Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
ས་བྱ་བ་ལ་གཟུགས་ཤེས་པ་ལ་སོགས་པ་གཟུང་བའི་མཚན་ཉིད་ཡིན་ན་ཞེས་བྱ་བར་སྦྱར་རོ། །གཟུགས་དང་སྒྲ་ལ་སོགས་པ་དང་སེམས་
དང་སེམས་ལས་བྱུང་བའི་ཚོགས་ཞེས་བྱ་བའི་དོན་ཏོ། །གང་གིས་གཟུང་བའི་མཚན་ཉིད་ཡིན་ཞེ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་འཛིན་པ་དག་གིས་ཞེས་བྱ་བ་སྨོས་སོ། །གཟུང་བའི་མཚན་ཉིད་ཀྱིར་གྱུར་པ་དེ་ལྟ་བུ་དེ་ལ་གཟུང་བ་ཉིད་ལས་སྐྱེད་པར་བྱེད་པ་ནི་གཞན་མ་ཡིན་གྱི། འོན་ཀྱང་རང་གི་ཤེས་པ་སྐྱེད་
པར་བྱེད་པ་ཉིད་གཟུང་བར་བྱེད་པ་ཡིན་ནོ། །གཟུང་བ་ཉིད་མཚན་ཉིད་ལས་ཡུལ་ལ་སོགས་པས་བསྐལ་པ་ལ་སོགས་པ་མ་ཡིན་པ་ལས་ཞེས་བྱ་བ་ནི་གཞི་མཐུན་པ་ཅན་གྱི་ལྔ་པ་ཡིན་ནོ། །སོགས་པའི་སྒྲ་དང་པོས་ནི་མ་ཆོད་པ་དང་རང་བཞིན་ཁྱད་པར་ཅན་དང་། རྒྱུ་གཞན་ལྷན་ཅིག་བྱེད་པ་མིག་ལ་སོགས་པ་
གཟུང་ངོ་། །གཉིས་པས་ནི་རང་བཞིན་ཁྱད་པར་ཅན་མངོན་དུ་ཕྱོགས་པ་དང་ཚོགས་པ་དག་གཟུང་ངོ་། །དེས་ན་ངག་གི་དོན་ནི་ཡུལ་གྱིས་མ་བསྐལ་བ་དང་། ཆོད་པ་མེད་པ་དང་རང་བཞིན་ཁྱད་པར་ཅན་མངོན་དུ་ཕྱོགས་པ་དང་རྐྱེན་གཞན་ཚོགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལྟ་སྟེ་འཛིན་པའི་ཉེར་
ལེན་དང་མྱོང་བ་ཞེས་བྱ་བ་ལ་འཛིན་པར་བྱེད་པས་ན་འཛིན་པ་སྟེ། འཛིན་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །འཛིན་པའི་ཉེ་བར་ལེན་པ་སྟེ། དེ་ནས་མྱོང་བའི་སྒྲ་དང་ཟླས་དབྱེ་བ་བྱའོ། །ཉེ་བར་ལེན་པ་ཞེས་བྱ་བ་ནི་དངོས་པོ་གཙོ་བོར་བཤད་པ་ཡིན་ནོ། །དབང་པོ་ཡང་གཟུང་བའི་མཚན་ཉིད་ཀྱི་དངོས་
པོར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ། དབང་པོ་དེ་ནི་བདག་པོའི་རྐྱེན་ཉིད་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་ཉེ་བར་ལེན་པར་འགྱུར་བ་མ་ཡིན་ནམ། དེ་ནི་བདེན་ཏེ་གཞན་གྱིས་ཁས་བླངས་ནས་དེ་སྐད་དུ་བརྗོད་པ་ཡིན་ནོ། །གཞན་དག་ནི་དབང་པོ་ཡང་ཉེ་བར་ལེན་པར་འདོད་པ་དེ་ལྟར་ན་སེམས་མེད་པ་ལས་རྣམ་པར་
ལྡང་བའི་རྣམ་པར་ཤེས་པ་དབང་པོ་ཉིད་ཀྱི་ཉེ་བར་ལེན་པས་སྐྱེད་པ་ཡིན་ནོ་ཞེས་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་འདོད་པ་ཡིན་ནོ། །དེའི་ཉེ་བར་ལེན་པའི་ངོ་བོ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དོན་གཅིག་ལ་འཕྲོད་པ་འདུ་བ་ཉིད་ལ་སོགས་པ་མེད་པ་གཟུང་ངོ་། །ཉེ་བར་ལེན་པ་ཉིད་

འདུས་པ་ཡིན་ནོ་ཞེས་བྱ་བ་ནང་དུ་འདུས་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་ཉེ་བར་ལེན་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་ལྟར་རྣམ་པར་ཤེས་པ་ཐ་དད་པའི་ནུས་པ་ཅི་ལྟར་ཡིན་ཞེ་ན། ཉེ་བར་ལེན་པའི་ནུས་པ་གཞན་ཡིན་ཞིང་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པ་དང་གཟུང་བ་ཉིད་དག་གི་ཕན་
