Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅༅། །ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་གཉིས་པ། དེ་བས་ན་ཞེས་བྱ་བ་དེའི་ཕྱིར་དོན་དམ་པའི་རང་བཞིན་ཉིད་དུ་འགའ་ཞིག་ལ་དོན་འགའ་ཞིག་ཏུ་ཡོད་པ་
ཉིད་ཀྱིས་དེ་ལ་དེ་ཉིད་དང་གཞན་ཉིད་ལ་བརྟེན་པར་འགྱུར་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །སྐད་ཅིག་མར་སྨྲ་བ་གང་གི་དངོས་པོ་འཇིག་པའི་ངང་ཚུལ་ཅན་ནི་ཅིར་ཡང་མི་འགྱུར་བ་དངོས་པོ་དེ་
བདག་ཉིད་འབའ་ཞིག་མི་འགྱུར་རོ་ཞེས་འདོད་པ་དེས་ནི་མེད་པར་འགྱུར་ཞེས་བརྗོད་པ་ན། དངོས་འགྱུར་མིན་ཞེས་བྱ་བ་སྟེ། དགག་པ་ཙམ་ཉིད་བརྗོད་པ་ཡིན་གྱི། འགའ་ཞིག་བསྒྲུབ་པ་ནི་མ་ཡིན་ནོ། །
དེ་བས་ན་སྐད་ཅིག་མར་སྨྲ་བའི་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པར་རྟོག་པའི་འཇུག་པ་ཡོད་པ་མ་ཡིན་ནོ་ཞེས་དགོངས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གལ་ཏེ་སྐད་ཅིག་མར་སྨྲ་བ་
འདིས་དངོས་པོ་མེད་པར་འགྱུར་རོ་ཞེས་བྱ་བ་སྒྲུབ་པ་ལ་རེག་པ་སྒྲ་ཉིད་ཀྱིས་བརྗོད་པ་དེ་ལྟ་ན་ཡང་དངོས་པོར་མི་འགྱུར་རོ་ཞེས་བྱ་བ་ཁོ་ནར་བསྟན་པར་འགྱུར་རོ། །གལ་ཏེ་ཅུང་ཟད་སྒྲུབ་པར་མི་བྱེད་པ་དེ་ལྟ་ན་དངོས་

པོ་དེ་ལྡོག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགག་པ་དངོས་པོ་ཙམ་རྣམ་པར་གཅོད་པ་ལ་སྒྲུབ་པ་མི་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་འཇིག་པའི་ངང་ཚུལ་ཅན་ལ་དངོས་པོའི་ཆོས་ཅིར་ཡང་མི་འགྱུར་རོ་ཞེས་
བྱ་བ་དེ་ཉིད་ཀྱི་ཕྱིར་དངོས་པོའི་འཇིག་པ་ལ་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་འཇིག་པ་འདིའོ། །གལ་ཏེ་བྱ་བ་ཅུང་ཟད་ཅིག་སྟེ་ལས་སུ་བྱ་བ་ཅུང་ཞིག་ཡོད་ན། དངོས་པོ་འཇིག་པའི་རྒྱུ་གཞན་ལ་ལྟོས་པར་འགྱུར་
ན། བྱ་བ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་འཇིག་པའི་རྒྱུ་ཅུང་ཞིག་ཀྱང་མི་བྱེད་པ་ཡིན་ནོ། །དངོས་པོ་གང་ཅུང་ཞིག་མི་བྱེད་པ་དེ་ལ། ཅིའི་ཕྱིར་འགའ་ཞིག་གིས་ལྟོས་འགྱུར་ཏེ་ལྟོས་པར་མི་འགྱུར་རོ། །བྱ་བ་ཞེས་བྱ་བ་ལ་
སོགས་པས་འཆད་པར་བྱེད་དེ། ལས་སུ་བྱ་བ་ཡོད་ན་བྱེད་པ་པོར་འགྱུར་ཏེ། དངོས་པོ་འཇིག་པའི་ངང་ཚུལ་ཅན་ལ་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་སྔར་བཤད་ཟིན་ཏོ། །དེ་བས་ན་འགའ་ཞིག་འཇིག་པའི་རྒྱུ་ཞེས་བྱ་བ་གང་ཡིན་པ་དེ་
ནི་དངོས་པོ་ལ་ཅུང་ཞིག་ཀྱང་མི་བྱེད་པ་དེ་ལྟར་ན་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་བྱེད་པ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ཡིན་ཏེ། གལ་ཏེ་འཇིག་པའི་ངང་ཚུལ་ཅན་ལ་ཕུལ་དུ་བྱུང་བ་ཅུང་ཞིག་ཀྱང་

སྐྱེ་བ་མེད་ན་དེ་ནི་ཕུལ་དུ་བྱུང་བ་སྐྱེ་བ་མེད་པ་ཅན་ཏེ། དེའི་གནས་སྐབས་ཅན་ཇི་ལྟར་དངོས་པོ་སྔ་མའི་གནས་སྐབས་ཅན་དེ་འཇིག་པ་ཞེས་བྱ། གང་ལ་ཕུལ་དུ་བྱུང་བ་སྐྱེ་བ་ཡོད་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཕུལ་དུ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་
ཏེ། འཇིག་པ་རྒྱུ་ལས་དངོས་པོ་ཕུལ་དུ་བྱུང་བ་སྐྱེ་བ་ཡིན་པར་ཁས་ལེན་པར་བྱེད་ན་ཡང་། དེ་ཉིད་དངོས་པོ་དེའི་འཇིག་པ། །ཞེས་བྱ་བ་ཕུལ་དུ་བྱུང་བ་སྐྱེ་བ་ཞེས་བྱ་བ་མ་ཡིན་ནམ། དངོས་པོ་དེ་ཇི་ལྟར་ན་འཇིག་པ་ཞེས་བྱ་བ་སྟེ། གཞན་འབྱུང་བ་གཞན་འཇིག་པ་མ་ཡིན་ནོ། །གང་གི་ཕྱིར་
དེ་ལྟ་ཡིན་པའི་རྒྱུ་དེས་ནི་དེའི་གནས་སྐབས་ཅན་གྱི་དངོས་པོ་འདི་འཇིག་པ་ཞེས་བྱ་བ་མ་ཡིན་ནོ། །འོན་ཀྱང་གང་གིས་ཏེ་གང་གི་ཕྱིར་བདག་ཉིད་མེད་པར་འགྱུར་བ་དེ་འཇིག་པ་ཡིན་གྱི། དོན་གཞན་འཇིག་པ་ཞེས་བྱ་བ་སྐྱེ་བ་ལས་ནི་མ་ཡིན་ནོ་ཞེས་དེ་མ་ཐག་ཏུ་བཤད་ཟིན་ཏོ། །གང་གི་ཕྱིར་
ཕུལ་དུ་བྱུང་བ་འཇིག་པ་ཞེས་བྱ་བ་སྐྱེད་པ་དངོས་པོའི་བདག་ཉིད་འཇིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་པ་ནི་ཕུལ་དུ་བྱུང་བ་ཉེ་བར་བརྗོད་པ་ཐམས་ཅད་དེ། བསྟན་པ་མ་ཡིན་པ་དེ་དག་ལོག་པ་དེའི་སྒོ་ནས་ཏེ། ནུས་པའི་ཐ་སྙད་ཐམས་ཅད་ལྡོག་པ་ཞེས་བྱ་བའི་དོན་ཏོ། །
དངོས་པོའི་ཆོས་ཐམས་ཅད་ཀྱིས་དབེན་པ་སྟེ་བྲལ་བ་གང་ཡིན་པ་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་དངོས་པོ་མེད་པ་ལ་ཕུལ་དུ་བྱུང་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཕུལ་དུ་བྱུང་བ་སྐྱེ་ན་ནི་མེད་པ་ཉིད་ཉམས་པར་འགྱུར་རོ། །གང་གི་ཕྱིར་དངོས་པོ་ནི་སྐྱེ་བ་དང་འབྲེལ་པའི་
མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། གང་འགའ་ཞིག་གི་ཕུལ་དུ་བྱུང་བ་སྐྱེ་བ་དང་འབྲེལ་པ་སྟེ་ལྡན་པ་ཡོད་པ་ནི་དངོས་པོ་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་མེད་པ་སྟེ་འཇིག་པ་ལ་ཕུལ་དུ་བྱུང་བ་གཞན་འགའ་ཞིག་དགོད་པར་བྱ་བ་སྟེ། སྒྲུབ་པ་ཉེ་བར་དགོད་པར་བྱ་བ་མ་ཡིན་
ནོ། །དེས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་འཇིག་པ་རང་བཞིན་མེད་པ་ཉིད་དུ་བསྟན་པའི་རྒྱུ་འདིས་ན་རྒྱུ་མེད་ཅན་ཡིན་ཡང་སྟེ། འཇིག་པ་ཁས་ལེན་ན་འཇིག་པ་དེ་དང་པོ་མ་བྱུང་བ་ཉིད་ནས་སྐད་ཅིག་མ་གཉིས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ན། མ་བྱུང་ཉིད་ནས་འཇིག་ཡོད་ཕྱིར། །

འཇིག་པ་དེ་མྱུ་གུ་ལ་སོགས་པ་དང་འདྲ་བར་ཡོད་པ་དང་། འཇིག་པ་ཉིད་དུ་འགྱུར་ཞེས་བྱ་བ། །ཡོད་པ་ཉིད་དང་འཇིག་ཉིད་སྐྱོན། །གང་ཡིན་པ་དེ་ནི་དེ་ཉིད་ཀྱིས་ཐལ་བར་འགྱུར་བ་བསལ་བ་ཡིན་ནོ། །གང་ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་འཇིག་པ་
རྒྱུ་མེད་པ་ཅན་ཉིད་ཡིན་ན་ཡང་མ་བྱུང་བ་ཉིད་ནས་འཇིག་པ་འདི་ཡོད་པའི་རྒྱུའི་ཕྱིར་རོ། །ཡོད་པ་ཉིད་དང་མི་རྟག་པ་ཉིད་བཟློག་པར་དཀའ་ཞིང་མ་བྱུང་བ་ཉིད་ནས་འགྱུར་བ་དང་། འཇིག་པ་རྒྱུ་མེད་པ་ཡང་འགལ་བ་སྟེ། རེས་འགའ་འབྱུང་བ་དང་རྒྱུ་མེད་པ་ཉིད་འགལ་བའི་ཕྱིར་རོ། །
སྐྱོན་ཉེ་བར་བཀོད་པ་དེ་ཡང་འཇིག་པ་ངོ་བོ་ཉིད་མེད་པར་བསྟན་པ་འདིས་བསལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་འཇིག་པའི་ཆེ་དངོས་པོ་འགའ་ཞིག་སྟེ། འཇིག་པ་ཞེས་བྱ་བའི་ཆོས་འབྱུང་བར་ཁས་མ་བླངས་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་
བསུ་བ་ཡིན་ཏེ། དངོས་པོ་ཉིད་དུ་མཚུངས་པ་ལ་ཇི་ལྟར་སྐྱེ་བ་ཅན་འགའ་ཞིག་སྟེ། སྐྱེ་བ་དང་ལྡན་པ་དག་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་ཐོགས་པ་ཉིད་འདོད་ཀྱི་གཞན་མ་ཡིན་པ་དེ་བཞིན་དུ་གལ་ཏེ་དངོས་རྣམས་འཇིག་རང་བཞིན་ཡིན་གྱི་ཞེས་བྱ་
བ་དངོས་པོ་སྐྱེ་བ་དང་ལྡན་པ་ཉིད་ཡིན་གྱི། ནམ་མཁའ་ལ་སོགས་པ་སྐྱེ་ལྡན་མིན་མ་ཡིན་པ་དེ་ལྟར་ན་ཡོད་པ་ཉིད་གང་ཡིན་པ་དེ་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བ་དེ་ནི་འཁྲུལ་པ་ཡིན་ནོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དངོས་པོ་རྣམས་ཀྱི་དེའི་རང་བཞིན་དུ་འགྱུར་
བ་ནི་བླའོ། །རང་བཞིན་དེ་ཡང་གང་ཞེ་ན་སྐད་ཅིག་མར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ལ་སྐད་ཅིག་མར་གནས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྐད་ཅིག་མར་གནས་པའི་ཆོས་ཅན་གྱི་རང་བཞིན་དེ་ནི་སྐྱེ་བ་དང་ལྡན་པ་ཉིད་ཀྱིས་དངོས་པོ་རྣམས་འགྱུར་བ་ཡིན་གྱི་
ནམ་མཁའ་ལ་སོགས་པ་སྐྱེ་བ་དང་མི་ལྡན་པ་ཉིད་ནི་མ་ཡིན་ནོ། །འདི་ལྟར་རང་གི་ངོ་བོ་ཡིན་པའི་ཕྱིར་ཐམས་ཅད་ཐམས་ཅད་ཀྱི་རང་གི་ངོ་བོར་འགྱུར་བ་ནི་མ་ཡིན་ཏེ། ཐོགས་པར་བྱེད་པའི་བདག་ཉིད་ཅན་བཞིན་ཏེ། དཔེར་ན་དངོས་པོའི་རང་བཞིན་ཡིན་དུ་ཟིན་ཀྱང་ཐམས་ཅད་

ཐོགས་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར་པ་མ་ཡིན་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བདེན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། དཔེར་ན་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་བདེན་ཏེ། དེ་ལྟར་ན་ཡང་འཇིག་པའི་ངང་ཚུལ་ཅན་
གྱི་རང་བཞིན་ཅན་ཉིད་ལ། འདི་ལྟར་འདི་ནི་ཐོགས་པ་དང་བཅས་པ་སྐྱེད་པར་བྱེད་པ་ཡིན་ལ། འདི་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདི་རིགས་པ་མ་ཡིན་ནོ། །དེ་ལྟར་ན་རྒྱུའི་རང་བཞིན་ངེས་པ་ལས། འདི་ནི་ཐོགས་པ་དང་བཅས་པ་ཡིན་ལ། འདི་ནི་མ་ཡིན་ནོ་ཞེས། འབྲས་ལ་རང་
བཞིན་ངེས་ཡིན་གྱི། །མི་རྟག་ངོ་བོ་ཐ་དད་མེད་པ་སྟེ། གང་གིས་ན་འགའ་ཞིག་ནི་འཇིག་པའི་རང་བཞིན་ཅན་དུ་འགྱུར་ལ། གཞན་ནི་མི་འགྱུར། ཅིའི་ཕྱིར་ཞེ་ན། མི་རྟག་པའི་རང་བཞིན་གྱི་ཐ་དད་བྱེད་རྣམས་མེད་ཉིད་ཕྱིར་ཏེ། རྒྱུ་ཐམས་ཅད་ཀྱིས་འཇིག་པའི་རང་བཞིན་སྐྱེད་པའི་ཕྱིར་རོ་
ཞེས་བྱ་བའི་དོན་ཏོ། །ཐོགས་པར་བྱེད་པའམ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གཞན་ཞེས་བྱ་བ་ནི་བསྟན་དུ་ཡོད་པ་ལ་སོགས་པའོ། །གློ་བུར་བ་ཞེས་བྱ་བ་ནི་རྒྱུ་མེད་པར་རོ། །སོ་སོར་ངེས་པ་དང་ལྡན་པ་ནི་དངོས་པོ་འགའ་ཞིག་ཉིད་ལའོ། །དངོས་པོ་རྣམས་ཀྱིས་ཐོགས་
པ་ལ་སོགས་པའི་ཆོས་སྐྱེད་པར་བྱེད་པའི་རྒྱུའི་ནུས་པའི་གནས་པ་སྟེ། ནུས་པའི་ངེས་པ་སོ་སོར་ངེས་པའི་ཡུལ་ཅན་ཅི་འདྲ་བ་དེ་འདྲ་བ་སྟེ། རྒྱུའི་ནུས་པའི་རྗེས་སུ་མཐུན་པ་འབྲས་བུར་གྱུར་པའི་ཕྱིར། རྒྱུའི་རང་བཞིན་གྱི་ངེས་པའི་རྒྱུ་ལས་འབྲས་བུའི་རང་བཞིན་ངེས་པར་འདོད་པར་བྱའོ། །
ཅི་སྟེ་ཡང་རྒྱུའི་ངེས་པ་ལས་རང་བཞིན་གྱིས་ངེས་པ་མ་ཡིན་གྱི་འོན་ཀྱང་གློ་བུར་བ་ཡིན་པ་དེའི་ཚེ་འདིའི་འབྲས་བུ་གློ་བུར་བ་ཉིད་ཡིན་པར་ཁས་ལེན་ན་ཡང་ཡུལ་དང་དུས་ཀྱི་ངེས་པ་མི་རུང་ངོ་ཞེས་སྐྱོན་ཡང་བཤད་ཟིན་ཏོ། །དེ་བས་ན་ཐོགས་པ་དང་བཅས་པའི་རྒྱུ་ལས་སྐྱེ་བ་ནི་ཐོགས་པ་དང་
བཅས་པར་འགྱུར་ཞིང་། ཐོགས་པ་མེད་པས་སྐྱེད་པའི་ཕྱིར་ཐོགས་པ་མེད་པ་ཞེས་བྱ་བའི་རྒྱུའི་ངེས་པ་ལས་འབྲས་བུའི་རང་བཞིན་གྱི་ངེས་པར་འགྱུར་རོ། །ཐོགས་པར་བྱེད་པའི་བདག་ཉིད་ཅན་གྱི་རྒྱུ་དེའི་ཚོགས་པའི་རང་བཞིན་དེའི་ངེས་པ་བཞིན་དུ་འཇིག་པའི་རང་བཞིན་སྐྱེད་པར་

