Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
ཐུན་པ་ཅན་ཉིད་ཀྱིས་རང་རྒྱུད་པ་མ་ཡིན་པའི་རང་བཞིན་ནི་བདག་མེད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གང་གི་ཕྱིར་
དེ་ལྟ་ཡིན་པ་དེ་བས་ན་ངོ་བོ་སྟེ་རང་བཞིན་བདག་མེད་པ་ཡིན་གྱི་བདག་ལྡོག་པ་ཙམ་ནི་མ་ཡིན་ནོ། །ཡང་ན་བདག་མེད་པ་དེའི་དངོས་པོའི་ངོ་བོ་སྟེ་དེའི་ངོ་བོས་བདག་མེད་པ་ཉིད་དངོས་པོའི་ངོ་བོ་ཉིད་དུ་དངོས་པོའི་རྐྱེན་ཞེས་བརྗོད་པ་ཡིན་ནོ། །དངོས་པོ་ཞེས་བྱ་བ་ཐ་དད་པ་སྤྱི་དང་ཁྱད་པར་
ཅན་གྱི་མཚན་ཉིད་ཅན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་མ་ཡིན་ན་གལ་ཏེ་ལྡོག་པ་ཙམ་བདག་མེད་པར་འགྱུར་བ་དེའི་ཚེ་རང་བཞིན་ཉིད་མེད་པ་ཡིན་པའི་ཕྱིར་དེ་ཉེ་བར་བརྗོད་པ་མེད་པར་འགྱུར་རོ། །ཉེ་བར་བརྗོད་པ་དེ་ལ་ཡང་བྱས་པ་ཉིད་ལ་སོགས་པའི་སྒྲས་
བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ལ་སོགས་པ་དངོས་པོའི་ཆོས་གཏན་ཚིགས་སུ་མི་རུང་བའི་ཕྱིར་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་དེ་ལས་བདག་མེད་པ་གྲུབ་པ་སྟེ་བདག་མེད་པ་ཉིད་རྟོགས་པར་མི་འགྱུར་རོ། །གང་བྱས་པ་དེ་ནི་བདག་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་

སྦྱོར་བ་ལ་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱིས་བདག་མེད་པ་ཉིད་རྟོགས་པ་དེ་བས་ན་སངས་རྒྱས་པ་ནི་མེད་པ་ཙམ་གྱིས་བདག་མེད་པ་ལ་སོགས་པ་བདག་མེད་པར་མི་འདོད་དོ། །གལ་ཏེ་གང་བྱས་པ་དེ་ནི་བདག་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ། རྣམ་
པར་གཅོད་པ་ཙམ་བརྗོད་པར་འདོད་པ་མ་ཡིན་གྱི་འོན་ཀྱང་བདག་རྣམ་པར་བཅད་ནས་བདག་མེད་པའི་ངོ་བོ་བདག་མེད་པའི་སྒྲས་རྗོད་པར་བྱེད་པའི་ཕྱིར་རོ། །བྱས་པ་ལ་སོགས་པ་ལས་བདག་མེད་པ་ཉིད་ཀྱི་རྟོགས་པ་ཐོབ་པར་མི་འགྱུར་བ་དེ་ལྟར་ན་སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེ་ན། འདི་
ལྟར་ཡང་བདག་ཉིད་ཀྱི་ངོ་བོ་མ་ཡིན་པར་བཀག་པས་དངོས་པོ་ལ་རེག་པའི་ཕྱིར། ཁོ་བོ་ཅག་གིས་བཤད་པའི་བདག་མེད་པའི་དེ་ཉིད་ཐོབ་བོ། །དེ་ལྟར་ན་རེ་ཞིག་དཔྱོད་པ་པ་འདིའི་བསྒྲུབ་པར་བྱ་བ་ལོག་པ་བྲལ་བ་ཙམ་སྟེ། རྣམ་པར་བཅད་པས་བསྒྲུབ་བྱ་གྲུབ་པའི་ཕྱིར་
རྗེས་སུ་འགྲོ་བ་དོན་གྱིས་གཟུང་བ་ཉིད་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཐམས་ཅད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་ཏོ། །ད་ནི་རིགས་པ་པའི་དབང་དུ་མཛད་ནས། གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པ་པ་གང་གིས་དངོས་པོ་
མེད་པའི་ངོ་བོ་རྣམ་པར་བཅད་པ་ཙམ་མ་ཡིན་པ་སྟེ། བསྒྲུབ་པར་བྱ་བ་ལྡོག་པ་མ་ཡིན་གྱི། འོན་ཀྱང་དངོས་པོའི་ཆོས་ཉིད་ཡིན་ནོ། །དེ་སྐད་དུ་བརྗོད་པའི་རིགས་པ་པ་དེའི་དངོས་པོའི་ངོ་བོ་རྣམ་པར་གཅོད་པ་སྟེ། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ཀྱི་དངོས་པོའི་ངོ་བོ་
ལོག་པའི་དོན་ཅན་ཉིད་རྣམ་པར་གཅོད་པ་ཡིན་ན་ཡང་བསྒྲུབ་པར་བྱ་བའི་རང་བཞིན་གྲུབ་པར་མི་འགྱུར་རོ། །ལོག་པའི་དོན་ཅན་ཉིད་རྣམ་པར་བཅད་པ་ན་ཡང་བདེན་པའི་དོན་ཅན་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱིར་ཏེ་གཏན་ཚིགས་ལོག་པ་ན་རྗེས་སུ་འགྲོ་བ་འཕངས་པ་མ་
ཡིན་ནོ། །ཇི་ལྟར་མ་བྱས་པ་ཉིད་ཀྱི་ཕྱིར་རིག་བྱེད་ཀྱི་ཚིག་བདེན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ལ་བཤད་མ་ཐག་པའི་རིགས་པས་རྗེས་སུ་འགྲོ་བ་འཕངས་པ་མེད་པ་དེ་ལྟར་ན་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ནོ། །སྲོག་ལ་སོགས་པ་དང་ལྡན་པ་

ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ལྡོག་པ་ཅན་འདི་ལ་ཡང་སྲོག་ལ་སོགས་པ་དང་ལྡན་པ་དག་བདག་མེད་པ་མ་ཡིན་པ་སྟེ། བདག་མེད་པ་ལོག་པ་ལ་ཡང་ངོ་། །དངོས་པོ་གྲུབ་པར་མི་འགྱུར་བ་སྟེ། བདག་གི་མཐུན་པའི་ཕྱོགས་སུ་གྲུབ་པར་མི་
འགྱུར་ཏེ། རྗེས་སུ་འགྲོ་བ་འཕངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སྦྱོར་བ་བསྟན་པ་སྔོན་དུ་སོང་བ་ཅན་གྱིས་གསལ་བར་བྱ་བའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་
པ་ཉིད་ཀྱི་ཕྱིར་རོ། །སྲོག་ནི་དབུགས་འབྱུང་བའོ། །སོགས་པའི་སྒྲས་ནི་དབུགས་རྔུབ་པ་ལ་སོགས་པ་གཟུང་ངོ་། །སྦྱོར་བ་འདི་ལ་བསྒྲུབ་པར་བྱ་བ་ནི་གསོན་པོའི་ལུས་ཀྱི་བདག་དང་བཅས་པ་ཉིད་ཡིན་ན། མཐུན་པའི་ཕྱོགས་སུ་གྱུར་པའི་བདག་གཉི་ག་ལ་གྲུབ་པ་
མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་མ་དཔྱད་པར་བསྒྲུབ་པར་བྱ་བ་བདག་དང་གཏན་ཚིགས་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་ཀྱི་རིམ་བཞིན་དུ་མི་མཐུན་པའི་ཕྱོགས་བདག་མེད་པ་ཉིད་དང་། སྲོག་ལ་སོགས་པ་དང་ལྡན་པ་ཉིད་མ་ཡིན་པ་གང་ཡིན་པ་དེ་དག་གིས་ཁྱབ་པར་
བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་འབའ་ཞིག་དཔྱོད་པར་བྱེད་པ་ནའོ། །དེ་བྱེད་པ་ན་ཡང་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་ལ་བདག་མེད་པ་ཉིད་མཐོང་བ་དང་། དེ་མེད་ན་སྟེ་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་མེད་པ་ལ་ཁྱབ་པར་བྱ་བ་བདག་མེད་པ་ནི་
སྲོག་ལ་སོགས་པ་དང་ལྡན་པ་ལ་མེད་པར་རིགས་པའི་ཕྱིར། བདག་མེད་པ་བདག་ཉིད་མེད་དུ་ཟིན་ཀྱང་སྲོག་ལ་སོགས་པ་གཏན་ཚིགས་ཉིད་དུ་མངོན་པར་འདོད་པ་དག་ནི་མཐུན་པའི་ཕྱོགས་སུ་གྱུར་བའི་བདག་ལ་གྲུབ་པ་ཉེ་བར་འཇོག་པར་བྱེད་པ་མ་ཡིན་ཏེ། བདག་
མེད་པ་དངོས་པོའི་ངོ་བོ་རྣམ་པར་བཅད་དུ་ཟིན་ཀྱང་བདག་གི་མཚན་ཉིད་ཅན་གྱི་རང་བཞིན་འཕངས་པ་མེད་པའི་ཕྱིར་རོ། །དེ་བས་ན་ལོག་པ་ཡིན་དུ་ཟིན་ཀྱང་རྗེས་སུ་འགྲོ་བ་ཤུགས་ཀྱིས་འོང་བ་མེད་པའི་ཕྱིར་སྲོག་ལ་སོགས་པའི་གཏན་ཚིགས་ལྡོག་པ་ཅན་ཉིད་ཡིན་ནོ་

ཞེས་རིགས་པ་པའི་འདོད་པ་སྒྲུབ་པའི་གཞུང་དེ་ཙམ་གྱིས་བསྟན་ཏོ། །ཁས་བླངས་པ་དེ་ལད་སྐྱོན་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲོག་ལ་སོགས་པ་དག་ལས་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་ལོག་པས་བདག་མེད་པ་ལྡོག་པར་འགྱུར་
བས་ཀྱང་སྲོག་ལ་སོགས་པ་དག་ནི་མཐུན་པའི་ཕྱོགས་སུ་འགྱུར་བའི་བདག་ལ་གྲུབ་པར་འཇོག་པར་བྱེད་པ་མ་ཡིན་པ་དེ་ལྟར་གསོན་པོའི་ལུས་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་སྲོག་ལ་སོགས་པ་དག་གིས་བདག་མེད་པ་འབའ་ཞིག་བསལ་བར་འགྱུར་གྱི་བདག་ཉེ་བར་འཇོག་
པ་ནི་མ་ཡིན་ནོ། །སྡུད་པར་བྱེད་པའི་ངག་དེ་ཉིད་བསལ་བར་བྱ་བའི་ཕྱིར་བདག་མེད་པ་ཉིད་ལ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་མེད་པ་ཉིད་ལ་སྲོག་ལ་སོགས་པ་མེད་པའི་ཕྱིར་སྲོག་ལ་སོགས་པ་དེ་བསལ་བ་སྟེ། བདག་མེད་པ་ཙམ་རྣམ་པར་གཅོད་པར་
བྱེད་པ་ཡིན་གྱི། བདག་ཉེ་བར་འཇོག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་དང་བཅས་པ་དེ་ལ་སྲོག་ལ་སོགས་པ་ཡོད་པ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་འགྱུར་ན་བདག་དང་བཅས་པ་ཉིད་དང་མི་མཐུན་པའི་བདག་མེད་པ་ཉིད་གསོན་པོའི་ལུས་ལས་བསལ་བ་ན། དོན་
གྱིས་གསོན་པོའི་ལུས་ནི་བདག་དང་བཅས་པར་འགྱུར་རོ་ཞེ་ན། བདག་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་མེད་པ་ལོག་པས་ཀྱང་གསོན་པོའི་ལུས་ལ་བདག་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་མཐུན་པའི་ཕྱོགས་བདག་མེད་པ་ལས་སྲོག་ལ་སོགས་པ་
ལྡོག་པར་མཐོང་བར་འདོད་ན་ཡང་མཐུན་པའི་ཕྱོགས་བདག་ལ་ཡང་སྲོག་ལ་སོགས་པ་གྲུབ་པར་ཐལ་བར་འགྱུར་རོ། །རྣམ་པ་གཞན་དུ་ན་བདག་ལོག་ཏུ་ཟིན་ཀྱང་གལ་ཏེ་སྲོག་ལ་སོགས་པ་བདག་ལ་རྣམ་པར་གནས་པ་མི་ཐོབ་པ་དེའི་ཚེ་བདག་མེད་པ་ལས་ལྡོག་པ་ཉིད་དུ་མི་འགྱུར་
ཏེ། །རྣམ་པ་གཞན་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པས་དེ་བས་ན་བཟློག་པའི་ཁྱབ་པ་ཡོད་པ་མ་ཡིན་པ་སྟེ། བདག་དང་བཅས་པ་ཉིད་དང་སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་བདག་མེད་པ་ཉིད་དང་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་ཀྱི་

ཁྱབ་པ་མི་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཞེ་ན་བདག་མེད་པ་ལས་སྲོག་ལ་སོགས་པ་ལྡོག་པ་མ་གྲུབ་ནའོ། །གལ་ཏེ་སྲོག་ལ་སོགས་པ་དག་ལས་བདག་མེད་པ་ཉིད་ལོག་པར་འགྱུར་བ་དེ་ལྟར་ན། གཏན་ཚིགས་ཀྱི་མི་མཐུན་པའི་ཕྱོགས་
སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་བདག་མེད་པ་ལ་ཁྱབ་པར་འགྱུར་རོ། །ལྡོག་པ་དེ་ཡང་རྗེས་སུ་འགྲོ་བ་ཡོད་ན་འགྱུར་བ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་པ་དེ་གྲུབ་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་གྲུབ་པ་ཡིན་ཏེ། དེ་ནི་དེ་མེད་ན་
མི་འབྱུང་བ་ཉིད་ཀྱི་ཕྱིར། ལྡོག་པ་གྲུབ་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་གྲུབ་པར་བསྟན་ཏོ། །ཅི་སྟེ་རྗེས་སུ་འགྲོ་བ་གྲུབ་པར་མི་འདོད་པ་དེའི་ཚེ་རྗེས་སུ་འགྲོ་བ་མ་གྲུབ་ན་ནི་དེ་ལྡོག་པ་གྲུབ་ཏུ་ཟིན་ཀྱང་བདག་དེ་ལྡོག་པ་དེ་བདག་མེད་པའོ། །དེ་ནི་སྲོག་ལ་སོགས་པ་ལས་བཟློག་པ་གྲུབ་ཏུ་
ཟིན་ཀྱང་ངོ་། །དེ་མ་གྲུབ་པ་སྟེ་བདག་དེའི་མཐུན་པའི་ཕྱོགས་སུ་གྱུར་པ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་གསོན་པོའི་ལུས་ལ་ཡང་བདག་མེད་པ་ལོག་ཏུ་ཟིན་ཀྱང་བདག་མི་འགྲུབ་པར་ཐལ་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །
དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ལྡོག་པའི་ཁྱབ་པ་ལ་རྗེས་སུ་འགྲོ་བ་མེད་པ་མ་ཡིན་ཞིང་བྲལ་བ་མ་ཡིན་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མི་མཐུན་པའི་ཕྱོགས་དག་ལ་ཁྱབ་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་པ་པའི་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་
ཀྱིས་བདག་མེད་པ་ལ་ཁྱབ་པ་ནི་བླ་སྟེ། གསོན་པོའི་ལུས་ལ་རྣམ་པ་གཞན་མེད་པའི་ཕྱིར་ཁས་བླངས་ནས་ཀྱང་བདེན་པའི་དོན་ཅན་ཉིད་སྒྲུབ་པར་བྱེད་པའི་གཏན་ཚིགས་མ་བྱས་པ་ཉིད་ལ་རྣམ་པ་འདི་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པའི་ཕྱིར། ལོག་པའི་དོན་ཅན་ཉིད་ནི་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། ལོག་པའི་དོན་ཅན་ཉིད་ནི་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་དག་ནི་སྐྱེས་བུས་བྱས་པ་ཉིད་ཀྱིས་ཁྱབ་པར་རྒྱུར་གྱུར་པའི་སྒྲས་སྐྱེས་བུས་མ་བྱས་པ་ལས་ལོག་ཏུ་ཟིན་ཀྱང་མ་བྱས་པ་ནི་བདེན་པའི་དོན་ཅན་ཉིད་དུ་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེན་པའི་