ཚུན་མཚན་ཉིད་མི་འདྲ་བ་ཉིད་ཀྱི་ཕྱིར་ཐ་དད་པ་མེད་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནུས་པ་དངོས་པོར་གྱུར་པ་ཕན་ཚུན་མཚན་ཉིད་མི་འདྲ་བ་དག་གིས་གཅིག་འབྲས་བུ་དུ་མ་བྱེད་ཅིང་དུ་མ་དག་ཀྱང་ནུས་པ་དངོས་པོར་གྱུར་པ་གཅིག་དང་ལྡན་པ་ཉིད་ཀྱི་ཕྱིར་འབྲས་བུ་གཅིག་བྱེད་པ་ཡིན་ནོ་ཞེས་གཞན་དག་
སེམས་སོ། །ནུས་པ་གཅིག་དང་ལྡན་པའམ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། དངོས་པོར་གྱུར་པའི་ཞེས་བྱ་བར་དགོངས་སོ། །སྐབས་གཞན་དུ་བརྗོད་པ་ཞེས་བྱ་བ་ནི། དེ་ནི་གཅིག་ཀྱང་དུ་མ་བྱེད། །དེ་དངོས་ཡོངས་སུ་བསྟན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ་
བསྟན་ཟིན་ཏོ། །དེ་ལ་རོ་ལ་སོགས་པ་ཡང་ཞེས་བྱ་བ་ནི་རིགས་མཐུན་པའི་གཟུགས་སྐྱེད་པ་ལ་རོ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །ཚོགས་པ་གཅིག་པོ་འདི་ལ་ཞེས་བྱ་བ་ནི་གཟུགས་དང་རོ་ལ་སོགས་པའི་ཚོགས་པའོ། །གནས་པ་ནི་གཟུགས་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་ལ་ཡང་
རྣམ་པར་ཤེས་པ་ནི་ཉེ་བར་ལེན་པའི་རྒྱུ་ཡིན་ཞིང་ཞེས་བྱ་བ་ནི། ཚོགས་པ་གཞན་ལ་གནས་པའི་གཟུགས་ཀྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་དེ་ལ་རྣམ་པར་ཤེས་པ་སྐྱེད་པ་དེ་ཉེ་བར་ལེན་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གནས་པ་ལྟ་བུའོ་ཞེས་བྱ་བ་ལ་གཟུགས་དེ་མིག་ལ་སོགས་པའི་
ཚོགས་པ་དེ་ལ་གནས་པ་སྟེ། དེ་ལ་ལྷན་ཅིག་བྱེད་པའི་རྐྱེན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྟག་ཏུ་ཤེས་པ་གཞན་དང་གཞན་སྐྱེས་པས་འདི་ཡུལ་གཞན་ལ་འཕོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཅི་ལྟར་ཤེས་པ་སྔ་མ་གཟུང་བ་དྲན་པ་ཡིན་པ་དེ་ལྟར་དྲན་པ་དེ་ཡང་དྲན་པ་གཞན་ཉེ་བར་ལེན་པར་གྱུར་པ་དེས་བསྐྱེད་པར་བྱ་བ་ཡིན་
ཞིང་དེ་ཡང་གཞན་གྱི་ཡིན་པ་དེ་ལྟར་ན་དྲན་པའི་ཤེས་པ་བརྒྱུད་པ་ཡིན་ནོ། །འདི་སྐད་དུ་ཤེས་པའི་ཉམས་སུ་མྱོང་བར་གྱུར་པ་དེ་མ་ཐག་པའི་ཤེས་པ་གཞན་གྱིས་འདོད་པ་གང་ཡིན་པ་དེ་ལ་ལྟོས་ནས་བསྟན་བཅོས་མཛད་པས་ཅིའི་ཕྱིར་ཐུག་པ་མེད་པའི་རྩོད་པ་མཛད་ཀྱི་དྲན་པའི་སྒོ་ནས་ཀྱང་མ་ཡིན་ཞེས་སྟོན་པར་

འགྱུར་རོ། །སྔ་ཕྱི་སྣང་བ་ཅན་ཉིད་ཕྱིར། །ཞེས་བྱ་བ་ནི་གང་ལ་དོན་སྔ་ཕྱི་སྣང་བའི་ཚུལ་ཡོད་པ་དེ་ནི་སྔ་ཕྱི་སྣང་བ་ཅན་ཏེ་དེའི་དངོས་པོ་ཡིན་པ་དེའི་ཕྱིར་རོ། །དེ་ཉིད་ནི་གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཡི་གེ་ཨ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་འཛིན་