བྱེད་པའི་ངེས་པའི་རང་བཞིན་ཅན་རྒྱུར་གྱུར་པའི་དངོས་པོ་འགའ་ཞིག་འཇིག་པ་སྐྱེད་པར་བྱེད་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་དེ་ལྟ་བུ་མ་མཐོང་ངོ་། །དངོས་པོ་གང་ལ་འཇིག་པ་སྐྱེད་པར་བྱེད་པ་ངེས་པའི་རང་བཞིན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །
རྒྱུ་སོ་སོར་ངེས་པ་གང་གིས་དེ་ལ་སྐྱེ་བ་དང་ལྡན་པ་དང་། འཇིག་པ་སྐྱེད་པར་བྱེད་པའི་རྒྱུ་ལས་སྐྱེ་བ་ཡོད་པ་གང་ཡིན་པ་དེ་ལྟར་འགྱུར་བ་སྟེ། འཇིག་པའི་ངང་ཚུལ་ཅན་དུ་འགྱུར་ཞིང་གཞན་ཏེ་མཚན་ཉིད་མི་འདྲ་བ་ཅན་གྱི་རྒྱུ་ལས་སྐྱེ་བ་ཅན་གང་ཡིན་པ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
རྣམ་པ་ཐམས་ཅད་ལས་སྐྱེ་བ་ཅན་དག་གིས་འཇིག་པ་མཐོང་བའི་ཕྱིར་ཏེ། གང་དག་ལ་རྒྱུ་རྣམ་པ་ཐམས་ཅད་ལས་སྐྱེ་བ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ཡང་སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་འཇིག་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་སྐབས་སུ་བཀག་ཟིན་ཏོ། །
སྐྱེ་བ་དང་ལྡན་པ་ཉིད་འཇིག་པའི་རང་བཞིན་ཅན་དུ་འགྱུར་གྱི་སྐྱེ་བ་དང་ལྡན་པ་མ་ཡིན་ན་ནི་མ་ཡིན་པ་མ་ཡིན་ནམ་ཞེས་བྱ་བ་གཞན་གྱིས་བརྒལ་བ་ན་རྣམ་པ་ཐམས་ཅད་ལས་སྐྱེས་པ་ཅན་དག་འཇིག་པའི་རང་བཞིན་ཅན་དུ་གཞན་ཡང་ཁས་ལེན་ལ། གྲུབ་པའི་མཐའ་སྨྲ་བས་ཀྱང་། །
མི་རྟག་ངོ་བོ་ཐ་དད་མེད། །ཅེས་བརྗོད་པས་སྐྱེ་བ་དང་ལྡན་པ་ཉིད་འཇིག་པར་བསྒྲུབས་པའི་ཕྱིར་བརྒལ་བ་དང་རྗེས་སུ་མཐུན་པའི་ལན་མ་ཡིན་ནོ་ཞེ་ན། སྐྱེ་བ་དང་ལྡན་པ་མ་ཡིན་པ་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་སྙམ་དུ་བསམས་པའོ། །དེ་ལྟ་ན་ནམ་མཁའ་ལ་སོགས་པ་སྐྱེ་བ་དང་ལྡན་པ་མ་ཡིན་པ་
ཉིད་དུ་འདོད་པ་གང་ཡིན་པ་དེ་དག་ནི་གདོན་མི་ཟ་བར་དོན་གྱི་བྱ་བ་བྱེད་པར་ཁས་བླང་བར་བྱ་སྟེ། དེ་དང་འབྲེལ་པ་ནི་ཡོད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་དོན་གྱི་བྱ་བ་བྱེད་པ་ཡང་འགའ་ཞིག་གི་ཚེ་བྱེད་པར་འགྱུར་རོ་ཞེས་ཁས་བླང་བར་བྱ་སྟེ། དེའི་འབྲས་བུ་ཉིད་དུ་བརྟགས་པ་
དག་ཐམས་ཅད་ཀྱི་ཚེ་མི་དམིགས་པའི་ཕྱིར་རོ། །དེ་ལྟ་ན་དེ་དག་ཀྱང་ལྷན་ཅིག་བྱེད་པ་དག་གིས་ཁྱད་པར་དུ་བྱས་པ་ཅན་ཐོབ་པར་འགྱུར་ཏེ། ལྟོས་པ་མེད་པ་འགའ་ཞིག་གི་ཚེ་ཡང་རྒྱུ་དང་འབྲས་བུ་འགལ་བའི་ཕྱིར་རོ། །དེ་བས་ན་དེ་དག་ཀྱང་དོན་གྱི་སྐྱེ་བ་དང་ལྡན་པ་ཐོབ་པར་འགྱུར་

བ་དེ་ལྟར་ན། སྐྱེ་བ་དང་ལྡན་པ་དེ་དག་ཉིད་འཇིག་པའི་རང་བཞིན་ཅན་མ་ཡིན་པར་ཁས་བླང་བར་བྱ་བ་ཡིན་ན། དེ་ཡང་མི་འཐད་པའི་ཕྱིར་དེ་ནི་མི་རྟག་ངོ་བོ་ཐ་དད་མེད་ཅེས་བྱ་བ་འདིས་བསྟན་པ་ཡིན་ནོ། །ཚོགས་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། རྒྱུ་རྣམ་པ་ཐམས་ཅད་པ་ལས་
དངོས་པོ་རྣམས་ལས་སྐྱེ་བ་ཡོད་པ་གང་ཡིན་པ་དེ་དག་ནི་འཇིག་པར་འགྱུར་རོ་ཞེས་བྱ་བ་འདི་ཡང་ངེས་པ་མེད་པ་ཉིད་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། ཚུ་རོལ་མཐོང་བ་དག་གིས་རྒྱུའི་ཚོགས་པ་དེ་དག་མ་ལུས་པ་མཐོང་བ་མེད་པའི་ཕྱིར་ཏེ། མ་ལུས་པ་གཟུང་བ་མེད་པའི་ཕྱིར་རོ། །
གལ་ཏེ་ཚོགས་པ་འགའ་ཞིག་འཇིག་པ་སྐྱེད་པར་བྱེད་པ་མཐོང་བའི་ཕྱིར་མ་མཐོང་དུ་ཟིན་ཀྱང་དེའི་རིགས་ཅན་ཉིད་ཀྱིས་དེ་ལྟར་གྱུར་པ་ངེས་པ་ཡིན་ནོ་ཞེ་ན། ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ལ་ནུས་པ་སྣ་ཚོགས་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཚོགས་
པ་སྟེ་རྒྱུའི་ནུས་པ་མཐོང་བར་འགྱུར་བ་དེ་ལས་ཏེ། ཚོགས་པའི་ནུས་པ་སྣ་ཚོགས་པའི་ནང་ནས་ཚོགས་པ་འགའ་ཞིག་གྱུར་ན་ཡང་གང་གིས་དངོས་པོ་འཇིག་པའི་ངང་ཚུལ་ཅན་མ་ཡིན་པའི་བདག་ཉིད་སྐྱེད་པར་འགྱུར་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ།
སྐྱོན་འདི་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་བྱའི་སྐབས་ཡིན་པའི་ཕྱིར་ཏེ་དངོས་པོ་ཤེས་བྱ་ཉིད་སྐད་ཅིག་མ་ཉིད་དུ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་འགའ་ཞིག་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་འགའ་ཞིག་གི་ཚེ་ཡུལ་འགའ་ཞིག་
ཏུ་སྐྱེས་བུ་འགའ་ཞིག་གིས་དོན་ཤེས་པར་འགྱུར་བ་ཡང་ཤེས་པར་མི་འགྱུར་བ་གང་ཡིན་པ་དེ་དག་ནི་ཡོད་པ་ཉིད་རྗེས་སུ་འབྲེལ་པ་ཅན་གྱི་འཇིག་པ་ཡིན་ནོ་ཞེས་བརྗོད་དོ། །ཤེས་བྱའི་རང་བཞིན་གང་ཡིན་པ་དེ་ཉིད་ཀྱང་བྱས་པ་སྟེ། དོན་གྱི་བྱ་བ་བྱེད་པ་ཉིད་བྱས་པ་ཉིད་ཡིན་པའི་
ཕྱིར་དེ་དག་ཉིད་མི་རྟག་པ་ཉིད་དུ་སྒྲུབ་པར་འགྱུར་རོ། །ཤེས་པ་ཙམ་གྱི་མཚན་ཉིད་ཅན་ཡིན་ན་ཡང་དོན་བྱེད་པར་མི་ནུས་པ་ནི་དངོས་པོ་ཉིད་མ་ཡིན་པའི་ཕྱིར། མི་རྟག་པ་ཉིད་དུ་སྒྲུབ་པས་ཅི་ཞིག་བྱ། ཤེས་བྱ་ཉིད་སྐད་ཅིག་མ་ཉིད་དུ་སྒྲུབ་པ་ནི་བླ་སྟེ། དེ་ལྟ་ན་ཡང་ཇི་ལྟར་རང་བཞིན་དང་

རྗེས་སུ་འབྲེལ་བ་ཅན་འཇིག་པར་འགྱུར་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་སྔར་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ཅན་དེ་དག་འཇིག་པ་མེད་པ་ཅན་ཏེ། རང་བཞིན་དེ་ཉིད་ལ་རྣམ་པར་གནས་པས་ཀྱང་སྐྱེད་པར་མི་འགྱུར་བ་སྲིད་པ་ཡོད་པ་མ་
ཡིན་ཏེ། རང་བཞིན་ལ་རྣམ་པར་གནས་པ་དག་ནི་སྐྱེད་པར་མི་བྱེད་པ་དང་འགལ་བའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ལ་ལྟོས་ནས་འགའ་ཞིག་གི་ཚེ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་རྟོག་པ་ཡང་ལེན་པ་མ་ཡིན་ནོ། །གང་གི་ཕྱིར་གཞན་ལ་ལྟོས་པར་འགྱུར་བ་སྲིད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །
ཅིའི་ཕྱིར་ཞེ་ན། དེའི་སྐྱེད་པར་བྱེད་པའི་རང་བཞིན་ཏེ། ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ནི་རང་གི་རྒྱུ་ཉིད་ལས་གྲུབ་པའི་ཕྱིར་རོ། །ཅི་སྟེ་ལྟོས་པ་མེད་པ་དེ་དག་ཀྱང་འགའ་ཞིག་གི་ཚེ་ཤེས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ལྟོས་པ་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་
ནི་ངེས་པར་གཟུང་བའི་དོན་ཏོ། །ལྟོས་པ་མེད་པ་ཅན་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ཅན་དུ་རྣམ་པར་གནས་པ་དེ་དག་ལ་དུས་འགའ་ཞིག་གི་ཚེ་སྐྱེས་བུ་འགའ་ཞིག་གི་ཤེས་པ་འགའ་ཞིག་ཀྱང་ལྡོག་པ་ཁོ་ན་མ་ཡིན་ཏེ། ཐམས་ཅད་ཀྱི་རང་གི་ཡུལ་ཅན་གྱི་ཤེས་པ་དག་དུས་ཐམས་
ཅད་དུ་སྐྱེད་པར་འགྱུར་ན་དེ་ལྟར་ནི་མ་ཡིན་ཏེ། འགའ་ཞིག་གི་ཚེ་ཤེས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཤེས་པ་སྐྱེད་པར་མི་བྱེད་པ་དག་ནི་སྐྱེད་པར་བྱེད་པའི་རང་བཞིན་ལས་ཉམས་པ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །འཇིག་པ་ཡང་རྒྱུ་མེད་པ་ཅན་ཡིན་ནོ་ཞེས་བསྟན་པ་དེ་བས་ན། བྱས་པ་
ཐམས་ཅད་རང་བཞིན་གྱིས་འཇིག་པ་དང་འབྲེལ་པ་ཅན་ཉིད་དུ་གྲུབ་པ་ཡིན་ནོ། །འོན་ཀྱང་བྱས་པ་ཤེས་བྱ་མ་ཡིན་པ་དེ་ལྟར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་མ་ཡིན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་
ཐམས་ཅད་ནི་འགའ་ཞིག་གི་ཚེ་སྐྱེས་བུ་འགའ་ཞིག་གིས་ཤེས་པའི་ཕྱིར་རོ། །ཅི་སྟེ་འགའ་ཞིག་གི་ཚེ་དོན་གྱི་བྱ་བ་མི་བྱེད་པ་ཐ་ན་ཤེས་པ་ཡང་སྐྱེད་པར་མི་བྱེད་པ་དེ་འདྲ་བ་ཡོད་པ་དེའི་ཚེ། ཤེས་པ་ཙམ་གྱི་དོན་བྱེད་པའི་ནུས་པ་མེད་ན་ཡང་དོན་བྱེད་པའི་ནུས་པ་ཐམས་ཅད་དང་བྲལ་བ་དེ་ནི་དངོས་པོ་