དོན་ཅན་དང་ལོག་པའི་དོན་མ་གཏོགས་པར་དོན་མེད་པ་ཅན་གྱི་རྣམ་པ་གཞན་ཡོད་པའི་ཕྱིར་རོ། །གལ་ཏེ་སྒྲ་རྣམས་ལ་བདེན་པའི་དོན་ཅན་ཉིད་དང་ལོག་པའི་དོན་ཅན་ཉིད་ཀྱི་ཕུང་པོ་གཉིས་ཡོད་པ་དེའི་ཚེ་སྒྲ་རྣམས་ལ་ཕུང་པོ་གཉིས་ཡོད་ན་དེ་ལྟར་འགྱུར་བ་སྟེ། ལོག་པའི་དོན་ཅན་
ཉིད་ལྡོག་ན་བདེན་པའི་དོན་ཅན་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཅིག་ལོག་པ་ན་སྟེ་ལོག་པའི་དོན་ཅན་ཉིད་ལྡོག་པ་ན་བདེན་པའི་དོན་ཅན་མ་གཏོགས་པ་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕུང་པོ་གཉིས་ཀྱང་ཡོད་པ་མ་ཡིན་ནོ། །རྣམ་པ་གཞན་ཡང་སྲིད་པའི་ཕྱིར་རོ། །
དེ་བས་ན་སྒྲ་དེ་དག་དོན་མེད་པ་ཅན་དུ་ཡང་འགྱུར་བ་དེ་ལྟར་ན་འདོད་པའི་དོན་གྲུབ་པ་མ་ཡིན་པ་སྟེ། བདེན་པའི་དོན་ཅན་ཉིད་གྲུབ་པ་མ་ཡིན་ནོ། །གལ་ཏེ་སྒྲ་ལས་དོན་རྟོགས་པའི་རྒྱུའི་ཕྱིར་དོན་མེད་པ་ཅན་མ་ཡིན་ནོ་ཞེ་ན། འདི་ངོ་བོ་ཉིད་ཀྱིས་དོན་ཤེས་པ་ནི་མ་ཡིན་ཏེ། འོན་
ཀྱང་དེ་དག་ནི་སྐྱེས་བུའི་བྱ་བས་འགྱུར་བ་སྟེ། བརྡ་ནི་སྐྱེས་བུའི་བྱ་བ་དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར། སྐྱེས་བུའི་བྱ་བས་ཞེས་ཐ་དད་པ་མེད་པར་བསྟན་ཏོ། །སྐྱེས་བུའི་བྱ་བ་ལས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་དང་འདྲ་བར་ཞེ་ན། རབ་ཏུ་གྲགས་པའི་དོན་གཞན་ལས་རྣམ་
པར་རྟོག་པ་བཞིན་ནོ། །དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པས་འཆད་དེ། རྒྱལ་དཔོག་པ་དག་གི་འདོད་པའི་དོན་གྱིས་བ་ར་ཏ་དང་། ལྷའི་བུ་མོ་ལ་སོགས་པའི་ལུགས་ལ་སོགས་པ་ནི་དེའི་དོན་ཅན་མ་ཡིན་དུ་ཟིན་ཀྱང་ངོ་། །སོགས་པའི་སྒྲས་ནི་ལྷའི་ཁྱད་པར་གཞན་
དག་གི་ལུགས་དང་། སོགས་པ་སྨོས་པ་གཉིས་པ་ནི་བ་ར་ཏ་ལ་སོགས་པ་སྨོས་པ་དག་གི་ལུགས་ལས་གནས་སྐབས་ཁྱད་པར་ལ་སོགས་པ་གཞན་དག་ཀྱང་གཟུང་ངོ་། །དོན་དཔྱོད་པ་པ་གཞན་དག་གིས་འཇིག་རྟེན་ལ་རབ་ཏུ་གྲགས་པ་ལས་རྣམ་པ་གཞན་དུ་སྟེ། བ་ར་ཏ་
དང་ཞེས་བྱ་བ་མཆོད་སྡོང་དང་། ལྷའི་བུ་མོ་ཞེས་བྱ་བ་སྣོད་དམ་གཙུབ་ཤིང་ཞེས་བྱ་བ་ལ་སོགས་པ་འཆད་དོ། །གལ་ཏེ་འཆད་པ་པོས་རྣམ་པར་བརྟགས་པའི་ངག་ལས་དོན་རྟོགས་པར་མི་འགྱུར་རོ་ཞེ་ན། དེའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆད་

པ་པོ་དག་གིས་རྣམ་པར་བརྟགས་པའི་དོན་གྱི་རྗེས་སུ་འབྲངས་ནས་ཉན་པ་པོ་འགའ་ཞིག་གིས་ཀྱང་རྟོགས་པ་ཉིད་དུ་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི་བ་ར་ཏ་ལ་སོགས་པའི་སྒྲའི་བཤད་པ་ལྟ་བུའོ། །ངོ་བོ་ཉིད་ཀྱིས་རིག་བྱེད་ཀྱི་ངག་དོན་མེད་པ་ཅན་དག་ཡིན་དུ་
ཟིན་ཀྱང་དོན་དུ་རྣམ་པར་རྟོག་པ་འདི་ནི་སྐྱེས་བུས་བྱས་པར་འགྱུར་བ་མ་ཡིན་གྱི། སྒྲའི་རང་བཞིན་གྱིས་བྱས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིག་བྱེད་པ་དག་གི་ལས་དོན་རྟོགས་པ་ནི་རྒྱལ་དཔོག་པ་ལ་སོགས་པའི་སྐྱེས་བུས་བསྟན་པ་ལ་རག་ལུས་པའི་ཕྱིར་རོ། །ཅི་དང་འདྲ་བར་
ཞེ་ན། དོན་གཞན་བཞིན་ཏེ། བ་ར་ཏ་དང་ལྷའི་བུ་མོ་ལ་སོགས་པའི་སྒྲ་རྣམས་ལ་དོན་གཞན་དུ་རྣམ་པར་རྟོག་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་ཉིད་ཀྱིས་དོན་བསྟན་པ་ཡིན་དུ་ཟིན་ཀྱང་སྐྱེས་བུས་བསྟན་པ་ལ་ལྟོས་པར་འགྱུར་རོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ།
གང་གི་ཕྱིར་ངོ་བོ་ཉིད་དེ། རང་བཞིན་གྱིས་མེ་ལ་སོགས་པ་དོན་གསལ་བར་བྱེད་པ་སྐྱེས་བུས་བསྟན་པ་དེ་ལ་ལྟོས་པ་མ་ཡིན་ནོ། །སྐྱེས་བུས་བདག་ཉིད་དེ་རང་ཉིད་ཀྱི་བརྡས་ཐ་སྙད་དུ་བྱས་པ་བརྗོད་པ་ན་འདི་ལྟར་སྒྲ་འདི་ནི་ཁོ་བོས་དོན་འདི་ལ་སྦྱར་བ་ཡིན་ནོ་ཞེས། གཞན་ལ་སྟོན་
པར་བྱེད་པ་ཞེས་བྱ་བ་ནི་རིགས་ཀྱི་ངོ་བོ་ཉིད་དོན་གསལ་བར་བྱེད་པ་ཡིན་ན་ནི་སྐྱེས་བུས་བསྟན་པ་རིགས་པ་མ་ཡིན་ནོ། །ཅི་སྟེ་སྐྱེས་བུས་བརྡར་བྱས་པའི་དོན་དང་འདྲ་བར་རིག་བྱེད་ཀྱི་ངག་ངོ་བོ་ཉིད་ཀྱིས་གྲུབ་པའི་དོན་ཀྱང་སྐྱེས་བུས་བསྟན་པ་ལ་རག་ལུས་པ་དེའི་ཚེ་སྐྱེས་བུས་བརྡར་བྱས་
ཤིང་ཐ་སྙད་དུ་བྱས་པ་གང་ཡིན་པ་དང་། ངོ་བོ་ཉིད་ཀྱིས་ཏེ། རང་བཞིན་གྱིས་གྲུབ་པ་གང་ཡིན་པ་དེ་གཉི་ག་དག་ཀྱང་སྐྱེས་བུས་བསྟན་པ་ལ་རག་ལུས་པར་བྱེ་བྲག་མེད་པའི་ཕྱིར་དང་། ཁྱད་པར་གཞན་འགའ་ཞིག་ཡོད་པ་མ་ཡིན་ན། གང་གིས་ནི་འདི་ལྟར་འདི་ནི་སྐྱེས་བུས་བརྡར་
བྱས་པ་ཡིན་ལ། འདི་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ནོ་ཞེས་བྱ་བར་རྟོགས་པ་མེད་པའི་རྒྱུ་དེའི་ཕྱིར་རོ། །རིག་བྱེད་པའི་དོན་གཅིག་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ལ། འཇིག་རྟེན་པའི་དག་གི་དོན་གཞན་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་ངེས་པར་དཀའ་ཞིང་རྟོགས་པར་དཀའ་བ་

ཡིན་ཏེ། ཐ་དད་པར་སྒྲུབ་པའི་ཚད་མ་མེད་པའི་ཕྱིར་རོ། །གལ་ཏེ་བྱེ་བྲག་ཡོད་པ་སྟེ་ངོ་བོ་ཉིད་ཀྱིས་གྲུབ་པའི་རིག་བྱེད་པའོ། །དེ་གང་ཞེ་ན་ཚད་མས་མི་སླུ་སྟེ། ཚད་མ་གཞན་གྱི་རྗེས་སུ་འཇུག་པའོ། །དེ་ལྟར་མི་འགྱུར་བ་གང་ཡིན་པ་དེ་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེ་ན།
དེ་ནི་འོག་ནས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཚད་མ་གཞན་འཇུག་པ་མེད་དོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་འགོག་པར་འགྱུར་རོ། །སྐྱེས་བུས་བསྟན་པ་ལ་ལྟོས་པ་ལ་སོགས་པ་དང་། འཇིག་རྟེན་པ་དང་རིག་བྱེད་པ་དག་གི་དོན་དག་ཆོས་མཐུན་པ་ཡོད་པའོ། །
ཚད་མས་མི་སླུ་བ་ཙམ་གྱི་ཁྱད་པར་གྱིས་རིག་བྱེད་པའི་དོན་གྱི་དངོས་པོ་གཅིག་པུ་ལ་སྐྱེས་བུས་མ་བྱས་པ་ཉིད་དུ་རྟོགས་པ་ནའོ། །ད་ནི་འཇིག་རྟེན་པའི་ངག་ཚད་མས་མི་སླུ་བ་ཆེས་ཤིན་ཏུ་མང་པོ་དག་ཀྱང་སྐྱེས་བུས་མ་བྱས་པར་རྟོགས་པར་འགྱུར་ཏེ། འདི་ལྟར་སྐྱེས་བུས་
བྱས་པའི་ངག་གཞན་འགའ་ཞིག་སྟེ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡོད་པར་འགྱུར་རོ། །དེ་ལྟ་བུའི་རྣམ་པ་ཡིན་པའི་ཕྱིར་ཏེ་ཚད་མས་མི་སླུ་བ་ཡིན་པའི་ཕྱིར་དེ་དག་ལ་ཡང་སྐྱེས་བུས་མ་བྱས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་འཇིག་
རྟེན་པའི་ཚད་མས་མི་སླུ་བ་ཡིན་དུ་ཟིན་ཀྱང་སྐྱེས་བུས་བྱས་པ་ཉིད་ཡིན་པ་དེའི་ཚེ་དེ་དང་འདྲ་བར་རིག་བྱེད་པའི་སྒྲ་དེ་དག་གི་ཡང་མངོན་པར་འདོད་པའི་དོན་དང་ལྡན་པ་ཉིད་ཀྱང་སྐྱེས་བུས་བྱས་པ་དང་། ཚད་མའི་རྗེས་སུ་བྱེད་པ་ཅན་དུ་ཡང་འགྱུར་བའི་ཕྱིར། འཇིག་རྟེན་པ་དག་
ལས་རིག་བྱེད་པ་དག་གི་ཁྱད་པར་དག་མ་མཐོང་ངོ་། །རིག་བྱེད་པ་དག་གི་སྒྲ་དག་སྔགས་ཉིད་ཡིན་པས་སྐྱེས་བུས་བྱས་པ་ཉིད་དུ་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྔགས་དང་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནོད་པ་
སྟེ། ཕན་ཚུན་འགལ་བ་མཐོང་ངོ་། །དེ་ལྟར་ནི་སྔགས་རྣམས་སྐྱེས་བུ་མཐུ་དང་ལྡན་པ་ལ་ལའི་བརྡར་བྱས་པ་ཉིད་ཡིན་ཏེ། དམ་བཅས་པ་རྣམ་པར་གནས་པ་ཉིད་ཡོད་ན། སྔགས་རྣམས་འབྲས་བུ་སྒྲུབ་བྱེད་ཡིན་ཏེ་རྒྱུར་གྱུར་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གལ་ཏེ་

ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་གལ་ཏེ་སྔགས་དེ་དག་བྱེད་པ་པོ་མཐུ་དང་ལྡན་པ་ལ་ལར་བརྡར་བྱས་པར་གྱུར་པ་ཞེས་བྱ་བ་འཆད་པར་འགྱུར་བ་དང་སྦྱར་རོ། །དམ་བཅས་པ་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་བརྡ་ཞེས་བརྗོད་ཀྱི་བརྡ་ཉིད་ནི་སྔགས་
དག་མ་ཡིན་ནོ། །བརྡ་འདི་ཡང་ཇི་ལྟར་བྱས་པ་ཡིན་ཞེ་ན། གཞན་གྱི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་གཙོ་བོར་གྱུར་པ་ནི་གཞན་གྱི་དོན་མཆོག་ཏུ་གྱུར་པ་སྟེ། བརྩེ་བ་དང་ལྡན་ཞེས་བྱ་བའི་དོན་ཏོ། །དེའི་ངོར་བྱས་པའམ་གཞན་འགའ་ཞིག་གི་
སྟེ། གྲགས་པ་ལ་སོགས་པའི་རྒྱུར་བྱས་པར་འགྱུར་བའོ། །བརྡ་དེ་ཅི་འདྲ་བ་ཞིག་ཅེ་ན་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོས་ངག་བྱས་པ་དེ་ཉིད་དོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། མངོན་པར་འདོད་པའི་དོན་གྱི་རྒྱུ་ཅན་དེ། ངག་གང་ལ་སྔགས་བྱེད་པ་
པོའི་མངོན་པར་འདོད་པ་དོན་བྱ་བའི་བྱེ་བྲག་སྤྱན་དྲང་པ་དང་གཤེགས་སུ་གསོལ་བ་ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེའི་རྒྱུའི་འཇུག་པའི་ཡན་ལག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཞེས་བྱ་བ་ནི་རིམ་པ་འདིས་སོ། །སྦྱོར་བར་བྱེད་པ་ན་ནི་སྐྱེས་བུ་རབ་ཏུ་སྦྱོར་
བར་བྱེད་པ་ནའོ། །དོན་འདི་སྟེ་སྐྱེས་བུ་མངོན་པར་འདོད་པའི་འབྲས་བུས་སྦྱར་བར་བྱའོ་སྙམ་པས་བརྡར་བྱས་པར་འགྱུར་བའོ། །དེའི་ཚེ་སྔགས་ཀྱི་སྦྱོར་བ་ལས་ཆོ་ག་རྫོགས་པ་འགའ་ཞིག་གི་ཚེ་མངོན་པར་འདོད་པའི་དོན་གྲུབ་པར་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན།
སྙན་དངགས་མཁན་གྱིས་བརྡར་བྱས་པ་ལས་དོན་གྲུབ་པ་བཞིན་ཏེ། དཔེར་ན་ལ་ལས་སྙན་དངགས་བྱས་ནས། ཁོ་བོས་བྱས་པའི་སྙན་དངགས་འདོན་པར་བྱེད་པ་གང་ཡིན་པ་དེ་ལ་ཁོ་བོས་འདི་སྦྱིན་པར་བྱའོ་ཞེས་བརྡར་བྱས་པ་དེ་ལས་དེས་བྱས་པ་འདོན་པར་བྱེད་པ་དག་ཇི་ལྟར་
དམ་བཅས་པའི་དོན་གྲུབ་པ་དེ་དང་འདྲ་བར་རོ། །ཅི་སྟེའང་དངོས་པོ་ནི་ནུས་པ་ཡིན་ན་སྟེ། སྒྲའི་རང་བཞིན་དེ་འདྲ་བ་དེ་ནུས་པ་ཡིན་ན། གང་གིས་མངོན་པར་འདོད་པའི་འབྲས་བུར་འགྱུར་ཏེ། མངོན་པར་འདོད་པ་ཇི་ལྟ་བུ་བཞིན་དུ་སྐྱེས་བུའི་བརྡ་ལས་ནི་མ་ཡིན་ནོ། །དེའི་ཚེ་