པར་བྱེད་པ་ཕྱི་མ་ཡི་གེ་ཨི་ལ་སོགས་པ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ཞེས་བྱ་བ་ནི་གང་གི་ཚེ་ཤེས་པ་གཅིག་ཉིད་ཀྱི་ཤེས་པ་སྔ་མ་དང་ཡུལ་གཞན་འཛིན་པར་འདོད་པ་དེའི་ཚེ། ཡི་གེ་ཨ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་འཛིན་པར་བྱེད་པ་ཕྱིས་འབྱུང་བ་ཡི་གེ་ཨི་ལ་སོགས་པ་འཛིན་པའི་ངང་ཚུལ་
ཅན་གྱི་ཤེས་པ་ཡིན་ནོ། །དེ་བས་ན་ཡི་གེ་ཨི་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་དེ་ལ་ཡི་གེ་ཨི་ནི་ཕྱི་རོལ་གྱི་ཡུལ་ཡང་ཡིན་ཞིང་། ཤེས་པ་སྔ་མ་ལ་ཡོད་པའི་ཡི་གེ་ཨ་ནི་ཡི་གེ་ཨ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་སྣང་བར་གྱུར་པ་ན་ཡི་གེ་ཨ་ཡིན་ནོ། །དེ་ལྟར་ན་ཡི་གེ་ཨ་འཛིན་པའི་ངང་ཚུལ་
ཅན་གྱི་ཤེས་པ་ནི་འཛིན་པར་འདོད་པའི་ཤེས་པ་གཉིས་པ་དང་། ཡི་གེ་ཨ་དང་སྣང་བར་སྣང་འགྱུར་བ་དེ་བས་ན་ཡི་གེ་ཨ་ཡང་སྣང་བ་ཡིན་ཏེ། དེ་ལྟར་ན་བློ་གཅིག་ལ་བརྗོད་པ་གཉིས་སུ་འགྱུར་ནའོ། །ཡི་གེ་འཛིན་པ་ལས་གཞན་དུ་ཞེས་བྱ་བ་ནི་བྱང་བུ་ལ་སོགས་པར་བྲིས་པའི་ཡི་གེའི་བཀོད་པ་མིག་
གི་རྣམ་པར་ཤེས་པས་ཅིག་ཅར་འཛིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལ་ལར་གཞན་ཡིན་ནོ་ཞེས་བྱ་བ་ནི་དྲི་ལ་སོགས་པའོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། ཡུལ་ལ་འཇུག་པའི་ངེས་པ་མེད་པ་ཅན་གྱི་ཤེས་པ་དག་ཅེས་བྱ་བ་སྨོས་ཏེ། གང་ལ་ཡུལ་ལ་འཇུག་པའི་ངེས་པ་མེད་པ་དེ་ལ་དེ་སྐད་
ཅེས་བྱའོ། །མིག་གི་རྣམ་པར་ཤེས་པ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ལ་གཟུགས་ཀྱི་སྣང་བ་དང་སྒྲའི་སྣང་བ་སྟེ་ཞེས་བྱ་བ་ནི་གང་གི་ཚེ་མིག་གི་རྣམ་པར་ཤེས་པའི་དེ་མ་ཐག་ཏུ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་དེས་སྒྲ་ཡོངས་སུ་གཅོད་ཅིང་གཟུགས་སུ་སྣང་བ་ཅན་གྱི་མིག་གི་རྣམ་པར་ཤེས་པ་སྔ་མ་
ཡོངས་སུ་གཅོད་པ་ཡིན་ནོ། །དེ་བས་ན་མིག་གི་རྣམ་པར་ཤེས་པ་ཉིད་གཟུང་བ་ཡིན་པའི་ཕྱིར་དེ་ལ་ཡོད་པའི་གཟུགས་ཀྱི་སྣང་བ་དང་། ཕྱི་རོལ་གྱི་སྒྲ་སྣང་བ་འདི་གཉིས་མིག་གི་རྣམ་པར་ཤེས་པ་འཛིན་པའི་ངང་ཚུལ་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་ལ་སྣང་བར་འགྱུར་ནའོ། །གཅིག་ཀྱང་གཉིས་གཉིས་སྣང་བ་

ནི། །ཞེས་བྱ་བ་གཟུང་བ་རེ་རེ་གཉིས་སུ་སྣང་བ་འདིའོ། །བདག་དང་དེ་བློ་སྣར་ཕྱིར་རོ། །ཞེས་བྱ་བ་ནི་ཡུལ་གྱི་རང་གི་ངོ་བོ་ནི་བདག་ཡིན་པ་དེ་ལ་དམིགས་པའི་ཤེས་པ་ནི་དེའི་སྒྲས་བསྟན་ཏོ། །བདག་དང་དེའི་བློ་ནི་བདག་དང་བློ་དག་ལ་སྟེ། ཡུལ་གྱི་ཤེས་པ་དང་ཤེས་པའི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་བདུན་