ཉིད་དུ་མི་འགྱུར་རོ། །དེ་ལྟར་ན་དེའི་མཚན་ཉིད་ཅན་ཏེ། དོན་བྱེད་པར་ནུས་པའི་མཚན་ཉིད་ཅན་དངོས་པོ་ཡིན་ནོ་ཞེས་ཕྱིས་འཆད་པར་འགྱུར་རོ། །དོན་བྱེད་པར་ནུས་པའི་མཚན་ཉིད་ཅན་གྱི་དངོས་པོ་རིམ་བཞིན་དུ་དོན་གྱི་བྱ་བ་བྱེད་པ་དེ་ཡང་འཇིག་པར་འཁྲུལ་པ་མེད་པའི་ཕྱིར་རོ། །འཇིག་
པ་དེ་ཡོད་པ་ཉིད་དང་འབྲེལ་པ་ཅན་དུ་གྲུབ་པ་ཡིན་ཏེ། འཇིག་པ་རྒྱུ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །བཤད་མ་ཐག་པར་དངོས་པོ་ཐམས་ཅད་སྐད་ཅིག་མ་ཉིད་དུ་བསྒྲུབས་པ་དེའི་ཕྱིར་དེ་རྣམས་འབྲེལ་པའི་ཡང་སྟེ། སྒྲའི་དོན་དག་གིས་འབྲེལ་པའི་རྟག་པ་ཉིད་ནི་བསལ་བྱ་ཡིན་
ཏེ། སུན་དབྱུང་བར་བྱ་བ་ཡིན་ནོ། །འཇིག་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འཇིག་པ་ནི་ཇི་སྐད་དུ་བཤད་པའི་དངོས་པོ་ཙམ་དང་འབྲེལ་བའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར། སྒྲ་དང་འདྲ་བ་སྟེ་དཔེར་ན་སྒྲའི་རྟག་པ་ཉིད་སུན་ཕྱུང་བ་དེ་དང་འདྲ་བར་འབྲེལ་པའི་རྟག་པ་ཉིད་
ཀྱང་བསལ་བར་བྱ་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྒྲ་དང་དོན་དག་གིས་འབྲེལ་པ་ཐ་དད་པར་ཁས་བླངས་ནས་འབྲེལ་པ་མི་རྟག་པ་ཉིད་དུ་བརྗོད་ཀྱི་ཐ་དད་པ་ཉིད་དུ་ཡང་འཐད་པ་མ་ཡིན་ནོ། །འདི་ལྟར་སྤྱོད་པ་པ་དག་གིས་སྒྲའི་ནུས་པ་ཉིད་འབྲེལ་པ་ཡིན་པར་སེམས་ཏེ། དེ་ཉིད་རྒྱལ་དཔོག་
པ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྒྱལ་དཔོག་པ་དག་གིས་སྒྲའི་ནུས་པ་རུང་བ་ཉིད་ཅེས་བྱ་བར་རུང་བ་ཉིད་ཀྱི་མིང་ཅན་དོན་རྟོགས་པའི་རྟེན་དུ་བརྗོད་པ་གང་ཡིན་པ་རུང་བ་ཉིད་དེ་ནི། སྒྲ་ལས་དོན་གཞན་ཉིད་དུ་གྱུར་པ་མ་ཡིན་ནོ། །དེ་ལྟར་ན་རུང་བ་ཉིད་ཅེས་བྱ་བ་དངོས་པོ་རྣམས་ཀྱི་
ཕུལ་དུ་བྱུང་བ་ཉིད་དེ། བརྗོད་པར་འདོད་པའི་དོན་བྱེད་པར་ནུས་པ་ཡིན་ནོ་ཞེས་སྔར་རྒྱུ་དང་འབྲས་བུའི་རུང་བ་ཉིད་དང་འདྲ་བར་སྒྲའི་ནུས་པའི་ངོ་བོ་ཉིད་རུང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྔར་བརྗོད་ཟིན་ཏོ། །སྒྲ་ལས་ཐ་དད་པ་ཉིད་མེད་པའི་ཕྱིར་རུང་བ་ཉིད་ཅེས་བྱ་བ་འབྲེལ་པ་ནི་སྒྲ་ཉིད་དང་འདྲ་བར་མི་རྟག་པ་
ཉིད་དུ་གྲུབ་པ་དེའི་ཕྱིར་ཐ་དད་པར་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་སོ། །སྒྲ་ལས་རུང་བ་ཉིད་དོན་གཞན་ཡིན་པ་ཡང་བླ་སྟེ། དེ་ལྟར་ན་ཡང་འབྲེལ་པའི་སྔར་བཤད་སྐྱོན་རྣམས་ཀྱི་དོན་གཞན་དུ་གྱུར་པའི་སྒྲའི་ནུས་པའང་བསལ་བ་ཡིན་པར་རིག་པར་བྱའོ། །འབྲེལ་པ་ཞེས་བྱ་བ་ལ་

སོགས་པས་འཆད་པར་བྱེད་དེ། འབྲེལ་པ་འབྲེལ་པ་ཅན་དག་ལས་དོན་གཞན་དུ་གྱུར་པ་ཡིན་ནོ་ཞེས་དེ་ལྟར་འབྲེལ་པ་དོན་གཞན་དུ་གྱུར་པ་ཡིན་པར་སྨྲ་བ་ལ། སྐྱོན་རྣམ་པ་དུ་མ་འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། འབྲེལ་པ་ལ་རྟག་ཡོད་མ་ཡིན། །ཞེས་བྱ་བ་
ལ་སོགས་པས་བཤད་ཅིང་བསྟན་ཟིན་ཏོ། །སྔར་བཤད་པའི་སྐྱོན་དེ་ཉིད་ཀྱིས་སྒྲའི་ནུས་པ་ཡང་འབྲེལ་པའི་ངོ་བོར་ཐ་དད་པར་བརྟགས་པ་བསལ་བ་ཉིད་ཀྱི་ཕྱིར་རོ། །ཡང་ལོགས་ཤིག་ཏུ་སྐྱོན་མི་བརྗོད་དོ། །དེ་དེ་ལྟར་ན་རིག་བྱེད་སྐྱེས་བུས་མ་བྱས་པ་མ་ཡིན་ནོ། །སྐྱེས་བུས་
མ་བྱས་པ་ཡིན་པ་ནི་བླ་སྟེ། དེ་ལྟར་ན་ཡང་དེ་ནི་བདེན་པའི་དོན་ཅན་ཉིད་དུ་ངེས་པར་བྱས་པ་མ་ཡིན་ཏེ། འདི་ལྟར་སྐྱེས་བུས་མ་བྱས་ཞེས་བྱ་བ་ཉིད་ཡིན་པའི་ཕྱིར་རིག་བྱེད་ཀྱི་ཚིག་དག །ཇི་བཞིན་དོན་ཤེས་སྒྲུབ་བྱེད་མིན། །དོན་ཕྱིན་ཅི་མ་ལོག་པར་ཤེས་པའི་རྒྱུ་མ་ཡིན་ནོ། །འདི་ལྟར་
སྐྱེས་བུའི་སྐྱོན་ཏེ། སྐྱེས་བུའི་ཉེས་པས་སྐྱོན་མེད་པ་ཡིན་དུ་ཟིན་ཀྱང་མེ་སོགས་རྣམ་པ་གཞན་དུ་མཐོང་ངོ་། །སོགས་པའི་སྒྲས་ནི་ཟླ་བའི་ཟེར་ལ་སོགས་པ་སྟེ། ལོག་པའི་ཤེས་པའི་རྒྱུར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །རིག་བྱེད་པའི་ཞེས་བྱ་བས་འཆད་པར་བྱེད་དེ། རིག་བྱེད་པའི་སྒྲ་སྐྱེས་བུས་མ་
བྱས་པ་ཡིན་པ་ཡང་བླ་སྟེ། དེ་ལྟ་ན་ཡང་ཁས་བླངས་ནས་ཀྱང་རིག་བྱེད་པའི་དོན་དེ་དག་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཤེས་པའི་རྒྱུ་ཉིད་ཡིན་པར་བསམ་པར་བྱ་བ་ཡིན་པར་བརྗོད་དོ། །གང་གི་ཕྱིར་སྐྱེས་བུའི་སྐྱོན་གྱིས་ཉེ་བར་བསྒྱུར་བ་སྟེ། སྐྱེས་བུའི་ཉེས་པ་འདོད་ཆགས་ལ་སོགས་པ་དག་
གིས་ཉེ་བར་སྒྱུར་ཞིང་འདུས་བྱས་པ་ཉིད་ལས་ཏེ། ལོག་པའི་བསམ་པས་སྦྱར་བ་ཉིད་ལས་ཞེས་བྱ་བའི་དོན་ཏོ། །ཤེས་པར་བྱ་བའི་དོན་དག་ལ་ཤེས་པར་བྱེད་པའི་སྒྲ་རྣམས་ཀྱིས་ཤེས་པ་འཁྲུལ་པ་སྟེ། ཤེས་པ་ཕྱིན་ཅི་ལོག་པ་མ་ཡིན་ཏེ། ལོག་པའི་ཤེས་པ་སྐྱེད་པར་བྱེད་པ་
མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ཀྱིས་ཀྱང་ལོག་པའི་ཤེས་པ་སྐྱེད་པར་བྱེད་པ་ནི་སྲིད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་དེ་དང་བྲལ་བ་སྟེ། སྐྱེས་བུའི་སྐྱོན་གྱིས་ཉེ་བར་སྒྱུར་བ་དང་བྲལ་བ་དག་གིས་ཀྱང་ལོག་པའི་ཤེས་པ་རྣམ་པར་ཤེས་པ་སྐྱེད་པའི་ཕྱིར་རོ། །གང་དག་གིས་ཤེ་ན་

སྒྲོན་མ་ལ་སོགས་པ་དེ་དག་གིས་ཀྱང་ངོ་། །སོགས་པའི་སྒྲས་ནི་ཟླ་བའི་ཟེར་ལ་སོགས་པ་གཟུང་ངོ་། །དོན་གང་དག་ལ་ཞེ་ན། ཨུཏྤ་ལ་སྔོན་པོ་ལ་སོགས་པ་དག་ལའོ། །དེ་ལྟར་ནི་མཚན་མོ་སྒྲོན་མ་ནི་ཨུཏྤ་ལ་སྔོན་པོ་ལ་དམར་པོར་སྣང་བའི་ཤེས་པའི་རྒྱུ་ཟླ་བའི་ཟེར་ནི་གོས་སེར་པོ་
ལ་དཀར་པོར་ཤེས་པའི་རྒྱུ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་སྐྱེས་བུས་འདུས་བྱས་པ་ལ་ལྟོས་པ་མེད་པའི་རིག་བྱེད་པའི་སྒྲ་འདི་དག་ནི་འགྱུར་ཏེ་ཞེས་བྱ་བར་སྦྱར་རོ། །ངོ་བོ་ཉིད་ཀྱིས་ཏེ་རང་བཞིན་ཉིད་ཀྱི་དོན་རྣམས་ལ་སྤོབས་པའི་རྒྱུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་བཞིན་
གྱི་ཁྱད་པར་ཡིན་པའི་ཕྱིར་ཏེ། དེ་དག་གི་རང་བཞིན་གྱི་ཁྱད་པར་དེ་འདྲ་བ་དེ་ནི་རང་བཞིན་ཉེ་བ་ཙམ་གང་གི་རང་གི་ཡུལ་ལ་ཤེས་པའི་རྒྱུར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དང་འདྲ་བར་ཞེ་ན། ལོག་པར་བསལ་བ་ཅན་དག་ཀྱང་ངེས་པར་འགྱུར་ཏེ། མེ་ལ་སོགས་པ་བཞིན་ཏེ་
སྒྲ་གང་དག་ལས་ལོག་པར་བསལ་བ་དོན་རྟོགས་པ་ཡོད་པ་ནི་ཞེས་པར་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་ན་སྐྱེས་བུས་མ་བྱས་པ་ཉིད་དུ་བརྟགས་པ་ནི་དོན་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་རིག་བྱེད་པའི་སྒྲ་འདི་ནི་ལོག་པར་བསལ་བ་ཅན་ཉིད་ཡིན་ནོ་ཞེས་བྱ་བ་དེའི་
ངེས་པའི་རྒྱུ་མེད་པ་དེ་བས་ན་ངེས་པའི་རྒྱུ་མེད་པའི་ཕྱིར། རིག་བྱེད་པའི་སྒྲ་དག་ལས་ལོག་པར་བསལ་བ་ཅན་ཉིད་ཡིན་ནོ་ཞེས་རྟོག་པ་མི་རིགས་སོ་ཞེ་ན། དཔྱོད་པ་པ་ཁྱེད་ཅག་གི་ཡང་རིག་བྱེད་པའི་སྒྲ་དག་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་ལ་ཕྱིན་ཅི་མ་ལོག་
པ་པས་ལ་བ་ཅན་གྱི་ངེས་པ་ལ་རྒྱུ་ཅི་ཞིག་ཡོད་དེ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཁྱོད་ཀྱི་གཞུང་གི་དོན་ཇི་ལྟ་བ་བཞིན་དུ་བསལ་བའི་ངེས་པ་བཞིན་དུ་ངོ་བོ་ཉིད་ཀྱིས་ཏེ། རང་བཞིན་ཉིད་ཀྱིས་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་བསལ་བའི་ངེས་པར་ཅིའི་ཕྱིར་མི་རྟོག །ཅི་སྟེ་ལོག་
པར་བསལ་བ་ཅན་གྱི་ངེས་པར་མ་གྱུར་ཅིག་སྙམ་པས་འོན་ཀྱང་མེ་ལ་སོགས་པ་ཉིད་དང་འདྲ་བར་དོན་དག་ལ་སྟེ། ཇི་ལྟར་མེ་ལ་སོགས་པ་དག་བུམ་པ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་དག་ལ་གོ་རིམས་བཞིན་དུ་བདེན་པ་དང་བརྫུན་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་པ་དེ་ལྟར་ན། རིག་

བྱེད་པའི་སྒྲ་རྣམས་ནི་དོན་དག་ལས་ལོག་པ་དང་ཅིག་ཤོས་ཀྱི་ཤེས་པའི་རྒྱུ་ཉིད་ཀྱིས་གཉི་གའི་ཤེས་པའི་རྒྱུ་ཉིད་དུ་འགྱུར་རོ། །དེ་ཉིད་བསལ་བར་བྱ་བའི་ཕྱིར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལ་སོགས་བ་སྐྱེས་བུས་མ་བྱས་པ་ཡིན་དུ་ཟིན་ཀྱང་། ཉིན་པར་བུམ་པ་
ལ་སོགས་པ་གཅིག་ལ་དོན་ཇི་ལྟ་བ་བཞིན་དུ་ཤེས་པའི་རྒྱུར་གྱུར་པ་ཡིན་ན་ཡང་། མཚན་མོ་ཨུཏྤ་ལ་སྔོན་པོ་ལ་སོགས་པ་ཐམས་ཅད་ལ་དེ་ལྟར་དེ་དོན་ཇི་ལྟ་བ་བཞིན་དུ་ཤེས་པའི་རྒྱུར་གྱུར་པ་མ་ཡིན་གྱི། འོན་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་པའི་ཤེས་པའི་རྒྱུར་ཡང་འགྱུར་རོ། །
གལ་ཏེ་མེ་ལ་སོགས་པ་ནི་སྐྱེས་བུའི་བྱ་བས་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར། སྐྱེས་བུའི་བྱ་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ་ཟླ་བའི་སྣང་བ་ལ་སོགས་པ་དག་ནི་སྐྱེས་བུའི་བྱ་བ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྒྲོན་མ་ལ་སོགས་པ་དག་སྐྱེས་བུ་ལས་སྐྱེ་བ་དང་ལྡན་
པ་ཡིན་དུ་ཟིན་ཀྱང་སྟེ་སྒྲ་དང་འདྲ་བར་སྐྱེས་བུའི་འདོད་པའི་དབང་གིས་དོན་གསལ་བར་བྱེད་པ་མ་ཡིན་པ་དེ་ལྟར་ན་སྐྱེས་བུས་མ་བྱས་པར་བརྗོད་དོ། །དེ་ལྟར་རིག་བྱེད་པའི་སྒྲ་རྣམས་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་ན་ཡང་གཉི་གར་འགྱུར་ཏེ། དོན་ཇི་ལྟ་བ་བཞིན་དང་། དོན་ཇི་
ལྟ་བ་བཞིན་མ་ཡིན་པའི་ཤེས་པའི་རྒྱུ་ཉིད་དུ་འགྱུར་རོ། །མེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། མེ་ལ་སོགས་པ་དག་ནི་བྱས་པ་ཉིད་ཀྱི་རྒྱུའི་ཕྱིར་རྐྱེན་ཇི་ལྟ་བ་བཞིན་དུ་སྟེ། གང་གི་འཁྲུལ་པའི་རྒྱུ་གང་ཡིན་པ་དེའི་དབང་གིས་གཞན་ལ་སྟེ། ཨུཏྤ་ལ་སྔོན་པོ་ལ་སོགས་པ་ལ་
རྣམ་པ་གཞན་ཉིད་ཡིན་པ་ཞེས་བྱ་བ་ཕྱིན་ཅི་ལོག་གི་ཤེས་པའི་རྒྱུ་ཉིད་ཡིན་པ་ནི་བླ་སྟེ། སྒྲ་རྟག་པ་དག་ལ་ཡང་ལྷན་ཅིག་བྱེད་པའི་རྐྱེན་གྱི་སྟོབས་ཀྱིས་ལོག་པའི་ཤེས་པ་སྐྱེད་པ་དེ་ཡོད་པ་མ་ཡིན་ཏེ། རྟག་པ་རྣམས་ནི་ལྷན་ཅིག་བྱེད་པའི་སྟོབས་ཀྱིས་རྣམ་པ་གཞན་དུ་འཇུག་པ་མེད་པའི་
ཕྱིར་རོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ་མ་ཡིན་ནམ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གྲགས་པ་བསྟན་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་པ་ཞེས་བྱ་བ་ལྷན་ཅིག་བྱེད་པའི་སྟོབས་ཀྱི་དོན་དག་ལ་རྣམ་པ་གཞན་དུ་གྱུར་པའི་མཚན་ཉིད་ཅན་གྱི་ཆོས་ཡོད་པ་