རྣམ་པ་ཇི་ལྟར་ཡང་སྦྱར་བའི་སྔགས་ལས་འབྲས་བུ་གཞན་ལ་ཡང་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲའི་རང་བཞིན་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྐྱེས་བུའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེས་བུའི་བརྡའི་རྒྱུ་ལས་སྔགས་རྣམས་ཀྱི་དོན་གྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཡིན་
ཞེ་ན། སྔགས་འདི་ཆོ་ག་སྔོན་དུ་སོང་བ་རྣམ་པ་འགའ་ཞིག་གིས་འབྲས་བུ་ལ་ངེས་པར་སྦྱར་བ་ན། འབྲས་བུ་འབྱིན་པ་གང་ཡིན་པ་དེ་དག་ནི་རིག་བྱེད་པའི་སྒྲའི་དངོས་པོའི་རང་བཞིན་ཡིན་ནོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ནོ། །འོ་ན་ནི་སྔགས་ཞེས་བྱ་
བའི་ཡི་གེ་རྣམས་ཀྱི་ངོ་བོ་དེ་ཐམས་ཅད་དུ་ཞེས་བྱ་བ་ཆོ་ག་བརྗོད་བའི་དུས་དང་བཟློག་པ་ལ་སོགས་པའི་སྦྱོར་བ་ལ་ཁྱད་པར་མེད་པའི་ཕྱིར། ཇི་ལྟར་རྣམ་པ་འགའ་ཞིག་སྟེ་འདོན་པའི་རིམ་པ་དང་ཆོ་ག་ལས་འདས་པས་སྔགས་རབ་ཏུ་སྦྱར་བ་ལས་ཀྱང་མངོན་པར་འདོད་པའི་འབྲས་བུར་
འགྱུར་རོ། །གལ་ཏེ་ཡི་གེ་ནི་ཐམས་ཅད་དུ་ཁྱད་པར་མེད་པ་མ་ཡིན་གྱི་སྔགས་ཡིན་ནོ་ཞེ་ན། ཡི་གེ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ཁོ་ན་སྔགས་ཡིན་གྱི། ཡི་གེ་དག་ལས་ཐ་དད་པ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་དེའི་བཀོད་པ་སྟེ། ཡི་གེའི་
བཀོད་པ་སྔགས་ཡིན་གྱི་ཡི་གེ་ཉིད་ནི་མ་ཡིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། འདི་ལྟར་ཡི་གེ་དག་ལས་དོན་གཞན་ཉིད་དུ་གྱུར་པའི་བཀོད་པའང་གལ་ཏེ་ཡི་གེའི་གོ་རིམས་དག་ཅེས་བྱ་བ་ལ་སོགས་པའི་སྐབས་སུ་སྔར་ནི་གསལ་བ་ཉིད་ཡི་གེ་དག་ལས་ཞེས་བྱ་བ་ལ་སོགས་
པས་འཆད་པར་བྱེད་དོ། །ཅི་སྟེ་ཡི་གེ་དག་ལས་བཀོད་པ་ཐ་དད་པ་མེད་ན་ཡི་གེ་ཐ་དད་པ་མེད་པ་དེ་ལ་ཡི་གེ་ཉིད་སྔགས་ཡིན་ལ། ཡི་གེ་དག་ཀྱང་ལུགས་ལས་བཟློག་པའི་ཀློག་པ་ལ་སོགས་པ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་སྟེ། རྣམ་པ་ཇི་ལྟར་ཡང་སྦྱར་
བ་ལས་འབྲས་བུ་འབྱིན་པར་འགྱུར་ན། འབྲས་བུ་འབྱིན་པར་ཡང་མི་འགྱུར་རོ། །ཆོ་གའི་རིམ་པ་ཉམས་པས་འབྲས་བུ་མི་འབྱིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དོན་མེད་པ་བྱེད་པ་ཉིད་དུ་ཡང་འགྱུར་རོ་ཞེས་བསྟན་པའི་ཕྱིར། བཀོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོ་

གའི་བཀོད་པ་ཆེས་ཉུང་བ་ཡང་ཉམས་པ་ལས་འཁྲུལ་པ་སྟེ། རྣམ་པར་འཚེ་བ་ཡང་མཐོང་ངོ་། །ཡང་གི་སྒྲས་ནི་ཁྱད་པར་ཅན་གྱི་དོན་ཏོ། །དེ་ཡང་སྔགས་རྣམས་སྐྱེས་བུས་བརྡར་བྱས་པ་ཉིད་ཡིན་ན་རིགས་ཀྱི་སྐྱེས་བུས་མ་བྱས་པ་ཉིད་ལ་ནི་མ་ཡིན་ནོ། །གལ་
ཏེ་ལ་ལས་བརྡར་བྱས་པ་ཡིན་དུ་ཟིན་ཀྱང་ཇི་ལྟར་འཁྲུལ་པར་འགྱུར་རོ་ཞེ་ན། འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་པོས་སྔགས་ཀྱི་ཆོ་ག་བསྟན་པ་གང་ཡིན་པ་དེ་དག་གི་ནང་ནས་ཆོ་ག་འགའ་ཞིག་ནན་ཏན་དུ་བྱས་པ་ལས་ལྷ་ཉིད་ཐག་ཉེ་བར་འགྱུར་རོ། །ཐག་ཉེ་
བ་དེའི་ཕྱིར་དང་ཁྱད་པར་གཞན་ཚོགས་པ་མེད་ཅིང་འབྱོར་པ་མེད་པས་ལྷ་མཉེས་པར་མ་བྱས་པའི་ཕྱིར་རྣམ་པར་འཚེ་བར་འགྱུར་རོ། །དེ་ལ་ལྷ་འདོད་ཆགས་དང་མ་བྲལ་བ་ཉིད་མཉེས་པར་མ་བྱས་པས་བདག་ཉིད་དོན་མེད་པ་བྱེད་པར་འགྱུར་གྱི། འདོད་ཆགས་དང་བྲལ་བ་དག་ནི་བདག་
ཉིད་མི་བྱེད་མོད་ཀྱི་གཞན་དེ་ལ་མངོན་པར་དད་པའི་ལྷ་ཉིད་ལ་སོགས་པས་བྱེད་པར་འགྱུར་རོ་ཞེས་བལྟ་བར་བྱའོ། །སྔགས་གང་ལ་ཆོ་ག་འབའ་ཞིག་བྱས་པ་མེད་པ་དེ་ལ་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཆོ་ག་ཐམས་ཅད་ཉམས་ན་ནི་སྔགས་བྱེད་པ་པོས་
བྱས་པའི་ཆོ་གའི་བརྡ་གང་ཞིག་ཀྱང་ནན་ཏན་དུ་བྱས་པ་མེད་པས་ལྷ་ཉིད་ཐག་ཉེ་བ་ན་དོན་མེད་པའི་ཕྱིར་དོན་དང་དོན་མེད་ཉིད་མ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྐྱོན་གཞན་སྟོན་ཏེ། དོན་གཞན་དུ་གྱུར་པ་ཉིད་ཀྱི་བཀོད་པ་བཟློག་པ་དེ་ལྟར་ན་ཡང་ཁོ་བོ་ཅག་གི་ཞེན་
བས་ཅི་ཞིག་བྱ། ཡི་གེ་དག་ལས་བཀོད་པ་དོན་གཞན་ཉིད་དམ་དོན་གཞན་མ་ཡིན་པ་ཉིད་དུ་འགྱུར་གྲང་ན་དེ་ལ་བཀོད་པ་དོན་གཞན་ཉིད་མ་ཡིན་ན་ནི་སྔགས་ཡི་གེའི་བདག་ཉིད་ཅན་ཏེ། ཡི་གེའི་རང་བཞིན་ཅན་ཉིད་དམ་དོན་གཞན་ཉིད་ཡིན་ན་ནི་དེའི་བཀོད་པའི་བདག་ཉིད་ཅན་ཏེ།
ཡི་གེ་བཀོད་པའི་བདག་ཉིད་ཅན་ཡིན་པས་སྔགས་དེ་ནི་ཡི་གེའི་བདག་ཉིད་ཅན་ནམ་དེ་བཀོད་པའི་བདག་ཉིད་ཅན་ཡིན་ནོ། །ཅི་དང་འདྲ་བ་ཞིག་ཅེ་ན་སྐྱེས་བུ་དོན་གྱི་རྒྱུ་རྟག་པ་ནི་རྒྱུས་མ་བྱས་པའི་གཏན་ཚིགས་ཀྱི་ཕྱིར་དང་། རྟག་ཏུ་ཉེ་བའི་ཕྱིར་རྟག་ཏུ་དེ་ལས་དོན་གྲུབ་འགྱུར་ཏེ། སྔགས་

དེ་དག་ལས་སྐྱེས་བུའི་དོན་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གང་གི་དངོས་པོའི་ནུས་པ་སྟེ་སྔགས་ཞེས་བྱ་བའི་རྒྱུའི་ནུས་པ་ལས་སྔགས་ཞེས་བྱ་བའི་འབྲས་བུ་བསྐྱེད་ན། རྟག་ཏུ་ཉེ་བའི་ཕྱིར་དངོས་པོ་ནུས་པ་དེ་མ་ཚང་བ་མེད་པའི་ཕྱིར། འབྲས་བུ་
དང་བྲལ་བར་མི་འགྱུར་རོ། །གང་གི་ཕྱིར་རྒྱུའི་ཚོགས་པ་ཡོད་ན་འབྲས་བུ་དང་བྲལ་ཞིང་མེད་པ་ཉིད་མི་རིགས་ཏེ། རྒྱུ་མ་ཚང་བ་མེད་པ་སྟེ་འབྲས་བུ་མི་བྱེད་ན་རྒྱུ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྔགས་རྣམས་རྟག་པ་ཉིད་ཡིན་ན་ཡང་སྔགས་ཀྱི་སྦྱོར་
བ་ཡན་གར་བ་ཞེས་བྱ་བར་སྔགས་ཀྱི་འབྲེལ་པ་ལས་འདོད་པ་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔགས་དེ་ནི་ཆོ་ག་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ་འདི་ལྟར་སྔགས་ནི་རྒྱུ་ལ་ལྟོས་པ་ཡིན་ན་ནུས་པ་མེད་པར་འགྱུར་ཏེ། ལྟོས་པར་ཁས་ལེན་ན་
རྒྱུ་ལྟོས་པར་བྱ་བ་དེ་ནི་སྔགས་ལ་ནུས་པ་མེད་པར་འགྱུར་ཏེ། སྔགས་ནི་ཕུལ་དུ་བྱུང་བ་ཉིད་དུ་སྦྱར་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་དེ་ལ་སྔགས་ཀྱི་ཆོ་ག་ལས་ཞེས་བྱ་བ་སྔགས་ཀྱི་རྟོགས་པའི་ཆོ་ག་གང་ཡིན་པ་དེ་ལས་སམ་གཞན་ཡང་ཞེས་
བྱ་བ་ལྷན་ཅིག་བྱེད་པ་གནས་ཀྱི་ཁྱད་པར་ལ་སོགས་པ་འགའ་ཞིག་ལས་རང་བཞིན་ཕུལ་དུ་བྱུང་བ་འགའ་ཞིག་ཐོབ་ཅིང་། རྙེད་པར་འགྱུར་བ་དེའི་ཚེ་སྔགས་ཀྱི་རང་བཞིན་ཕུལ་དུ་བྱུང་བ་སྐྱེད་པ་དེ་ལ་ལྷན་ཅིག་བྱེད་པ་དེའི་ནུས་པ་ལ་ལྟོས་པར་འགྱུར་ན། རྟག་པ་ལ་ཕུལ་དུ་བྱུང་བ་
སྐྱེ་བ་དེ་ཡོད་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །དེ་བས་ན་ལྷན་ཅིག་བྱེད་པ་ཕུལ་དུ་བྱུང་བ་སྐྱེད་པ་ལ་ནུས་པ་མེད་པ་འདི་ལ་ཅིའི་ཕྱིར་སྔགས་དག་ལྟོས་པར་འགྱུར་རོ། །མི་ལྟོས་པའི་ཕྱིར་སྔགས་ལྟོས་པ་མེད་པ་གལ་ཏེ་བྱེད་པ་པོའི་རང་བཞིན་ཅན་ཡིན་ན། རྟག་ཏུ་འབྲས་བུ་
བྱེད་པའམ། གལ་ཏེ་མ་ཡིན་ན། འབྲས་བུ་ཅུང་ཞིག་ཀྱང་བྱེད་པར་མི་འགྱུར་ཏེ། ཁྱད་པར་མེད་པ་ཞེས་བྱ་བ་སྔགས་ཀྱི་རང་བཞིན་དུས་ཐམས་ཅད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །རྟག་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཚེ་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྡིག་པ་ལ་སོགས་

པ་དང་ལྡན་པའི་སྐྱེས་བུ་ཐམས་ཅད་ཀྱི་ཡང་བྱེད་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་ནུས་དེ་འདྲ་ན། །ཞེས་བྱ་བ་སྐྱེས་བུའི་བྱེད་པ་ལ་ལྟོས་པ་མེད་པའི་རང་བཞིན་ཉིད་རང་གི་འབྲས་བུ་བསྒྲུབ་པར་
ནུས་པ་ཡིན་ན། སྔགས་དེ་དག་ཀུན་གྱི་སྒྲུབ་བྱེད་འགྱུར་ཏེ། འབྲས་བུའི་རྒྱུར་འགྱུར་རོ། །སྔགས་ལེགས་བྱས་མིན་ནི་བྱེད་པ་པོའི་ཁྱད་པར་ལ་ཡང་ཞེས་བྱ་བ་སྒྲུབ་པར་བྱེད་པ་དེའི་ཁྱད་པར་མཆོད་སྦྱིན་བྱེད་པ་ལ་སོགས་པ་དེ་ལ་ཡང་ལྟོས་མི་རུང་ངོ་། །གལ་ཏེ་དངོས་པོའི་ནུས་པ་ཉིད་
ཀྱིས་སྐྱེས་བུ་ལ་ལྟོས་པ་མེད་པར་སྔགས་རྣམས་ཀྱིས་འབྲས་བུ་སྟེར་བར་འགྱུར་བ་ན། སྔགས་དེ་དག་གིས་འབྲས་བུ་སྟེར་བ་ན་སྐྱེས་བུ་འགའ་ཞིག་ཀྱང་སྤོང་བར་མི་འགྱུར་རོ། །གཞན་ཡང་ཞེས་བྱ་བ་ནི་མཆོད་སྦྱིན་བྱེད་པ་ལས་གཞན་པ་གདོལ་པ་ལ་སོགས་པ་དག་ཀྱང་ངོ་།། །།
ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་བཞི་པ། འདི་ལྟར་སྐྱེས་བུ་མཆོད་སྦྱིན་བྱེད་པ་མ་ཡིན་པ་གཞན་ལ་ནི་རང་བཞིན་ཏེ། སྔགས་རྣམས་ཀྱི་འབྲས་བུ་བྱེད་པའི་རང་བཞིན་གྱིས་སྐྱེད་པར་བྱེད་པ་དེའི་ངོ་བོ་ཅན་མ་ཡིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གདོལ་
པ་ལ་སོགས་པ་དེས་སྐྱེད་པར་བྱེད་པའི་རང་བཞིན་དེ་ལ་སྨད་པ་མེད་ཅིང་བཤུང་བ་མེད་པའི་ཕྱིར་དང་། མཆོད་སྦྱིན་བྱེད་པ་ལ་སོགས་པ་གཞན་གྱིས་བསྟོད་པ་མེད་པའི་ཕྱིར་རོ། །སྐྱེས་བུ་འགའ་ཞིག་ཀྱང་ལྷན་ཅིག་སྔགས་རྣམས་རྒྱུ་དང་འབྲས་བུའི་ངོ་བོར་མི་རུང་བའི་ཕྱིར་
དང་། གོ་རིམས་བཞིན་དུ་བྲམ་ཟེ་དང་གདོལ་པ་ལ་སོགས་པ་དང་། སྔགས་རྣམས་ལ་ཉེ་བ་དང་བསྐལ་པ་མེད་པའི་ཕྱིར་དེ་དག་ཀུན་གྱིས་སྒྲུབ་བྱེད་འགྱུར་རོ། །དེ་ཉིད་ཀྱི་སྔགས་འདི་ལེགས་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་སྦྱོར་བ་པོ་སྟེ། འབྲས་བུ་ལ་ངེས་པར་སྦྱོར་བར་བྱེད་པ་བྲམ་
ཟེའམ་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནའོ། །གང་ལ་སྦྱོར་བའི་བྲམ་ཟེ་སྔགས་ཀྱིས་བསྒྲུབ་པར་བྱ་བའི་འབྲས་བུ་ཐོབ་ཅིང་རྙེད་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། དེ་ལྟར་ན་ཇི་ལྟར་གདོལ་པ་ལ་སོགས་པ་འདོན་པར་བྱེད་པ་མ་ཡིན་པ་ཅུང་ཞིག་ཀྱང་མི་བྱེད་

