས་ བྱ་བ་ནི་གཅིག་ལ་སོགས་པར་རྟོག་པའིའོ། །དེ་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ། །ཡོན་ཏན་དུ་བགྲང་བ་ཞེས་བྱ་བ་ནི་ཡོན་ཏན་གྱི་མིང་ཅན་ནོ། །རང་ཉིད་ཀྱིས་ནི་རྫས་ནི་ཁྱད་པར་ཅན་མ་ཡིན་པ་ལ་གྲངས་ལ་སོགས་པ་གང་གིས་ཁྱད་པར་དུ་བྱས་པ་དེ་ནི་ཁྱད་པར་ཡིན་ནོ། །གལ་ཏེ་ཐ་ དད་པའི་ཁྱད་པར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་གང་ལ་ཐ་དད་པའི་ཆོས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ཁོ་ན་ཉིད་དུ་ངེས་པས་འཇུག་པ་ཤེས་པ་གང་ལ་ཡོད་པ་དེ་ལ་ལྟོས་པ་མེད་པས་འཇུག་པ་ཅན་ནོ། །དེ་འདྲ་བའི་ཉེ་བར་བཏགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གྲངས་ ལ་སོགས་པའི་ཐ་སྙད་འཇུག་པ་གང་ཡིན་པ་དེ་འདྲ་བ་ཉེ་བར་བཏགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་རྣམས་ལ་ཡང་ཤེས་པ་གཅིག་ལ་སོགས་པ་ལྟོས་པ་མེད་པས་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་གཟུགས་གཅིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། གྲངས་ལ་སོགས་པ་ཐ་དད་པ་སྟེ། བཟློག་པའི་ཆོས་དང་ལྡན་པ་འདི་ལ་ཡོད་པས་ན་གྲངས་ལ་སོགས་པའི་ཐ་དད་པའི་ཆོས་དང་ལྡན་པ་ཅན་གྱིའོ། །སྒྲ་ལ་སོགས་པ་ཞེས་བྱ་བ་ནི་རེག་བྱ་དང་། གཟུགས་དང་རོ་ལ་སོགས་པ་སྟེ། སངས་རྒྱས་པའི་ནི་བུམ་པ་ལ་སོགས་པ་གཟུགས་ལ་ སོགས་པའི་བདག་ཉིད་ཅན་ཡིན་ནོ། །དོན་གཅིག་གི་ཡུལ་ཅན་ཡིན་པའམ་ཞེས་བྱ་བ་ནི་གཏན་ཚིགས་གཅིག་གོ། །དོན་ཐ་དད་པའི་རྒྱུ་མཚན་ཅན་དུ་མི་འགྱུར་ཞེས་བྱ་བ་ནི་གཉིས་པའོ། །དེ་དག་ནི་རྣམ་གྲངས་ཡིན་པའམ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་གོ། །དོན་ཐ་དད་པའི་ཡུལ་ཅན་ མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པའོ། །བསྒྲུབ་བར་བྱ་བ་དང་པོ་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་ཏེ། རྣམ་གྲངས་སུ་རྣམ་པར་གཞག་པའི་ནི་དོན་གཅིག་པའི་ཡུལ་ཅན་ཉིད་ཙམ་གྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ ལྟོས་ནས་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་ཐ་དད་པའི་ཡུལ་ཅན་དུ་རྣམ་པར་གཞག་པ་ལ་དོན་ཐ་དད་པའི་རྒྱུ་མཚན་ཅན་གྱིས་ཁྱབ་པ་ཡིན་ལ། དེ་འདི་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པ་ལྟར་བཅོས་པ་ཉིད་དུ་འཐད་པ་ཡིན་ཏེ། དགག་པའི་སྒོ་ནས་སྦྱར་བའི་ཕྱིར་རོ། ། དོན་གཅིག་པའི་ཡུལ་ཅན་ཡིན་ཞེས་བྱ་བའི་སྒྲུབ་པར་བྱེད་པ་དེ་ནི་བསྒྲུབ་པའི་སྒོ་ནས་ཡིན་དེ་ལ་ཇི་ལྟར་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན། འགལ་བ་དམིགས་པ་ཡིན་པར་རིགས་ཏེ། དོན་གཅིག་པའི་ཡུལ་ཅན་དང་དོན་ཐ་དད་པའི་ཡུལ་ཅན་དག་འགལ་བའི་ཕྱིར་རོ་ཞེ་ན། ཇི་ལྟར་སྲིད་པ་ བཞིན་དུ་བསྟན་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ། །ཐལ་བ་དང་བཟློག་པའི་ཐལ་བ་ཞེས་བྱ་བ་ནི། ཡུལ་གཅིག་པ་ཅན་ཉིད་ཡིན་ན་ཡང་ཡུལ་ཅན་གཅིག་ལ་སོགས་པའི་སྒྲ་ནི་རྣམ་གྲངས་མ་ཡིན་པ་ཉིད་ཀྱི་ཕྱིར་ཐལ་བ་ལ་མ་ངེས་པའི་མ་ཡིན་ནོ། །རྣམ་གྲངས་ཉིད་མ་ཡིན་ན་ཡང་ཐ་དད་པ་མེད་ པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར། བཟློག་པའི་ཐལ་བ་ལ་མ་ངེས་པ་ཉིད་ཡིན་ནོ། །ཐ་དད་ཅེས་བྱ་བའི་མདོ་ཡིན་ནོ། །འདིའི་བཤད་པ་ཉིད་ཐ་དད་པའི་ཡུལ་ཅན་ཉིད་ཅེས་བྱ་བ་ཡིན་ནོ། །མདོ་མཛད་པ་ནི་ཐ་དད་པ་ནི་ཡུལ་ཐ་དད་པ་ཅན་དུ་བཞེད་དོ་ཞེས་བྱ་བའི་དོན་ཏོ། །གང་དག་དོན་གཅིག་ གི་ཡུལ་ཅན་ཡིན་པའམ་ཞེས་བྱ་བ་ལ་སོགས་པས་ཐལ་བ་བཤད་པ་གང་ཡིན་པ་དེ་ལ་མ་གྲུབ་པ་ཉིད་ཡིན་ཏེ། གཅིག་ལ་སོགས་པའི་སྒྲ་རྣམས་ནི་དོན་གཅིག་པའི་ཡུལ་ཅན་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་སྒྲ་རྣམས་ཉིད་མ་ཡིན་པའི་ཕྱིར་སྒྲ་དེ་དག་ནི་ཐ་དད་པའི་ཡུལ་ཅན་ཡིན་ཏེ་ཞེས་ བྱ་བའི་བཟློག་པའི་ཐལ་བ་གང་ཡིན་པ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ལྡོག་པའི་ཐ་དད་པས་གཅིག་ལ་སོགས་པའི་སྒྲ་རྣམས་དོན་ཐ་དད་པའི་ཡུལ་ཅན་ཉིད་དུ་གྲུབ་པའི་ཕྱིར་རོ། །ལྡོག་པའི་སྒོ་ནས་ཞེས་བྱ་བ་ནི་གཞན་གྱིས་ཀྱང་ལས་ཉིད་མ་ཡིན་པ་ལ་སོགས་པའི་ལྡོག་པ་ཁས་བླངས་པ་ ཡིན་ནོ། །དེ་བས་ན་ལྡོག་པའི་སྒོ་ནས་དེ་དག་རྣམ་པར་གཞག་པར་བྱའོ། །འདིས་ནི་ཞེས་བྱ་བ་ནི་ལས་མ་ཡིན་པ་ལ་སོགས་པ་ཉེ་བར་དགོད་པས་སོ། །མ་གྲུབ་པ་ལ་སོགས་པ་དང་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གྲུབ་པ་ལ་སོགས་པས་སྒྲུབ་པ་གཟུང་ངོ་། །མ་གྲུབ་པར་ཡང་ཐལ་བ་བཟློག་ན་ གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །ཇི་ལྟར་ན་ཉེ་བར་དགོད་པ་འདིས་ཀྱང་མ་གྲུབ་པ་ལ་སོགས་པའི་གཞུང་བཙུགས་པ་ཡིན་ཞེ་ན། ལྡོག་པ་ཐ་དད་པའི་ཕྱིར་ཐ་དད་པའི་དོན་ཅན་ཉིད་ཀྱི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ལས་མ་ཡིན་པ་ལ་སོགས་པའི་སྒྲས་ལྡོག་པ་ཐ་དད་པའི་ཕྱིར་ཐ་དད་པའི་དོན་ཅན་ཡིན་པ་ དེ་ལྟར་གཅིག་ལ་སོགས་པའི་སྒྲ་ཡང་ཡིན་ནོ། །དེ་བཞིན་དུ་ལས་མ་ཡིན་པ་ལ་སོགས་པའི་སྒྲ་དོན་གཅིག་པའི་ཡུལ་ཅན་ཡིན་ན་ཡང་རྣམ་གྲངས་མ་ཡིན་པར་འདོད་ཅིང་། རྣམ་གྲངས་ཡིན་ན་ཡང་དོན་ཐ་དད་པའི་ཡུལ་ཅན་ཡིན་པ་དེ་ལྟར་ན་མ་ངེས་པ་ཉིད་ཀྱང་ཡིན་ནོ། །ཆོས་གཞན་རྣམ་ པར་གཅོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། ཆོས་ཅན་དེ་ལ་རྣམ་པར་གནས་པའི་ཆོས་རྣམས་སྤོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བུམ་པའི་ལྡན་པ་ཞེས་བྱ་བ་ནི་ལྡན་པའི་སྒྲས་བུམ་པ་ལ་ཡོད་པའི་སྲ་བ་ཉིད་ལ་སོགས་པ་སྤངས་ནས་རྫས་གཞན་དང་བར་མ་ཆོད་པ་ཙམ་སྟོན་ པར་བྱེད་དོ། །དོན་གཅིག་བརྗོད་ཀྱང་དོན་དམ་པར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུའོ། །རྣམ་པ་གཉི་ག་དག་གིས་ཞེས་བྱ་བ་ནི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་དག་གིས་སོ། །སྒྲ་འདི་ལ་ཞེས་བྱ་བ་ནི་ཆོས་ཅན་རྗོད་པར་བྱེད་པ་དག་ལའོ། །ཚོགས་པ་རྗོད་པར་བྱེད་པ་དག་ཅེས་བྱ་བ་ནི་བུམ་པ་ ལ་སོགས་པའི་སྒྲའོ། །དེ་ནི་གཟུགས་ལ་སོགས་པའི་ཚོགས་པ་ཆུ་ལ་སོགས་པ་འཛིན་པར་ནུས་པ་ཉིད་ལ། ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་དུ་བརྡར་བྱས་པ་ཡིན་གྱི། ཡན་ལག་ཅན་གྱི་རྫས་ནི་མ་ཡིན་ཏེ། དེ་ནི་སྔར་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །སོ་སོར་ངེས་པ་ནི་དཔེར་ན་མིག་གི་རྣམ་པར་ཤེས་ པ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ནི་འབྲས་བུ་མིག་གི་རྣམ་པར་ཤེས་པ་བྱེད་པར་ནུས་པ་ཡིན་ལ། དྲི་ནི་སྣའི་རྣམ་པར་ཤེས་པ་བྱེད་པར་ནུས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་གིས་ཡང་རང་གི་རྣམ་པར་ཤེས་པ་ལ་ལྟོས་ནས་བརྗོད་པར་བྱའོ། །སྤངས་ནས་ཞེས་བྱ་བ་ལ་བརྗོད་པ་མེད་པར་རོ། །དེ་ འབྲས་མཚུངས་པ་ཞེས་བྱ་བ་ལ་སོགས་པ་ལ། བུམ་པའི་དབྱིབས་ཅན་གཟུགས་ལ་སོགས་པ་དེ་དག་གི་འབྲས་བུ་མཚུངས་པ་གང་ཡིན་དེའི་རྒྱུ་མིན་པ་སྟེ། ཤིང་ལ་སོགས་པའི་དབྱིབས་ཅན་གྱི་གཟུགས་ལ་སོགས་པ་དེ་རྣམས་གཅོད་པ་གང་ཡིན་པ་དེ་ལ་འཇུག་པར་འགྱུར་རོ། ། དེ་ཉིད་ནི་རྫས་དུ་མ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རྫས་དུ་མ་ཡོད་ན་ཡང་སྟེ་གཟུགས་དང་དྲི་ལ་སོགས་པའི་རྫས་ཡོད་ན་ཡང་ངོ་། །གལ་ཏེ་བུམ་པ་ལ་སོགས་པའི་སྒྲ་ཚོགས་པ་རྗོད་པར་བྱེད་པ་ཡིན་པ་དེ་བས་ན་དུ་མའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་ཚིག་གཅིག་པར་མི་འགྱུར་རོ་ཞེ་ན། གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པའི་བདག་ཉིད་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར། གཟུགས་ལ་སོགས་པའི་རང་བཞིན་ཅན་གྱི་ནུས་པ་ཡང་དུ་མ་ཉིད་མ་ཡིན་པ་དེ་ལྟར་ན། ངོ་བོ་ཉིད་ཀྱིས་འབྲས་བུ་གཅིག་བྱེད་པ་ཅན་ཡིན་ནོ་ཞེས་ཁ་ཅིག་བརྗོད་དོ། ། བུམ་པའི་སྒྲས་འབྲས་བུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བྱེད་པའི་མཚན་ཉིད་ཅན་གྱི་སོ་སོར་ངེས་པའི་དོན་སྤང་བ་གང་ཡིན་པ་དེ་བརྗོད་པའི་ངང་ཚུལ་གང་ལ་ཡོད་པ་དེ་དག་ནི་དོན་སྤོང་བ་བརྗོད་པ་ཅན་ཏེ། གཟུགས་ལ་སོགས་པའི་སྒྲ་རྣམས་སོ། །དེ་དག་དང་ལྷན་ཅིག་བུམ་པའི་སྒྲ་གཞི་མཐུན་ པ་མེད་པའི་ཕྱིར་རོ། །རིགས་ཐ་དད་པ་ཅན་བརྗོད་པའི་ཕྱིར་རིགས་རྗོད་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་ཤིང་གི་ཁྱད་པར་ཤིང་ཤ་པ་ལ་སོགས་པ་ལ། ཤིང་མ་ཡིན་པ་རྣམ་པར་གཅོད་པ་ཙམ་རྣམ་པར་གཅོད་པ་ཡིན་པའི་ཕྱིར་རོ། །དེའི་ཁྱད་པར་མི་སྤོང་བའི་སྒོ་ནས་ཞེས་བྱ་བ་ནི་ཤིང་གི་ཁྱད་པར་ ཤིང་ཤ་པ་ལ་སོགས་པ་ཡོངས་སུ་འདོར་བ་མེད་པར་རོ། །དེ་བས་ན་ཤིང་གི་སྒྲས་དོན་ཡོངས་སུ་མ་སྤངས་པ་གང་ཡིན་པ་དེ་ལ་ཤིང་ཤ་པའི་སྒྲ་རྗོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཤིང་ཤ་པ་ཤིང་ཡིན་ནོ་ཞེས་བྱ་བ་གཞི་མཐུན་པར་འགྱུར་རོ། །རིགས་དང་ཚོགས་པ་རྗོད་བྱེད་པའི། །ཞེས་བྱ་བ་ ལ་སོགས་པ་ལ། རིགས་ཀྱི་སྒྲ་ནི་རང་གི་ཁྱད་པར་མི་སྤང་བ་ཡིན་ལ། ཚོགས་པའི་སྒྲ་ནི་སྤང་བ་ཡིན་ནོ། །བུམ་པའི་སྒྲ་ཡང་བུམ་པའི་ཁྱད་པར་ལ་སྟོས་ནས་རིགས་རྗོད་པར་བྱེད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་རིགས་དང་ཚོགས་པ་རྗོད་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ ལ་སོགས་པའི་ཚོགས་པ་ཅན་ལ་ལྟོས་ནས་ཡིན་གྱི། ཚོགས་པའི་ཁྱད་པར་ལ་ལྟོས་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཚོགས་པའི་སྒྲ་ཉིད་དང་གཞི་མཐུན་པ་མེད་པར་སྔར་བཤད་ཟིན་ཏོ་ཞེས་བསྟན་པའི་ཕྱིར་དེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། ཐ་དད་པ་ལ་ལྟོས་ནས་ཀྱང་རིགས་བརྗོད་པར་འདོད་པ་ཉིད་དུ་འདོད་དོ་ཞེ་ན། བུམ་པའི་ཆུ་བརྗོད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པའི་གནས་སྐབས་ཅན་གྱི་གཟུགས་ལ་སོགས་པ་བུམ་པའི་རྣམ་པར་གནས་པའི་ཚོགས་པའི་ཁྱད་པར་དེ་ལ་ལྟོས་ནས་བུམ་པ་བརྗོད་པ་ཡིན་ ཏེ། ཐམས་ཅད་ལ་བུམ་པ་མ་ཡིན་པར་རྣམ་པར་བཅད་པ་བསྟན་པའི་ཕྱིར་རོ། །དེ་ཚོགས་པའི་ཁྱད་པར་རྣམས་མི་སྤོང་བས་ཞེས་བྱ་བ་ལ་རིགས་རྗོད་པར་བྱེད་པའི་བུམ་པའི་སྒྲ་དེས་ཚོགས་པའི་ཁྱད་པར་རྣམས་མི་སྤོང་བས། ཚོགས་པའི་ཁྱད་པར་རྗོད་པར་བྱེད་པ་གསེར་ལས་བྱས་པ་ལ་སོགས་ པའི་སྒྲ་དེ་དག་དང་ལྷན་ཅིག་གཞི་མཐུན་པ་ཉིད་དུ་འགྱུར་རོ། །སོགས་པའི་སྒྲ་ཐམས་ཅད་ཚོགས་པའི་ཁྱད་པར་ལ་ལྟོས་ནས་རིགས་ཀྱི་སྒྲར་འགྱུར་རམ། འོན་ཏེ་མ་ཡིན་ཞེ་ན་ཚོགས་པའི་སྒྲ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་ཚོགས་པ་ཅན་ལ་ལྟོས་ནས་ཞེས་བྱ་བ་ནི་ གཟུགས་དང་དྲི་དང་རོ་ལ་སོགས་པ་ལ་ལྟོས་ནས་སོ། །དེས་ནི་དེ་སྤོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །རྡུལ་ཕྲ་རབ་གཅིག་པ་ལ་ཡང་གཟུགས་ལ་སོགས་པའི་སྒྲ་འཇུག་པའི་ཕྱིར་ཚོགས་པའི་བདག་ཉིད་མ་ཡིན་པའི་རྫས་ལ་འཇུག་པ་ཉིད་འགལ་བ་ཡོད་པ་མ་ཡིན་ནོ། །འགའ་ ཞིག་ནི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་སྒྲའོ། །ཡུལ་གྱི་ཁྱད་པར་ལ་ལྟོས་ནས་ཞེས་བྱ་བ་ནི་རང་གི་ཚོགས་པ་ཅན་ལ་ལྟོས་ནས་ཚོགས་པའི་སྒྲའི་ངོ་བོ་ནི་ཚོགས་པའི་ཐ་དད་པ་ལ་ལྟོས་ནས་ཚོགས་པའི་སྒྲ་དང་ཚོགས་པའི་ཐ་དད་ལ་ལྟོས་ནས་རིགས་ཀྱི་སྒྲ་ཡིན་ནོ། །གཉི་གའི་ངོ་བོ་ནི་རིགས་དང་ ཚོགས་པ་རྗོད་པར་བྱེད་པའི་སྒོ་ནས་སོ། །གཟུགས་ལ་སོགས་པའི་དེ་དག་གི་སོ་སོར་ངེས་པའི་ནུས་པའི་ཁྱད་པར་ནི་འབྲས་བུ་མིག་གི་རྣམ་པར་ཤེས་པའི་རྒྱུ་ལ་སོགས་པ་དེ་དག་སོ་སོར་ངེས་པའི་ངོ་བོ་ཅན་གྱི་བུམ་པའི་གནས་སུ་གྲུབ་པ་ཅི་འདྲ་བ་འབྲས་བུ་ཆུ་འཛིན་པ་ལ་སོགས་པ་དེ་འདྲ་བ་ལ་བུམ་པའི་ ཞེས་བྱ་བའི་ཁྱད་པར་འདིས་སྟོན་པར་བྱེད་དོ། །ཇི་སྲིད་དུ་གཟུགས་ལ་སོགས་པ་ཆུ་ལ་འཛིན་པར་ནུས་པར་སྟོན་པ་དེ་སྲིད་དུ་བུམ་པའི་གཟུགས་ལ་སོགས་པ་ཞེས་བརྗོད་དོ། །དེ་ཉིད་གསལ་བར་བྱེད་པའི་ཕྱིར། །བུམ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ། གཟུགས་ལ་སོགས་པའི་བདག་ཉིད་གང་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་སོ་སོར་ངེས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དྲི་དུ་མའི་བདག་ཉིད་ཅན་ལས་ཞེས་བྱ་བ་ནི། ཙནྡན་དང་གུར་གུམ་ལ་སོགས་པ་ཐ་དད་པའི་ཞེས་བྱ་བའི་དོན་ཏོ། །དེ་དག་ལས་གཅིག་མེད་ན་འབྱུང་ བ་ལས་དུ་མའི་འབྲས་བུ་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་མ་ལུས་པའི་འབྲས་བུ་ཉིད་ཡིན་པར་ཁས་ལེན་པ་ཡིན་པ་དེ་ལྟར་ན། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ནི་མ་ཡིན་ཏེ་མང་པོ་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། རིམ་གྱིས་མིག་གི་རྣམ་པར་ ཤེས་པ་ལ་སོགས་པ་མེད་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་རིམ་གྱིས་མ་ཡིན་པར་དེ་ཞེས་བྱ་བ་ནི་ཕྱིས་འབྱུང་བ་ཅན་གྱི་རྣམ་པར་ཤེས་པ་སྟེ། འབྱུང་བ་རྣམས་ལ་ཕྱིས་དང་འདྲ་བར་སྔར་ཡང་བྱེ་བྲག་མེད་པ་ཉིད་ཀྱི་ཕྱིར་རོ། །འགྱུར་བ་ནི་འདོད་ན་འབྱུང་བ་ཁྱད་པར་མེད་པ་ཅན་དག་རིམ་ བྱེད་བཞིན་དུ་འབྱུང་བ་ཅན་གྱི་ལྷན་ཅིག་བྱེད་པ་གནས་སྐབས་གཞན་ལ་ལྟོས་ནས་རིམ་གྱིས་རྣམ་པར་ཤེས་པར་བྱེད་དོ་ཞེ་ན། དེའི་ཕྱིར་དེ་ལྟར་གོ་རིམས་བཞིན་དུ་འགྱུར་བ་ཅན་གྱི་གནས་སྐབས་གཞན་དག་ཀྱང་ཞེས་བྱ་བ་སྨོས་ཏེ། རིམ་གྱིས་མ་ཡིན་པར་བྱེད་པ་ཞེས་བྱ་བར་སྦྱར་ཏེ། གནས་སྐབས་ གཞན་ཡང་འབྱུང་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །དབུགས་འབྱུང་བ་དང་རྔུབ་པ་དག་ཀྱང་། དུ་མ་ཉིད་དུ་མཚུངས་ཉིད་ཕྱིར། །ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་དག་ཀྱང་། རླུང་གི་རྡུལ་ཕྲ་རབ་དུ་མའི་བདག་ཉིད་ཅན་ཡིན་ནོ། །ཆ་འཛིན་པ་ལ་སོགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་འཇུག་ པ་དང་འབྱུང་བར་རིམ་གྱིས་ཡོངས་སུ་གཅོད་པའི་ཕྱིར། གཅིག་ལ་རིམ་གྱིས་འཛིན་པར་རིགས་པ་མ་ཡིན་ནོ། །སོགས་པའི་སྒྲས་ནི་ཕྱོགས་བསྒྲིབས་པ་ལ་སོགས་པ་གཟུང་ངོ་། །གལ་ཏེ་དུ་མ་རྒྱུ་མིན་ཞེས། །ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་ཤེས་པ་གཅིག་ལ་ནུས་པ་ཡོད་པ་ཡིན་གྱི་ ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་བ་ལ་ལན་བཏབ་ཟིན་པ་མ་ཡིན་ནམ། བདེན་ཏེ་སྔར་ནི་འགྲེལ་བ་བྱེད་པ་ཡིན་ལ་ད་ནི་མདོ་མཛད་པས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །གནས་སྐབས་ཕྱི་མའི་ཁྱད་པར་གགས་བྱེད་ནུས་པ་མེད་བ་ཅན་གང་ཡིན་པ་དེ་ནི་འདིར་དཔེ་ཉིད་དུ་མངོན་པར་འདོད་པ་ ཡིན་ནོ། །རིམ་གྱིས་འབྱུང་བ་ལ་གོ་རིམས་ཅན་གྱི་རྒྱུ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་རིམ་མ་ཡིན་པའི་རྒྱུ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གྱུར་པའི་གནས་སྐབས་ཀྱི་ཁྱད་པར་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཞེས་བྱ་བ་ནི་ཟླས་ དབྱེའོ། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུང་ངོ་། །ཕྱིས་སྐྱེད་པར་བྱེད་པར་ཁྱད་པར་མེད་པར་ཞེས་བྱ་བ་ནི་ཕྱིས་སྐྱེད་པར་བྱེད་པའི་རང་བཞིན་དེ་ལས་ཁྱད་པར་མེད་པ་འབྱུང་བའི་བདག་ཉིད་ཅེས་བྱ་བར་སྦྱར་རོ། །དེའི་འབྲས་བུ་ཉིད་ལ་དེ་ཡོད་ན་འབྱུང་བས་ཁྱབ་པ་ཡིན་ ལ། དེ་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཇི་ལྟར་གཅིག་གི་རྒྱུ་མཚན་བློ་ཡིན་པ་ཞེས་བྱ་བ་ནི་བྱེད་པ་སྔོན་ལ་འབྱུང་བ་ཅན་གཅིག་གི་རྒྱུ་མཚན་ནི་གཅིག་གི་རྒྱུ་མཚན་ནོ། །ཇི་སྐད་དུ་བཤད་པའི་སྐྱོན་གྱིས་ཞེས་བྱ་བ་ནི། ཅིག་ཅར་རྣམ་པར་ཤེས་པ་མང་པོས་འབྱུང་བའི་སྐྱོན་གྱིས་ཏེ། དབུགས་འབྱུང་བ་གཅིག་ཉིད་ཡིན་པར་རྟོགས་ན་སྐྱོན་འདིར་འགྱུར་རོ། །གལ་ཏེ་འབྱུང་བ་མང་སྐད་ཅིག །མང་པོ་ཉིད་ཀྱི་རྒྱུ་སྐད་ཅིག་མ་ཉིད་ཡིན་ནོ། །དེས་ནི་དབུགས་འབྱུང་བ་བདག་ཉིད་གཅིག་ལ་གནོད་པ་ཡོད་པ་ནི་མ་ཡིན་གྱི། འོན་ཀྱང་རིམ་བཞིན་འབྱུང་བ་ཡིན་ནོ་ཞེས་ཇི་སྐད་དུ་བཤད་པ་ཡིན་ནོ། ། སྐད་ཅིག་མ་ཉིད་ཡིན་ན་ཡང་འགའ་ཞིག་གི་ཚེ་དབུགས་འབྱུང་བ་མང་པོ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ཅིག་ཅར་རྣམ་པར་ཤེས་པ་མང་པོ་འབྱུང་བར་འགྱུར་བ་ཉིད་ཡིན་ནོ་ཞེ་ན་དེའི་ཕྱིར། རང་རིགས་མིན་པའི་དུས་ཅན་དང་། །ཞེས་བྱ་བ་སྨོས་ཏེ། རང་གི་རིགས་ཀྱི་དུས་ལས་གཞན་པ་ནི་རང་རིགས་མིན་པའོ། །གང་ ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རིགས་མཐུན་པ་གཞན་ཡོད་པ་མ་ཡིན་ཞེས་བྱ་བ་ནི་རྒྱུད་གཅིག་ལ་རག་ལས་པའི་དབུགས་འབྱུང་བ་སྔ་མ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་ཁས་མི་ལེན་པའི་ཕྱིར་རོ། །ཁས་ལེན་ན་ཡང་འཇིག་རྟེན་ཕ་ རོལ་གྲུབ་པ་ཡིན་པ་དེ་ལྟར་ན་བརྩད་པ་མེད་དོ། །ཕ་མ་ལ་རག་ལས་པའི་དབུགས་འབྱུང་བ་ཡང་དེའི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཏེ། རྒྱུད་གཞན་ལ་རག་ལས་པ་ནི་རྒྱུད་གཞན་དང་འབྲེལ་པའི་ཉེ་བར་ལེན་པ་ཉིད་མི་རུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དབུགས་འབྱུང་བ་དེ་ནི་དེ་ལས་ གཞན་པ་ཕ་མ་ལ་རག་ལས་པའི་དབུགས་འབྱུང་བ་དང་འདྲ་བའི་ཕ་མའི་རྒྱུད་ལ་རག་ལས་པ་ཉིད་དུ་འགྱུར་ཏེ། ཉེ་བར་ལེན་པའི་རྒྱུ་གཅིག་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་འོག་ནས་དཔྱོད་པར་འགྱུར་བས་རེ་ཞིག་གཞག་གོ། །ཐ་དད་ཡུལ་ཅན་ཕྱིར་ཏེ་ཞེས་བྱ་བ་ནི་འདི་ལྟར་སྐད་ཅིག་མ་གཅིག་ལ་ཐ་དད་ པར་གནས་པར་དབུགས་འབྱུང་བ་མཚོན་པར་བྱེད་ཀྱི་གཅིག་ཡུལ་ཐ་དད་པ་ལ་གནས་པར་རིགས་པ་མ་ཡིན་ནོ། །དེ་བས་ན་ཡུལ་སྣ་ཚོགས་པ་ཅན་གྱི་དབུགས་འབྱུང་བ་དག་ནི་སྐད་ཅིག་མ་གཅིག་ལ་ཡང་ལྡན་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེ་ནི་ཡུལ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། གཅིག་མ་ཚང་ན་ཡང་རྣམ་པར་ཤེས་པར་མི་འགྱུར་རོ་ཞེས་བྱ་བ་ནི་གཅིག་གི་ཚེ་ཇི་སྲིད་དུ་དབུགས་འབྱུང་བ་རྣམ་པར་ཤེས་པའི་རྒྱུ་ཡིན་པ་དེ་སྲིད་དུ་ཐམས་ཅད་ཀྱི་ཚེ་ཡིན་པ་དེ་ལྟར་ན་ངེས་པ་དེ་ལ་སྐྱོན་འདི་ཡིན་པར་བལྟ་བར་བྱའོ། །དཔེར་ན་ཁོ་བོས་བསྟན་པ་ལྟ་བུའོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བདག་ཉིད་ ཅན་དང་། ཡུལ་གྱི་རྣམ་པ་ཅན་ཉིད་ལ་སོགས་པར་ཐ་དད་པར་བསྟན་པ་ཉིད་ཀྱི་ཕྱིར་རོ། །རང་གི་ཕྱོགས་ལ་ཡང་ཉེ་བར་སྦྱོར་བ་རྣམས་གཅིག་ཉིད་མ་ཡིན་ནོ། །རྣམ་པར་ཤེས་པ་གཅིག་ལས་ཐ་དད་པ་མེད་པའི་ཕྱིར་རོ། །ཐ་དད་པ་ནི་རྣམ་པར་ཤེས་པ་ལ་ཅུང་ཟད་ཀྱང་བྱས་པར་མི་འགྱུར་རོ། །དེ་བས་ན་ཉེ་ བར་སྦྱོར་བ་དེ་ཐ་དད་པར་མི་འགྱུར་རོ་ཞེ་ན། བརྗོད་པ་འདི་ལས་འབྲས་བུ་གསལ་བ་དངོས་པོར་གྱུར་པ་གཅིག་མངོན་དུ་བྱས་ནས། ཕན་ཚུན་ལྡོག་པའི་ལུས་ཅན་རྣམས་ཀྱི་ཁྱད་པར་གྱིས་རྣམ་པར་གཞག་པ་མ་ཡིན་ན། གང་གིས་ན་ཐ་དད་པ་དང་ཐ་དད་མེད་པའི་དཔྱོད་པ་འཇུག་པར་འགྱུར། འོན་ཀྱང་ཉེ་བར་སྦྱོར་བ་ ཐ་དད་པ་སྟོན་པར་བྱེད་པའི་གཞུང་གི་དོན་ནི། འབྲས་བུ་ནི་རྒྱུ་དུ་མ་ལས་འབྱུང་བར་གྱུར་བ་རྒྱུ་དེས་བྱས་པའི་རང་བཞིན་དུ་རྣམ་པར་གནས་པ་ཅན་ཡིན་ནོ། །དེའི་ཕྱིར་དེའི་རྒྱུ་ཅན་མ་ཡིན་པའི་འབྲས་བུ་ལས་ལྡོག་པའི་ལུས་ཅན་དུ་འགྱུར་རོ། །དེ་ལྟར་ན་གལ་ཏེ་མིག་ཙམ་ལ་རག་ལས་པ་ནི་དེའི་རྣམ་པར་ཤེས་པར་གྱུར་ བའམ། གཟུགས་ཙམ་ལ་རག་ལས་པ་དེའི་ཚེ། ཇི་ལྟར་མིག་གི་སྐད་ཅིག་མ་གཉིས་ལ་མིག་ཙམ་གྱིས་རྟེན་ཉེ་བར་ལེན་པ་ཅན་ནམ། གཟུགས་ཀྱི་སྐད་ཅིག་མ་གཟུགས་ཙམ་གྱིས་ཉེ་བར་ལེན་པ་ཅན་གྱི་རྟོགས་པའི་བདག་ཉིད་མ་ཡིན་པ་དེ་ལྟར་རྣམ་པར་ཤེས་པ་དེ་ཡང་མི་འགྱུར་ན། རྟོགས་པའི་བདག་ ཉིད་དུ་ཡང་འགྱུར་རོ། །དེ་བས་ན་འདིར་ཡིད་ལ་བྱེད་པ་ཡང་ཉེ་བར་སྦྱོར་བ་ཡིན་ནོ་ཞེས་རྟོགས་པར་བྱའོ། །གང་གི་ཕྱིར་མིག་ལས་ངེས་པའི་ཡུལ་ཅན་ཉིད་དང་། ཡུལ་ལས་གསལ་བའི་རྣམ་པ་ཅན་དང་། རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡིད་ལ་བྱེད་པ་ཙམ་ལ་རག་ལས་པ་ལས་ རྟོགས་པའི་བདག་ཉིད་ལྡོག་པའི་རང་བཞིན་ཅན་སྐྱེ་བ་དེའི་ཕྱིར། མིག་དང་གཟུགས་དག་གི་ཉེ་བར་སྦྱོར་བས་ཀྱང་བསྐྱེད་པ་ཡིན་པར་རྟོགས་པར་བྱ་བ་ཡིན་པ་དེ་ལྟར་ན། དེ་དང་དེ་ལས་ལྡོག་པ་གང་ཡིན་པ་འདི་དང་འདི་ཉིད་ཀྱི་ཉེ་བར་སྦྱོར་བའི་ཁྱད་པར་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་ལྡོག་ པ་རྣམས་དངོས་པོ་ཉིད་མེད་པ་ཡིན་པའི་ཕྱིར་ཇི་ལྟར་ན་འབྲས་བུ་ཉིད་ཡིན་ཞེ་ན། ལྡོག་པར་རྣམ་པར་རྟོག་པའི་རྣམ་པར་ཤེས་པས་གཟུང་བར་བྱ་བ་འབྲས་བུ་ཡིན་ཞེས་སུ་ཞིག་སྨྲ། འོན་ཀྱང་རྒྱུ་དུ་མ་ལས་སྐྱེས་པ་དེ་ལྟ་བུར་གྱུར་པའི་རང་གི་མཚན་ཉིད་ཅན་གྱི་དངོས་པོ་གང་ཡིན་པ་དེ་ལྡོག་པར་བརྟགས་པ་དེ་ ཙམ་གྱི་རྟེན་དུ་སྐྱེས་པ་ཡིན་པ་དེ་ལྟར་ན་དེ་ཉིད་འབྲས་བུ་ཡིན་ནོ། །འདི་ལ་བརྗོད་བྱ་མང་དུ་ཡོད་མོད་ཀྱི་རེ་ཞིག་གཞག་གོ། །དེས་སྔར་གྱི་རྣམ་པར་ཤེས་པའི་རྗེས་སུ་བྱེད་པ་མེད་པ་ཞེས་བྱ་བ་ནི་རྗེས་སུ་བྱེད་ན་ནི་མི་གསལ་བར་འགྱུར་རོ། །དེ་ལྟར་ན་རྣམ་པར་ཤེས་པ་མི་གསལ་བའི་ཕྱི་མ་རྣམ་པར་ཤེས་ པ་སྔོན་དུ་གསལ་བ་ནི། རྣམ་པར་ཤེས་པ་གསལ་བ་འབྲས་བུ་ཡིན་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ལ་ཕྱིས་འབྱུང་བས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ནུས་པ་དང་བྲལ་བ་དེ་ལས་ཕྱིས་ཀྱི་རྣམ་པར་ཤེས་པས་སོ། །ཕྱིས་ཀྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པས་དེ་བཞིན་དུ་འགྱུར་བ་ཞེས་བྱ་བར་ སྦྱར་རོ། །སྔ་མའི་རྗེས་སུ་མཐུན་པས་ཡང་ཕྱིས་ཀྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པའོ། །དེ་ནི་དེའི་རྒྱུ་དང་འབྲས་བུ་ཡིན་ཏེ་ཞེས་བྱ་བ་ནི། གང་ཞིག་རྗེས་སུ་མཐུན་པ་དང་། རྗེས་སུ་མི་མཐུན་པ་རྗེས་སུ་བྱེད་པ་དེ་ནི་རྒྱུ་ཡིན་ལ། གང་གིས་རྗེས་སུ་བྱས་པ་དེ་ནི་འབྲས་བུ་ཡིན་ནོ། །དཔེ་ཟློག་པས་ སྦྱར་བ་ཡིན་ཏེ་ས་བོན་ལ་སོགས་པ་དང་བྲལ་བ་ན་སྐྱེ་བར་མི་འགྱུར་ཞིང་མ་བྲལ་བས་སྐྱེ་བར་འགྱུར་བ་ཡིན་ནོ། །ས་བོན་ལ་སོགས་པའི་འབྲས་བུ་ཡིན་པ་ལྟ་བུའོ་ཞེས་བྱ་བ་ནི། འབྲས་བུ་བསྒྲུབ་པར་བྱ་བ་ལ་དངོས་དང་རྒྱུ་ལ་ནི་རྟོགས་པར་བྱ་བའི་དཔེ་ཡིན་ཏེ། ས་བོན་ལ་ སོགས་པའི་འབྲས་བུ་ཡིན་པ་ལྟ་བུའོ་ཞེས་བརྗོད་པས་དོན་གྱིས་ས་བོན་ལ་སོགས་པ་རྒྱུ་ཉིད་དུ་བཤད་པ་ཡིན་ནོ། །སྐྱེད་པར་མི་བྱེད་པ་ཡང་དེ་ཡིན་ལ་ཐ་མའི་གནས་སྐབས་ཀྱི་རང་བཞིན་ཡང་ཡིན་པ་དེ་ལས་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གཞི་མཐུན་པའི་སྙིང་པོ་ཅན་གྱི་ལྔ་པའི་བསྡུ་བའོ། ། གལ་ཏེ་ལུས་ནི་སེམས་ཀྱི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་འདོད་པའི་དོགས་པ་བསུ་བ་ཡིན་པའོ། །གལ་ཏེ་དེའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །འདིར་སེམས་ལུས་གཞན་གྱི་ཡན་ལག་གི་ངོ་བོ་དང་། ལུས་ཐ་མ་ལུས་ཕྱི་མའི་རྒྱུ་ཡིན་ནོ་ཞེས་གཉིས་སུ་བཤད་དོ། ། དེ་བས་ན་ཡང་རྣམ་པ་གཉི་ག་ལ་ཡང་དགག་པའི་དོགས་པ་བསུ་བ་ཡིན་ཏེ། དེའི་ཡན་ལག་དང་རྒྱུ་ཉིད་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་ཉིད་སོ་སོར་སེམས་གནས་པའི་རྒྱུ་ལས་འདིའི་ཡུལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །མཚན་ཉིད་ཅེས་བྱ་བ་ནི་མི་དམིགས་པའི་མཚན་ཉིད་ དོ། །དེ་ལྟར་ན་རེ་ཞིག་ཡོད་པ་འགལ་བ་མེད་དོ་ཞེས་བྱ་བ་ནི་ཐ་མའི་ལུས་གཞན་ཡོད་པ་འགལ་བ་མེད་པ་ཡིན་ཏེ། གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། འདི་ལས་ཐ་མའི་སྐྱེ་མཆེད་ལྔ་རྒྱུ་འབའ་ཞིག་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། འདི་ལས་ཞེས་བྱ་བ་ནི་འགལ་བ་མེད་པ་འདི་འབའ་ཞིག་ལས་སོ། །རང་བཞིན་ཐ་དད་པ་མེད་པས་ན་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་སྔ་མ་དང་ཕྱི་མའི་སྐྱེ་མཆེད་ལྔ་གཅིག་ཉིད་ཡིན་ནོ་སྙམ་དུ་བསམས་པའོ། །དཔེ་ལ་ཆོས་ཅན་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། སྐྱེ་མཆེད་ སྐད་ཅིག་མ་སྔ་མ་ནི་དཔེའི་ཆོས་ཅན་ཡིན་ཞིང་། སྐྱེ་མཆེད་ལྔ་ཡང་གཅིག་ཉིད་ཡིན་ན་ཕྱོགས་སུ་བྱས་པ་ལས་ཐ་དད་པའི་སྒོ་ནས་ཆོས་ཅན་གཞན་ཡོད་པ་མ་ཡིན་ཏེ། གཅིག་ལ་སྔ་མ་དང་ཕྱི་མ་མེད་པའི་ཕྱིར་རོ། །གནས་གཞན་དུ་བཤད་པ་དག་གིས་ཀྱང་ཞེས་བྱ་བ་ནི་འདི་ཉིད་ཀྱི་ལེའུ་དང་པོ་དང་། ཚད་མ་རྣམ་པར་ངེས་པ་ལ་སོགས་པ་ལས་བཤད་པ་དག་གིས་སོ། །དེ་ལས་གཞན་པ་ནི་དབང་པོ་ལས་སྐད་ཅིག་མ་མ་ཡིན་པར་མངོན་པར་འདོད་པའོ། །རང་བཞིན་རྣམ་པ་གཞན་ཉིད་ལ་རྒྱུ་བསྟན་པ་ནི་མ་སྤྲོས་སོ་ཞེས་བྱ་བ་ནི་གང་ཕྱིར་ཕྱོགས་གཞན་དུ་རིགས་པ་མང་པོ་བཤད་ཟིན་པ་དེའི་ཕྱིར། མདོ་མཛད་པས་ནི་འདིར་རང་བཞིན་རྣམ་པ་གཞན་ཉིད་བསྒྲུབ་པར་བྱ་བ་ལ། འགྱུར་བ་མཐོང་ཕྱིར་ཞེས་བྱ་བ་རྒྱུ་བསྟན་པ་ནི་མ་སྤྲོས་པ་སྟེ། དེ་ཙམ་ཞིག་བསྟན་གྱི་རྒྱས་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་ཅིར་ཡང་མི་རུང་ངོ་ཞེས་བྱ་བར་རྣམ་པར་བཅད་ནས་འདོད་པར་བྱེད་དེ། གང་གི་ཕྱིར་ རང་བཞིན་རྣམ་པ་གཞན་ཉིད་ཀྱི་རྒྱུ་བསྟན་ཟིན་པས་བཤད་མ་ཐག་པའི་སྐྱོན་གྱི་རིགས་ནི་ཅིར་ཡང་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །གནས་པ་པོ་ལས་ཐ་དད་པ་མེད་པའི་ཕྱིར་རང་བཞིན་དུ་གྱུར་པ་ཡིན་ཞིང་ཕན་ཚུན་ཐ་དད་པ་དེ་ལྟ་བུར་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་དངོས་པོ་ག་ལ་ཡོད་པ་ཞེས་བྱ་བར་ ཚིག་རྣམ་པར་སྦྱར་རོ། །གལ་ཏེ་ལུས་ལས་དེ་སྐྱེ་ན་ཞེས་བྱ་བ་ལ་སོགས་པས་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་དོགས་པ་བསུ་བ་ཡིན་ཏེ། སྐྱེ་མཆེད་ལྔའི་སྐད་ཅིག་མ་སྔ་མའི་ནི་ཕྱི་མའི་སྐྱེ་མཆེད་ལྔ་ཉིང་མཚམས་སྦྱོར་བ་མ་ཡིན་གྱི། འོན་ཀྱང་ལུས་ཉིད་ལས་དབང་པོ་རྣམས་འབྱུང་བ་ཡིན་ནོ་ཞེ་ན། དབང་ པོ་ལས་ཐ་དད་པའི་ལུས་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་གྱི་ཞེས་བྱ་བ་ནི་གཞན་གྱི་གཞུང་གིས་སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་པ་མ་གཏོགས་པ། གསོན་པོའི་ལུས་དབང་པོའི་བདག་ཉིད་ཅན་ཉིད་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་དབང་པོ་ལས་རེག་བྱའི་བདག་ ཉིད་ཅན་གྱི་ལུས་གཞན་ཡོད་པ་མ་ཡིན་པ་དེ་ལྟར་ན་ཡང་། འདི་སྐད་དུ་དབང་པོ་ལས་ཐ་དད་པ་དབང་པོ་དང་མ་འདྲེས་པ། སྐྲ་དང་སེན་མོ་ལ་སོགས་པ་སྤངས་པའི་ལུས་ཡོད་པ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །དབང་པོ་ལས་ཐ་དད་པ་མེད་པ་ཡིན་ན་ཡང་དེ་ལ་ལུས་ནི་རྒྱུ་ཡིན་གྱི། དབང་པོ་དག་ཉིད་ མ་ཡིན་ནོ་ཞེས་བྱ་བ་གང་ལས་ཡིན། དེ་བས་ན་འོན་ཀྱང་སེན་མོའི་རྩེ་མོ་ལ་སོགས་པའི་མཚན་ཉིད་དབང་པོ་ཅན་མ་ཡིན་པ། རྒྱུ་ཡིན་པར་འགྱུར་གྲང་ན། རྣམ་པར་རྟོག་པ་འདི་ལ་སྔ་མ་བཞིན་དུ་ཐལ་བར་འགྱུར་ཞེས་བྱ་བ་ནི་མདོ་ཡིན་ནོ། །དེའི་རྗེས་སུ་འབྲངས་ནས་འགྲེལ་པ་ཡང་འདི་སྐད་དུ་དབང་པོ་དུ་ མ་ཅིག་ཅར་ཐལ་བར་འགྱུར་རོ་ཞེས་བྱ་བར་རིགས་སོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ལུས་གོ་རིམས་མེད་པ་ཅན་ལས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ན། ཅིག་ཅར་མང་པོ་འབྱུང་བར་འགྱུར་ཞེས་སྔར་བཤད་པ་དང་འདྲ་བར་ལུས་ལས་དབང་པོ་སྐྱེ་བ་ཡིན་ན་ཐལ་བར་འགྱུར་རོ། ། དེ་བས་ན་ཅིག་ཅར་དབང་པོ་དུ་མ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ཆེས་ཐལ་བར་འགྱུར་རོ་ཞེས་བྱ་བ་འགྲེལ་པ་ལས་འབྱུང་བ་གང་ཡིན་པ་དེ་ནི་དོན་དང་རྗེས་སུ་མཐུན་པའི་འགྲེལ་པར་མི་འགྱུར་རོ། །དེ་ལྟ་བས་ན་གཞུང་འདིའི་གཞུང་གཟུགས་པར་བྱ་བ་དེའི་ཚེ། ཤིན་ཏུ་ཐལ་ཆེས་པ་ ཉིད་ཐལ་བའི་སྒྲས་བཤད་དེ་མདོའི་ཐལ་ཆེས་པར་གྱུར་པ་ནི། ཤི་བའི་ལུས་ལ་སོགས་པ་དབང་པོ་ཐལ་བར་འགྱུར་བའི་ཕྱིར་སྔ་མ་བཞིན་དུ་སྐྱོན་དུ་འགྱུར་རོ། །ཅི་རིགས་པར་སྐྱོན་བརྗོད་པར་བྱའོ་ཞེས་བྱ་བ་ནི། ལུས་དབང་པོའི་རྒྱུ་གང་ཡིན་པ་དེ་ཅི་ཡན་ལག་ཅན་གྱི་རྫས་གཅིག་ཅིག་ཡིན་ནམ། ཅི་རྡུལ་ ཕྲ་རབ་རྣམ་པར་ཕྱེ་བ་ཡིན་གྲང་ན། རེ་ཞིག་གཅིག་ནི་མ་ཡིན་གྱི་དེ་བཀག་ཟིན་པའི་ཕྱིར་རོ། །དུ་མ་ཉིད་ལས་ཅི་རེ་རེ་རྒྱུ་ཡིན་ནམ། འོན་ཏེ་ཚོགས་པ་ཡིན་གྲང་ན། ཕྱོགས་དང་པོ་ལས་ནི་དབང་པོ་ཚད་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །གཉིས་པ་ལ་ཡང་ཡན་ལག་གང་ཡང་རུང་བ་མ་ཚང་ན་ཡང་དབང་ པོ་སྐྱེ་བར་མི་འགྱུར་ཞིང་། ཉེ་བར་སྦྱོར་བའི་ཁྱད་པར་ཡང་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་སྐྱོན་ཇི་ལྟར་ཡོད་པ་བཞིན་དུ་བརྗོད་པར་བྱའོ། །ལུས་ཀྱི་འབྱུང་བའི་རྒྱུ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ། ལུས་ཀྱི་བདག་ཉིད་ཅན་གྱི་འབྱུང་བ་གང་ཡིན་པ་དེ་ཉིད་རྒྱུ་ཡིན་ལ། དེ་དང་བྲལ་བའི་ཕྱིར་ཞེས་བྱ་ བ་ནི་ངག་གི་དོན་ཏོ། །སོ་སོའི་སྐྱེ་བོ་དང་དགྲ་བཅོམ་པར་འདོད་པའི་སྐྱེས་བུ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །ལྷག་མར་གྱུར་པ་སྒྲུབ་བྱེད་ལྷག་ལྡན་ཡིན་པར་ཞེས་བྱ་བ་ནི། དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །ཞེས་བྱ་བ་ལ་སོགས་པ་དེ་ལྷག་མ་དང་ལྡན་པ་བཤད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་ལས་ ལྷག་མར་གྱུར་པ་འདི་ཡང་ལྷག་མ་དང་ལྡན་པ་ཡིན་ནོ། །འཇིག་རྟེན་གཞན་དུ་མངོན་པར་འདོད་པའི་ལུས་ལ་གནས་པའི་ཞེས་བྱ་བ་ནི། སྔོན་གྱི་སྐྱེ་བའི་ལུས་ལ་གནས་པ་ཅན་གྱིའོ། །སེམས་གཞན་དང་ཞེས་བྱ་བ་ནི་སྐྱེ་བ་འདིའི་ལུས་ལ་གནས་པ་ཅན་གྱི་སེམས་དང་ངོ་། །དེ་ལྟར་ན་མ་འོངས་པའི་སྐྱེ་བ་ལ་ལྟོས་ ནས་སྐྱེ་བ་འདི་ལ་གནས་པ་ཅན་གྱི་སེམས་ནི་འཇིག་རྟེན་གཞན་དུ་མངོན་པར་འདོད་པའི་ལུས་ལ་གནས་པ་ཅན་གྱི་སེམས་ཏེ་མ་འོངས་པའི་སྐྱེ་བའི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མ་ཡིན་ནོ། །སྐྱེས་བུ་གཞན་གྱི་སེམས་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་ནག་པའི་སེམས་དང་ཉིང་མཚམས་མི་ སྦྱོར་བ་ལྟ་བུའོ། །གང་གི་ཕྱིར་རང་བཞིན་ཐ་དད་པ་ཙམ་གྱིས་ཉིང་མཚམས་སྦྱོར་བ་མ་ཡིན་གྱི། འོན་ཀྱང་རྒྱུད་ཐ་དད་པ་ལ་རག་ལས་པ་ཉིད་ཀྱིས་ཡིན་པ་བས་ན། རྒྱུད་ཐ་དད་པའི་ལུས་ལ་གནས་པ་ཅན་ནི་ཉིང་མཚམས་སྦྱོར་བར་འགྱུར་བ་མ་ཡིན་ཏེ་དཔེར་ན་ནག་པའི་ལུས་ལ་གནས་པ་ཅན་བྱམས་ པའི་ལུས་ལ་གནས་པ་ཅན་གྱི་སེམས་དང་། ཉིང་མཚམས་སྦྱོར་བ་མེད་པ་ལྟ་བུའོ། །འདོད་པར་ནི་འགྱུར་ན་རྒྱུད་གཞན་གྱི་ལུས་ལ་གནས་པ་ཅན་ཉིད་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་ཡང་མ་གྲུབ་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གཅིག་གི་སྐྱེ་བའི་ཁྱད་པར་ཡང་རྒྱུད་ གཞན་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ནི་སྐྱེ་བ་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུ་མ་ལ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུད་དུ་མ་ལ་མི་འཇུག་པའི་ཕྱིར་རོ། །ལུས་ལ་གནས་པ་བཀག་པའི་ཕྱིར་ཞེས་བྱ་བ་ནི་ལུས་ལ་སེམས་གནས་པ་གང་ཡིན་པ་དེ་སྔར་བཀག་པའི་ཕྱིར། ལུས་ཐ་དད་པ་ལ་གནས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་འདི་ལྟར་ལུས་ལ་གནས་པ་ཉིད་བཀག་ན་འོ་ན་ཇི་ལྟར་དབང་པོའི་རྣམ་པར་ཤེས་པ་དབང་པོ་ལ་བརྟེན་ནས་སྐྱེ་བར་བརྗོད། དབང་པོ་ལ་བརྟེན་ནས་སྐྱེ་ན་ནི་ལུས་ལ་བརྟེན་ནས་སྐྱེ་བར་ཁས་བླངས་ བ་ཉིད་ཡིན་ཏེ། ལུས་ནི་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ལུས་ལ་གནས་པ་ཉིད་ཡིན་ནོ་ཞེ་ན། དབང་པོའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནི་བརྟེན་པ་ཉིད་ཀྱི་སྒོ་ནས་ལུས་ལ་སེམས་གནས་པར་འདོད་དེ། དེ་ལྟ་བུར་གྱུར་པའི་གནས་པ་ཡང་བཀག་པ་ཡིན་གྱི། དེ་ལ་ བརྟེན་ནས་སྐྱེ་བ་ནི་མ་ཡིན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །ཇི་ལྟར་བརྟན་པ་ཉིད་ཀྱང་མི་རུང་ཞེ་ན་ཡུལ་ན་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འགྱུར་བ་ནི་འདོད་ན་བརྟེན་པ་ཉིད་ཀྱི་སྒོ་ནས་ལུས་ལ་སེམས་གནས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལ་བརྟེན་ནས་སྐྱེ་བ་ཉིད་ཡིན་ནོ། །དེ་ལྟར་གཏན་ཚིགས་མ་ གྲུབ་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ལས་སྐྱེས་པ་ཡང་གནས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ལུས་ལས་སྐྱེས་པ་ཉིད་དེ་ལ་སེམས་ཀྱི་གནས་པར་འདོད་པ་དེའི་ཚེ། དེ་ལྟ་བུའི་རྣམ་པ་ཅན་གྱི་གནས་པ་ནི་ལུས་ཡུལ་དུ་གྱུར་པ་ལ་ཡང་ཡོད་པ་ཡིན་ནོ། །དེ་ནི་སྐྱེས་བུ་གཞན་གྱི་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བས་ན་ནག་པའི་ལུས་ཡུལ་དུ་གྱུར་པ་ལས་བྱམས་པའི་སེམས་སྐྱེས་པ་ཞེས་ནག་པའི་ལུས་ལ་གནས་པར་འགྱུར་ཞིང་། དེ་ལ་གནས་པའི་སེམས་གཞན་ལ་ཉིང་མཚམས་སྦྱོར་བའི་ཕྱིར་ཏེ། རང་གི་རྒྱུད་ལ་ཉིང་མཚམས་སྦྱོར་བའི་ཕྱིར་མ་ངེས་པར་འགྱུར་རོ། །ཡུལ་ལ་ ཅི་འདྲ་བར་གནས་པ་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །གལ་ཏེ་དབང་པོར་འགྱུར་བ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ལུས་ལ་གནས་པ་ཉིད་བཀག་ན་སྒྲུབ་པར་བྱེད་པ་ཉིད་གང་ཡིན་པ་ཞེ་ན། སྒྲུབ་པར་བྱེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟེན་ཡིན་པ་བསལ་བ་ལ་སོགས་པས་ ཞེས་བྱ་བ་ནི། དངོས་པོའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རྟེན་ཉིད་ཡིན་པ་བསལ་བ་ལ་སོགས་པས་ཞེས་བྱ་བའི་དོན་ཏོ། །དབང་རྣམས་རེ་རེ་ལ་གནོད་ན་ཞེས་བྱ་བ་ལ་སོགས་པས་བརྟེན་བསྩལ་པ་བཤད་ཟིན་ཏོ། །གཙང་སྦྲ་ཅན་གྱིས་རིམ་བཞིན་དུ་སྐྱོ་བ་མེད་པ་གོམས་པར་བྱས་པས་ཐོད་པ་ཅན་དུ་གྱུར་པ་ཡིན་ནོ། ། སྦྱོར་བ་དང་པོ་ལ་ཡིད་ཀྱི་ཡོན་ཏན་ཉིད་གཏན་ཚིགས་ཡིན་ཞིང་། སྦྱོར་བ་གཉིས་པ་ལ་ནི་གོམས་པ་ཡོད་ན་ཁྱད་པར་ཅན་དུ་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །ལྷག་པ་ཞེས་བྱ་བ་ནི་རྒྱང་གྲགས་ལས་གཞན་དུ་རྒྱང་གྲགས་གཉིས་དང་གསུམ་ལ་སོགས་པའོ། །དེ་སྐད་དུ་གཞོན་ནུ་མ་ལེན་གྱིས་ མཁའ་ལ་འདོམ་བཅུ་ཚུན་ཆད་དུ། །མཆོངས་ནས་འགྲོ་བ་ཞེས་བྱ་གང་། །དེས་ནི་ལན་བརྒྱར་གོམས་ན་ཡང་། །རྒྱང་གྲགས་བརྒྱར་ནི་མཆོང་མི་ནུས། །ཞེས་སྨྲས་པ་ཡིན་ནོ། །དཔེར་ན་འདོད་ཆགས་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེ་ཡིན་ཏེ། འདོད་ཆགས་ལ་སོགས་པ་ གོམས་པ་ཅན་གྱི་དེ་དག་རང་གི་ངང་གིས་འཇུག་པར་མི་འགྱུར་བ་ལྟ་བུའོ། །དེ་སྐད་བཤད་པའི་ཕུལ་དུ་བྱུང་བ་ཞེས་བྱ་བ་ནི་མཆོང་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གཞན་དག་གི་ཁ་ན་མ་ཐོ་བ་མེད་པའི་ཡིད་བདེ་བ་ཉིད་ནི་དགའ་བའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་རྒྱུའི་ཡུལ་ལ་འདོད་ཆགས་དང་ཁོང་ཁྲོ་བ་ དང་བྲལ་བ་ཉིད་ཀྱི་བཏང་སྙོམས་ཡིན་ནོ། །མེ་ལ་སོགས་པ་ལས་ཞེས་བྱ་བ་ནི་ལྔ་པའོ། །ཤིང་དག་དང་། དངུལ་ཆུ་དང་ནི་གསེར་སོགས་བཞིན། །ཞེས་བྱ་བ་ནི་དྲུག་པའོ། །དཔེར་ན་མེ་ལ་སོགས་པ་ལས་ཤིང་ལ་སོགས་པའི་ཐལ་བ་ལ་སོགས་པ་འབྱུང་བ་དེ་ལྟར་ན། རང་གི་ངང་གིས་འཇུག་པ་དེ་ བཞིན་དུ་སེམས་ཀྱི་བརྩེ་བ་ལ་སོགས་པ་ཡང་ཡིན་ནོ། །དངུལ་ཆུའི་ཡང་སྦྱོར་བ་ནི་དངུལ་ཆུ་མི་འཐོར་བར་བྱ་བ་དེ་ལ་སྨན་བླུགས་པ་ཟད་པ་གང་ཡིན་པ་དེ་སྤྱོད་པ་ཞེས་བྱ་བར་བརྗོད་དོ། །ཇི་ལྟར་དེ་འདྲ་བའི་བརྩེ་བ་ལ་སོགས་པའི་བློ་དེ་དག་གིས་གོམས་པ་དང་རྗེས་སུ་མཐུན་པར་འཕེལ་བ་ཐོབ་པ་དག་ཅེས་ བྱ་བའི་དོན་ཏོ། །འཕེལ་བ་ཚད་ངེས་པ་ཅན་ལ་རིགས་མཚུངས་པའི་སྔར་གྱི་ས་བོན་འཇུག་པ་དང་བྲལ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ནི་རིགས་མཚུངས་པའི་སྔར་གྱི་ས་བོན་འཇུག་པ་ཉིད་ཡིན་པ་དེ་ལྟར་ན། བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། ། ཕྱིས་བཞིན་དུ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །འདི་ལྟར་གོམས་པའི་དུས་ཕྱིས་ཞེས་བྱ་བ་འདིས་བསྲེས་ནས་འཆད་པ་ཡིན་ནོ། །རང་སྟོབས་ངེས་པ་ཡིན་ཞེས་བྱ་བ་འདིས་ནི་འཕེལ་བ་ཚད་ངེས་པ་ཉིད་བསྟན་ཏོ། །སོགས་པ་སྨོས་པས་ནི་ཡིད་ཀྱི་ཡོན་ཏན་གཞན་ཡང་ཞེས་བྱ་བ་ནི་དགའ་བ་དང་བཏང་ སྙོམས་ལ་སོགས་པའོ། །བརྩེ་བ་དང་ཆགས་བྲལ་བློ་སོགས་གཞན་དག་གི་ཞེས་བཤད་པ་དེ་ལ། བརྩེ་བ་ལ་སོགས་པ་ཅི་འདྲ་བ་ཞིག་གི་ཞེ་ན་ཞེས་འདྲི་བར་བྱེད་དེ། བརྩེ་བ་དང་འདོད་ཆགས་དང་བྲལ་བ་དང་། བློ་ལ་སོགས་པའི་གོམས་པའི་རྩ་བ་ཅི་འདྲ་བ་ཞིག་གི་ཡིན་ཞེ་ན། ལན་དུ་སེམས་ཆོས་ ཀྱིའོ་ཞེས་བྱ་བ་སྨོས་ཏེ། སེམས་རང་གི་ངང་གིས་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་ཆོས་བྱས་པ་དེ་ཁྱད་པར་དུ་བྱ་བའི་ཕྱིར། གོམས་པ་ནི་ཡིད་ཀྱི་ཆོས་གོམས་པ་གང་ཡིན་པ་དེ་ནིའོ། །དཔེར་ན་སྔར་བྱས་པའི་ཡིད་ཀྱི་ཆོས་ཀྱི་ཁྱད་པར་གོམས་པ་ལྟ་བུའོ་ཞེས་བྱ་བ་ནི་བསྟན་བཅོས་དང་བཟོ་དང་ གླུ་ལ་སོགས་པ་བྱས་པའི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །བདེ་དང་སྡུག་བསྔལ་དག་ལ་སྐྱོ་བ་དང་། སྐྱོ་བ་མེད་པའི་མཚན་ཉིད་ཅན་ཞེས་བྱ་བ་ལ་བདེ་བ་ལ་སྐྱོ་བ་ནི་ཆགས་པ་མེད་པ་ཉིད་ཡིན་ཞིང་། །ཞེ་སྡང་ལ་སྐྱོ་བ་མེད་པ་ནི་ཁོང་ཁྲོ་བ་མེད་པ་སྟེ། སྟེའུ་དང་ཙནྡན་ལ་མཚུངས་པར་རྟོག་པ་བཞིན་ནོ་ཞེས་བྱ་ བའི་དོན་ཏོ། །ཉེས་པ་སྤངས་པ་འོག་ནས་བསྒྲུབ་པར་འགྱུར་བ་བློ་ལ་གྲུབ་པར་མཛད་ནས་འདིར་སྨོས་པ་ཡིན་ནོ། །འགྲོ་ལ་ཕན་པར་བཞེད་པ་ཉིད་བཤད་པ་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པའི་ཕྱག་འཚལ་བའི་ཚིགས་སུ་བཅད་པའི། འགྲོ་ལ་ཕན་པར་བཞེད་ལ་ཞེས་ བྱ་བའི་ཚིག་རྐང་རྣམ་པར་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུང་དང་རིགས་པས་ཞེས་བྱ་བ་ལ། རིགས་པ་ནི་རྗེས་སུ་དཔག་པ་ཡིན་ལ་དེས་རྣམ་པར་དཔྱད་པ་ནི་རིགས་པ་ཡིན་ཏེ། རྗེས་སུ་དཔག་པས་དཔྱད་བཟོད་པ་ཉིད་ཀྱི་ཕྱིར་རོ། །ལུང་དཔྱད་པའི་སྐབས་གང་ཡིན་དེ་དཔྱོད་པ་ནི་དུས་ཕྱིས་འབྱུང་བ་ཅན་ ཡིན་ཞེ་ན། དེའི་ཕྱིར་རེ་ཞིག་ལུང་མང་པོ་དེ་ལ་དམིགས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེས་བསྟན་པའམ་ཞེས་བྱ་བ་ནི་ལུང་གིས་བསྟན་པའི་ཐབས་ཞེས་བྱ་བ་ནི་ཁོང་ནས་དབྱུང་ངོ་། །འམ་ཞེས་བྱ་བའི་སྒྲ་ནི་སྡུད་པའི་དོན་ཡིན་ཏེ། ལུང་གིས་བསྟན་པའི་ཐབས་དང་ཐབས་ལས་བྱུང་བ་རྣམ་པར་ དཔྱོད་པ་ཡིན་གྱི་ཞེས་བྱ་བའི་དོན་ཏོ། །ཅི་དེ་དག་འཐད་དམ་མ་ཡིན་ཞེ་ན། དེ་ལྟར་ན་དཔྱད་པ་སྔོན་དུ་སོང་བས་འཇུག་པའི་ཕྱིར་རིགས་ཀྱི་ཉིད་ཀྱིས་འགའ་ཞིག་གི་ཚེ་འཇུག་པར་འགྱུར་རོ། །དེ་དང་འདིས་ནི་འདི་སྐད་དུ་རིགས་པ་འདི་ཉིད་ཀྱི་སྒོ་གཉིས་པ་ཅན་བརྗོད་པ་ཡིན་ཏེ། འགའ་ཞིག་ཇི་ལྟར་གོམས་པ་ བཞིན་དུ་ངེས་པ་ཉིད་དང་འགའ་ཞིག་ལུང་གི་རྗེས་སུ་འབྲངས་ནས་འཇུག་པ་ཡིན་ནོ་ཞེས་བསྟན་ཏོ། །འདིའི་འབྲས་བུ་རྩོམ་པར་མི་ནུས་སོ་ཞེས་བྱ་བ་ནི་སྐྱེ་བའི་མཚན་ཉིད་ཅན་ནོ། །དེ་ལས་དུས་ཕྱིས་ཞེས་བྱ་བ་ནི་རྒྱུ་ཉིད་དུ་ངེས་པ་ལས་དུས་ཕྱིས་སོ། །མཚན་ཉིད་དང་འཕེལ་བའི་རྒྱུ་ཞེས་བྱ་བ་ནི་རྒྱུ་འདིའི་ མཚན་ཉིད་དང་། སྡུག་བསྔལ་འཕེལ་བའི་རྒྱུ་འདི་ཅི་ཡིན་ཞེའོ། །གང་ལ་རྒྱུར་རེས་འགའ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། རྒྱུ་མི་རྟག་པ་ཞེས་བྱ་བའི་དོན་ཏོ། །རྟག་པ་ཉིད་ཀྱང་འདིའི་རྒྱུར་མི་འགྱུར་རོ་ཞེས་བྱ་བའི་སྦྱོར་བ་འདི་བརྗོད་པར་བྱའོ་ཞེས་བྱ་བ་ནི། གང་ཞིག་རེས་འགའ་བ་ཡིན་པ་དེ་ནི་རྒྱུ་ རྟག་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་མྱུ་གུ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་སྦྱོར་བ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པ་གཞན་དག་གིས་ཀྱང་ཞེས་བྱ་བ་ནི། སྡུག་བསྔལ་རེས་འགའ་བ་ཉིད་ཀྱི་རྣམ་པ་ལས་གཞན་བདག་མེད་པ་ལ་ སོགས་པའི་རྣམ་པ་དག་གིས་ཀྱང་ངོ་། །རྒྱུ་ཡོད་པ་ཞེས་བྱ་བ་ནི་ཡོད་པ་ཉིད་ཙམ་མོ། །དེའི་རང་བཞིན་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་ལྟར་ན་སྡུག་བསྔལ་བདག་མེད་པ་ཡིན། བདག་མེད་པ་གང་ཡིན་པ་དེ་ཡང་རང་དགས་འཇུག་པ་ཅན་མ་ཡིན་པ་དེ་བས་ན། འདི་ནི་རྒྱུས་འགྱུར་བ་ཡིན་ནོ། །རྒྱུ་དེ་ཡང་ བདག་མེད་པ་ཅན་ཉིད་ཡིན་ཏེ། རང་དབང་ནི་རྒྱུ་ཉིད་ཡིན་པ་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་བརྟགས་པ་མཛད་དོ། །དེ་ལྟར་སྡུག་བསྔལ་གྱི་རྒྱུ་གནས་པ་ཞེས་བྱ་བ་ནི་འཇིག་པ་མ་ཐོབ་པའོ། །དམིགས་པ་ནི་ཡུལ་ཡིན་ལ་དེའི་འཛིན་པ་རྣམ་པ་ཡིན་ནོ། །བདག་དང་བདག་གིར་ འཛིན་བྱས་པའི། །ཞེས་བྱ་བ་ལ་སོགས་པས་རེ་ཞིག་སྐྱེ་བའི་རྒྱུ་ནི། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲིད་པ་ཀུན་ནས་འཆིང་བའི་རྒྱུ། །ཞེས་བྱ་བས་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཆགས་པ་རྒྱུ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ་དེ་ཡང་མདོ་ཡིན་ནོ། །ཆགས་པ་ཞེས་བྱ་བའི་རྣམ་པར་འགྲེལ་བ་ནི་སྲེད་ པ་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་དུ་གྱུར་པའི་འདུས་བྱས་ཞེས་བྱ་བ་འདིས་ནི་སྡུག་བསྔལ་གྱི་རྒྱུའི་ཡུལ་བསྟན་ཏོ། །བདག་རང་དབང་ཅན་ཐ་དད་པའམ་ཐ་དད་པ་མེད་པ་མེད་པའི་ཕྱིར་བདག་དང་བྲལ་བའོ། །བདག་མེད་པ་ཉིད་ཀྱིས་དེ་དབང་དུ་བྱས་པས་སེམས་ཅན་གྱི་ངོ་བོས་སྟོང་པ་ཉིད་ཀྱི་ཕྱིར་བདག་གི་ དང་བྲལ་བ་ལའོ། །སྔར་བཤད་ཟིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལེའུ་དང་པོར་རོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་སྤྱོད་ཡུལ་ཅན་ཆགས་པའི། །ཞེས་བྱ་བ་འདུས་བྱས་ཀྱི་སྤྱོད་ཡུལ་ཅན་དུ་བསྟན་པས། སྡུག་བསྔལ་གྱི་རྒྱུ་ནི་བདག་མེད་པ་མཐོང་བ་ལས་ཕྱིན་ཅི་ལོག་ཏུ་དམིགས་ པའི་རྣམ་པ་ཡིན་པར་བསྟན་ཏེ། སྡུག་བསྔལ་དུ་གྱུར་པའི་འདུས་བྱས་བདག་དང་བདག་གི་དང་བྲལ་བ་ལ་བདག་དང་བདག་གི་རྣམ་པར་མངོན་པར་ཞེན་པས་འཇུག་པ་ཞེས་བརྗོད་པའི་ཕྱིར་རོ། །རྣམ་པ་མང་པོ་ཞེས་བྱ་བ་འདིས་ནི་རྒྱུན་མི་འཆད་པར་གོམས་པ་བསྟན་ཏོ། །གྲོགས་མེད་པ་ཉིད་ཀྱིས་བསེ་རུ་དང་འདྲ་ བ་ཉིད་ཀྱི་ཕྱིར་རང་སངས་རྒྱས་ལ་བསེ་རུ་ཞེས་བཤད་དོ། །རྣམ་པར་མ་ཕྱེ་བ་ཅན་ནི་གང་གིས་མི་མཐུན་པའི་ཕྱོགས་སྤང་བར་བྱ་བའི་སྐྱོན་དང་། གཉེན་པོའི་ཕྱོགས་ལམ་གྱི་ཡོན་ཏན་གྱི་ཁྱད་པར་ངེས་པར་མ་བཟུང་སྟེ། ཅི་རིགས་པར་སྦྱར་རོ། །དེ་དག་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ དག་གོ། །ཕྱག་འཚལ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི། སྟོན་པ་ཚད་མར་གྱུར་པ་བདེ་གཤེགས་སྐྱོབ། །འགྲོ་ལ་ཕན་པར་བཞེད་ལ་ཕྱག་འཚལ་ནས། །ཞེས་བྱ་བར་སྦྱར་རོ། །བླང་བར་བྱ་བ་དང་དོར་བར་བྱ་བ་ཕྱིན་ཅི་ལོག་པར་སྟོན་པར་མཛད་པ་སྟོན་པ་ཉིད་ཡིན་གྱི་ཐབས་གོམས་ པས་མ་ཡིན་པ་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་ཅིའི་ཕྱིར་ཞེ་ན་ཞེས་འདྲི་བར་བྱེད་དོ། །རྒྱུ་ནི་ཐབས་གོམས་པ་ཡིན་ལ། འབྲས་བུ་ནི་སྟོན་པར་མཛད་པ་ཉིད་ཡིན་ནོ། །དེ་ལས་གཞན་པའི་ཐབས་ལས་ཁྱད་པར་ཅན་དུ་ཞེས་བྱ་བ་ནི་མཐོ་རིས་ལ་སོགས་པ་ཐོབ་པར་བྱེད་པའི་ཐབས་ལས་ཁྱད་པར་ཅན་དུ་བསྟན་པ་ ཡིན་ནོ། །ཅི་བདེ་བར་གཤེགས་པའི་སྒྲ་དོན་གསུམ་ཁོ་ན་གསལ་བར་བྱེད་པ་ཡིན་ནམ། གང་གིས་བདེ་བར་གཤེགས་པ་ཉིད་ལ་ཁྱད་པར་རྣམ་པ་གསུམ་གཞག་པ་ཡིན་ཞེ་ན། དེ་བས་ན་སུའི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་གཞན་ཡང་འཇུག་པ་མི་འགོག་མོད་ཀྱི། འདིར་ནི་དོན་གཞན་གསུམ་སྲིད་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །སྡུག་བསྔལ་བརྟེན་མིན་ཕྱིར་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་ཡང་མི་ལེན་པའི་ཕྱིར་རོ། །དེ་ལྟར་ན་སྡུག་བསྔལ་ནི་བསྔགས་པ་མ་ཡིན་ནོ། །དེ་ཡོངས་སུ་སྤངས་ནས་གཤེགས་པའི་བསྔགས་པར་གཤེགས་པ་ཡིན་ ནོ། །གལ་ཏེ་དེ་ཉིད་ཇི་ལྟར་ཡིན་ཞེ་ན། འཇིག་རྟེན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་རྒྱུ་ལ་ཞེས་བྱ་བ་ནི་བདེ་བའི་རྒྱུར་གྱུར་པའི་དངོས་པོར་འདོད་པའོ། །དེ་ལས་ཟློག་པ་ཞེས་བྱ་བའི་མི་མཐུན་པའོ། །བདག་ཏུ་ལྟ་བ་མ་སྤངས་པ་ཅན་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བའོ། །དེ་མི་འདོད་ པ་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་མི་འདོད་པ་ཉིད་ཀྱིས་སོ། །དེ་ལྟར་ན་དེས་ས་འོག་མའི་ཤུ་བ་དང་། ནད་དང་ཟུག་རྔུ་ལ་སོགས་པ་མི་འདོད་པ་ཉིད་ཀྱིས་རྟོག་པ་སྤངས་སུ་ཟིན་ཀྱང་། ས་གོང་མ་ངེས་པར་འབྱུང་བ་ལ་སོགས་པའི་རྣམ་པར་ཡོངས་སུ་བརྟགས་ན་ལེན་པར་བྱེད་དོ། །ཅིག་ཤོས་ནི་མ་ཡིན་ཏེ་ཞེས་ བྱ་བ་ནི་བདག་མེད་པ། མཐོང་བ་གོམས་པར་གྱུར་པས་ནི་མ་ཡིན་ནོ། །བཤད་མ་ཐག་པས་ཞེས་བྱ་བ་ནི་བདག་མེད་པ་ཉིད་མཐོང་བའི་མཚན་ཉིད་ཀྱིས་སོ། །དེ་འཇུག་པ་ན་ཞེས་བྱ་བ་ནི་སྐྱེ་བ་དང་སྐྱོན་འཇུག་པ་ན་སྟེ། སྐྱེ་བ་འཇུག་པ་དང་ཉེས་པ་འཇུག་པ་ན་འཁོར་བ་དང་། སོ་སོའི་སྐྱེ་བོ་ཡང་འབྱུང་བར་འགྱུར་ རོ། །དེ་བདེན་ཐ་དད་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་བདག་མེད་པ་མཐོང་བའི་དེ་དག་ཁྱད་པར་ཡིན་ནོ། །དེ་ལ་བདེན་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ནི་བདག་ཏུ་ལྟ་བ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །བདག་ཉིད་ནི་སེམས་རང་གི་ངང་གིས་འཇུག་པ་ཉིད་ཀྱིས་རང་བཞིན་ཉིད་ཡིན་པའི་ ཕྱིར་རོ། །ཚིག་གསུམ་ཟླས་དབྱེ་བ་བྱས་ནས་དངོས་པོའི་རྐྱེན་བྱའོ། །དེ་ཉིད་ནི་བདེན་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །བདེན་པ་ཉིད་ཡིན་པའི་ཕྱིར་འབད་རྩོལ་གྱི་རྩོམ་པ་མི་བྱེད་པ་ཞེས་བྱ་བ་ནི་བདག་མེད་པ་ཉིད་ཀྱི་མཐོང་བ་ཡང་དག་པ་ཡིན་ན། དེ་བསལ་བར་བྱ་བའི་དེ་ གོམས་པར་གྱུར་པ་ཇི་ལྟར་ན་འབད་རྩོལ་རྩོམ་པར་བྱེད་དེ་ཡང་སྔར་བཅད་ཟིན་ཏོ་ཞེས་བྱ་བ་ནི། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གི །བརྩོན་དང་ལྡན་ཡང་གནོད་མེད་དེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་ཉིད་མེད་པའི་ཕྱིར་ནད་མེད་ པ་སྟེ། ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །དེ་ཉིད་ནི་གདུང་བ་མེད་པ་ཞེས་བྱ་བ་འདིས་བཤད་པ་ཡིན་ནོ། །ཇི་ལྟར་ན་གདུང་བ་མེད་པ་ཡིན་ཞེ་ན། ཡང་འཁོར་བའི་སྡུག་བསྔལ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གླེགས་བམ་ལ་ལས་སྐྱོན་མེད་པ་ཞེས་འབྱུང་སྟེ། དེ་ནི་འཐད་པ་མ་ཡིན་ནོ། །མཆོང་ཞིང་འགྲོ་བ་ལ་ སོགས་པ་ཞེས་བྱ་བ་ལ་འདི་ལྟར་སྤྲེ་འུར་གྱུར་པའི་འདོད་ཆགས་དང་བྲལ་བ། སྔོན་གོམས་པའི་དབང་གིས་བསོད་སྙོམས་ལ་སོགས་པར་རྒྱུ་བའི་དུས་ན་མཆོང་ཞིང་འགྲོ་བ་ཞེས་བྱ་བ་ནི་ལུང་ཡིན་ནོ། །དམངས་རིགས་བརྗོད་པ་ལ་སོགས་པའི་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི། དཔེར་ན་འཕགས་པ་དགྲ་བཅོམ་པ་པི་ལིན་དའི་ བུ་སྐྱེ་བ་མང་པོར་བྲམ་ཟེར་སྐྱེས་པའི་ཕྱིར། དེ་སྔོན་གོམས་པའི་དབང་གིས་ཐམས་ཅད་ལ་དམངས་རིགས་ཀྱི་ཚིག་རབ་ཏུ་བརྗོད་པ་ལྟ་བུའོ། །ལུང་དུ་མ་བསྟན་ཏེ། དགེ་བ་དང་མི་དགེ་བ་དང་བྲལ་བའི་སེམས་ཀྱིའོ། །སྨྲ་བ་པོ་ཉིད་ལ་སོགས་པའི་ཞེས་བྱ་བའི་སོགས་པའི་སྒྲས་ནི་ཡོད་པ་ཉིད་དང་ཞེས་བྱ་བ་ལ་ སོགས་པ་གཟུང་ངོ་། །དེ་སྐད་དུ་ཡང་། མངོན་པའི་ང་རྒྱལ་ཅན་གང་ཞིག །ཤེས་བྱ་གཞལ་བྱ་ཉིད་དང་། དངོས་པོ་ཉིད་སོགས་མཚན་ཉིད་ཅན། །གཏན་ཚིགས་དག་གིས་བསལ་ནུས་ན། །དེ་ནི་སུ་ཞིག་རྟོག་པར་འགྱུར། །ཞེས་སྨྲའོ། །གཞན་དུ་འགྱུར་ཞེས་བྱ་བ་ནི་ཡང་ཕྱིར་མི་ལྡོག་པ་ལ་སོགས་པར་རོ། །གང་གི་ཆ་འཕེལ་ བ་དང་འགྲིབ་པ་མེད་པ་དེ་ནི་ཐེར་ཟུག་ཏུ་གནས་པ་ཞེས་བརྗོད་དོ། །དེ་རྟག་པ་ཉིད་ནི་ཐེར་ཟུག་ཏུ་གནས་པ་ཉིད་ཀྱིས་རྟག་པ་ཉིད་དོ། །འགལ་བ་དམིགས་པ་ཞེས་བྱ་བ་ནི་ཟད་པ་དང་རྟག་པ་དག་འགལ་བའི་ཕྱིར་རོ། །རེས་འགའ་འབྱུང་བ་དམིགས་པ་ལ་སོགས་པའི་སྒྲས་ ནི་བྱས་པ་དང་། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ལ་སོགས་པ་འབྱུང་ངོ་། །བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་ནི་ང་རྒྱལ་དང་ཐེ་ཚོམ་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ནི་ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་ལ་སོགས་པའོ། །གཏན་ཚིགས་ གཉིས་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཟད་པའི་ཐབས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བཤད་པ་གང་ཡིན་པའོ། །རྒྱུ་འགལ་བ་ཡང་དེ་ཡིན་ལ་རང་བཞིན་ཡང་ཡིན་པ་དེ་གོམས་པ་འདི་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེར་ན་གང་མེ་ལ་སོགས་པའི་རྒྱུ་འགལ་བའི་རང་བཞིན་ ཡོད་པ་ལྟ་བུའོ། །དེ་ལྟ་བུར་གྱུར་པ་མ་ཡིན་པའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་གཉིས་པའོ། །གཏན་ཚིགས་སྔ་མ་མ་གྲུབ་པ་མ་ཡིན་ལ་ཞེས་བྱ་བ་ནི་རྒྱུ་འགལ་བའི་རང་བཞིན་གོམས་པ་ཅན་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པས་བཤད་པའོ། །འདི་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པ་ཡང་ ངོ་། །ལ་ལར་འགའ་ཞིག་བསྟན་ཟིན་པ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བ་ནི། རྒྱུའི་ངོ་བོ་རྟོགས་པའི་ཕྱིར། དེའི་མི་མཐུན་ཕྱོགས་ཀྱང་དེས་འགྱུར་ཞེས་བྱ་བ་ལ་སོགས་པས་འགལ་བའི་རྐྱེན་བསྟན་པར་མཛད་པ་ཡིན་ནོ། །དུས་མང་པོར་ཡང་རྣམ་པ་མང་པོས་ཞེས་བྱ་བ་ལ་སོགས་པས་རྒྱུ་འགལ་བའི་རང་བཞིན་གོམས་པ་ ཡོད་པ་ཅན་ཡང་བསྟན་པ་ཉིད་ཡིན་ནོ། །གལ་ཏེ་འབྲུའི་རྒྱུན་ཚིག་པ་ཡང་ནུས་པའི་ངོ་བོར་གནས་པའི་ཕྱིར་སྦྱོར་བ་དང་པོའི་འབྲུ་ལ་སོགས་པའི་དཔེ་ནི་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ་ཞེ་ན། འབྲུ་ལ་སོགས་པའི་རྒྱུན་ནུས་པའི་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲུ་ལ་སོགས་པའི་རྒྱུན་ནུས་པའི་ངོ་བོའི་ གནས་སྐབས་རྒྱུན་ཆད་པའི་རྒྱུའི་ཕྱིར་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་ཀྱི་རྩོད་པ་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འབྲུ་ལ་སོགས་པ་ངོ་བོ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་གང་ཡིན་པ་དེ་ཤིན་ཏུ་རྒྱུན་ཆད་པ་ཉིད་ཀྱི་ཕྱིར་གང་ལས་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་ཡིན་ནོ། །གལ་ཏེ་དེ་ཤིན་ཏུ་རྒྱུན་ ཆད་པ་ཇི་ལྟར་རྟོགས་པ་ཡིན་ཞེ་ན། གང་ཞིག་གང་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལ་རྒྱུའི་རང་བཞིན་རིག་པའི་མཚན་ཉིད་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱུའི་རང་བཞིན་ནི་དེའི་མཚན་ཉིད་དོ། །དེ་ཤེས་པ་དེ་ཉིད་སྒོ་ཡིན་ལ་དེས་བསྒྲུབ་པར་བྱ་བ་སྟེ། ངེས་པ་བཟློག་པ་ཞེས་བྱ་བ་གནོད་པ་ཅན་གྱི་ཕྱོགས་ཀྱི་རང་གི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་རླུང་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ནད་གཞི་སེལ་བའི་སྒོ་ནས་དེའི་གཉེན་པོ་ཏིལ་མར་ལ་སོགས་པ་ངེས་པར་བྱས་པ་ལྟ་བུའོ། །གཏན་ཚིགས་གསུམ་པ་ཡང་མ་གྲུབ་ པ་ཡིན་ནོ་ཞེས་བྱ་བ་ནི། གང་ཞིག་གང་ཟད་པའི་ཐབས་རིག་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་བཤད་པ་གང་ཡིན་པའོ། །དེ་ཉིད་ནི་ཞེས་བྱ་བ་ནི་ཀུན་སྟོན་པར་མཛད་པའོ། །རྗེས་སུ་སྟོན་པའི་ཆོ་འཕྲུལ་ཞེས་གྲགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་ཆོ་འཕྲུལ་ནི་རྣམ་པ་གསུམ་སྟེ། དེ་ལ་རྫུ་འཕྲུལ་ མངོན་པར་ཤེས་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །གཞན་གྱི་སེམས་མངོན་པར་ཤེས་པ་ནི་ཀུན་སྟོན་པའི་ཆོ་འཕྲུལ་ལོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་རྗེས་སུ་སྟོན་པའི་ཆོ་འཕྲུལ་ལོ། །དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་ཀུན་ཏུ་སྟོན་པ་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །ཇི་ལྟར་ན་ཀུན་སྟོན་པ་ ལ་སྐྱོབ་པ་ཞེས་བརྗོད་ཅེ་ན། དེའི་ཕྱིར་གང་གིས་སེམས་ཅན་རྣམས་སྐྱོབ་པར་མཛད་པ་ཞེས་བྱ་བ་སྨོས་སོ། །རྒྱུ་སྔ་མ་སྔ་མས་ཞེས་བྱ་བ་ནི་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་དང་། སྟོན་པ་ཉིད་ཀྱིས་བདེ་བར་གཤེགས་པ་ཉིད་དང་། བདེ་བར་གཤེགས་པ་ཉིད་ཀྱིས་སྐྱོབ་པ་ཉིད་བསྒྲུབས་པ་ཡིན་ནོ། །གང་གི་ཕྱིར་ འགྲོ་བ་ལ་ཕན་པར་བཞེད་པ་དེའི་ཕྱིར་ཐབས་རྣམས་ལ་ནི་མངོན་སྦྱོར་མཛད་དོ། །དེ་བས་ན་བསྟན་པ་ཉིད་བརྙེས་པ་ཡིན་ནོ། །ཐབས་གོམས་པ་ཅན་ཐབས་ལས་བྱུང་བ་བདེ་བར་གཤེགས་པ་ཉིད་བརྙེས་པ་ཡིན་ནོ། །ཐབས་ལས་བྱུང་བ་དང་དེའི་རྒྱུ་མངོན་སུམ་དུ་མཛད་ནས་དེ་དག་ཕྱིན་ཅི་མ་ལོག་པར་བསྟན་ པར་མཛད་པའི་ཕྱིར་སྐྱོབ་པ་ཉིད་བརྙེས་པ་ཡིན་ནོ། །འབྲས་བུ་ཕྱི་མ་ཕྱི་མ་རྟོག་པའི་སྒོ་ནས་རྒྱུ་ཕྱི་མ་གྲུབ་པ་ཡང་དག་པར་སྟོན་པས་ཞེས་བྱ་བ་ནི་འབྲས་བུ་ཕྱི་མ་ཕྱི་མའི་རྒྱུ་ནི་ཕྱི་མ་ཕྱི་མ་ཡིན་ཏེ། སྔ་མ་སྔ་མ་ཞེས་བྱ་བའི་དོན་ཏོ། །དེ་གྲུབ་པ་ཡང་དག་པར་སྟོན་པས་ཞེས་བྱ་བ་ནི་སྐྱོབ་པ་ཉིད་ཀྱིས་བདེ་བར་ གཤེགས་པ་ཉིད་དང་། བདེ་བར་གཤེགས་པ་ཉིད་ཀྱིས་བསྟན་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ། །བསྟན་པའི་ངོ་བོ་ཅན་གྱི་ཞེས་བྱ་བ་ནི་སྲིད་པའི་རྗེས་སུ་དཔག་པས་ཤིན་ཏུ་མི་སྲིད་པ་དགག་པ་བསྟན་པ་གང་ཡིན་པ་དེ་ནི། དེ་ལྟ་བུར་གྱུར་པ་ཉིད་ཡིན་གྱི། འདི་ཉིད་ཅེས་བསྟན་པ་ ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་དངོས་པོ་ཡོངས་སུ་མཁྱེན་པའི་མཚན་ཉིད་ཅན་གྱི་ཚད་མ་ཉིད་བསྟན་པའི་ངོ་བོ་ཅན་ཡིན་གྱི། སྲོག་ཆགས་ཀྱི་གྲངས་ལ་སོགས་པ་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་ནི་མ་ཡིན་ནོ། །བདེན་པ་བཞི་ནི་སྟོན་མཛད་ཡིན། །ཞེས་བྱ་བ་ལ་སྡུག་ བསྔལ་གྱི་བདེན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཀུན་འབྱུང་གི་བདེན་པ་ནི་གཙོར་སྲེད་པ་དང་མ་རིག་པའོ། །འགོག་པའི་བདེན་པ་ནི་སྡུག་བསྔལ་རབ་ཏུ་ཞི་བའོ། །ལམ་གྱི་བདེན་པ་དེ་ནི་ཐོབ་པའི་ཐབས་བདག་མེད་པ་ཉིད་མཐོང་བའོ། །དེ་ལ་བདེན་པ་རེ་རེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་སྐྱེ་བ་དང་འཇིག་ པ་ཅན་ཉིད་ཀྱི་ཕྱིར་མི་རྟག་པའོ། །མི་མཐུན་པར་གྱུར་པའི་ཕྱིར་སྡུག་བསྔལ་བའོ། །བདག་དང་བྲལ་བའི་ཕྱིར་སྟོང་པའོ། །བདག་ཉིད་རང་གི་རང་བཞིན་དང་བྲལ་བའི་ཕྱིར་བདག་མེད་པའོ། །བསྡུས་ནས་བྱེད་པའི་ཕྱིར་ཀུན་འབྱུང་བ་ཉིད་དོ། །རྒྱུའི་རྩ་བ་ཉིད་ཡིན་པའི་ཕྱིར་རྒྱུའོ། །རང་དང་རྗེས་སུ་མཐུན་པའི་འབྲས་ བུ་བྱེད་པའི་ཕྱིར་རྐྱེན་ནོ། །འབྲེལ་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་རབ་ཏུ་སྐྱེ་བའོ། །ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །ཡོངས་སུ་གདུང་བ་ཐམས་ཅད་ཞི་བའི་ཕྱིར་ཞི་བའོ། །ཕན་པ་ཉིད་ཀྱི་ཕྱིར་དང་མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །འཁོར་བ་ ལས་ངེས་པར་འབྱུང་བའི་ཐབས་ཉིད་ཡིན་པའི་ཕྱིར་ལམ་མོ། །རིགས་པ་དང་ལྡན་པའི་ཕྱིར་རིགས་པའོ། །ཡང་དག་པར་གྲུབ་པའི་དོན་གྱིས་ན་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདྲ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པ་ཉིད་དོ། །སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་ནི་སྒྲུབ་པར་བྱེད་པའི་ངོ་བོར་རབ་ཏུ་གྲུབ་ པ་ཉིད་ཀྱིས་ཞེས་བྱ་བ་ནི། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བའི་རྒྱུ། །ཞེས་བྱ་བ་ལ་སོགས་པའོ།