ཉིད་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་རིག་བྱེད་པའི་སྒྲ་དག་ལ་ཡང་ངོ་། །ཅིའི་ཕྱིར་ཞེ་ན། སྒྲ་དེ་དག་ཀྱང་བརྡའི་སྟོབས་ལས་རྣམ་པ་གཞན་དུ་འཇུག་པའི་ཕྱིར་ཏེ། སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པ་ཅན་གྱི་བརྡའི་སྟོབས་ཀྱིས་རྣམ་པ་གཞན་དུ་དོན་རྟོགས་པ་སྐྱེད་པའི་ཕྱིར་རོ་ཞེས་
བྱ་བའི་དོན་ཏོ། །ཅི་སྟེ་བརྡའི་སྟོབས་ལས་དེ་དག་དོན་དག་ལ་གཞན་དུ་གྱུར་པར་ནི་མི་འདོད་མོད་ཀྱི་འོན་ཀྱང་རྟག་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱིས་རིག་བྱེད་པའི་སྒྲ་རྣམས་ནི་རང་གི་ཡུལ་ལ་རྣམ་པར་ཤེས་པ་བསྐྱེད་པའི་རང་བཞིན་ཡིན་པ་དེའི་ཚེ་རང་གི་ཡུལ་ལ་ཤེས་པའི་འབྲས་བུ་སྐྱེད་པར་བྱེད་
པའི་རང་བཞིན་གང་ཡིན་པ་དེ་ལ་གནས་པ་ཡིན་ན་ཡང་རིག་བྱེད་པའི་སྒྲ་དེ་དག་བརྡ་ལ་སོགས་པ་སྟེ། གདགས་པ་ལ་སོགས་པ་ལྟོས་པར་བྱ་བ་མེད་པའི་རྒྱུའི་ཕྱིར་དང་། སོགས་པའི་སྒྲས་ནི་བྱེད་པའི་བྱ་བ་ལ་སོགས་པ་གཞན་ལ་ཡང་ལྟོས་པ་མེད་པའི་ཕྱིར། རིག་བྱེད་ཀྱི་སྒྲ་དེ་ལས་སྐྱེས་
བུའི་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་དོན་རྟོགས་པ་སྟེ་ཤེས་པར་འགྱུར་ན། ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་ན་ཡང་རྟོགས་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་རིག་བྱེད་པའི་སྒྲ་བརྡ་ལ་སོགས་པ་ལ་ལྟོས་པ་མེད་པ་རྣམས་ནི་དོན་རྟོགས་པ་སྐྱེད་པའི་ཕྱིར་གནས་པར་རང་བཞིན་མ་ཡིན་གྱི། འོན་
ཀྱང་བརྡ་ལ་སོགས་པ་ལ་ལྟོས་པ་ཉིད་ཡིན་ནོ། །དེ་དག་ཀྱང་ལོག་པའི་ཤེས་པའི་རྒྱུ་ཡིན་པ་དེ་ལྟར་ན། དེའི་གནས་སྐབས་ཅན་གྱི་སྐྱོན་ཡོད་དོ། །གཞན་ཡང་སྒྲ་དེ་ནི་མ་བྱས་པར་འདོད་ན་སྟེ་སེམས་པར་གྱུར་ན་སྒྲ་ནི་ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་
རྟག་པ་དག་ལས་དངོས་ནུས་པ་སྟེ། རང་གི་ངོ་བོའི་ཉེ་བའི་ནུས་པ་སྟེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པས་ཞེས་བྱ་བའི་དོན་ཏོ། །ཤེས་པའམ་གཞན་འགའ་ཡང་སྐྱེ་བ་ཡོད་མ་ཡིན། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། །གལ་ཏེ་སྒྲ་མ་བྱས་པ་
ཡིན་ན་སྒྲ་དེ་ལས་དོན་ཤེས་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་དང་ཅིག་ཤོས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དུས་དག་ནི་སྐྱེ་བ་དང་ཅིག་ཤོས་ཀྱི་དུས་དེ་དག་ཏུའོ། །དེས་ན་ཤེས་པའི་སྒྲ་དང་དྲུག་པའི་བསྡུ་བ་སྟེ་ཤེས་པ་སྐྱེ་བ་

དང་མི་སྐྱེ་བའི་དུས་དག་ཏུ་ཞེས་བྱ་བའི་དོན་ཏོ། །རྟག་པ་ཉིད་ཀྱི་ཕྱིར་མཚུངས་པའི་ངོ་བོ་སྟེ། རང་བཞིན་གཅིག་པའི་ཤེས་པ་སྐྱེད་པ་ལ་ནུས་པ་ཡོད་པར་མི་རུང་བའི་ཕྱིར་རོ། །ཤེས་པ་མི་སྐྱེ་བའི་ཚེ་གང་སྐྱེད་པར་བྱེད་པའི་ངོ་བོ་མ་ཡིན་པ་དེ་ཉིད་ལ་གནས་པ་དེ་ནི་སྐྱེད་བར་
བྱེད་པ་ཉིད་དུ་འགལ་བའི་ཕྱིར། རྣམ་པ་གཞན་གྱིས་སྐྱེད་པར་བྱེད་པ་དང་རྣམ་པ་གཞན་གྱིས་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ངོ་བོ་འདིས་རྟག་པར་མངོན་པར་འདོད་པ་འདི་སྐྱེད་པར་བྱེད་པ་ཡིན། ངོ་བོ་འདི་ཉིད་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་
ནོ་ཞེས་དེ་ལྟར་ངོ་བོའི་ཁྱད་པར་ཏེ་རང་བཞིན་གྱི་བྱེ་བྲག་གང་རྣམ་པར་ཕྱེ་ཞིང་ཐ་དད་པར་རྣམ་པར་གཞག་པ་ཡང་མེད་པའི་ཕྱིར་ཏེ། རྟག་པ་ནི་ཐམས་ཅད་ཀྱི་ཚེ་ངོ་བོ་གཅིག་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གཅིག་པ་ཡིན་དུ་ཟིན་ཀྱང་སྔར་སྐྱེད་པར་བྱེད་པ་མ་ཡིན་ཞིང་ཕྱིས་སྐྱེད་
པར་བྱེད་པར་འགྱུར་བ་དེ་ལྟར་ན་གཅིག་ལ་ཡང་རིམ་གྱིས་འགལ་བའི་ཆོས་གཉིས་མི་འགལ་བའི་ཕྱིར་རོ་ཞེ་ན། འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་འདི་སྐྱེད་པར་བྱེད་པ་མ་ཡིན་པ་ཅི་འདྲ་བ་ཉིད་ནི་སྐྱེད་པར་བྱེད་པར་རིགས་པ་མ་ཡིན་ཏེ། ཕྱིས་ཀྱང་དེའི་གཞན་སྐྱེ་བ་ནི་
མེད་པ་གང་གིས་ན་སྐྱེད་པ་བྱེད་པར་འགྱུར། གཅིག་ལ་ཡང་རིམ་གྱིས་ཀྱང་འགལ་བའི་ཕྱིར། དེ་གནས་པའི་སྒོ་ནས་ཀྱང་གཅིག་པ་ཉིད་དུ་འགལ་བའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ལྷག་པར་ཐོབ་ནས་ཕྱིས་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། འདི་ལྟར་གཞན་ལ་
ལྟོས་པ་ཡང་སྟེ། རྟག་པའི་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡང་སྔར་བཀག་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་བ་དེ་བས་ན་སྒྲ་རྟག་པ་ནི་འགའ་ཞིག་ཏུ་ཡང་སྐྱེས་བུའི་ཤེས་པ་སྐྱེད་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་གི་ཚེ་ཤེས་པ་མི་སྐྱེད་པ་ཡིན་ན། ཕྱིས་
ཀྱང་དེ་ཉིད་དེ་དག་གི་རང་བཞིན་ཉིད་ཡིན་པས་ན་རྟག་ཏུ་མི་སྐྱེད་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་སྐྱོན་དེར་མ་གྱུར་ཅིག་སྙམ་པས་དེ་དག་འགའ་ཞིག་གི་ཚེ་ཡང་མི་སྐྱེད་པར་མི་འདོད་དོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ཡུལ་གྱི་རྣམ་པར་ཤེས་པའི་འབྲས་བུ་

རྟག་ཏུ་མ་མཐོང་བའི་ཕྱིར་རོ། །སྒྲ་དེ་དག་རྣམ་པ་འགའ་ཞིག་གིས་ཀྱང་སྟེ་ཇི་ལྟར་ཡང་བྱེད་པ་པོ་མ་ཡིན་ནོ་ཞེས་བྱ་བ་དེ་མང་དུ་བཤད་ཟིན་ཏོ། །དེ་ལྟར་ནི་འགྱུར་ན་ནམ་མཁའ་ལ་སོགས་པ་རྟག་པ་དག་ལས་ཀྱང་འགའ་ཞིག་གི་ཚེ་འགའ་ཞིག་གི་བློ་དག་སྐྱེ་བར་འགྱུར་རོ་ཞེ་ན།
དེའི་ཕྱིར་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཉིད་དུ་འདོད་པ་དག་གི་ཞེས་བྱ་བའི་འདོད་པ་སྨོས་པ་ནི་དེ་དག་ལ་དངོས་པོའི་གནས་ཐབས་ཀྱིས་རྟག་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་ལ་རྟོགས་པ་འབྱུང་བར་འདོད་པ་གང་ཡིན་
པ་དེ་ཡང་དེའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་སྟེ། ནམ་མཁའ་ལ་སོགས་པའི་རང་བཞིན་ལ་རག་ལུས་པ་ཅན་གྱི་སྐྱེ་བ་མ་ཡིན་ཏེ། རྟག་པ་དང་ནི་རིམ་དང་ཅིག་ཅར་དོན་བྱེད་པ་འགལ་བའི་ཕྱིར་རོ། །དེ་དག་གི་སྐྱེ་བའི་རྒྱུ་མཚན་ཡང་གང་ཡིན་ཞེ་ན། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
ཐོག་མ་མེད་པའི་རིགས་མཐུན་པའི་ཀུན་རྟོག་དེས་བསྒོས་པའི་བག་ཆགས་ཀྱི་ནུས་པ་དེ་ལས་བྱུང་ཞིང་སྐྱེ་བའོ། །ལུང་ཇི་ལྟ་བ་བཞིན་དུ་ནམ་མཁའ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེའི་སྒྲོ་བཏགས་སྤྱོད་ཡུལ་ཅན་གྱི་བློ་དག །དེར་སྣང་བ་ཅན་ཉིད་ནི་དེ་འབའ་ཞིག་གོ། །དེ་ལྟར་བློའི་
རྣམ་པར་རྟོག་པའི་རྣམ་པ་ལ་ཕྱི་རོལ་དུ་ངེས་པར་བྱས་ནས་ཕྱི་རོལ་ཉིད་དུ་བཏགས་པའི་ནམ་མཁའ་ལ་སོགས་པ་དེ་ལ་སྐྱེ་འགྱུར་གྱི་ཞེས་བྱ་བ་དེ་ལྟར་འཁྲུལ་པ་འབའ་ཞིག་ཏུ་འགྱུར་གྱི། །དེ་དོན་སྤྱོད་ཡུལ་ཅན་མ་ཡིན་ཏེ། རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ། །རང་གི་མཚན་
ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བློ་གང་ལ་རང་གི་མཚན་ཉིད་ཀྱི་ཡུལ་ཡོད་པའི་བློ་དེའི་ན་ངེས་པར་རང་གི་མཚན་ཉིད་དེའི་རུང་བ་ཉིད་དེ་ནུས་པའོ། །དེའི་ཉེ་བར་ཏེ་ཐག་ཉེ་བ་དེའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་དེ་ཡོད་པས་ཡོད་པ་ཅན་ཡིན་པའི་ཕྱིར་བློ་འདིའི་རྒྱུར་རུང་
ཞིང་ནུས་པ་གང་ཡིན་པའི་རྒྱུ་དེ་ལས་ནུས་པ་ཡོད་ན་བློ་དེར་གྱུར་པ་ཉིད་ཡིན་ནོ། །དེ་ལྟར་དེ་རིགས་པ་ལ་གནས་པ་དེ་ལྟར་ན་གལ་ཏེ་དངོས་པོ་རྟག་པ་རྣམས་ཀྱི་རང་གི་མཚན་ཉིད་ལ་སྐྱེས་བུ་འགའ་ཞིག་གི་ཤེས་པར་འགྱུར་བ་དེའི་ཚེ་རྒྱུ་རྟག་པ་ཉེ་བའི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱི་ཐམས་ཅད་

ཀྱི་ཚེར་འགྱུར་ཏེ། རྟག་པ་ལྷན་ཅིག་བྱེད་པ་ལ་ལྟོས་པས་འགའ་ཞིག་གི་ཚེ་ཡང་འགའ་ཞིག་གི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་འབྲས་བུ་བསྐྱེད་པར་བྱ་བ་འབྲས་བུའི་བྱ་བ་ལྷན་ཅིག་བྱེད་པ་དག་གིས་ཁྱད་པར་དུ་བྱས་པ་གསལ་བ་གང་དག་ལ་ཡོད་པ་
དག་ནི་གསལ་བ་ཅན་དག་གོ། །ཡུལ་དང་དུས་ཀྱི་གནས་སྐབས་ངེས་པའི་རྣམ་པ་འགའ་ཞིག་གིས་འབྲས་བུ་འགའ་ཞིག་ལ་ཉེ་བར་སྦྱར་བ་ན་སྟེ། གཏན་ཚིགས་ཉིད་དུ་བསྟན་བ་ན་འབྲས་བུ་དེ་སྐྱེད་པར་རུང་བའི་ཕུལ་དུ་བྱུང་བའི་བདག་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཐོབ་པའི་རྒྱུའི་
དངོས་པོའི་ཁྱད་པར་ལ་ལྟོས་པ་སྟེ། ལྷན་ཅིག་བྱེད་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བ་མི་རྟག་པ་དང་འདྲ་བར་རྟག་པའི་དངོས་པོའི་འབྲས་བུའི་ཁྱད་པར་ཅན་མ་ཡིན་པ་ཕུལ་དུ་བྱུང་བར་བྱར་མེད་པ་ཅན། དེའི་རྒྱུ་ལ་ལྟོས་པ་ཅན་ཏེ་འཛིན་པའི་ལྷན་ཅིག་བྱེད་པའི་རྒྱུ་
ལ་ལྟོས་པ་ཅན་སྐྱེས་བུ་འགའ་ཞིག་གིས་གཟུང་བར་གྱུར་པ་ནའོ། །གལ་ཏེ་སྐྱེས་བུ་འདིའི་འཛིན་པ་སྐྱེད་པར་འགྱུར་བ་ན་སྐྱེས་བུ་དེ་ཉིད་ཀྱིས་གཟུང་བར་འགྱུར་གྱི་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་རིགས་པ་ཡིན་ཏེ་ལྷན་ཅིག་བྱེད་པ་སོ་སོར་ངེས་པའི་ཕྱིར་རོ། །གཞན་དག་
ནི་འབྲས་བུའི་ཁྱད་པར་ཅན་ཞེས་རྗོད་པར་བྱེད་དེ། དེའི་ཚེ་ནི་ཐལ་བར་འགྱུར་བ་སྒྲུབ་པ་ཡིན་ནོ། །ལྷན་ཅིག་བྱེད་པ་ལ་ལྟོས་ནས་སྐྱེད་པར་བྱེད་པ་དེ་ཡང་རྟག་པ་ལ་སྲིད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྟན་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཏེ། རྟག་པ་ནི་ལྷན་ཅིག་བྱེད་པས་ཕུལ་དུ་བྱུང་བ་
ཉིད་དུ་བྱར་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྟག་ཏུ་སྐྱེད་པར་བྱེད་པའི་རང་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱིས་ཅིག་ཅར་ཏེ། དུས་གཅིག་ཏུ་གཟུང་བར་འགྱུར་རོ། །ཅི་སྟེ་རྟག་ཏུ་སྐྱེད་པར་བྱེད་པའི་རང་བཞིན་དུ་གནས་པ་འགའ་ཞིག་གི་ཚེ་མི་སྐྱེད་བའི་
ཕྱིར་མ་ཡིན་ན། དེའི་ཚེ་ཡང་མི་སྐྱེད་པའི་རང་བཞིན་དུ་འགའ་ཞིག་གི་ཚེ་འདོད་པ་ན་འདིའི་མི་སྐྱེད་པའི་རང་བཞིན་དེ་ཉིད་ནི་ཕྱིས་ཀྱང་ཡིན་པ་དེ་ལྟར་ན། སྐྱེས་བུ་འགའ་ཞིག་གིས་ཀྱང་འགའ་ཞིག་གི་ཚེ་བཟུང་བ་མ་ཡིན་ནོ་ཞེས་དེ་ལྟར་ངེས་པའི་གཏན་ཚིགས་ཀྱི་ཕྱིར་རོ། །གལ་ཏེ་