པའི་ཕྱིར་སྦྱོར་བ་པོ་མ་ཡིན་པ་དེ་ལྟར་བྲམ་ཟེ་དག་ཀྱང་ཡིན་ཏེ། དེ་ལས་ལེགས་པར་བྱས་པ་ཐོབ་པ་མེད་པའི་ཕྱིར་རོ། །གཞན་ཡང་འདི་ནི་བྲམ་ཟེ་ཡིན་ལ་འདི་ནི་དམངས་རིགས་ཡིན་ནོ་ཞེས་བྱ་བའི་ཁྱད་པར་འདི་ནི་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་བྱས་པ་ཡིན་གྱི། བྲམ་ཟེ་ལ་སོགས་པའི་བློའི་
དབང་པོ་ལ་སོགས་པ་ལ། བྲམ་ཟེ་ཉིད་ལ་སོགས་པར་བྱས་པ་དོན་དམ་པའི་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་བརྡ་ཙམ་དུ་བྱས་པ་ཡིན་པའི་ཕྱིར། བྲམ་ཟེ་ལ་སོགས་པ་སྦྱོར་བ་པོའི་ཁྱད་པར་འབྲས་བུའི་དངོས་པོའི་ཁྱད་པར་ཡང་རིགས་པ་མ་ཡིན་ནོ། །རྟག་པའི་སྨོས་ཀྱང་
ཅི་དགོས་ཞེས་བསྟན་པའི་ཕྱིར་དངོས་པོ་འདུས་བྱས་པའི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མི་རྟག་པ་དག་གི་ཡང་རྒྱུའི་ཐ་དད་པ་དངོས་པོའི་ཐ་དད་ཐ་དད་བྱེད་པ་ཡིན་གྱི་བྲམ་ཟེ་ལ་སོགས་པའི་ཁྱད་པར་བརྡ་ཙམ་གྱིས་བྱས་པ་ནི་མ་ཡིན་ནོ། །དེ་བས་ན་སྦྱོར་བ་པོའི་ཁྱད་
པར་ལ་ངེས་པ་སྟེ། བྲམ་ཟེ་ལ་སོགས་པའི་ཁྱད་པར་ལས་ངེས་པར་སྔགས་ཀྱི་ནུས་པ་མ་ཡིན་ཞེས་བྱ་བ་ཡོད་པ་མ་ཡིན་ན། གང་གིས་ན་བྲམ་ཟེ་ཉིད་ཀྱིས་སྔགས་ཀྱི་འབྲས་བུ་ཐོབ་པར་འགྱུར་གྱི་དམངས་རིགས་ཀྱིས་མ་ཡིན། འོ་ན་སྦྱོར་བ་པོའི་ཁྱད་པར་གང་ལ་འགྱུར་ཞེ་ན།
བརྡ་ལ་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲམ་ཟེ་ལ་སོགས་པའི་སྦྱོར་བ་པོའི་ཁྱད་པར་འདི་ནི་འཇིག་རྟེན་གྱི་བརྡ་ལ་འགྱུར་རོ། །དངོས་པོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དངོས་པོ་མི་རྟག་པ་གང་དག་ལ་བསྐྱེད་པར་བྱ་བའི་ཁྱད་པར་ཏེ། ཐ་དད་པ་ཡོད་པ་དེ་དག་
ནི། དེའི་རྒྱུའི་ཁྱད་པར་ལས་རང་བཞིན་ཐ་དད་པ་ཡོད་པ་ཡིན་ནོ། །རྒྱུའི་ཁྱད་པར་དེ་ལས་ཕུལ་དུ་བྱུང་བ་ཐོབ་པ་ཉིད་ཀྱི་ཕྱིར་གཅིག་ལ་རྣམ་པ་གཞན་དུ་འགྱུར་ཞིང་ཡང་གཞན་དུ་སྟེ། རྒྱུ་གཞན་ལས་རྣམ་པ་གཞན་དུ་འགྱུར་ལ་ཐ་དད་པ་མེད་ན་རྣམ་པ་གཞན་དུ་འགྱུར་བ་མ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། རྒྱུའི་ཁྱད་པར་མེད་ན་འབྲས་བུའི་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་རྒྱུའི་ཁྱད་པར་མེད་པར་འབྲས་བུའི་ཁྱད་པར་ཡིན་པ་དེའི་ཚེ་འབྲས་བུ་ཡོད་པར་ཁས་ལེན་ན་ནི་ཁྱད་པར་དེ་རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་

སྔགས་འདི་ཡིན་དུ་ཟིན་ཀྱང་སྟེ་མི་རྟག་པ་ཡིན་དུ་ཟིན་ཀྱང་ངོ་། །རང་བཞིན་ཕུལ་དུ་བྱུང་བ་སྟེ། རྒྱུས་བྱས་པའི་ཕྱིར་འབྲས་བུ་འབྱིན་པ་ཡིན་ནོ། །དམངས་རིགས་ལ་སོགས་པའི་སྦྱོར་བ་དེ་ལ་ཡང་རྣམ་པ་གཞན་དུ་མི་འགྱུར་བ་སྟེ། འབྲས་བུ་མེད་པ་
ཅན་དུ་མི་འགྱུར་རོ། །དམངས་རིགས་ལ་སོགས་པའི་སྦྱོར་བ་ལ་ཡང་འབྲས་བུ་འབྱིན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དམངས་རིགས་ཞེས་བྱ་བ་དང་། བྲམ་ཟེ་སྟེ་ལན་གཉིས་སྐྱེས་ཞེས་བྱ་བའི་མིང་གིས་བརྗོད་པའི་སྐྱེས་བུ་དེ་དག་གི་བློ་དང་དབང་པོ་
དང་ལུས་དག་ལ་རང་བཞིན་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་གསལ་བ་སོ་སོའི་རང་གི་མཚན་ཉིད་ལ་ཐ་དད་པ་ཡོད་དོ་ཞེ་ན་མ་ཡིན་ཏེ། དེ་ནི་གསལ་བ་སོ་སོར་བྲམ་ཟེ་དག་ལ་ཡང་ཡོད་པའི་ཕྱིར་རོ། །རིགས་ཀྱིས་བྱས་པའི་ཐ་དད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་དོ། །
གལ་ཏེ་འདི་ནི་བྲམ་ཟེ་ཡིན་ལ་འདི་ནི་དམངས་རིགས་ཡིན་ནོ་ཞེས་བྱ་བའི་འཇིག་རྟེན་གྱི་མིང་དང་དེ་བཞིན་དུ་གུས་པར་བྱས་པ་ལ་སོགས་པའི་ཐ་སྙད་ཡོད་པ་མ་ཡིན་ནམ། དེ་བས་ན་རང་བཞིན་ཐ་དད་པ་ངེས་པ་ཡིན་ནོ་ཞེ་ན། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་
བུ་འདོད་པའི་རྗེས་སུ་བྱེད་པ་ཅན་གྱི་བྲམ་ཟེ་ལ་སོགས་པའི་མིང་དང་། གུས་པར་བྱས་པ་ལ་སོགས་པའི་ཐ་སྙད་ཀྱི་ཁྱད་པར་ལས་རང་བཞིན་གྱི་ཁྱད་པར་དང་འབྲེལ་པ་ཅན་དེ། རྒྱུ་ཇི་ལྟ་བ་བཞིན་དུ་སྐྱེ་བའི་རང་བཞིན་གྱི་ཁྱད་པར་དང་འབྲེལ་པ་ཅན་གྱི་དོན་རྣམས་གཞན་མ་ཡིན་
ཏེ། རང་བཞིན་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་བྲམ་ཟེ་དང་དམངས་རིགས་དེ་དག་གི་རིགས་ཀྱི་བྱེ་བྲག་ཡོད་དོ་ཞེ་ན་དེ་ལྟར་མ་ཡིན་ནོ། །འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྤྱི་བཀག་པས་རིགས་བཀག་པ་ཡིན་མོད་ཀྱི་འོན་ཀྱང་ཁས་
བླངས་ནས་བརྗོད་པར་བྱའོ། །རིགས་ཀྱི་ཁྱད་པར་དེ་ཡོད་ན་ཡང་དབྱིབས་དང་ཡོན་ཏན་དང་ནུས་པའི་ཁྱད་པར་རྣམ་པ་གསུམ་མཐོང་སྟེ། བ་ལང་དང་རྟ་བཞིན་ནོ། །བ་ལང་དང་རྟ་དང་འདྲ་བས་ན་བ་ལང་དང་རྟ་བཞིན་ནོ། །དེ་ལ་དབྱིབས་ཀྱི་ཁྱད་པར་ནི་ལུས་ཀྱི་ཁྱད་པར་

ཏེ་དེ་ནི་གསལ་བ་པོའི་ཁྱད་པར་དང་ལྡན་པའི་བ་ལང་དག་ལ་རྗེས་སུ་འགྲོ་བ་ཡོད་ཀྱི་རྟའི་གསལ་བ་དག་ལ་ནི་མ་ཡིན་ནོ། །ཤ་དང་འོ་མ་ལ་སོགས་པ་དག་གི་རོ་དང་རྣམ་པར་སྨིན་པ་ལ་སོགས་པའི་ཁྱད་པར་གྱི་ཡོན་ཏན་ཐ་དད་པ་ཡིན་ཏེ། དེ་ཡང་རིགས་མཐུན་པའི་གསལ་བ་
དག་ལ་རྗེས་སུ་འགྲོ་བ་མཐོང་གི་རིགས་མི་མཐུན་པ་དག་ལ་ནི་མ་ཡིན་ནོ། །ལས་སུ་བྱ་བ་ནུས་པའི་མཚན་ཉིད་ཅན་ནི་ནུས་པའི་ཁྱད་པར་ཡིན་ཏེ། དཔེར་ན་བ་ལང་བཞོ་བ་ལ་སོགས་པའི་ནུས་པའི་ནུས་པ་ཡོད་ཀྱི་རྟ་དག་ལ་མ་ཡིན་པ་ལྟ་བུའོ། །དེ་བས་ན་དེ་ལྟར་རིགས་མཐུན་པའི་
གསལ་བའི་རྗེས་སུ་འགྲོ་བ་ཅན་གྱི་དབྱིབས་ལ་སོགས་པའི་ཁྱད་པར་དག་དམིགས་པའི་ཕྱིར་རོ། །བ་ལང་དང་རྟ་ལ་སོགས་པ་ལ་རིགས་ཐ་དད་པ་འདོད་ཀྱང་བླ་སྟེ་བྲམ་ཟེ་ལ་སོགས་པ་དག་ལ་རིགས་ལ་སོགས་པ་སོ་སོར་ངེས་པ་ཡོད་པ་མ་ཡིན་ན། གང་གིས་ན་རིགས་ཐ་དད་
པ་རྟོགས་པར་བྱེད། བ་ལང་དང་རྟ་ལ་སོགས་པ་དག་ལ་ཅིག་ཅར་གོམས་པའི་འཇིག་རྟེན་གྱི་ཡུལ་དང་དུས་ལ་སོགས་པ་ཐ་དད་པ་ཡང་བསྟན་པ་མེད་པར་རིགས་ཀྱི་ཁྱད་པར་འདི་ནི་བ་ལང་ཡིན་ལ་འདི་ནི་རྟ་ཡིན་ནོ་ཞེས་རྟོགས་པར་འགྱུར་གྱི་དེ་ལྟར་བྲམ་ཟེ་ལ་སོགས་པའི་ཁྱད་
པར་མ་བསྟན་པར་རྟོགས་པར་མི་འགྱུར་རོ། །དེ་དང་འདྲ་བར་ཞེས་བྱ་བ་ནི་བ་ལང་དང་རྟ་དང་འདྲ་བར་རོ། །བྲམ་ཟེ་དང་དམངས་རིགས་འདི་དག་ལ་རིགས་མཐུན་པའི་གསལ་བ་དག་ལ་ཡོན་ཏན་རྣམ་པ་ཅུང་ཞིག་ཀྱང་གནས་པ་མ་མཐོང་ངོ་། །ཡོན་ཏན་སྨོས་པ་ནི་འདིར་ཉེ་བར་
མཚོན་པ་དེ་ལྟར་ན་རིགས་དང་ནུས་པའི་ཁྱད་པར་རྣམ་པར་ངེས་པར་མ་མཐོང་ངོ་། །དབྱིབས་ལ་སོགས་པའི་ཁྱད་པར་མ་མཐོང་བར་ཡང་ཇི་ལྟར་དམངས་རིགས་དང་བྲམ་ཟེ་ལ་སོགས་པ་དག་གི་རིགས་ཀྱི་ཁྱད་པར་རྟོགས་པར་འགྱུར་ཏེ། མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
ལྟར་ན་འདོན་པར་བྱེད་པ་དང་གཙང་སྦྲ་སྤྱོད་པ་ལ་སོགས་པའི་ཁྱད་པར་ཐམས་ཅད་ནི་འཁྲུལ་པ་ཡིན་ཏེ། སེར་སྐྱ་དང་སྐྲ་སེར་བ་ཉིད་ལ་སོགས་པའི་རྣམ་པའི་ཁྱད་པར་བརྟགས་པ་གང་ཡིན་པ་དེ་བྲམ་ཟེ་ལ་ལ་ཡང་མེད་ལ་དམངས་རིགས་ལ་ལ་ནི་ཡོད་པའི་ཕྱིར་རོ། །གལ་ཏེ་

བྲམ་ཟེ་དང་དམངས་རིགས་དག་ལ་རིགས་ཀྱི་ཁྱད་པར་ནི་མེད་ན་འོ་ན་ཇི་ལྟར་བྲམ་ཟེ་ལ་སོགས་པའི་སྒྲ་ཐོས་པ་ལས་ཐ་དད་པར་འགྱུར་ཞེ་ན། འཇིག་རྟེན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིང་ཐ་དད་པའི་རྗེས་སུ་འགྲོ་བ་ཅན་བྲམ་ཟེ་ལ་སོགས་པའི་
མིང་ཅན་གྱི་ཁྱད་པར་གྱི་རྒྱུ་ཅན་འདི་ནི་བྲམ་ཟེ་ཡིན་ལ་འདི་ནི་དམངས་རིགས་ཡིན་ནོ་ཞེས་རྟོགས་པའི་ཁྱད་པར་གང་ཡིན་པ་འདི་རིགས་ཀྱི་ཁྱད་པར་མེད་དུ་ཟིན་ཀྱང་བྱ་བའི་ཁྱད་པར་ནན་ཏན་དུ་བྱེད་པ་སྟེ། བཟླས་པ་དང་སྦྱིན་སྲེག་ལ་སོགས་པའི་བྱ་བའི་ཁྱད་པར་ནན་ཏན་
དུ་བྱེད་པའི་ཕྱིར་དང་། རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུར་གྱུར་པའི་བྱ་བ་ནན་ཏན་དུ་བྱེད་པ་ཅན་གྱི་རིགས་ལས་སྐྱེས་པའི་ཕྱིར་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། འཚོ་བྱེད་དང་ཚོང་པའི་ཐ་སྙད་ལ་སོགས་པ་བཞིན་ཏེ། དཔེར་ན་རིགས་མཚུངས་པ་དམངས་རིགས་
དག་བྱ་བའི་ཁྱད་པར་དེ་དང་དེ་དག་ནན་ཏན་དུ་བྱེད་པའི་ཕྱིར་དང་རྗེས་སུ་འགྲོ་བའི་ཕྱིར་འཚོ་བྱེད་ལ་སོགས་པའི་ཐ་སྙད་འཇུག་པར་འགྱུར་བ་དེ་ཙམ་རིགས་ཀྱི་ཁྱད་པར་ནི་མ་ཡིན་ཏེ། དེ་དང་འདྲ་བར་བྲམ་ཟེ་དག་ལ་ཡང་འགྱུར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་སྔགས་འདི་
བྲམ་ཟེ་དང་དམངས་རིགས་ལ་སོགས་པས་ཁྱད་པར་མེད་པར་སྦྱར་བར་གྱུར་པ་ན། བྲམ་ཟེ་ལ་སོགས་པ་དེ་ལས་ཁྱད་པར་མེད་པའི་རང་བཞིན་ཉིད་སྒྲུབ་པར་བྱེད་དེ། །རྒྱུ་དེས་ན་ཁྱད་པར་མེད་པ་ཁོ་ན་གདོལ་པ་ལ་སོགས་པ་དག་ལ་འབྲས་བུ་འབྱིན་པར་འགྱུར་བ་ནི་
མཇུག་བསྡུ་བའོ། །དེ་བས་ན་འདི་ལྟར་སྔགས་རྣམས་དངོས་པོའི་ནུས་པས་འབྲས་བུ་འབྱིན་པ་སྐྱོན་ཡིན་ཏེ་གང་གི་ཚེ་ཇི་སྐད་དུ་བཤད་པའི་སྐྱེས་བུའི་བརྡ་ལས་རིག་བྱེད་པའམ། གཞན་དག་གི་སྔགས་དེ་དག་གི་འབྲས་བུ་འབྱིན་པར་འདོད་པ་དེའི་ཚེ། ཁྱད་པར་མེད་པར་འབྲས་
བུ་འབྱིན་པར་འགྱུར་བ་དེ་ལྟར་ན་སྐྱོན་འདི་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བརྡ་བྱེད་པ་སྟེ་སྔགས་བྱེད་པའི་འདོད་པ་ལས་འབྲས་བུ་སྐྱེ་བར་ངེས་པའི་ཕྱིར་ཏེ། བྲམ་ཟེའི་ཐ་སྙད་བསྟན་པ་དེ་ལྟ་བུའི་ཆོ་ག་ནན་ཏན་དུ་བྱེད་པ་གང་ཡིན་པ་དེ་ཉིད་འབྲས་བུ་དང་ལྡན་པར་