སྐྱེས་བུ་འགའ་ཞིག་གིས་རྣམ་པ་འགའ་ཞིག་ཏུ་རྟག་པའི་དངོས་པོ་ཡོད་ཅིང་བདོག་པ་དུས་གཅིག་གི་ཚེ་མཐོང་བར་གྱུར་པ་དེའི་ཚེ་རྟག་པ་དེ་འགའ་ཞིག་གི་ཡང་དབང་པོ་ལས་འདས་པར་འགྱུར་བ་མ་ཡིན་ཞིང་རྟག་ཏུ་དབང་པོས་གཟུང་བར་བྱ་བ་ཉིད་དུ་འགྱུར་ཏེ། །ཐམས་ཅད་དུ་སྐྱེས་བུ་ཐམས་
ཅད་ལ་རྟག་པའི་རང་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །རྟག་པ་དེའི་ཡང་རྟག་པའི་ཤེས་པ་སྐྱེད་པར་བྱེད་པ་ཡོད་པ་ཡིན་ནོ། །དེ་བས་ན་དོན་གྱི་ནུས་པ་ལ་ལྟོས་པ་མེད་པ་སྟེ། ནམ་མཁའ་ལ་སོགས་པ་རང་གི་མཚན་ཉིད་ཅན་གྱི་ནུས་པ་ལ་ལྟོས་པ་མེད་པའོ། །སྒྲོ་བཏགས་བའི་
སྤྱོད་ཡུལ་ཅན་ནི་ལུང་ཇི་ལྟ་བ་བཞིན་དུ་སྒྲོ་བཏགས་པ་ཅན་ཏེ། ནམ་མཁའ་ལ་སོགས་པའི་རྣམ་པ་ཅན་དུ་སྣང་བ་ཞེས་བྱ་བའི་དོན་ཏོ། །ནང་ཉིད་ཀྱི་ཉེ་བར་ལེན་པ་སྟེ་རྒྱུ་ལ་བརྟེན་ནས་སོ། །ཅི་འདྲ་བ་ཞིག་ཅེ་ན་རྣམ་པར་རྟོག་པའི་བག་ཆགས་སད་པ་སྟེ། ནམ་མཁའ་ལ་སོགས་པའི་
རྣམ་པར་རྟོག་པ་ཐོག་མ་མེད་པ་ཅན་གྱིས་བསྒོས་པའི་བག་ཆགས་དེ་སད་པ་ནི་འབྲས་བུ་སྐྱེས་པའི་ཕྱིར་མངོན་དུ་ཕྱོགས་པའོ། །དོན་གྱི་ནུས་པ་ལ་ལྟོས་པ་མེད་པ་ཞེས་བྱ་བ་འདིས་ཕྱི་རོལ་གྱི་སྟོང་པ་དག་ཡིན་མོད་ཀྱི་གང་གི་ཕྱིར་ཕྱི་རོལ་དོན་གྱི་ནུས་པ་ལ་ལྟོས་པ་མེད་པ་དེ་ཉིད་ཀྱི་ཕྱིར།
ཕྱི་རོལ་གྱི་དོན་གྱི་སྟོང་པ་དག་ཅེས་བྱ་བའི་ཚིག་དེ་ཉིད་ཀྱི་འབྲས་བུར་གྱུར་པ་ཡིན་ནོ། །གཞན་དག་ནི་དོན་གྱི་ནུས་པ་ལ་ལྟོས་པ་མེད་པ་ཞེས་བྱ་བ་འདིས་དོན་གྱི་རང་གི་མཚན་ཉིད་ཀྱི་རྣམ་པ་གཉིས་བཀག་པ་ཡིན་ཏེ། དོན་གྱི་ནུས་པ་ནི་རྣམ་པ་སྐྱེད་པའི་མཚན་ཉིད་ཡིན་པ་དེ་ལ་ལྟོས་
པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ཞེས་སྨོས་སོ། །འདོད་པར་ནི་འགྱུར་ན་གལ་ཏེ་ཡང་ནམ་མཁའ་ལ་སོགས་པའི་རྗེས་སུ་བྱེད་པར་འགྱུར་བ་མ་ཡིན་པ་དེ་ལྟ་ན་ཡང་མིག་ལ་སོགས་པ་དང་འདྲ་བར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ། ཕྱི་རོལ་གྱི་ནམ་
མཁའ་ལ་སོགས་པའི་རང་གི་མཚན་ཉིད་དེ་ཡང་བདག་པོ་ཙམ་གྱི་ཉེ་བར་སྦྱོར་བ་ཡིན་ནོ་ཞེ་ན། དེའི་ཕྱིར་ཕྱི་རོལ་གྱི་དོན་གྱིས་སྟོང་པ་དག་ཅེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་དོན་བདག་པོར་གྱུར་པ་སྟོང་པ་དག་ཀྱང་ཞེས་སྨྲའོ། །ནམ་མཁའ་ལ་སོགས་པ་ལ་སྐྱེས་བུ་ཐམས་ཅད་ཀྱི་འཁྲུལ་པ་དེ་

ལྟ་བུའི་ངོ་བོ་ཅན་སྐྱེ་བར་འགྱུར་ཏེ། རྟག་པ་དག་ལས་འབྲས་བུ་སྐྱེ་བ་མེད་དོ་ཞེས་བྱ་བ་དེར་གནས་སོ། །འགའ་ཞིག་གི་ཚེ་སྒྲ་རྣམས་ཀྱི་འབྲས་བུ་ཤེས་པ་སྣང་བ་དེ་བས་ན། སྒྲ་རྣམས་ནི་གཞན་དུ་འགྱུར་བ་མ་ཡིན་པའི་ཆོས་ཅན་མ་ཡིན་ཏེ། གང་ལ་ངོ་བོ་ཉིད་གཅིག་
ལས་གཞན་དུ་མི་འགྱུར་བའི་ཆོས་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འོན་ཀྱང་བརྡའི་སྟོབས་ལས་རྣམ་པ་གཞན་དུ་འགྱུར་བ་ཉིད་དོ། །ཅི་སྟེ་སྒྲ་དག་རྣམ་པ་གཞན་དུ་འགྱུར་བ་ཅན་དུ་མི་འདོད་ཀྱི་འོན་ཀྱང་རྟག་པའི་ངོ་བོ་ཉིད་གཅིག་པ་ཡིན་པ་དེའི་ཚེ་རིག་བྱེད་པའི་སྒྲ་
རྣམས་དེ་ཁོ་ན་ཉིད་ཡིན་པར་འདོད་ན། དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ཅན་རིག་བྱེད་པའི་སྒྲ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཡིན། གང་དག་ལས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། དོན་ཕྱིན་ཅི་ལོག་ཏུ་རྟོགས་པ་ཅན་དུ་ཡང་ཅིའི་ཕྱིར་མི་
འགྱུར། འདོད་པར་ནི་འགྱུར་ན་མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རིག་བྱེད་པའི་ངག་ནི་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ཕྱིན་ཅི་མ་ལོག་པ་ཉིད་ཡིན་ནོ་སྙམ་པ་དེའི་ཕྱིར། མེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ནི་ཁ་བ་སྟེ་གྲང་བའི་གཉེན་
པོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རིག་བྱེད་ཀྱི་ངག་རྣམས་ལ་ཡང་མེ་ནི་གྲང་བ་འཇོམས་པར་ནུས་པ་རིག་བྱེད་ཀྱི་ངག་ལས་སྔར་ཡང་བརྡ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་པ་ལ་གྲགས་པས་བསྟན་པས་རིག་བྱེད་ཀྱི་ངག་དོན་ལ་མ་མཐོང་བ་ཐམས་ཅད་ཀྱང་ཕྱིན་ཅི་མ་ལོག་པ་དེ་ལྟར་
འགྱུར་བ་ཡང་མ་ཡིན་ནོ། །འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་ལ་འཇིག་རྟེན་པ་ནི་རང་གི་བརྡའི་རྗེས་སུ་འབྲངས་ནས། ཐ་སྙད་འདོགས་པ་མ་མཐོང་བ་དེ་བས་ན་འཇིག་རྟེན་ནི་རང་གི་འདོད་པས་བྱས་པའི་བརྡ་གང་ཡིན་པའི་རྗེས་སུ་སྟེ། ཕྱིས་བརྡའི་རྗེས་སུ་ཐ་སྙད་འདོགས་
པའི་ཕྱིར་ཐེ་ཚོམ་ཟ་བ་ཉིད་ཡིན་ནོ། །འཇིག་རྟེན་འདི་རང་གི་བརྡའི་རྗེས་སུ་བྱེད་ཅིང་རྗེས་སུ་འབྲང་བས་མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བའི་ངག་ལས་ཅི་དེ་ལྟར་མེ་ནི་གྲང་བ་ཟློག་པར་ནུས་པ་ཡིན་ནོ་ཞེས་རྟོགས་ཤིང་ངེས་སམ། འོན་ཏེ་སྒྲའི་རང་བཞིན་གནས་པ་ལས་ཏེ། སྒྲའི་

རང་བཞིན་འཇུག་པའི་ནུས་པའི་ངེས་པ་ལས་དེ་ལྟར་རྟོགས་པ་ཡིན་ཞེའོ། གང་གི་ཚེ་རིག་བྱེད་པའི་སྒྲའི་དོན་མཐོང་བ་ཉིད་ལ། ངོ་བོ་ཉིད་ཀྱིས་དོན་བསྟན་པར་ནུས་པ་ལ་ཐེ་ཚོམ་ཟ་བ་དེའི་ཚེ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཤིན་ཏུ་སྲིད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འཇིག་
རྟེན་པའི་གྲགས་པའི་རྗེས་སུ་བྱེད་པས་རིག་བྱེད་པ་དག་གི་ཡང་དོན་གསལ་བར་བྱེད་པ་ཡིན་དུ་ཆུག་ན་ཡང་འཇིག་རྟེན་ལ་གྲགས་པ་དེ་ནི་སྒྲ་རྣམས་ཀྱི་ཇི་ལྟར་གནས་པའི་ནུས་པ་གསལ་བར་བྱེད་པ་ཡིན་པའི་ཕྱིར། ཐམས་ཅད་ལ་ངོ་བོ་གཅིག་པ་ཅན་ཉིད་ཀྱིས་བདེན་པའི་དོན་ཅན་ཡིན་
པ་དེ་བས་ན་ཐམས་ཅད་ལ་རིག་བྱེད་པ་དག་གི་དོན་ཕྱིན་ཅི་མ་ལོག་པ་ཅན་ཉིད་དུ་འགྱུར་རོ་ཞེ་ན་དེའི་ཕྱིར་འཇིག་རྟེན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དག་གཞན་དུ་གྱུར་པ་ཡིན་ན་སྟེ། བརྡ་ཇི་ལྟ་བ་བཞིན་དུ་དོན་དག་ལ་འགོད་པར་བྱ་བ་ཡིན་ནའོ། །གཞན་ལ་སྟེ་ཡུལ་གཞན་ལ་
སོགས་པར་རྣམ་པ་གཞན་དུ་གྱུར་པ་ལའོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་དོན་གཞན་དགོད་པས་གཞན་དུ་གྱུར་པའོ། །སྣང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་བྱེད་པས་ཁས་ལེན་པ་ལ་ཡང་རིག་བྱེད་ཀྱི་སྒྲ་དེ་དག་རྣམ་པ་གཞན་ཏེ། ལོག་པའི་
དོན་ཅན་ཉིད་དུ་འགྱུར་བ་སྲིད་དེ་གྲགས་པ་ཉིད་དུ་རྣམ་པར་གནས་པ་ཉིད་མེད་པའི་ཕྱིར་རོ། །དེ་བས་ན་མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རིག་བྱེད་ཀྱི་ངག་འགའ་ཞིག་ཕྱིན་ཅི་མ་ལོག་པ་མཐོང་དུ་ཟིན་ཀྱང་། མཐོ་རིས་འདོད་པས་མཆོད་སྦྱིན་བྱའོ་ཞེས་བྱ་བ་ལ་
སོགས་པའི་རིག་བྱེད་ཀྱི་ངག་ཐམས་ཅད་དེ་ལྟ་བུའི་ངོ་བོ་སྟེ། བདེན་པའི་དོན་ཅན་དུ་གྲུབ་པ་མ་ཡིན་ནོ། །གལ་ཏེ་མ་བྱས་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རིག་བྱེད་པའི་སྒྲ་དག་ནི་ངོ་བོ་ཉིད་ཀྱིས་བདེན་པའི་དོན་ཅན་ཉིད་ཡིན་ནོ་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ།
དེ་དག་ཅེས་བྱ་བ་རིག་བྱེད་པའི་སྒྲ་ནི་བདེན་པའི་དོན་ཅན་ཉིད་དུ་ངེས་པ་དང་འདྲ་བར་སྒྲ་འགའ་ཞིག་ལོག་པའི་དོན་ཅན་ཉིད་དུ་ངེས་པས་ཀྱང་འགྱུར་རོ། །ཕྱིར་ཏེ་གཏན་ཚིགས་ཀྱིས་རང་བཞིན་ཡོངས་སུ་ཤེས་པ་མེད་པས་ཞེས་བྱ་བ་འདིས་ནི་ལོག་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་དེ་ལྟར་