སོ་སོར་གནས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བརྡ་བྱེད་པ་དེ་ལྟར་མངོན་པར་འདོད་པ་ལས་སོ། །དེ་ལྟར་འདོད་པ་ལས་འབྲས་བུ་ངེས་པ་ལ་བརྒལ་ཞིང་བརྟག་པ་ཅི་ཞིག་ཡོད། དེ་ལྟ་ན་གང་དག་དངོས་པོའི་རང་བཞིན་གྱིས་གནས་པ་ཅན་དག་སྟེ། སྐྱེས་བུ་བྱ་བ་ལ་ལྟོས་པ་
མེད་པ་ནི་དངོས་པོའི་གནས་སྐབས་ཉིད་ཀྱི་རྒྱུ་དང་འབྲས་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་དེའི་སྒོ་ནས་ཏེ་རང་བཞིན་གྱི་སྒོ་ནས་ཇི་ལྟར་རང་བཞིན་གྱི་ཁྱད་པར་ལས་འགྱུར་ན་འདི་ལ་ཡང་ཅིའི་ཕྱིར་མི་འགྱུར་ཞེས་ཐལ་བར་རིགས་པ་ཡིན་གྱིས་སྐྱེས་བུ་འདོད་པ་ཅན་གྱི་
དངོས་པོ་དག་ནི་ཐལ་བར་འགྱུར་བར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་རང་གི་འདོད་པའི་རྗེས་སུ་བྱེད་པ་དེ་དག་ནི་རྣམ་པ་འགའ་ཞིག་གིས་འཇུག་པའི་ཕྱིར་རོ། །གང་ཡང་ཁྱད་པར་ཅན་གྱི་སྦྱོར་བ་པོས་སྔགས་ཀྱི་འབྲས་བུ་ཐོབ་བོ་ཞེས་བརྗོད་པ་དེ་ལ་ཡང་ཇི་
ལྟར་འདོད་པའི་སྐྱེས་བུའི་དོན་ལ་རུང་བའི་སྔགས་ཀྱི་རང་བཞིན་གང་ཡིན་པ་དེ་སྐྱེད་པར་བྱེད་པའམ། སྐྱེས་པའི་ཕྱི་མ་ཕྱི་མའི་ཁྱད་པར་སྐྱེད་པའི་སྒོ་ནས་རྒྱུད་ཡོངས་སུ་འགྱུར་བ་སྟེ། རྣམ་པ་གཞན་ཉིད་དུ་འགྱུར་བ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་སྦྱོར་བ་མཐོང་ངོ་། །སྐྱེད་
པར་བྱེད་པ་དང་ཡོངས་སུ་འགྱུར་བ་དེ་གཉི་ག་ནི་ཁྱད་པར་སྐྱེད་པ་སྟེ། ཁྱད་པར་སྐྱེད་པ་ཡོད་ན་འགྱུར་རོ། །དེ་ལྟ་མ་ཡིན་ན་སྟེ་ཁྱད་པར་སྐྱེད་པ་མ་ཡིན་ན། སྔགས་རྣམས་ཁྱད་པར་བྱར་མེད་ཅན་ཡིན་ན། སྦྱོར་བ་པོས་ནི་ཅི་ཞིག་བྱེད་དེ་མི་བྱེད་དོ། །གང་གིས་ཞེས་བྱ་བ་ལ་
སོགས་པས་འཆད་པར་བྱེད་དེ། རྒྱུ་གང་གིས་སྔགས་ཀྱི་སྦྱོར་བ་དེ་ཡང་སྦྱོར་བ་པོ་བྲམ་ཟེ་ལས་འབྲས་བུ་ཐོབ་ཀྱི། དམངས་རིགས་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། །སྦྱོར་བ་ནི་སྔགས་རྣམས་སྐྱེད་པ་མ་ཡིན་གྱི་འོན་ཀྱང་སྔགས་མངོན་པར་གསལ་བ་མ་ཡིན་པ།
གལ་ཏེ་སྦྱོར་བ་མངོན་གསལ་ཡིན་པར་འདོད་ན་དེ་ནི་གང་དུ་བསལ་ཟིན་ཏོ་ཞེས་བྱ་བ་སྤྱི་དཔྱོད་པའི་སྐབས་སུ་བསལ་ཟིན་ཏོ། །རྟག་པ་རྣམས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་རྟག་པ་རྣམས་འགའ་ཞིག་ཀྱང་མངོན་པར་གསལ་བ་མ་ཡིན་ནོ་ཞེས་སྤྱི་གསལ་

བ་དཔྱོད་པའི་སྐབས་སུ་བཤད་ཟིན་ཏོ། །རྒྱུ་གང་གི་ཕྱིར་སྒྲའི་མངོན་པར་གསལ་བར་བྱེད་པ་ནི་སྦྱོར་བ་པོར་འགྱུར་རོ། །གཞན་ཡང་མངོན་པར་གསལ་བ་ཡང་བླ་སྟེ། དེ་ནི་རེ་ཞིག་རྟག་པ་ཉིད་ཀྱི་ཕྱིར་རུང་བ་ཉིད་སྐྱེད་པ་ནི་མ་ཡིན་གྱི་འོན་ཀྱང་གང་ལས་བློ་དེ་
གསལ་བ་ཡིན་ཏེ། སྐྱེས་བུ་སྦྱོར་བ་པོ་ལས་སྒྲའི་ཡུལ་ཅན་གྱི་བློ་དེ་གསལ་བ་ཡིན་ན། དེ་ནི་འབྲས་ལའང་གལ་ཏེ་སྦྱོར། །སྐྱེས་བུ་སྔགས་ཀྱི་འབྲས་བུ་ལའོ། །ཉན་པ་པོ་ཡི་འབྲས་འབྲེལ་འགྱུར། །སྔགས་བརྗོད་མ་ཐག་པ་འདི་ཐོས་པ་འབའ་ཞིག་གང་ཡིན་པ་དེ་ཡང་
སྔགས་ཀྱི་འབྲས་བུ་དང་འབྲེལ་པར་འགྱུར་གྱི་སྨྲ་བ་པོ་ཉིད་ནི་མ་ཡིན་ནོ། །དེ་ལྟར་ན་སྨྲ་བ་པོ་གསལ་རྒྱུ་ཡིན་པ་སྟེ་ཤེས་པའི་རྒྱུ་ཡིན་པ་དེ་བས་ན་འབྲས་བུ་དང་ལྡན་པ་ཡིན་ནོ། །སྔགས་ཀྱི་ཤེས་པའི་རྒྱུ་ཉིད་ཡིན་པ་དེ་ཡང་ཉན་པ་པོ་ལ་མཚུངས་པ་དེ་ལྟ་ན་ཡང་སྨྲ་བ་པོ་ཉིད་ཡིན་
པས་ན་ཅིའི་ཕྱིར་འབྲས་བུ་དང་ལྡན་པ་ཡིན་སྒྲ་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། སྒྲ་རྟག་པ་ནི་རྒྱུ་གཞན་ལས་རང་གི་ངོ་བོར་འགྱུར་བ་སྟེ། རང་གི་ངོ་བོ་རྣམ་པ་གཞན་ཉིད་གསལ་བ་མ་ཡིན་པ་དང་སྒྲིབ་པར་བྱེད་པ་དང་བྲལ་བ་ཡང་གསལ་བ་མ་ཡིན་ཏེ། རྟག་
པའི་སྒྲིབ་པར་བྱེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །འོན་ཀྱང་སྒྲ་དེའི་ཡུལ་ཅན་གྱི་ཤེས་པ་སྟེ། བློ་མངོན་པར་གསལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་ཐོས་པ་མེད་པར་གསལ་བར་བརྗོད་པ་མེད་པའི་ཕྱིར་ཏེ་སྒྲ་དམིགས་པར་མ་གྱུར་པ་མངོན་པར་གསལ་བ་ཞེས་མི་བརྗོད་དོ། །
དེ་ལྟར་གནས་པ་དེ་ལ་གལ་ཏེ་སྨྲ་བ་པོ་སྒྲའི་ཡུལ་ཅན་གྱི་བློའི་རྒྱུར་འགྱུར་བ་དེའི་ཚེ་སྨྲ་བ་པོའི་མཚན་ཉིད་སྒྲའི་ཡུལ་ཅན་གྱི་བློའི་རྒྱུའི་རང་བཞིན་དེ་ནི་ཉན་པ་པོ་ཡང་ཡོད་པའི་ཕྱིར། ཉན་པ་པོ་དེའི་སྔགས་ཀྱི་སྦྱོར་བ་ལས་བྱུང་བ་ཅན་གྱི་མངོན་པར་འདོད་པའི་འབྲས་བུ་ཡང་འཆད་པ་
པོ་དང་འདྲ་བར་ཐོབ་པར་འགྱུར་རོ། །དེའི་བློའི་རྒྱུ་ཉིད་དེའི་སྒྲའི་བློའི་རྒྱུ་ཉིད་ལས་འཆད་པ་པོ་ལས་གཞན་དུ་འཆད་པ་པོ་དེའི་ངོ་བོ་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པ་དེ་བས་ན་འཆད་པ་པོ་དང་ཉན་པ་པོ་དག་གི་སྒྲའི་ཤེས་པའི་རྒྱུ་ཉིད་ལས་ཁྱད་པར་མེད་ན་དེ་ལྟར་ན་འབྲས་བུ་དང་

ལྡན་པར་མཚུངས་པར་འགྱུར་རོ། །གལ་ཏེ་ཉན་པ་པོའི་བློ་གང་ལ་གཞན་འཆད་པ་པོའི་ཁྱད་པར་ཏེ་རྒྱུ་ཡོད་པ་དེ་ནི་གཞན་གྱི་ཁྱད་པར་ཅན་ཡིན་གྱི་འཆད་པ་པོའི་བློ་ནི་གཞན་གྱི་ཁྱད་པར་ཅན་མ་ཡིན་པའི་གཏན་ཚིགས་ཀྱི་ཕྱིར། འཆད་པ་པོ་དང་ཉན་པ་པོ་ལ་ཁྱད་པར་
ཡོད་དོ་ཞེ་ན། ཉན་པ་པོའི་བློ་སྐྱེད་པ་ལ་འཆད་པ་པོའི་ཉེ་བར་སྦྱོར་བ་སྟེ། ནུས་པ་ཅི་ཞིག་ཡོད་ན་ཉེ་བར་སྦྱོར་བ་གང་གིས་འཆད་པ་པོའི་ཁྱད་པར་དུ་འདོད། གལ་ཏེ་འཆད་པ་པོ་དེ་ལས་སྒྲ་ཐོས་པ་སྟེ། ཉན་པ་པོས་སྒྲ་དམིགས་པར་འགྱུར་བ་དེ་བས་ན་འཆད་པ་པོ་དེ་རྒྱུ་
ཡིན་ནོ་ཞེ་ན། ཇི་ལྟར་འཆད་པ་པོ་དེ་ལས་ཉན་པ་པོས་སྒྲ་ཐོས་པར་འགྱུར་རོ་ཞེས་བྱ་བའི་བརྒལ་བ་དེ་ཉིད་བརྒལ་ཞིང་བརྟགས་པ་མ་ཡིན་ནམ། ཅི་ལྟར་དེ་ལས་མི་འགྱུར་ཞེ་ན་འབྲེལ་པ་མེད་པའི་ཕྱིར་ཏེ། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་རོ། །
དེ་ཉིད་མེད་པར་བསྟན་པའི་ཕྱིར་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ཉེ་བར་འཇོག་པ་ལས་ཏེ་ཡུལ་ཉེ་བར་འཇོག་པ་ལས་འཆད་པ་པོ་འདི་ཉན་པ་པོ་འདིའི་ཐོས་པར་བྱེད་ཅིང་མཉན་པར་བྱེད་པར་འགྱུར་ན་དེ་ཡང་འཇོག་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་
རྟག་པ་དེ་ནི་རྣམ་པ་འགའ་ཞིག་ཏུ་ཡང་འགྱུར་བ་མེད་པའི་ཕྱིར་ཏེ། རྣམ་པ་གཞན་འགའ་ཞིག་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ཉན་པ་པོའི་དབང་པོ་ལེགས་པར་བྱས་པའམ། སྒྲའི་སྒྲིབ་པ་དང་བྲལ་བར་བྱེད་པ་པོས་འཆད་པ་པོ་ཉེ་བར་སྦྱོར་བ་ཡིན་ཞེ་ན། དེ་ནི་མ་
ཡིན་ཏེ་གང་གི་ཕྱིར་དབང་པོ་ལེགས་པར་བྱས་པ་ལ་སོགས་པ་ཡང་། དབང་པོ་ལེགས་པར་བྱས་གྱུར་ནའང་། དེས་ཀྱང་མ་ལུས་ཐོས་པར་ཞེས་བྱ་བ་ལ་སོགས་པས་བཤད་ཅིང་སྤངས་ཟིན་ཏོ། །གལ་ཏེ་བདག་འཆད་པ་པོ་འདིས་ཉན་པར་བྱས་ཤེས་ཉན་པ་
པོའི་ཤེས་པ་སྟེ་བློ་དང་བདག་གི་ཉན་པ་པོ་འདི་ཉན་དུ་བཅུག་གོ་ཞེས་བྱ་བའི་འཆད་པ་པོའི་ཤེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་ཤེས་པ་གཉིས་ལས་གོ་རིམས་བཞིན་དུ་འཆད་པ་པོ་དང་ཉན་པ་པོ་ཐ་དད་པ་ཡིན་ནོ་ཞེ་ན། འཁྲུལ་པ་ཙམ་ཞེས་བྱ་བ་ལ་སོགས་པས་

འགོག་པར་བྱེད་དོ། །བདག་ཉན་པར་བྱས། བདག་གིས་ཉན་དུ་བཅུག་གོ་ཞེས་བྱ་བ་དེ་ནི་འཁྲུལ་པ་ཙམ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མེད་པ་ཅན་ཡིན་པའོ། །འཁྲུལ་པ་
ཙམ་གང་ལ་ཕན་གདགས་པར་བྱ་བ་ཉན་པ་པོ་དང་ཕན་འདོགས་པར་བྱེད་པ་འཆད་པ་པོར་མི་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲ་རྟག་པ་ལ་བློ་སྐྱེད་པའི་ཕྱིར་སྐྱེས་བུའི་བྱ་བ་རྣམ་པ་ཐམས་ཅད་དུ་མེད་པས་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་
པོ་མེད་པར་བསྟན་ཏོ། །དེ་བས་ན་དེ་ལྟ་བུར་གྱུར་པའི་འཁྲུལ་པ་ཙམ་ལས་འཆད་པ་པོ་དང་ཉན་པ་པོ་ཐ་དད་པ་དེའི་ངོ་བོ་ནི་ཤིན་ཏུ་ཐལ་བར་འགྱུར་བ་སྟེ། ཐམས་ཅད་ཀྱང་ཉན་པར་བྱེད་པ་པོ་མ་ཡིན་པ་དང་། ཉན་པ་མ་ཡིན་པ་དེ་དག་ཀྱང་དེ་ལྟ་བུར་འགྱུར་རོ། །ཅིའི་ཕྱིར་
ཞེ་ན། སྒྲ་ཐོས་པ་མེད་པར་འཁྲུལ་པ་སྨྱོན་པ་ལ་སོགས་པ་གཞན་དག་ལ་ཡང་བདག་གིས་ཐོས་སོ་ཞེས་བྱ་བ་ལ་སོགས་པ་ཤེས་པ་མཐོང་བའི་ཕྱིར་རོ། །སྔགས་རྟག་པ་དག་ལས་ཤེས་པ་སྐྱེ་བར་ཁས་བླངས་ནས་འཁྲུལ་པ་ཙམ་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་
བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ལ་སོགས་པ་སུན་འབྱིན་པ་བཤད་ནས་རྟག་པ་དག་ལ་ཤེས་པ་སྐྱེ་བ་ཉིད་མི་རིགས་སོ་ཞེས་བསྟན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་སྔགས་རྟག་པ་དག་ལ་ཕན་འདོགས་པ་མེད་པ་ལ་ཡང་དེ་ལྟ་བུའི་ཤེས་པ་ཞེས་ཁོ་བོས་མཉན་དུ་བཅུག་ཅེས་བྱ་བ་ལ་
སོགས་པའི་ཤེས་པ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མ་ཡིན་པ་དག་ཕན་ཚུན་དེ་ལྟར་ཏེ། ཁོ་བོས་འདི་ལས་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འོན་ཀྱང་ཇི་ལྟར་
སྨོས་པ་དག་ལ་མྱོས་པའི་ཐ་སྙད་ཀྱི་འཁྲུལ་པས་ཤེས་པ་སྐྱེད་པ་དེ་ལྟར་རྟག་པ་དག་ལ་ཡང་འགྱུར་རོ་ཞེ་ན། འཁྲུལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འཁྲུལ་པ་ཞེས་བྱ་བ་སྐྱེས་བུ་སྨྱོས་པའི་འགྱུར་བ་གང་ཡིན་པ་དེ་ཡང་རང་བཞིན་དུ་གནས་པའི་གནས་སྐབས་

ན་སྐྱེས་བུ་འགའ་ཞིག་ལ་ཕན་འདོགས་པ་ཡོད་པ་དེ་ལྟར་དེའི་ཤེས་པ་སྐྱེ་བ་དེའི་དབང་གིས་མྱོས་པའི་གནས་སྐབས་ན་ཡང་འགའ་ཞིག་ཉེ་བ་སྟེ། འདྲ་བ་འགའ་ཞིག་གིས་གཞན་དུ་ཞེས་བྱ་བ་འཆད་པ་པོ་མེད་པར་ཡང་འགྱུར་རོ། །འཁྲུལ་པ་དེ་ཡང་སྔགས་རྟག་པ་དག་ལ་ཤིན་ཏུ་བརྒྱུད་
པས་ཀྱང་ཕན་འདོགས་པ་མེད་ན་མི་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་སྐབས་སུ་བབ་པ་མཇུག་སྡུད་པར་བྱེད་དེ། ཇི་སྐད་དུ་བཤད་པའི་རྣམ་པས་འཆད་པ་པོ་དང་ཉན་པ་པོ་གསལ་བའི་རྒྱུ་ཉིད་དེ། སྒྲའི་ཤེས་པའི་རྒྱུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་སྔགས་ཀྱི་འབྲས་
བུ་དང་ལྡན་པར་མཚུངས་པར་འགྱུར་རོ། །རྟག་པ་དག་ལ་གསལ་བའི་རྒྱུ་ཉིད་ཀྱང་དོན་དམ་པར་བྱེད་པ་མ་ཡིན་མོད་ཀྱི་འོན་ཀྱང་ཁས་བླངས་ནས་དེ་སྐད་དུ་བརྗོད་དོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་རྣ་བའི་ཡུལ་དུ་མ་གྱུར་པའི་མངོན་པར་གསལ་མིན་སྒྲ་དག་གི་སྟེ། རྐན་
ལ་སོགས་པའི་བྱེད་པ་གང་དག་གིས་མངོན་པར་གསལ་བ་མ་ཡིན་པའི་སྒྲ་དེ་དག་གིས་བྱེད་པ་རྣམས་དགོས་པའམ་ཞེས་བྱ་བའི། བྱེད་པ་དེ་དག་དོན་མེད་འགྱུར། །ཞེས་བྱ་བར་སྦྱར་རོ། །གང་ཡང་མཆུ་ལ་སོགས་པ་བསྐྱོད་པ་ཙམ་གྱིས་གཞན་དང་བདག་གི་ཐོས་པ་མེད་པ་
ཤུབ་བུའི་བཟླས་པ་དེ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ནི་ངག་གི་དོན་ཏོ། །གང་མཆུ་ལ་སོགས་པ་བསྐྱོད་པ་ཡང་མེད་པར་འདི་ལ་སྔགས་སེམས་པ་ཙམ་དེ་ནི་ཡིད་ཀྱི་བཟླས་པའོ། །འམ་གྱི་སྒྲ་ནི་སྡུད་པའི་དོན་ཏེ། ཡིད་ཀྱི་བཟླས་པ་དོན་མེད་འགྱུར་རོ། །ཅིའི་ཕྱིར་ཞེ་ན།
གང་གི་ཕྱིར་སྒྲ་ནི་རྣ་བའི་ཡུལ་ཡིན་ཏེ། སྒྲ་རྣ་བས་གཟུང་བར་བྱ་བ་ཉིད་ཡིན་ཞིང་། སྒྲའི་རང་བཞིན་ཡང་སྔགས་ཡིན་ནོ། །ཤུབ་བུ་དང་ཡིད་ཀྱི་བཟླས་པ་དག་ནི་རྣ་བས་གཟུང་དུ་མེད་པའི་ཕྱིར་སྒྲ་ཉིད་མ་ཡིན་པ་དང་སྒྲ་ཉིད་མ་ཡིན་པའི་ཕྱིར་སྔགས་ཉིད་ཀྱང་མ་ཡིན་ན་སྔགས་མ་ཡིན་
པ་བཟླས་པས་འབྲས་བུ་དང་ལྡན་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་ངག་གི་དོན་ཏོ། །གཟུང་བར་བྱ་བ་ཡིན་པས་ན་གཟུང་བ་སྟེ། རྣ་བས་གཟུང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །སྒྲ་གང་ལ་དེ་ཉིད་ཀྱི་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་བཟླས་ན་ཐལ་ཆེས་

པའི་ཕྱིར་ཏེ། རྣ་བས་གཟུང་བར་བྱ་བའི་སྒྲ་མ་གཏོགས་པ་ཡིད་ཀྱི་བཟླས་པ་ལ་སོགས་པ་རྣམ་པར་ཤེས་པའི་བདག་ཉིད་ཅན་སྒྲ་ཉིད་དུ་འདོད་ན་རོ་ལ་སོགས་པ་དག་ཀྱང་སྒྲ་ཉིད་དུ་འགྱུར་རོ། །རྣ་བའི་སྤྱོད་ཡུལ་ཁོ་ན་སྒྲ་ཡིན་ནོ་ཞེས་བསྟན་བཅོས་མཛད་
པའི་ངེས་པར་གཟུང་བ་ལ་གཞན་དག་ནི་སྒྲ་ཁོ་ན་རྣ་བའི་སྤྱོད་ཡུལ་ཡིན་ནོ་ཞེས་བཟློག་པར་ངེས་པར་གཟུང་བ་གཟུང་བ་ནས་ཐལ་ཆེས་པ་སྨྲ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། དེ་ལྟར་ན་ཞེས་བྱ་བ་རྣ་བའི་སྤྱོད་ཡུལ་ནི་སྒྲའི་རང་བཞིན་ཉིད་ཡིན་ན་སྒྲ་ཉིད་ཀྱི་སྤྱི་ལ་སྒྲའི་
རང་བཞིན་དུ་ཐལ་བར་འགྱུར་བ་མ་ཡིན་ནམ། སྒྲ་ཞེས་བྱ་བ་ལ་སོགས་པ་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། སྒྲ་ཁོ་ན་རྣ་བའི་སྤྱོད་ཡུལ་ཡིན་ནོ་ཞེས་ནི་མི་སྨྲའི། སྒྲ་ནི་གདོན་མི་ཟ་བར་དེའི་མཚན་ཉིད་ཅན་ཡིན་ནོ་ཞེས་སྨྲའོ། །ཅིའི་ཕྱིར་ཞེ་ན། དེ་ལ་རྣ་བས་གཟུང་བར་བྱ་བ་ཉིད་ལས་
མ་གཏོགས་པའི་མཚན་ཉིད་གཞན་མེད་པའི་ཕྱིར་རོ། །སྒྲའི་མཚན་ཉིད་དེ་ལ་གལ་ཏེ་སྐྱེས་བུ་གང་སྦྱོར་བ་པོ་གང་འབྲས་བུ་དང་ལྡན་པའི་སྒྲའི་བདག་ཉིད་ཅན་གྱི་སྔགས་དག་མངོན་པར་གསལ་བའི་རྒྱུ་ཞེས་བྱ་བའི་སྒྲའི་རང་གི་ངོ་བོ་འཛིན་པའི་ཤེས་པའི་རྒྱུ་ཡིན་པར་འདོད་པ་དེའི་ཚེ་མངོན་
པར་གསལ་བ་མ་ཡིན་པ་ཐོས་པའི་ཡུལ་ཅན་གྱི་སྟེ། བྱེད་པ་གང་དག་གིས་མངོན་པར་གསལ་བ་མ་ཡིན་པ་ཐོས་པའི་ཡུལ་སྒྲ་ལ་ཡོད་པ་དེ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །སྦྱོར་བ་པོ་སྟེ་བྱེད་པ་པོས་བྱེད་པ་དེ་རྣམས་ཀྱི་མཆུ་ལ་སོགས་པ་བསྐྱེད་པ་ཙམ་གྱིས་ཤུབ་བུའི་བཟླས་པ་
སྔགས་ཀྱི་འབྲས་བུ་དང་ལྡན་པ་མ་ཡིན་ཞིང་ཡིད་ཀྱི་བཟླས་པ་ཡང་སྔགས་ཀྱི་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །འདི་ལྟར་དེའི་ཚེ་ཞེས་བྱ་བ་ཤུབ་བུ་དང་ཡིད་ཀྱི་བཟླས་པ་ཉིད་ཀྱི་དུས་སུ་རྣ་བའི་བྱེད་པས་སྒྲ་ཞེས་བྱ་བའི་དོན་ཅུང་ཟད་ཀྱང་ངེས་པར་བྱས་ཤིང་གཟུང་བ་མེད་དོ། །ཡིད་ཀྱི་
བཟླས་པ་ཡང་སྔགས་ཡིན་ནོ་ཞེ་ན། སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ཀྱི་རྣམ་པར་རྟོག་པ་སྒྲའི་བདག་ཉིད་ཅན་མ་ཡིན་པ་ཡང་སྔགས་མ་ཡིན་ཏེ། དེ་ནི་རྣ་བའི་དབང་པོས་གཟུང་བར་བྱ་བ་ཉིད་དང་སྐྱེས་བུས་མ་བྱས་པ་ཉིད་དང་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །

རྣམ་པར་རྟོག་པ་ནི་དེ་ལས་བཟློག་པ་ཉིད་ཡིན་པའི་ཕྱིར་རོ། །བརྒྱུད་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ཏེ། གང་ཡང་ཤུབ་བུ་དང་། ཡིད་ཀྱི་བཟླས་པའི་དུས་སུ་གལ་ཏེ་བློ་དེའི་གསལ་བ་ཡིན་ཏེ། སྔགས་སྣང་བའི་བློ་སྒྲ་དེའི་གསལ་བ་སྟེ་ཤེས་
པ་ཡིན་ན་ཡང་ངོ་། །ཅིའི་ཕྱིར་ཞེ་ན། བརྒྱུད་པས་དེ་ལས་སྐྱེ་བ་ཉིད་ཀྱི་ཕྱིར་ཏེ་སྒྲ་ལས་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་དེའི་སྒྲའི་ཤེས་པ་སྔར་སྐྱེས་པ་དེས་ལེགས་པར་འདུས་བྱས་པའི་རིམ་གྱིས་ཡིད་ཀྱི་བཟླས་པ་ལ་སྒྲའི་སྣང་བ་སྐྱེ་བའི་ཕྱིར་རོ། །ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པས་
འཆད་པར་བྱེད་དེ། ཟློས་པ་པོས་ཡིད་ཀྱིས་བསམས་སུ་ཟིན་ཀྱང་སྒྲ་ཐོས་པ་མེད་ཅིང་སྒྲ་ཐོས་པ་མ་གཏོགས་པར་སྔགས་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི་མེད་དོ། །དེ་བས་ན་སྒྲ་ལས་འབྱུང་བ་ཉིད་ཡིན་པའི་ཕྱིར་ཏེ། སྒྲ་ལས་སྐྱེ་བ་ཡིན་པའི་ཕྱིར། ཡིད་ཀྱི་བཟླས་པའི་དུས་སུ་བློ་
དེ་ཡང་སྒྲའི་གསལ་བ་ཉིད་ཡིན་ཏེ། སྒྲའི་ཤེས་པ་ཉིད་ཡིན་ནོ། །དེ་བས་ན་སྔགས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་ཡིད་ཀྱི་བཟླས་པ་ལ་སོགས་པ་དེའི་སྦྱོར་བ་པོ་འབྲས་བུ་བསྟན་པར་འགྱུར་རོ་ཞེས་བསམས་པའོ། །དེ་ལྟར་ན་ཞེས་བྱ་བ་བརྒྱུད་པས་སྔགས་ཉིད་ཡིན་ན་ཐུག་པ་
མེད་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་སྒྲ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔགས་ཀྱི་མཚན་ཉིད་ཅན་གྱི་སྒྲ་ལས་དོན་གྱི་རྣམ་པར་རྟོག་པ་ནི་སྒྲ་ལ་དོན་གྱི་རྣམ་པར་རྟོག་པའོ། །དེ་ལྟར་ན་མེ་ལ་སྭཱ་ཧཱ་ཞེས་བརྗོད་པ་ན་མེ་འབར་ཞིང་གསལ་བ་ལ་སོགས་པའི་ངོ་བོ་ཅན་ཡིན་
ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་འགའ་ཞིག་གི་ཚེ་སྐྱེ་བར་འགྱུར་ལ། དེ་དག་ཀྱང་བརྒྱུད་པས་སྒྲ་ལ་སྐྱེ་བ་ཡོད་པའི་ཕྱིར་རྣམ་པར་རྟོག་པ་དེ་དག་ཀྱང་དེ་ལྟར་འགྱུར་ཏེ་སྔགས་ཀྱི་གསལ་བའི་མཚན་ཉིད་ཅན་གྱི་སྦྱོར་བར་འགྱུར་རོ། །གལ་ཏེ་དོན་ཅན་ཡིན་ཏེ་སྒྲ་གང་ལ་སྒྲས་
རབ་ཏུ་ཕྱེ་བའི་དོན་གྱི་ཡུལ་གང་ཡིན་པ་དེ་ནི་དེའི་དོན་ཅན་ཡིན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་བློ་དེ་ཉིད་སྔགས་ཀྱི་གསལ་བ་ཡིན་གྱི་སྒྲའི་ཡུལ་དོན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ་ཞེ་ན། མི་གྲུབ་ཅེས་བྱ་བ་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། སྒྲའི་རྣམ་པར་རྟོག་