རྣམ་པར་ཕྱེ་བའི་སྒོ་ནས་སྒྲའི་རང་བཞིན་ངེས་པར་བྱས་པ་མེད་པ་སྒྲ་ཐམས་ཅད་ལ་ཐེ་ཚོམ་དུ་འགྱུར། རིག་བྱེད་པའི་ངག་ནི་བདེན་པའི་དོན་ཅན་ཡིན་ཏེ་མ་བྱས་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་འདི་ལ་གལ་ཏེ་རྗེས་སུ་འགྲོ་བ་མེད་པ་དེ་ལྟར་ན་ཡང་ལྡོག་པ་ཙམ་ལས་བདེན་པའི་དོན་
ཅན་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གི་ཡིན་ནོ། །དེ་ལྟར་ནི་བདེན་པའི་དོན་ཅན་ཉིད་དང་ལོག་པའི་དོན་ཅན་ཉིད་དག་གིས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ལོག་པའི་དོན་ཅན་ཉིད་ཀྱང་བྱས་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། གང་དུ་ཁྱད་
པར་བྱེད་པ་བྱས་པ་ཉིད་ལོག་པ་དེར་ལོག་པའི་དོན་ཅན་ཉིད་ལོག་པས་རིག་བྱེད་ཀྱི་ངག་མ་བྱས་པ་ལ་ཡང་། བྱས་པ་ཉིད་ལོག་ཅིང་དེ་ལོག་པས་ལོག་པའི་དོན་ཅན་ཉིད་ཀྱང་ལོག་ན་དེ་ལོག་པའི་ཚེ་རིག་བྱེད་ཀྱི་ངག་བདེན་པའི་དོན་ཅན་དུ་གྲུབ་པ་དེ་ཉིད་ཕྱོགས་སྔ་མ་དགོད་པའི་ཕྱིར། གལ་
ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱས་པ་ལོག་པ་ཉིད། །མཐོང་བ་ཉིད་ཀྱི་ཕྱིར་ན་ཚིག །མ་བྱས་བདེན་དོན་ཅན་ཡིན་ཏེ། །ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལོག་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཏན་ཚིགས་མ་བྱས་པ་ཉིད་ལྡོག་པ་བྱས་པ་ཉིད་
གང་ཡིན་པ་དེས་སོ། །འགལ་བ་ཁྱབ་ཕྱིར་རོ་ཞེས་བྱ་བ་བདེན་པའི་དོན་ཅན་ཉིད་དུ་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དང་འགལ་བ་ལོག་པའི་དོན་ཅན་ཉིད་དེ་དེ་ལ་ཁྱབ་པའི་ཕྱིར་རོ། །ལོག་པས་ཞེས་བྱ་བ་ནི་བྱེད་པ་པོའི་དྲུག་པ་ཡིན་ཏེ། གཏན་ཚིགས་ལྡོག་པ་བྱས་པ་ཉིད་
ཀྱིས་བསྒྲུབ་པར་བྱ་བ་དང་འགལ་བ་ལོག་པ་དེའི་དོན་ཅན་ཉིད་ལ་ཁྱབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་ལོག་པའི་དོན་ཅན་གྱི་ཚིག་གང་ཡིན་པ་མ་ལུས་ཤིང་ལུས་པ་མེད་པ་ནི་བྱས་པའི་ཕྱིར་གཏན་ཚིགས་མ་བྱས་པ་ཉིད་ལོག་པས་
བྱས་པས་བསྒྲུབ་པར་བྱ་བ་ལོག་པ་སྟེ། བདེན་པའི་དོན་ཅན་གྱི་བསྒྲུབ་པར་བྱ་བ་དེ་ལོག་པའི་དོན་ཅན་དེ་ལ་ཁྱབ་པའི་ཕྱིར་གཞན་མ་བྱས་པ་ལ་ཡང་ལོག་པའི་དོན་ཅན་ཉིད་མི་སྲིད་པའི་རྒྱུས་མ་བྱས་པ་ནི་བདེན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་རྗེས་སུ་འགྲོ་བ་མེད་པར་ཡང་འགྱུར་རོ། །

རིག་བྱེད་ཀྱི་ངག་ནི་བདེན་པའི་དོན་ཅན་ཡིན་ཏེ། མ་བྱས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་སྦྱོར་བ་འདི་ལ་གལ་ཏེ་རྗེས་སུ་འགྲོ་བ་མེད་པ་དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་མེད་པར་ཡང་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཁྱབ་པར་བྱ་བར་འདོད་པའི་དོན་གང་ལ་ཁྱབ་པར་བྱེད་པར་འདོད་པ་
གང་གིས་མ་ཁྱབ་ན་ཁྱབ་པར་བྱ་བར་འདོད་པ་ལྡོག་པ་དེ་ལ་ཁྱབ་པར་བྱེད་པ་ལྡོག་པ་སྟེ། རིགས་མི་མཐུན་པའི་ཆོས་འདི་ཡང་འདི་ལ་སྲིད་པར་འགྱུར་རོ་ཞེས་དོགས་པར་བྱའོ། །དེ་སྐད་དུ་གལ་ཏེ་ལོག་པའི་དོན་ཅན་ཉིད་ལ་བྱས་པ་ཉིད་ཁྱབ་པར་མི་འགྱུར་བ་དེའི་ཚེ་བྱས་པ་དེ་ལྡོག་
པའི་མ་བྱས་པ་ཉིད་ལོག་པའི་དོན་ཅན་ཉིད་ལ་སྲིད་པར་འགྱུར་ན་དེ་ཡང་འདི་ལ་ཡོད་པ་མ་ཡིན་ཏེ། བྱས་པ་ཉིད་ཀྱིས་ལོག་པའི་དོན་ཅན་ཉིད་ལ་ཁྱབ་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པར་འགྱུར་རོ། །འགལ་བ་ཁྱབ་པ་ལ་འགལ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་བྱས་པ་དང་མ་
བྱས་པ་འགལ་བ་དག་ནི་ལོག་པའི་དོན་ཅན་གཅིག་ལ་ཡོད་པ་མ་ཡིན་ནོ། །ལོག་པའི་དོན་ཅན་ཉིད་ལ་བྱས་པ་མེད་ན་ཡང་བྱས་པའི་རིགས་མི་མཐུན་པའི་དོན་ལ་བདེན་པའི་དོན་ཅན་ཉིད་དང་ལོག་པའི་དོན་ཅན་དག་ལས་རྣམ་པ་གཞན་མེད་པས་གལ་ཏེ་ཇི་སྐད་དུ་བཤད་པའི་རྣམ་པས་མ་བྱས་
པ་ལས་ལོག་པའི་དོན་ཅན་ལོག་པ་ཡང་མ་བྱས་པ་ཉིད་བདེན་པའི་དོན་ཅན་དུ་མི་འགྱུར་བ་དེའི་ཚེ་མ་བྱས་པ་དེ་ལ་རྣམ་པ་གཞན་ཅི་ཞིག་ཏུ་འགྱུར། དེ་བས་ན་རྗེས་སུ་འགྲོ་བ་མེད་པར་ཡང་འདོད་པའི་དོན་མ་བྱས་པ་ཉིད་བསྒྲུབ་པའི་ཕྱིར་དང་། དེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ།
རྟགས་ནི་འདོད་པའི་དོན་སྒྲུབ་པ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་བསྟན་པ་དོན་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་རྣམ་པའི་ལྡོག་པ་ཅན་ཉིད་ཀྱིས་བསྒྲུབ་པར་བྱ་བ་གྲུབ་པའི་ཕྱིར་རོ་ཞེ་ན་དེ་ནི་བདེན་ཏེ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ཡིན་ཏེ། མི་མཐུན་པའི་
ཕྱོགས་ལ་གཏན་ཚིགས་ལྡོག་པ་སྒྲུབ་པ་ཡོད་ན་བསྒྲུབ་པར་བྱ་བ་གྲུབ་པར་འགྱུར་རོ་ཞེས་བྱ་བ་དེ་ནི་བདེན་ཏེ། གལ་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་བདེན་པའི་དོན་ཅན་དང་མ་བྱས་པ་ཉིད་དག་གི་མི་མཐུན་པའི་ཕྱོགས་ལོག་པའི་དོན་ཅན་དང་བྱས་པ་གང་ཡིན་པ་དེ་དག་གི་ཁྱབ་

པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་གྲུབ་པར་འགྱུར་ན་སྟེ། གལ་ཏེ་བྱས་པ་ཉིད་ཀྱིས་ལོག་པའི་དོན་ཅན་ཉིད་ལ་ཁྱབ་པ་གྲུབ་པར་གྱུར་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་བྱས་པ་ཉིད་ཀྱིས་ལོག་པའི་དོན་ཅན་ལ་ཁྱབ་པ་ལས་མ་བྱས་པ་ཉིད་ལོག་
པར་གྱུར་ན། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་དེ་ཡང་མི་མཐུན་པའི་ཕྱོགས་དག་ལ་གྲུབ་པ་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་གསུམ་པ། ཇི་ལྟར་ཞེ་ན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བའི་
མི་མཐུན་པའི་ཕྱོགས་ལོག་པའི་དོན་ཅན་ཉིད་ལ་མེད་ཕྱིར་ཏེ། མི་སྲིད་པའི་རྒྱུ་མཚན་ནོ། །གནོད་པ་ཅན་གྱི་གཏན་ཚིགས་མ་བསྟན་ནའང་སྟེ། ལོག་པའི་དོན་ཅན་དང་མ་བྱས་པར་ཡང་འགྱུར་རོ་ཞེས་བཟློག་པའི་གནོད་པ་ཅན་གྱི་ཚད་མ་བསྟན་པ་མེད་པར་ཞེས་བྱ་བའི་དོན་ཏོ། །
དེ་ནི་ཡོད་པར་དོགས་འགྱུར་ཏེ། །ལོག་པའི་དོན་ཉིད་དེ་ལ་ཇི་ལྟར་ལོག་པའི་དོན་ཅན་བྱས་པ་ཡིན་པ་དེ་ལྟར་མ་བྱས་པར་ཡང་འགྱུར་རོ་ཞེས་མ་བྱས་པ་ཉིད་ལ་ཡང་ངོ་། །གལ་ཏེ་ཇི་ལྟར་ན་བྱས་པ་ཉིད་དང་མ་བྱས་པ་ཉིད་འགལ་བ་དག་ལོག་པའི་དོན་ཅན་ཉིད་ཀྱི་ཆོས་ཅན་གཅིག་གིས་
རྗེས་སུ་འགྲོ་བ་ཡིན་ཞེ་ན། འདི་ལ་ཉེས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་རིམ་པ་བཞིན་དུ་སྦྱར་བར་བྱ་བ་ཡིན་ཏེ། དངོས་པོ་འགལ་བ་དག་ལ་ཡང་ཆོས་གཅིག་ཁྱབ་པར་བྱེད་པ་མཐོང་ཕྱིར་རོ། །དཔེར་ན་བརྩལ་
མ་ཐག་ཏུ་བྱུང་བ་མ་ཡིན་པའི་མི་རྟག་པ་དག་ལ་བྱས་པ་ཉིད་གཅིག་གིས་ཁྱབ་པ་ལྟ་བུའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་བདེན་པའི་དོན་ཅན་ཉིད་དུ་སྒྲུབ་པར་བྱེད་པའི་གཏན་ཚིགས་མ་བྱས་པ་ཉིད་ནི་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལོག་པའི་དོན་ཅན་
ཉིད་ལ་མེད་པར་གྲུབ་པར་འགྱུར་བ་དེའི་ཚེ་བདེན་པའི་དོན་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ལོག་པ་སྟེ། ལོག་པའི་དོན་ཅན་ཉིད་ལ་གཏན་ཚིགས་ལྡོག་པ་བྱས་པ་ཉིད་ཅེས་བྱ་བས་ཁྱབ་པར་འགྱུར་ན། ལོག་པའི་དོན་ཅན་དེ་ལ་མ་བྱས་པ་ཉིད་དེ་མེད་པ་ལ་གནོད་པ་ཅན་གྱི་ཚད་མ་

ཡང་མ་མཐོང་ངོ་། །གལ་ཏེ་སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཕྱིར་རིག་བྱེད་པའི་ངག་གིས་ལོག་པའི་དོན་ཅན་ཉིད་ལ་འཇུག་པ་མ་ཡིན་ནོ་ཞེ་ན། མི་འགལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པའི་དོན་ཅན་ཉིད་དང་མི་འགལ་བ་སྐྱེས་བུས་མ་བྱས་པ་ཉིད་སྒྲུབ་པ་ཡང་ལོག་པའི་དོན་ཅན་དགག་
པ་སྒྲུབ་པར་བྱེད་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐལ་ཆེས་པའི་ཕྱིར་ཏེ། འདི་ལྟར་གང་འགའ་ཞིག་སྒྲུབ་པས་གང་མི་འགལ་བ་འགའ་ཞིག་མེད་པ་རྟོགས་པར་འགྱུར་རོ། །གལ་ཏེ་བྱས་པ་ཉིད་ལ་ལོག་པའི་དོན་ཅན་ཉིད་མཐོང་ཡང་དེ་དང་འགལ་བ་མ་བྱས་པ་
ཉིད་ལ་ཇི་ལྟར་འཇུག་པར་འགྱུར་ཞེ་ན། འདི་ལ་ཉེས་པ་མེད་དེ་གང་གི་ཕྱིར་བྱས་པ་གཅིག་ལ་ལོག་པའི་དོན་ཅན་མཐོང་བ་ཡང་གཞན་མ་བྱས་པ་ལ་མེད་པ་ཉིད་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཁོ་ན་ཡིན་ནོ། །གསལ་བ་ཐ་དད་པས་འགལ་བ་དག་ལ་ཡང་ཆོས་གཅིག་ཀྱང་ཡོད་
པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཐ་དད་པ་ཞེས་བྱ་བ་གསལ་བ་ཐ་དད་པས་འགལ་བ་དང་ལྷན་ཅིག་འབྱུང་བ་ཅན་དག་སྟེ། འགལ་བའི་དོན་དག་དང་གཅིག་ཏུ་འབྱུང་བ་དག་ཀྱང་མཐོང་བའི་ཕྱིར་རོ། །བརྩལ་མ་ཐག་ཏུ་
འབྱུང་བ་ཉིད་དང་ཅིག་ཤོས་དག་ལ་མི་རྟག་པ་ཉིད་བཞིན་ཏེ། ཅིག་ཤོས་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་མ་ཡིན་པའོ། །མི་རྟག་པ་ཉིད་བརྩལ་མ་ཐག་ཏུ་འབྱུང་བ་དང་ལྷན་ཅིག་མཐོང་ཞིང་དེ་དང་འགལ་བ་བརྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་པ་དང་ལྷན་ཅིག་མཐོང་བ་
ལྟ་བུའོ། །དེ་ལྟར་ནི་འགྱུར་ན་ཚིག་མ་བྱས་པ་ནི་འགའ་ཞིག་ཏུ་ལོག་པའི་དོན་ལ་འཇུག་པར་མི་སྣང་ངོ་ཞེ་ན། དེའི་ཕྱིར་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལྟ་བུའི་རྣམ་པ་ཞེས་བྱ་བ་མ་ཡིན་པ་ཉིད་དུ་གྱུར་པའི་ལོག་པའི་དོན་ཅན་མཐོང་བ་མེད་པའི་ཕྱིར་མེད་པ་ཉིད་ཁོ་ན་
མ་ཡིན་ནོ། །འདི་ལྟར་སྔར་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཐམས་ཅད་དུ་ནི་མི་དམིགས་ཕྱིར། མེད་ཉིད་མི་གྲུབ་ཅེས་ནི་བཤད་ཟིན་ཏོ། །དེ་བས་ན་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཀྱི་མེད་པ་ཉིད་མ་གྲུབ་ན། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་ལ་ཐེ་ཚོམ་