པ་ཡང་སྒྲའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟོག་པའི་རྗེས་སུ་འགྲོ་བའི་ཕྱིར་རོ་སྟེ། རིགས་མཐུན་པའི་རྣམ་པར་རྟོག་པ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་པའི་རྣམ་པའི་ཡུལ་ཅན་ཉིད་ཡིད་ཀྱི་རྣམ་
པར་རྟོག་པ་ཡིན་ནོ། །སྒྲ་ལས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་སྒྲ་ལས་འབྱུང་བ་ཅན་གྱི་བློ་ཐམས་ཅད་ནི་དེའི་གསལ་བ་སྟེ། སྒྲའི་གསལ་བ་ཡིན་པར་མི་སྨྲ་མོད་ཀྱི་འོན་ཀྱང་དེའི་ཡུལ་ཅན་ཏེ། སྒྲའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་ནི་སྒྲ་དེའི་
གསལ་བ་ཡིན་ནོ་ཞེ་ན། དེ་དང་དེ་ནི་བདེན་པ་མ་ཡིན་ནོ། །གང་གི་ཕྱིར་ཡིད་ཀྱི་རྣམ་པར་རྟོག་པ་ནི་དེའི་ཡུལ་ཅན་ཉིད་དེ་སྒྲའི་ཡུལ་ཅན་དུ་གྲུབ་པ་མ་ཡིན་ནོ། །འདི་ལྟར་རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་རྣམས་མི་འཇུག་གོ་ཞེས་ལེའུ་གསུམ་པ་ལ་སྟོན་པར་འགྱུར་རོ། །གལ་ཏེ་ཕྱི་རོལ་གྱི་དོན་
རྣམས་རྣམ་པར་རྟོག་པ་རྣམས་ཀྱི་རྒྱུ་མ་ཡིན་ན་འོ་ན་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་དེ་དག་ནི་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་པ་མེད་པ་ཅན་ཏེ། གང་དག་གི་ཕྱི་རོལ་གྱི་དོན་ཐག་ཉེ་བ་ལ་ལྟོས་པ་མེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་
བ་གང་གི་བག་ཆགས་སད་པའི་རྒྱུ་གང་ཡིན་པའོ། །རྣམ་པར་ཤེས་པ་གནས་པ་ཉིད་ཀྱི་ནང་གི་རྣམ་པར་རྟོག་པའི་བག་ཆགས་སད་པ་སྟེ། རྣམ་པར་རྟོག་པ་སྔ་མ་སྔ་མས་བསྒོས་པའི་ནུས་པ་སད་པ་ལས་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་དོན་མེད་པར་འགྱུར་བ་དེ་བས་ན་དེ་
དག་ནི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ་འགགས་པ་ནི་ཞིག་པའོ། །མ་འོངས་པ་ནི་མ་སྐྱེས་པའོ། །ཕྱི་རོལ་འགགས་ཤིང་མ་སྐྱེས་སུ་ཟིན་ཀྱང་རྣམ་པར་རྟོག་པ་རྣམས་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དོན་མེད་པར་འགྱུར་བ་དེའི་ཕྱིར་དོན་གྱི་རྒྱུ་ཅན་
དག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གང་ཡོད་པ་དེ་ཉིད་ཉེ་བ་སྟེ། ཡོད་པའི་ཁྱད་པར་ལ་ལྟོས་པ་མེད་པ་དེ་ནི་ལྟོས་པ་མེད་པ་དེའི་སྐྱེད་པར་བྱེད་པའི་རྒྱུ་མ་ཡིན་ཞིང་། ཕྱི་རོལ་གྱི་དོན་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་ཡང་ཇི་ལྟར་ན་ཡུལ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་ཡིན་པར་

འགལ་བའི་ཕྱིར་མ་ཡིན་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟར་ན་རྣམ་པར་རྟོག་པ་ནི་སྒྲའི་ཡུལ་ཅན་མ་ཡིན་པ་དེ་བས་ན་ཡིད་ཀྱི་རྣམ་པར་རྟོག་པ་ཡིད་ཀྱི་བཟླས་པ་ལ་སོགས་པའི་མཚན་ཉིད་ཅན་སྒྲའི་གསལ་བ་ཉིད་མ་ཡིན་ན་གང་ལས་ཏེ། རྒྱུ་གང་གིས་དེ་དང་ལྡན་པ་ཞེས་བྱ་བའི་ཡིད་ཀྱི་བཟླས་པ་དང་ལྡན་པའི་
སྐྱེས་བུ་སྔགས་ཀྱི་སྦྱོར་བ་པོར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ལྟར་སྒྲ་ལས་བྱུང་བ་ཅན་དང་། དེའི་དོན་ཅན་གྱི་བློ་སྒྲའི་གསལ་བ་ཡིན་ནོ་ཞེས་བྱ་བའི་རྟོག་པ་དེ་ལ་ཡིད་ཀྱི་བཟླས་པའི་སྒྲའི་མངོན་པར་གསལ་བ་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་སྔར་བཤད་པ་ཡང་
འདི་ལ་ཡང་སྐྱོན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དེ་ལས་འབྱུང་བའི་སྒྲ་དེའི་ཡུལ་ཅན་གྱི་བློ་སྒྲའི་གསལ་བ་ཡིན་ཞིང་དེའི་རྟེན་ཏེ། སྒྲའི་གསལ་བ་དེའི་རྟེན་སྐྱེས་བུ་གང་ཡིན་པ་དེ་ནི་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་བཤད་ཟིན་ཏོ། །ཅི་
ཞིག་བཤད་ཟིན་ཅེ་ན། ཉན་པ་པོ་ལ་ཡང་སྦྱོར་བ་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་སྟེ། ཉན་པ་པོ་ལ་ཡང་སྒྲ་ལས་བྱུང་བ་དེའི་ཡུལ་ཅན་གྱི་བློ་རང་གི་རྒྱུད་ལ་འགྱུར་བའི་ངང་ཚུལ་ཅན་གྱི་རྟེན་ཡིན་པ་དེ་ལྟར་ན་འདི་ཡང་སྔགས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་རོ། །གཞན་
ཡང་སྔགས་རྟག་པ་དག་ནི་ཕུལ་དུ་བྱུང་བ་སྐྱེད་པ་ལ་སྦྱོར་བ་མ་ཡིན་གྱི་འོན་ཀྱང་དེའི་ཡུལ་ཅན་གྱི་ཤེས་པ་ལ་ཡིན་ན་དེའི་ཤེས་པ་ལ་སྟེ། སྒྲའི་ཡུལ་ཅན་སྐྱེས་བུ་ལ་བརྟེན་པའི་ཤེས་པ་ལ་སྒྲ་སྦྱོར་བ་ཡིན་པར་ཁས་ལེན་ན་ཡང་སྐྱེས་བུ་ལ་སྒྲ་བྱེད་པ་ཡིན་ནོ། །ཇི་ལྟ་ཞེ་ན་སྐྱེས་བུ་དེའི་
ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །སྒྲ་ལ་སྐྱེས་བུ་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་ལ་ཞེས་བྱ་བ་སྒྲའི་བདག་ཉིད་རྟག་པ་ཕུལ་དུ་བྱུང་བར་བྱར་མེད་པ་ཅན་ལ་སྐྱེས་བུས་ཕན་གདགས་པར་བྱར་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྒྲ་རྣམས་ཀྱི་སྦྱོར་བ་པོ་
ནི་ཕན་འདོགས་པར་བྱེད་པ་མ་ཡིན་པའི་སྐྱེས་བུ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདི་ཡང་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཇིག་རྟེན་པ་དག་ནི་གང་ལ་བྱ་བ་མེད་པ་གང་ཡིན་པ་དེ་ནི་སྦྱོར་བ་པོ་ཡིན་ནོ་ཞེས་བརྗོད་དོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་

པར་བྱེད་དོ། །གལ་ཏེ་དངོས་སུ་སྒྲ་ལས་བྱུང་བའམ་ཅི་སྟེ་བརྒྱུད་པས་བྱུང་བའི་བློ་སྒྲའི་གསལ་བ་རྣམ་པ་ཐམས་ཅད་སྒྲའི་རང་བཞིན་ཅན་གྱི་སྔགས་དག་གི་སྦྱོར་བ་ལས་ཏེ། དེའི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ལས་འབྲས་བུ་ཐོབ་པར་འདོད་ན་ནི་ཡིད་ཀྱི་བཟླས་
པ་དོན་མེད་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡིད་ཀྱི་བཟླས་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པ་ནི་སྒྲའི་ངོ་བོ་ལ་རེག་པ་མེད་པའི་ཕྱིར་རོ། །གང་གིས་བརྡ་ལས་འབྲས་བུ་ཡིན་པ་དེའི་ཡང་ཡིད་ཀྱི་བཟླས་པ་ཇི་ལྟར་ན་དོན་མེད་པ་ཅན་མ་ཡིན་ཞེ་ན། རང་སྤྱི་དང་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། རང་སྤྱི་ནི་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་ཅན་སྤྱིའི་རང་བཞིན་ཡིན་ལ། རང་གི་རང་བཞིན་ནི་རང་གི་མཚན་ཉིད་དེ། རང་སྤྱི་དང་ནི་རང་བཞིན་རྣམས། །དེ་རྣམས་ཀྱི་ངོ་བོ་གཅིག་ཏུ་བརྗོད་འདོད་པས་ཞེས་བྱ་བ་གཅིག་ཏུ་སྒྲོ་བཏགས་ནས་
བརྗོད་པར་འདོད་པ་སྟེ། སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར་ཏེ་སྔགས་བྱས་པའི་ཕྱིར་ཡིད་ཀྱི་བཟླས་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་འདི་འགལ་བ་མེད་དོ། །དེ་ཉིད་ནི་ཇི་ལྟར་བརྡ་བྱེད་པས་
རང་སྤྱི་དང་རང་གི་མཚན་ཉིད་དག་ལ་གཅིག་ཏུ་མངོན་པར་ཞེན་པས་སྔགས་བྱེད་པ་དེ་ལྟར་ཡིད་ཀྱི་བཟླས་པ་བྱེད་པ་ཡང་རང་གི་མཚན་ཉིད་ཁོ་ན་བཟླས་པ་བྱའོ་སྙམ་དུ་འདོད་པ་དེ་བས་ན་བརྡ་བྱེད་པའི་བསམ་པ་བསྒྲུབ་པའི་ཕྱིར་འབྲས་བུ་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །
དངོས་ལ་མ་ཡིན་ནོ་ཞེས་བྱ་བ་དངོས་པོ་ལ་ནི་འགལ་བ་མེད་པ་མ་ཡིན་གྱི་འོན་ཀྱང་འགལ་བ་ཡོད་པ་ཁོ་ནའོ། །དེ་ལྟར་ན་དངོས་པོ་རང་གི་མཚན་ཉིད་ལས་འབྲས་བུ་ཐོབ་པ་ཡིན་ན་ནི་ཡིད་ཀྱི་བཟླས་པ་དོན་མེད་པ་ཅན་ཡིན་ཏེ། དེ་ནི་དངོས་པོ་ལ་རེག་པ་མེད་པའི་ཕྱིར་རོ། །བརྡ་
ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་སྒྲའི་རང་གི་མཚན་ཉིད་ནི་རྣ་བའི་དབང་པོའི་ཡུལ་ཡིན་ཞིང་སྤྱིའི་མཚན་ཉིད་ཀྱང་རྣམ་པར་རྟོག་པའི་སྣང་བ་གཟུང་བའི་རྣམ་པ་ཡིན་པས་དོན་མེད་པར་ཐ་དད་དུ་ཟིན་ཀྱང་ངོ་། །བརྡ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བརྡ་དང་རྗེས་སུ་མཐུན་

པར་རོ། །ཀུན་རྫོབ་ཏུ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བློས་སོ། །གཅིག་ཏུ་བྱས་ནས་ཞེས་བྱ་བ་ནི་བསྡུས་ནས་སོ། །བརྡ་ཇི་ལྟ་བ་བཞིན་དུ་དོན་གྲུབ་པར་འགྱུར་རོ་ཞེས་བརྡ་གསལ་བར་བྱེད་པ་སྟེ། ངག་དང་ཡིད་ཀྱིས་ཁོ་བོས་བྱས་པའི་སྔགས་བརྗོད་པ་ལ་ནན་ཏན་དུ་བྱེད་པ་གང་ཡིན་
པ་དེ་ནི་སྔགས་འདིས་བརྡ་ཇི་ལྟ་བ་བཞིན་དུ་དོན་གྲུབ་པར་འགྱུར་རོ་ཞེས་བརྡ་གསལ་བར་བྱེད་པར་འགྱུར་རོ། །དེ་བས་ན་སྔགས་འདི་དག་ཡིད་ཀྱིས་རྗོད་པར་བྱེད་པ་གང་ཡིན་པ་དེ་ནི་བརྡ་ཇི་ལྟ་བ་བཞིན་དུ་དོན་གྲུབ་པར་འགྱུར་བ་དེ་ལྟར་ན་ཡིད་ཀྱི་བཟླས་པ་ལ་སོགས་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །
སོགས་པའི་སྒྲས་ནི་ཤུབ་བུའི་བཟླས་པ་ལ་སོགས་པ་གཟུང་ངོ་། །དངོས་པོའི་རང་བཞིན་ཏེ་སྒྲའི་རང་བཞིན་ལས་སྔགས་ཀྱི་འབྲས་བུ་ཐོབ་པར་འདོད་ན་ཡང་དེའི་རང་བཞིན་ལ་རེག་པ་མེད་པར་ཡིད་ཀྱི་བཟླས་པ་ལ་སོགས་པ་ལས་འབྲས་བུར་མི་འགྱུར་རོ། །ཡི་གེ་དག་ལས་ཞེས་བྱ་
བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །ཡི་གེ་དག་ལས་གཞན་གྱི་གོ་རིམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡི་གེ་ཁོ་ན་སྔགས་ཡིན་གྱི་ཞེས་བྱ་བ་ནི་སྐབས་སུ་བཤད་པ་གང་ཡིན་པ་དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་གོ་རིམས་མེད་ན་ནི་རོ་དང་མཚོ་ཞེས་
ཐོས་པ་ལ་རྟོག་པ་ཐ་དད་པའི་འབྲས་བུ་ཐ་དད་པ་ཞེས་མི་འགྱུར་རོ། །རོ་དང་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དེ། རོ་དང་མཚོ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་ལ། རོ་ཞེས་བྱ་བའི་ཚིག་འདི་ལ་ཡི་གེ་གང་ཁོ་ན་ཡིན་པ་དེ་ཁོ་ན་མཚོ་ཞེས་བྱ་བའི་ཚིག་ལ་ཡང་ཁྱད་
པར་ཡང་ནི་ཅུང་ཞིག་ཀྱང་མེད་ནའོ། །ཡི་གེ་ལས་ཐ་དད་པའི་ཚིག་གཞན་མེད་ན། ཚིག་གང་ལ་འབྲས་བུ་ཐ་དད་པ་སྟེ། བློ་ཐ་དད་པར་འགྱུར། འབྲས་བུའི་ཐ་དད་པ་ཡང་ཡོད་ན་ནི་གང་ལས་མཚོ་དང་རོ་ཞེས་བྱ་བའི་ཚིག་དེ་དག་གི་སྤོབས་པ་བློ་སྟེ་ཐ་དད་པ་ཡང་མཐོང་ནའོ། །
དེ་དག་གི་གོ་རིམས་ཀྱང་མི་འདྲ་བ་སྟེ་ཐ་དད་པར་མཐོང་ནའོ། །ཡི་གེ་དག་ཀྱང་དེ་དག་ཁོ་ན་ཡིན་པས་རྒྱུའི་ཡི་གེ་ཐ་དད་པ་མེད་པར་འབྲས་བུ་ཐ་དད་པར་རིགས་པ་མ་ཡིན་ནོ། །དེ་བས་ན་ཡི་གེ་རྣམས་ཐ་དད་པ་མེད་དུ་ཟིན་ཀྱང་ཐ་དད་པ་དང་ལྡན་པ་སྟེ་ཚིག་སོ་སོ་ལ་ཐ་དད་པ་ཡོད་ཀྱང་ངོ་། །

གོ་རིམས་ཏེ་ཚིག་སོ་སོ་ཐ་དད་པ་དང་ལྡན་པའི་གོ་རིམས་གང་ལས་རོ་ཞེས་བྱ་བ་ལ་སོགས་པའི་རྟོགས་པ་ཐ་དད་པ་སྟེ་བློ་ཐ་དད་པ་འདིར་འགྱུར་རོ། །བདེན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ཚིག་སོ་སོ་ཐ་དད་པ་དང་ལྡན་པ་ལ་གོ་རིམས་ཡོད་མོད་ཀྱི།
འོན་ཀྱང་གོ་རིམས་དེ་ནི་སྐྱེས་བུའི་རྟེན་ཅན་ཡིན་ཏེ་སྐྱེས་བུས་བྱས་པའི་ཡི་གེ་དག་ལས་ཐ་དད་པ་མེད་པ་ཉིད་ཡིན་ནོ། །རྒྱུ་ཐ་དད་པ་མེད་པའི་ཕྱིར་ཡི་གེ་དག་ཀྱང་ཚིག་སོ་སོ་ལ་གཞན་དང་གཞན་འབྱུང་མོད་ཀྱི། འོན་ཀྱང་བློ་དམན་པ་དག་དེ་དག་འདྲ་བའི་ཕྱིར་གཅིག་ཉིད་དུ་ཞེན་པར་
བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་འཆད་པ་པོ་ལ་གནས་པ་ཡི་གེ་ཀུན་ནས་སློང་བར་བྱེད་པ་ཀུན་ནས་བསླང་བར་བྱ་བ་ཡི་གེ་སོ་སོ་ཐ་དད་པ་གོ་རིམས་བཞིན་དུ་འབྱུང་བ་ཅན་གྱི་ཤེས་པ་དག་ནི་ཤེས་པ་སྔ་མ་སྔ་མའི་དེ་མ་ཐག་པའི་
རྐྱེན་གྱིས་སྐྱེད་པར་འགྱུར་ཞིང་གོ་རིམས་བཞིན་དུ་འགྱུར་བ་ཅན་གྱི་ཤེས་པ་དེ་དག་གིས་ཀྱང་ཡི་གེའི་གོ་རིམས་ཅན་ཉིད་དག་སྐྱེད་པར་བྱེད་པར་འགྱུར་རོ། །གོ་རིམས་བཞིན་དུ་འབྱུང་བའི་ཡི་གེ་དག་གིས་ཀྱང་རྣ་བའི་རྣམ་པར་ཤེས་པ་རང་གི་ཡུལ་ཅན་གྱི་གོ་རིམས་
བཞིན་དུ་འབྲས་བུ་ཉིད་གང་ཡིན་པ་དང་། རང་གི་ཡུལ་ཅན་གྱི་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་དངོས་པོ་སྐྱེད་པར་འགྱུར་ཞིང་བརྒྱུད་པས་ཡི་གེ་ལ་དམིགས་པ་ཅན་གྱི་དྲན་པ་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ཉིད་ཀྱང་ངོ་། །དེ་བས་ན་ཡི་གེ་རྣམས་ནི་
ཀུན་ནས་སློང་བར་བྱེད་པའི་ཤེས་པའི་གོ་རིམས་ལས་གོ་རིམས་བཞིན་དུ་འབྲས་བུ་ཉིད་གང་ཡིན་པ་དང་། རང་གི་ཡུལ་ཅན་གྱི་ཤེས་པ་དག་ལ་གོ་རིམས་བཞིན་དུ་རྒྱུ་ཉིད་གང་ཡིན་པ་དེ་ཉིད་གོ་རིམས་སུ་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཏོ། །ད་ནི་ཡན་
ལག་གི་དོན་རྣམ་པར་དབྱེ་བ་ལ་སྒྲ་གང་སྐྱེ་བ་ཞེས་བྱ་བར་རྣམ་པར་སྦྱར་ཏེ། དཔེར་ན་ས་ར་ཞེས་བྱ་བ་འདི་ལ་ཡི་གེ་ས་ལས་ཕྱིས་ཡི་གེ་ཨ་ལྟ་བུའོ། །གང་ལས་སྐྱེ་ཞེ་ན། ཡི་གེ་གང་ཀུན་སློང་ཤེས་པ་ལས་སྐྱེས་པའི་ཤེས་པ་ལས་ཏེ། དུས་སྔར་འབྱུང་བ་ཅན་གྱི་ཡི་གེ་ས་ནི་ཡི་གེ་གང་

ངོ་། །ཡི་གེ་ཡང་ཡིན་ལ་གང་ཡང་ཡིན་པས་ན་ཞེས་བྱ་བ་ནི་གཞི་མཐུན་པའི་བསྡུ་བའོ། །ཡི་གེ་གང་ཀུན་ནས་སློང་བ་ནི་རྒྱུ་ཡིན་ཏེ་འདིས་ཀུན་ནས་སློང་བའི་ཕྱིར་རོ། །ཡི་གེ་ཀུན་ནས་སློང་བ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའོ། །དེ་ལ་སྐྱེས་
པའི་ཤེས་པ་གང་ཡིན་པ་དེ་ནི་ཡི་གེ་གང་ཀུན་ནས་སློང་ཤེས་པ་ལས་སྐྱེ་བའི་ཤེས་པ་དེ་ལས་སྐྱེ་བར་འགྱུར་ཏེ། ཡི་གེ་ས་ཀུན་ནས་སློང་བར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ལས་ཡི་གེ་ཨ་ཀུན་ནས་སླང་བའི་ཤེས་པ་སྐྱེས་པ་གང་ཡིན་པ་དེས་ཨ་སྐྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་
གཞན་ལ་ཡང་ཡི་གེ་སྔ་མ་སྔ་མ་ཀུན་ནས་སློང་བར་བྱེད་པའི་ཤེས་པ་ལས་སྐྱེས་པ་ཕྱི་མ་ཕྱི་མའི་ཤེས་པ་ལས་ཡི་གེ་ཕྱི་མ་ཕྱི་མ་སྐྱེ་བར་འགྱུར་རོ་ཞེས་པར་སྦྱར་རོ། །དེ་ལྟར་རེ་ཞིག་འཆད་པ་པོའི་རྒྱུད་ལ་གནས་པའི་ཀུན་ནས་སློང་བའི་ཤེས་པའི་གོ་རིམས་ལས་ཡི་གེ་རྣམས་གོ་
རིམས་བཞིན་དུ་སྐྱེ་བ་འབྲས་བུ་ཉིད་དུ་བསྟན་ནས་ཡི་གེ་དག་གོ་རིམས་བཞིན་དུ་སྐྱེ་བ་ཡང་ཉན་པ་པོའི་རྒྱུད་ལ་གནས་པའི་རང་བཞིན་ཡུལ་ཅན་གྱི་ཤེས་པ་རྣམས་ཀྱི་གོ་རིམས་བཞིན་དུ་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཕྱི་མ་གང་ལ་ཡི་གེ་སྔ་མའི་ཁྱད་པར་ཏེ་བྱེ་བྲག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཡི་གེ་ཕྱི་མའོ། །རྣ་བས་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །ངེས་པར་འགྱུར་བ་ནི་གཟུང་བར་འགྱུར་བའོ། །ཡི་གེ་སྔ་མ་སྔ་མ་ཡི་གེ་ཕྱི་མ་ཕྱི་མའི་དུས་སུ་ཡོད་པ་ཉིད་མ་ཡིན་ན།
ཇི་ལྟར་ན་དེའི་ཁྱད་པར་ཅན་ཡི་གེ་ཕྱི་མ་དག་གཟུང་བར་འགྱུར་ཞེ་ན། ཤེས་པ་དེས་སྐྱེད་ཤེས་པ་ཅན་ཞེས་བྱ་བ་སྨོས་ཏེ། རང་གི་ཡུལ་ཅན་གྱི་ཤེས་པ་གང་ལ་ཡི་གེ་སྔ་མའི་ཡུལ་ཅན་གྱི་ཤེས་པ་དེས་བསྐྱེད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་སྐད་དུ་གང་གི་ཚེ་ཡི་
གེ་ས་ལ་དམིགས་པ་ཅན་གྱི་རྣ་བའི་ཤེས་པ་སྐྱེ་བའི་དུས་དེ་ཉིད་ཀྱི་ཚེ་ཡི་གེ་ཨ་ཀུན་ནས་སློང་བའི་སེམས་དེ་ཉིད་ཀྱིས་ཡི་གེ་ཨ་སྐྱེད་ཅིང་དེས་ཡི་གེ་ཨ་དང་ཡི་གེ་ས་ལ་དམིགས་པ་ཅན་གྱི་ཤེས་པ་དུས་མཚུངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་ཡི་གེ་ས་ལ་དམིགས་

པ་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་ལྷན་ཅིག་བྱེད་པ་དང་ཡི་གེ་ཨས་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ན་ཡི་གེ་སྔ་མའི་ཁྱད་པར་ཅན་རྟོགས་པར་འགྱུར་རོ་ཞེས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ལྟར་ལྷན་ཅིག་བྱེད་པའི་ཤེས་པ་སྔ་མས་བསྐྱེད་པའི་
བདག་ཉིད་ཀྱི་ཤེས་པ་ཅན་དེ་ཞེས་བྱ་བ་ནི་ཡི་གེ་ཕྱི་མའོ། །ཅི་འདྲ་བ་ཞིག་ཅེ་ན་ཐོས་པ་དེ་མཉན་པའི་དུས་ཀྱི་ཚེའོ། །དལ་བ་ཐོས་ཅན་ཞེས་བྱ་བ་ནི་གང་གི་ཚེ་ཡི་གེ་དལ་བ་སྟེ། རིམ་གྱིས་བརྗོད་པར་འགྱུར་བ་དེའི་ཚེ་ཐོས་པ་དལ་ཞིང་མི་མྱུར་བར་དཔྱོད་པའི་ངང་ཚུལ་ཅན་
རབ་ཏུ་རྣམ་པར་ཕྱེ་ནས་འཛིན་པའི་ངང་ཚུལ་ཅན་ནོ། །སྒྲ་གང་ལ་རྣ་བའི་རྣམ་པར་ཤེས་པས་དལ་བར་ཐོས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གནས་སྐབས་གང་ལ་ཡི་གེ་རྣམ་པར་དབྱེ་བ་ངེས་པར་གཟུང་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་མྱུར་བར་བརྗོད་པ་ན་
ཡི་གེ་རྣམ་པར་དབྱེ་བ་ཡོངས་སུ་བཅད་པ་མེད་པའི་ཕྱིར། གང་ལས་གོ་རིམས་བཞིན་དུ་དྲན་པ་སྐྱེད་པར་བྱེད། དེ་ལྟར་ན་ཤིན་ཏུ་མྱུར་བར་བརྗོད་པ་ན། ཁྱོད་ཀྱིས་ཅི་ཞིག་བརྗོད་ཅེས་བརྒལ་ཞིང་བརྟག་པར་འགྱུར་རོ། །མྱུར་དུ་བརྗོད་པ་ན་ཡང་ཡི་གེ་དག་གོ་རིམས་བཞིན་
དུ་འགྱུར་བ་ཅན་ཡིན་མོད་ཀྱི། འོན་ཀྱང་ཡི་གེ་རྣམ་པར་དབྱེ་བ་སྔ་ཕྱི་གསལ་བ་མ་ཡིན་ནོ། །གང་དུ་གོ་རིམས་ངེས་པ་གཟུང་བ་དེ་བསྟན་པའི་ཕྱིར་དལ་བ་ཐོས་ཅན་ཞེས་བྱ་བ་སྨོས་སོ། །དེ་ལྟ་བུར་གྱུར་པའི་ཡི་གེ་ཅི་ཞིག་བྱེད་ཅེ་ན། དེ་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་
ལ། དེ་དྲན་པ་ལ་ལྟོས་ནས་ཞེས་བྱ་བ་ཡི་གེ་སྔ་མ་དྲན་པ་ལའོ། །ཕྱིས་ནི་བདག་ཉིད་ལ་དྲན་པ་བྱེད་པ་སྟེ། བདག་ཉིད་དེ་རང་གི་ཡུལ་ལ་བརྒྱུད་པས་དྲན་པ་སྐྱེད་པར་བྱེད་ཅིང་བལྟ་བར་བྱའོ། །དེས་ནི་རང་གི་ཡུལ་ཅན་གྱི་ཤེས་པའི་ཡི་གེ་རྣམས་གོ་རིམས་བཞིན་དུ་རྒྱུ་ཉིད་
བསྟན་ཏོ། །དེ་ལྟར་ཏེ་དེ་སྐད་དུ་བསྟན་པའི་རིམ་པ་བཞིན་དུ་ཡི་གེ་རྣམས་རྒྱུ་དང་འབྲས་བུ་ཉིད་དེ་དག་ཅེས་བྱ་བ་ཡི་གེའི་རྟེན་ཅན་ཏེ། ཡི་གེ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །སྐྱེས་བུས་བྱས་པ་ཉིད་དེ་སྐྱེས་བུས་སྦྱར་བ་ཉིད་ལ་འཇིག་རྟེན་གོ་རིམས་དག་ནི་ཡིན་ཞེས་བརྗོད་དོ། །

ཡི་གེ་རྣམས་ཀྱི་རྒྱུ་དང་འབྲས་བུ་ཉིད་ཅི་ཞིག་ལ་ལྟོས་པ་ཞེ་ན། དེ་ནི་དེ་རྒྱུ་འཛིན་སེམས་ཀྱི་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འཛིན་པ་ཞེས་ནི་ཟླས་དབྱེ་བའོ། །ཡི་གེ་དེ་དག་གི་རྒྱུ་དང་འཛིན་པ་ཞེས་བྱ་བ་ནི་དྲུག་པའི་བསྡུ་བའོ། །དེས་ན་སེམས་ཀྱི་སྒྲ་དང་ཁྱད་པར་གྱི་བསྡུ་བ་བྱའོ། །
ཡི་གེ་དག་གི་རྒྱུ་སེམས་གང་ཡིན་པ་དང་དེ་དག་དང་འབྲེལ་པས་ཡི་གེ་རྣམས་འབྲས་བུ་ཉིད་ཡིན་ཏེ། སེམས་ཀྱིས་ཡི་གེ་དག་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་འཛིན་པར་བྱེད་པའི་སེམས་དག་ནི་དེ་དག་དང་འབྲེལ་པས་ན་ཡི་གེ་རྣམས་རྒྱུ་ཉིད་ཡིན་ཏེ། ཡི་གེ་དག་གིས་སེམས་དེ་
དག་ཡི་གེ་འཛིན་པར་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་དག་གི་རྣམ་པར་རིག་བྱེད་གང་ལ་སེམས་ཀྱིས་ཀུན་ནས་སློང་བ་སྟེ། རྒྱུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ངག་ཉིད་རྣམ་པར་རིག་བྱེད་ཡིན་ཏེ། གཞན་ཤེས་པར་བྱེད་པ་ཡིན་
པའི་ཕྱིར་རོ། །ཐ་སྙད་ལ་དེའི་དབྱེ་བ་གསུམ་སྟེ། ཡི་གེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡི་གེ་དང་ཚིག་དང་ངག་ཅེས་བྱ་བ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ལ་ཡི་གེ་དག་གི་རྣམ་པར་དབྱེ་བ་ནི་ཡི་གེ་དག་ཡིན་ནོ། །ཡི་གེ་བསྡུས་པ་ནི་ཚིག་
གོ། །ཚིག་བསྡུས་པ་ནི་ངག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ས་ར་ཞེས་བྱ་བའི་ཚིག་འདི་ལ་ཡི་གེ་ལྔ་ཡོད་དེ། ཡི་གེ་ས་དང་། དེའི་འོག་ཏུ་ཡི་གེ་ཨ་དང་། དེ་ནས་ཡི་གེ་ར་དང་། དེ་ནས་ཡི་གེ་ཨ་དང་དེའི་འོག་ཏུ་ཚེག་དྲག་ཅེས་བྱ་བའོ། །ཡི་གེས་ཀུན་
ནས་སློང་བར་བྱེད་པའི་རྒྱུའི་སེམས་གང་ཡིན་པའི་སེམས་དེ་མ་ཐག་པའི་རྐྱེན་དེས་དེ་མ་ཐག་པ་འཛིན་པ་དམིགས་པའི་རྐྱེན་རྣམ་པར་བཅད་པའི་ཕྱིར་རོ། །ཡི་གེ་ཨ་ཀུན་ནས་སློང་བའི་སེམས་དེ་སེམས་གང་གིས་ཡི་གེ་ཨ་ཀུན་ནས་སློང་བ་སྐྱེ་བར་བྱེད་པ་བསྐྱེད་པར་འགྱུར་རོ། །
དེ་བཞིན་དུ་ཞེས་བྱ་བ་བཤད་པའི་རིམ་པས་ཡི་གེ་ར་དང་ཚེག་དྲག་དག་སེམས་གང་གིས་ཀུན་ནས་སློང་བར་བྱེད་པ་དེ་དག་ནི་སྔ་མ་སྔ