ཟ། སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། སྐྱེས་བུ་ཙམ་འདིས་ཞེས་བྱ་བ་ཚུ་རོལ་མཐོང་བས་དངོས་པོ་ཐམས་ཅད་མཐོང་བར་ནུས་པ་མ་ཡིན་ནོ། །གང་གིས་ན་སྐྱེས་བུ་འདིའི་མཐོང་བ་ལྡོག་པས་དེ་ལྟར་འགྱུར་ཏེ་དངོས་པོ་མེད་པ་ཉིད་དུ་མི་
འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུ་རོལ་མཐོང་བའི་ཤེས་པས་ཤེས་བྱ་ལ་མ་ཁྱབ་པའི་ཕྱིར། དེའི་ཤེས་པ་ལོག་ཏུ་ཟིན་ཀྱང་ཤེས་བྱ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་གང་གི་ཤེས་པ་ལོག་པར་གྱུར་པ་ན་ཤེས་བྱ་ལྡོག་ཅེ་ན། གང་གི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཡེ་ཤེས་ཤེས་བྱ་ཡོད་པ་ཉིད་ལ་འཁྲུལ་པ་མེད་པ་ཡོད་པ་ཉིད་ཀྱི་ཕྱིར་གང་གི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་འཇུག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ལོག་པ་ན་ཤེས་བྱ་ལོག་པར་འགྱུར་རོ། །
དེའི་ཕྱིར་དེ་ཉིད་ཀྱིས་མ་གཟིགས་པའི་ཕྱིར་མེད་དོ་ཞེས་དེ་སྐད་དུ་གསུངས་པ་མཛེས་པར་འགྱུར་གྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་དངོས་པོ་འདི་ཡོད་དུ་ཟིན་ཀྱང་རིགས་པར་མི་འགྱུར་ཏེ། གཟུང་བར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཞེ་ན་རང་བཞིན་དང་ཡུལ་དང་དུས་
ཀྱིས་བསྐལ་པའི་རྒྱུས་སོ། །རང་བཞིན་དང་ཡུལ་དང་དུས་དེ་དག་གིས་བསྐལ་ཞིང་ཆོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཡུལ་དང་དུས་དག་ལས་ཐག་ཉེ་བ་འགའ་ཞིག་རང་བཞིན་ཉིད་ཀྱིས་བསྐལ་པ་ཡིན་ཏེ། འདྲེ་ལ་སོགས་པ་ལྟ་བུའོ། །ཡུལ་ཐག་རིང་པོ་ན་གནས་པ་ནི་ཡུལ་
གྱིས་བསྐལ་པ་ཡིན་ནོ། །དུས་ཡུན་རིང་པོར་འདས་པ་ནི་དུས་ཀྱིས་བསྐལ་པའོ། །གལ་ཏེ་སྔ་མ་གཉིས་ལ་ནི་རིགས་པ་ཡོད་པ་ཉིད་ཡིན་ན། དུས་ཀྱིས་བསྐལ་པ་དུས་ཡུན་རིང་པོར་འདས་པ་ཇི་ལྟར་ཡོད་ཅེས་བརྗོད་ཅེ་ན། འདི་ལ་ཉེས་པ་མེད་དེ་དུས་གང་ཁོ་ན་ལ་དེ་དག་ཡོད་པའི་ངོ་བོ་
ཅན་དུ་སྐྱེས་པ་དེ་ཉིད་ལ་ལྟོས་ནས་ཡོད་པ་ཞེས་བརྗོད་པའི་ཕྱིར་རོ། །ད་ལྟར་གྱི་དུས་ལ་ལྟོས་ནས་ནི་མ་ཡིན་ནོ། །དེ་བས་ན་ངག་མ་བྱས་པ་ནི་ལོག་པའི་དོན་ཅན་ཉིད་ཐམས་ཅད་ལ་མེད་པར་ངེས་པར་མི་ནུས་པའི་ཕྱིར་མ་བྱས་པའི་གཏན་ཚིགས་ཉིད་ནི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །

དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གཞུང་འཛུགས་པར་བྱེད་དེ། ཐམས་ཅད་མཐོང་བའི་ངང་ཚུལ་ཅན་མ་ཡིན་པ་གང་གིས་མ་བྱས་པའི་ཚིག་དག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་མི་སླུ་བའམ། ཅིག་ཤོས་ཀྱི་བྱ་བ་བྱས་པའི་ཚིག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལའོ། །
ཅིག་ཤོས་ལ་ངེས་པ་སྟེ། གཏན་ལ་དབབ་པར་ནུས་ཏེ་མི་ནུས་པ་ཁོ་ན་ཡིན་ནོ་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །གཞན་གྱིས་དེ་ལྟར་ཁས་བླངས་པའི་ཕྱིར་དེ་སྐད་དུ་བཤད་པ་ཡིན་ནོ། །བྱས་པ་དང་མ་བྱས་པ་སོ་སོ་ལ་ཡང་མི་སླུ་བ་དང་ཅིག་ཤོས་སྦྱར་བར་བྱའོ་ཞེས་བྱ་བ་ནི་གཞན་
དག་ཡིན་ནོ། །དེ་ལ་རིག་བྱེད་ཀྱི་ངག་གཅིག་གི་མི་སླུ་བ་མཐོང་བའི་ཕྱིར་དེའི་རིགས་ཅན་ཐམས་ཅད་ལ་མི་སླུ་བ་དེར་འགྱུར་རོ་ཞེ་ན། དེའི་ཕྱིར་ལ་ལ་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་དཔྱོད་པར་བསྟན་ཟིན་ཏོ། །སྔར་བསྟན་པ་དེ་
ཉིད་དྲན་པར་བྱ་བའི་ཕྱིར་ལ་ལ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ལམ་དུས་ལ་ལ་ན་དེ་ལྟར་ཞེས་བྱ་བ་རྣམ་པ་གཅིག་ཏུ་མཐོང་བའི་དོན་རྣམས་ཀྱང་སྔོན་མཐོང་བའི་རྣམ་པ་ལས་རྣམ་པ་གཞན་དུ་གྱུར་པ་སྟེ་བཟློག་པ་ཉིད་དུ་འགྱུར་རོ། །དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། འདུས་བྱས་པའི་ཁྱད་པར་ལས་ཏེ། འོ་མ་དང་སྦྲང་རྩི་ལ་སོགས་པས་བཅུས་པ་ལ་སོགས་པའི་མཚན་ཉིད་ལས་སྐྱུ་རུ་རའི་འབྲས་བུ་ཡུལ་ལ་ལར་སྔར་ཆགས་པར་སྦྱར་རོ། །དེ་ལྟར་ནི་དེ་ལྟར་མ་མཐོང་བ་ཉིད་ཀྱིས་ཏེ། ནིམ་པའི་འབྲས་བུ་ལ་སོགས་པ་མངར་ཆགས་
པ་དག་མ་མཐོང་བ་ཉིད་ཀྱིས་ནིམ་པ་ལ་སོགས་པའི་འབྲས་བུ་མངར་ཆགས་པའི་དེ་དག་ནི་སྤང་བར་བྱ་བ་མ་ཡིན་པ་དེ་ལྟ་བུའོ། །དེ་ལྟར་ན་གལ་ཏེ་རིག་བྱེད་ཀྱི་ངག་དག་ལོག་པའི་དོན་ཅན་ཉིད་དུ་མ་མཐོང་བ་དེ་ལྟར་ན་ཡང་སྤོང་བར་ནུས་པ་མ་ཡིན་ནོ། །དེ་བས་ན་མ་བྱས་པ་དང་
ལོག་པའི་དོན་ཅན་དུ་གྱུར་པ་ཞེས་བྱ་བ་མ་བྱས་པ་དང་ལོག་པའི་དོན་ཅན་དག་ཡིན་པ་ལ་འགལ་བ་མ་མཐོང་ངོ་། །འདིར་ལོག་པའི་དོན་ཅན་ལ་མ་བྱས་པ་ཉིད་མ་མཐོང་བའི་ཕྱིར་མི་དམིགས་པའི་ཚད་མ་དེ་ཡང་ཡོད་པ་མ་ཡིན་ནམ། དེ་བས་ན་མ་མཐོང་བ་ཉིད་གནོད་པ་ཅན་དུ་འགྱུར་རོ་

ཞེ་ན། མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་མཐོང་བ་ཙམ་གྱི་མཚན་ཉིད་ཅན་གྱི་མི་དམིགས་པ་འདི་ནི་མི་སྣང་བའི་བདག་ཉིད་ཅན་ཡིན་ཏེ། མི་སྣང་བའི་ངོ་བོ་ཅན་གྱི་དོན་དག་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །སྒྲུབ་
པར་བྱེད་པ་བཤད་ཟིན་པའི་མཚན་ཉིད་ཅན་ཅི་འདྲ་བ་དེ་ཡང་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་གི་ཕྱིར་མ་བྱས་པ་ཉིད་ནི་ལོག་པའི་དོན་ཅན་ཉིད་ལས་ལྡོག་པའི་ཚད་མ་ཡོད་པ་མ་ཡིན་པ་དེ་བས་ན་ཅུང་ཞིག་ལོག་པའི་དོན་ཅན་གང་ཡིན་པ་དེ་དག་ཐམས་ཅད་
ནི་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་བྱ་བ་ངེས་པ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མི་མཐུན་པའི་ཕྱོགས་ལོག་པའི་དོན་ཅན་ཉིད་དང་བྱས་པ་ཉིད་དག་ལ་ཁྱབ་པ་མེད་དོ། །དེ་ལྟར་ན་མ་བྱས་པ་ཉིད་ནི་ལོག་པའི་དོན་ཅན་ཉིད་ལས་ལོག་པར་ངེས་པ་མེད་པའི་ཕྱིར་
ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །གཏན་ཚིགས་ལ་ཐེ་ཚོམ་ཟ་བའི་ངོ་བོ་ནི་གོ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་རྗེས་འགྲོ་ལྡོག་པའམ་སྟེ་རང་གི་བསྒྲུབ་པར་བྱ་བའི་གཏན་ཚིགས་ལ་ཁྱབ་པའམ་མི་མཐུན་པའི་ཕྱོགས་ལས་ལྡོག་པའམ། གཏན་ཚིགས་དེ་བསྒྲུབ་
བྱའི་ཆོས་ཅན་ལ་ཡོད་ཉིད་དེ། ཕྱོགས་ཀྱི་ཆོས་ཉིད་ཅེས་བྱ་བའི་དོན་ཏོ། །ཚུལ་གསུམ་པོ་དེ་དག །གལ་ཏེ་ཚད་མའི་ཤེས་པ་ཡིས། །གྲུབ་པར་འགྱུར་ན་སྒྲུབ་བྱེད་ཡིན། །ཅི་འདྲ་བ་ཞིག་གིས་ཤེ་ན་དེ་ངེས་འབྲས་ཅན་ཏེ། གང་ལ་ཚུལ་གསུམ་པ་དེའི་ངེས་པའི་འབྲས་བུ་ཡོད་པ་
ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེའི་ཚེ་ཚུལ་གསུམ་པོ་དེ་དག་ནི་བསྒྲུབ་པར་བྱ་བ་བསྒྲུབ་པའི་སྐབས་ཀྱི་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་སྟེ། རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་ངེས་པའི་དོན་རྗོད་པར་བྱེད་
པ་དེ་ཁོ་ན་སྒྲུབ་པར་བྱེད་པའམ་སུན་འབྱིན་པ་ཡིན་ནོ། །དེ་ལ་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པའི་དོན་རྗོད་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ནོ། །མ་གྲུབ་པ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པ་རྗོད་པར་བྱེད་པའི་ཕྱིར་རྒོལ་པའི་སུན་འབྱིན་པའི་བསམ་པས་བརྗོད་པ་ནི་

སུན་འབྱིན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བརྗོད་པ་གང་ཡང་རུང་བ་ལ་གྲགས་པ་དང་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་དག་ལས་གང་ཡང་རུང་བ་ལ་གྲགས་པ་དང་། གཉི་གའམ་གང་ཡང་རུང་བའི་ཐེ་ཚོམ་ཟ་བ་རྗོད་པར་བྱེད་པའི་སྒྲ་གང་ཡིན་པ་དེ་ནི་སྒྲུབ་པར་
བྱེད་པ་མ་ཡིན་ཞིང་སུན་འབྱིན་པར་བྱེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡང་སྒྲུབ་པར་བྱེད་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་ཏེ། མ་ངེས་པ་ནི་ངེས་པར་བྱ་བའི་ཕྱིར་ཡང་ཚད་མ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །མ་བྱས་པ་ཉིད་ཀྱི་ལོག་པའི་དོན་ཅན་ཉིད་ལ་ཡོད་པ་ལ་
གནོད་པ་ཅན་ཡོད་པ་མ་ཡིན་ན། གང་གིས་ལྡོག་པ་ངེས་པར་འགྱུར་ཏེ་འགལ་བ་མེད་པའི་ཕྱིར་རོ། །འགལ་བ་མ་མཐོང་བ་ཅན་ལ་ཡོད་པ་མ་ཡིན་པར་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་འགལ་བ་མ་མཐོང་བ་ཅན་གང་ལ་ཡོད་པ་ལ། འགལ་བ་མ་མཐོང་བ་དེ་ནི་དེ་ལ་
ཡོད་པ་སེམས་དང་བཅས་པ་གང་གིས་སྤོང་བར་བྱེད་དེ། ལོག་པའི་དོན་ཅན་ཉིད་ལ་མ་བྱས་པ་ཉིད་ནི་ཡོད་པ་ལ་འགལ་བ་མ་མཐོང་ངོ་། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་གཏན་ཚིགས་མ་བྱས་པ་ཉིད་ཀྱི་ཇི་སྐད་དུ་བཤད་པའི་ལྡོག་པ་འདི་ནི་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བ་མེད་པར་ཡང་ལྡོག་པ་ངེས་པའི་ཕྱིར་གཏན་ཚིགས་གོ་བར་བྱེད་པར་འདོད་ན། རྣམ་པ་དེ་ཡང་བདེན་པའི་དོན་ཅན་ཉིད་ལ་མ་བྱས་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཁས་བླངས་ནས་བཤད་པ་ནས།
ད་ནི་གཏན་ཚིགས་ལྡོག་པ་ཅན་ཡན་གར་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་གང་ལ་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་དེ། བསྒྲུབ་པར་བྱ་བ་བདེན་པའི་དོན་ཅན་དེའི་མི་མཐུན་པའི་ཕྱོགས་ལོག་པའི་དོན་ཅན་
གྱིའོ། །བཟློག་པ་ཉིད་བརྗོད་པ་སྟེ། ཁྱབ་པར་བྱེད་པ་ལོག་པས་ཁྱབ་པར་བྱ་བ་ལོག་པ་སྟེ། དཔེར་ན་གང་བྱས་པ་མ་ཡིན་པ་དེ་ནི་ལོག་པའི་དོན་ཅན་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །གང་ལོག་པའི་དོན་ཅན་ཉིད་རྣམ་པར་བཅད་པའི་ཡུལ་ཅན་གང་ཡིན་པ་དེ་ཉིད་

ནི་གཏན་ཚིགས་མ་བྱས་པ་འདིའི་ཕྱོགས་མཐུན་འགྱུར་དེའི་ཕྱིར་ཏེ་རྒྱུའི་ཕྱིར་གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན་ནོ། །ལྡོག་པ་ཐོབ་པ་ཉིད་ཀྱི་ཕྱིར་རྗེས་འགྲོ་ཅན་ཡང་ཞེས་བྱ་བ་སྡུད་པ་དོན་གྱིས་སྨོས་པ་དེ་ལྟར་ན་གཏན་ཚིགས་ཐམས་ཅད་རྗེས་སུ་འགྲོ་བ་དང་
ལྡོག་པ་དང་ལྡན་པ་ཡིན་གྱི་ལྡོག་པ་ཅན་ཁོ་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཅུང་ཞིག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཅུང་ཞིག་ལོག་པའི་དོན་ཅན་གང་ཡང་ཡིན་པ་དེ་ཐམས་ཅད་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ན། གཏན་ཚིགས་མ་བྱས་པ་ཉིད་
ཀྱི་མི་མཐུན་པའི་ཕྱོགས་དེ་སྐྱེས་བུས་བྱས་པ་ཉིད་ཀྱིས་སོ། །སྐྱེས་བུས་བྱས་པ་སྨོས་པ་ནི་བྱས་པ་བསྟན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་མི་མཐུན་པའི་ཕྱོགས་བདེན་པའི་དོན་ཅན་ཉིད་རྣམ་པར་གཅོད་པའི་མཚན་ཉིད་ཅན་གྱི་ལོག་པའི་དོན་ཅན་ཉིད་ཀྱི་ཁྱབ་པ་གང་ཡིན་པ་དེ་
མེད་ན་སྟེ། སྐྱེས་བུས་བྱས་པ་ཉིད་མེད་ན་ལོག་པའི་དོན་ཅན་གྱི་མེད་པ་གྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། །སྐྱེས་བུས་བྱས་པ་དེ་མེད་པར་ཡོད་ན་ནི་ལོག་པའི་དོན་ཅན་ཉིད་ལས་སྐྱེས་བུས་བྱས་པ་དེས་ཁྱབ་པ་མི་རུང་བའི་ཕྱིར་རོ། །དེ་བས་ན་ཁྱབ་པར་འདོད་པས་
ལོག་པའི་དོན་ཅན་ཉིད་ནི་བྱས་པ་ལོག་པས་ལྡོག་པར་འདོད་པར་བྱའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རིགས་མི་མཐུན་པ་ལོག་པའི་དོན་ཅན་ཉིད་དང་། བྱས་པ་ཉིད་དག་གིས་བྱས་པ་ལ་ལོག་པས་ལོག་པའི་དོན་ཅན་ལྡོག་པ་ཡིན་ནོ་ཞེས་དེ་ལྟ་བུའི་མཚན་ཉིད་ཅན་
གྱིས་ལོག་པ་གྲུབ་པ་གང་ཡིན་པ་དེ་ཉིད་གཏན་ཚིགས་མ་བྱས་པ་ཉིད་ནི་བདེན་པའི་དོན་ཅན་ཉིད་དང་རྗེས་སུ་འགྲོ་བ་གྲུབ་པ་སྟེ། རྗེས་སུ་འགྲོ་བར་རྣམ་པར་གནས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་རྣམ་པར་གཅོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་
ཏེ། བསྒྲུབ་པར་བྱ་བ་བདེན་པའི་དོན་ཅན་གྱི་མི་མཐུན་པའི་ཕྱོགས་ལོག་པའི་དོན་ཅན་ཉིད་ཡིན་ཞིང་བྱས་པ་ལོག་པས་མ་བྱས་པ་རྣམ་པར་གཅོད་པ་ཟློག་པར་བྱེད་པ་གང་ཡིན་པ་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བདེན་པའི་དོན་ཅན་ཉིད་དགག་པའི་དོན་ཅན་ཉིད་ཡིན་ཞིང་བདེན་

པའི་དོན་ཅན་བཀག་པའི་ལོག་པའི་དོན་ཅན་དེ་ཡང་གང་གི་ཚེ་མ་བྱས་པ་ལ་དགག་པ་བྱས་པ་དེའི་ཚེ་དགག་པ་གཉིས་སྐྱེའོ། །དེ་ལྟར་ན་བདེན་པའི་དོན་ཅན་ཉིད་རྣམ་པར་གཅོད་པའི་མཚན་ཉིད་ཅན་གྱི་དགག་པ་གཉིས་ཀྱིས་བདེན་པའི་དོན་ཅན་ཉིད་ཀྱི་བྱ་བ་གྲུབ་པའི་གཏན་ཚིགས་
ཀྱི་ཕྱིར། རྗེས་སུ་འགྲོ་བ་མེད་ཅིང་རྗེས་སུ་འགྲོ་བ་དང་བྲལ་བར་སྒྲུབ་པར་བྱེད་པ་ལྡོག་པ་བྱས་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལོག་བའི་དོན་ཅན་ཉིད་ཀྱི་ཁྱབ་པ་གྲུབ་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པར་ཁྱབ་པ་གྲུབ་པ་མ་ཡིན་གྱི། འོན་ཀྱང་རྗེས་སུ་འགྲོ་བ་འཕགས་པ་
ཅན་ཉིད་ཀྱིས་ཁྱབ་པ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་གཏན་ཚིགས་འགའ་ཞིག་ཀྱང་རྗེས་སུ་འགྲོ་བ་མེད་པ་ཅན་ཞེས་བྱ་བ་མ་ཡིན་གྱི། འོན་ཀྱང་ཐམས་ཅད་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་དང་ལྡན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཅིག་
རྣམ་པར་གཅོད་པ་སྟེ། མ་བྱས་པ་ཉིད་ལོག་པའི་དོན་ཅན་ཉིད་རྣམ་པར་གཅོད་པ་ནི་དེའི་རིགས་མི་མཐུན་པ་གྲུབ་པ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཏེ། ལོག་པའི་དོན་ཅན་གྱི་རིགས་མི་མཐུན་པ་བདེན་པའི་དོན་ཅན་གྲུབ་པ་མེད་ན་མི་འབྱུང་བ་ཉིད་གང་ཡིན་པ་དེ་ནི་འཁྲུལ་པ་མེད་པའི་ཕྱིར་རོ། །གལ་
ཏེ་གཅིག་རྣམ་པར་གཅོད་པ་ནི་དེའི་རིགས་མི་མཐུན་པ་གྲུབ་པ་མེད་ན་མི་འབྱུང་བ་དེའི་ཚེ་མི་རྟག་པ་དང་བདག་མེད་པ་ཉིད་ལ་སོགས་པ་རྣམ་པར་གཅོད་པ་ན་ཡང་སྟེ། མི་རྟག་པ་ཉིད་དང་བདག་མེད་པ་ཉིད་དོ། །སོགས་པའི་སྒྲས་ནི་སྡུག་བསྔལ་ཉིད་ལ་སོགས་པའོ། །གང་གི་ཚེ་རི་བོང་གི་རྭ་
ལ་སོགས་པ་ལ་ཡང་རྣམ་པར་གཅོད་པར་བྱེད་པ་དེའི་ཚེ་དེ་ལྟར་འགྱུར་བ་སྟེ། ལོག་པའི་དོན་ཅན་ཉིད་རྣམ་པར་བཅད་ནས་བདེན་པའི་དོན་ཅན་ཉིད་གྲུབ་པ་བཞིན་དུ་མི་རྟག་པ་ཉིད་ལ་སོགས་པའི་རིགས་མི་མཐུན་པ་རྟག་པ་དང་བདག་དང་བཅས་པ་དང་བདེ་བ་ཉིད་ལ་སོགས་པ་དག་གྲུབ་པར་
འགྱུར་རོ། །དེ་ལྟར་ན་ཁོ་བོ་ཅག་མངོན་པར་འདོད་པའི་རྟག་པ་ཉིད་ལ་སོགས་པ་དག་གྲུབ་པ་དང་བདག་ཉིད་ཀྱིས་ཁས་བླངས་པ་ལ་འགལ་བ་ཀུན་དུ་དཔྱོད་པ་ཡིན་ཏེ། གཅིག་རྣམ་པར་གཅོད་པ་ནི་དེའི་རིགས་མི་མཐུན་པ་གྲུབ་པ་མེད་ན་མི་འབྱུང་བ་ཉིད་ཡིན་པའི་ཕྱིར། དེ་ནི་མི་འཐད་

དེ་ཞེས་གཞན་དག་གིས་བསམས་པའོ། །མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །སྐྱོན་འདི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྡོག་པ་རྣམ་པར་གཅད་པ་ནི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། ལྡོག་པ་ནི་བྲལ་བ་ཙམ་དང་
མེད་པ་ཞེས་བྱ་བའི་དོན་ཏོ། །མེད་པའི་མཚན་ཉིད་ཅན་གྱི་ལྡོག་པ་གང་ཡིན་པ་དེ་རྣམ་པར་གཅོད་པ་སྟེ། བཟློག་པའི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། མེད་པ་རྣམ་པར་བཅད་ནས་ཡོད་པ་རྣམ་པར་འཇོག་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདིས་དངོས་པོའི་མཚན་ཉིད་
བཤད་ཅིང་ཚིག་འདི་ཉིད་ཀྱིས་ཀྱང་དོན་གྱིས་དངོས་པོ་རྣམ་པར་གཅོད་པ་ནི་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་བཤད་པར་འགྱུར་རོ། །དེ་བས་ན་རེ་ཞིག་དག་འདིས་ནི་དངོས་པོ་དང་དངོས་པོ་མེད་པ་དག་གི་མཚན་ཉིད་བསྟན་ཏོ། །དེ་ལ་གང་དངོས་པོའི་ངོ་བོ་རྣམ་པར་
གཅོད་པ་ནི་དངོས་པོ་འཕེན་པར་བྱེད་པ་མ་ཡིན་ཞིང་ངག་རྣམ་པར་འགྱུར་བ་ན། དངོས་པོ་འཕེན་པ་དེ་བསྟན་པའི་ཕྱིར་དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཡོད་པ་ཙམ་ཁྱབ་པར་བྱེད་པའི་ངོ་བོ་ཞེས་བྱ་བའི་བར་གྱི་ཚིག་མི་མངོན་པ་ཅན་གྱི་བསྡུ་བ་མཐོང་ངོ་། །དངོས་
པོ་ཙམ་ཁྱབ་པར་བྱེད་པ་མ་ཡིན་པའི་དངོས་པོའི་ཆོས་གང་ཡིན་པ་དེ་རྣམ་པར་བཅད་པ་ན་ཡང་དངོས་པོ་འཕེན་པར་འགྱུར་ཏེ། བྲམ་ཟེ་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་བྲམ་ཟེ་མ་ཡིན་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དངོས་པོའི་ངོ་བོ་
དེ་རྣམ་པར་བཅད་པ་ཡོད་ན་དངོས་པོ་འཕེན་པར་བྱེད་པ་མ་ཡིན་པ་སྟེ། དངོས་པོ་དང་འབྲེལ་པ་མ་ཡིན་ནོ། །དངོས་པོར་མི་འགྱུར་རོ་ཞེས་བརྗོད་པ་ན་དངོས་པོ་ཉིད་འཕེན་པར་འགྱུར་བ་མ་ཡིན་པ་ལྟ་བུའོ། །མེད་པ་རྣམ་པར་གཅོད་པ་རང་བཞིན་དང་བྲལ་བ་ཙམ་རྣམ་པར་གཅོད་པ་
གང་ཡིན་པ་དེས་ཀྱང་ངེས་པར་དངོས་པོ་ཉེ་བར་འཇོག་པ་དེ་དངོས་པོ་ཉེ་བར་བསྒྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་དག་ནི་ཕན་ཚུན་དབེན་པ་སྟེ། བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །དངོས་པོས་

དབེན་པ་ནི་དངོས་པོ་མེད་པའི་ངོ་བོ་ཅན་ཉིད་ཡིན་པའི་ཕྱིར་དང་། དངོས་པོ་མེད་པས་དབེན་པ་ནི་དངོས་པོའི་ངོ་བོ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རེ་ཞིག་དངོས་པོ་དང་དངོས་པོ་མེད་པ་དག་གི་མཚན་ཉིད་དང་། དེ་དག་གིས་ཇི་ལྟར་འཕངས་པ་དེ་ལྟར་སྤྱིར་
བརྗོད་ནས་ལྡོག་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྦྱོར་བར་བྱེད་དེ། བདེན་པའི་དོན་ཅན་གྱི་མཚན་ཉིད་གང་ཡིན་པ་དེ་དངོས་པོ་མེད་པའི་ངོ་བོ་ཅན་བདེན་པའི་དོན་ཅན་ལས་རྣམ་པར་བཅད་པ་ཙམ་གྱི་མཚན་ཉིད་ཅན་ལོག་པར་གྱུར་པ་སྟེ། བྱས་པ་ལོག་པས་ལྡོག་པར་གྱུར་པས་མ་
བྱས་པ་ལ་བདེན་པའི་དོན་ཅན་ཉིད་ཀྱི་མཚན་ཉིད་ཅན་གྱི་དངོས་པོ་ཉེ་བར་འཇོག་པར་བྱེད་དེ། བདེན་པའི་དོན་ཅན་ཉིད་ཀྱི་མེད་པ་ཙམ་གྱི་མཚན་ཉིད་ཅན་གྱི་ལོག་པའི་དོན་ཅན་ཉིད་སྤོང་བ་ན་ཡང་བདེན་པའི་དོན་ཅན་ཉིད་ཉེ་བར་འཇོག་པའི་ཕྱིར་རོ། །གདོན་མི་ཟ་བར་གཞན་གྱིས་ཀྱང་
ལོག་པའི་དོན་ཅན་ཉིད་རྣམ་པར་བཅད་པ་ཙམ་ལོག་པའི་དོན་ཅན་ཉིད་དུ་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་གལ་ཏེ་དེ་ལྟར་ཁས་བླངས་པར་མི་བྱེད་ཀྱི་འོན་ཀྱང་ལོག་པའི་དོན་བསྟན་པའི་ཕྱིར། དངོས་པོའི་ཆོས་མི་འདྲ་བ་ལ་ལོག་པའི་དོན་ཅན་ཉིད་དུ་འདོད་པ་དེའི་ཚེ་དེ་རྣམ་པར་
བཅད་པ་ན་མ་བྱས་པ་ལོག་པའི་དོན་ཅན་དེ་ཉིད་འབའ་ཞིག་ལྡོག་པར་འགྱུར་གྱི། བདེན་པའི་དོན་ཅན་ཉིད་དུ་གྲུབ་པ་ནི་མ་ཡིན་ནོ། །དངོས་པོ་རྣམ་པར་བཅད་པར་གྱུར་པས་དངོས་པོ་ངེས་པར་འཕངས་པ་མེད་པའི་ཕྱིར་རོ། །གང་གི་ཚེ་བདེན་པའི་དོན་ཅན་ཉིད་མེད་པ་ཙམ་
ལོག་པའི་དོན་ཅན་ཉིད་ཡིན་པ་དེའི་ཚེ་དེ་ལོག་པ་ན་མ་བྱས་པ་ནི་དོན་ཅན་ཉིད་དུ་གྲུབ་པར་འགྱུར་རོ་ཞེས་མི་འདོད་པ་བཞིན་དུ་བདེན་པའི་དོན་ཅན་ཉིད་རྣམ་པར་བཅད་པ་ཙམ་ལོག་པའི་དོན་ཅན་ཉིད་དུ་འདོད་པར་བྱའོ། །དེ་ལྟར་མ་ཡིན་ན་དཔྱོད་པ་འདིའི་འདོད་པ་གྲུབ་པར་མི་འགྱུར་
རོ། །གལ་ཏེ་འདི་ལྟར་ལོག་པའི་དོན་ཅན་བྲལ་བ་ཙམ་ཉིད་དེ་ནི་ཇི་ལྟར་ན་བྱས་པ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། དངོས་པོ་མེད་པ་ལ་ནི་དངོས་པོའི་ཆོས་ཀྱིས་ལྡོག་པ་སྲིད་པ་མ་ཡིན་ནོ་ཞེ་ན། འདི་ནི་འདིའི་སྐྱོན་གཞན་ཡིན་པ་ནི་བླ་སྟེ། གཞན་གྱིས་བྱས་པ་ཉིད་ཀྱང་མ་བྱས་པ་རྣམ་

པར་གཅོད་པ་ཙམ་ཡིན་པར་འདོད་པར་བྱའོ། །དེ་ལྟར་ན་བདག་མེད་པ་ལ་སོགས་པ་ནི་བྲལ་བ་ཙམ་གྱི་མཚན་ཉིད་ཅན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་ཁྱད་པར་ཡིན་པའི་ཕྱིར་ཏེ། བདག་མེད་པ་ནི་རང་བཞིན་ཁྱད་པར་ཅན་ཡིན་ནོ། །དེ་ཉིད་བསྟན་
པའི་ཕྱིར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་ནི་ལས་སུ་བྱ་བའོ། །ལོངས་སྤྱོད་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའོ། །དེ་དག་བདག་གིར་བྱེད་པ་ནི་བྱིན་གྱིས་བརླབས་པའོ། །དེ་ལ་རང་རྒྱུད་པ་མ་ཡིན་པ་སྟེ། གཞན་གྱི་དབང་གི་བདག་ཉིད་ཀྱི་རང་བཞིན་
ནི་བདག་མེད་པའོ། །བདག་ཉིད་ཀྱི་སྒྲ་ནི་འདིར་རང་བཞིན་གྱི་རྣམ་གྲངས་སོ། །ཅིའི་ཕྱིར་དེ་ལྟ་བུར་གྱུར་པའི་རང་བཞིན་བདག་མེད་པར་འགྱུར་བ་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་ལོངས་སྤྱོད་དག་བདག་གིར་བྱེད་པ་དེ་ལ་རང་དབང་དུ་གྱུར་པ་གང་ཡིན་པ་
དེ་ནི་རང་གི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་གཞན་དག་གིས་བརྟགས་པའི་བདག་ཉིད་ཡིན་ནོ། །དེ་བས་ན་དེ་དང་ཆོས་མི་མ