བའི་ཚིག་གི་གཉིས་པའོ། །དུས་གཅིག་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་འདིའི་བཤད་པ་ཡིན་ནོ། །རང་གི་ཤེས་པ་ལ་ཡོད་པར་ཞེས་བྱ་བ་ནི་ཡི་གེ་ཨའི་ཤེས་པ་ལ་ཡོད་པར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གཅིག་ལ་ཞེས་བྱ་བ་ནི་འདི་ལྟར་དེ་ཡང་ཇི་སྐད་དུ་བཤད་པའི་རྣམ་པར་རང་གི་ཤེས་པའམ་
ཤེས་པའི་ཤེས་པ་ལ་སྣང་བར་འགྱུར་རོ། །དེ་བས་ན་གཉི་ག་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་གཅིག་གིས་ཡུལ་གཞན་དང་ཤེས་པ་སྔ་མ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་གང་ལས་འཕོ་བ་དེ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་མཐར་གནས་པའི་ངང་ཚུལ་ཅན་ཤེས་པ་
གཞན་གྱིས་ཉམས་སུ་མྱོང་བ་མ་ཡིན་པ་ལས་ཡུལ་གཞན་དུ་འཕོ་བ་དེ་ནི་རང་རིག་པར་འགྱུར་རོ། །དེའི་ཕྱིར་ཤེས་པ་གཞན་གྱིས་མྱོང་བར་འགྱུར་བ་མ་ཡིན་ཏེ། ཤེས་པ་སྔ་མ་དག་ཀྱང་ཐ་མའི་ཤེས་པ་བཞིན་དུའོ། །དེའི་ཚེ། ཐམས་ཅད་མྱོང་མེད་ཐལ་བར་འགྱུར། །ཞེས་བྱ་བ་ནི་ཐ་མའི་ཤེས་པ་ནི་མངོན་
སུམ་ཉིད་མ་ཡིན་པའི་ཕྱིར་ཡོད་དུ་ཟིན་ཀྱང་མེད་པ་དང་འདྲ་བར་ཤེས་པ་སྔ་མ་ཉམས་སུ་མྱོང་བ་ལ་ནུས་པ་མེད་པ་ཉིད་ཡིན་ནོ། །དེས་ཤེས་པ་སྔ་མ་ཉམས་སུ་མྱོང་བ་མེད་པ་དེ་ལྟར་ན་ཐམས་ཅད་ཉམས་སུ་མྱོང་བར་ཐལ་བར་མི་འགྱུར་རོ། །དཔེར་ན་གཞན་གྱི་ཤེས་པའམ་ཡུལ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་
ཇི་ལྟར་ཡུལ་ལམ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་བདག་ཉིད་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་པ་དེ་ལྟར་ན་རང་གི་ཤེས་པ་ཡང་གང་གི་ཚེ་མངོན་སུམ་ཉིད་མ་ཡིན་པར་འགྱུར་བ་དེའི་ཚེ། དེ་ཉམས་སུ་མྱོང་བ་ཡང་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ཏེ། ཉམས་སུ་
མྱོང་བ་ཉིད་ལ་རང་དང་གཞན་གྱི་ཤེས་པ་དག་བྱེ་བྲག་ཡོད་པ་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་དམིགས་པ་ཅན་ཤེས་པར་དཀའ་བ་ཡིན་ན་ཞེས་བྱ་བ་ནི་སྐྱེས་བུ་གང་ལ་ལྐོག་ཏུ་གྱུར་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསལ་བའི་རྒྱུ་ནི་ཞེས་བྱ་བ་ནི་བློའི་རྒྱུ་ནིའོ། །གསལ་བ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་

ནི་དམིགས་པ་ཞེས་བྱ་བ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་དམིགས་པ་ལས་སོ། །གསལ་བ་ནི་རབ་ཏུ་གསལ་བ་སྟེ་དོན་འདོད་པ་ནིའོ། །ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། སློབ་དཔོན་ཤཱཀྱ་བློས་སྦྱར་བ་ལས་མངོན་སུམ་གྲུབ་པ་སྟེ། ལེའུ་གསུམ་པ་རྫོགས་སོ།། །།
ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་དྲུག་ཅུ་རྩ་གཅིག་པ། རང་གི་ཡིན་པས་ན་རང་གི་དོན་དེ། །གང་གིས་བདག་ཉིད་ཀྱིས་རྗེས་སུ་དཔག་པར་བྱ་བ་ཁོང་དུ་ཆུད་པའོ། །གཞན་གྱི་ཡིན་པ་ན་གཞན་གྱི་དོན་ཏེ། གང་གིས་གཞན་དག་ཁོང་དུ་ཆུད་པར་བྱེད་པའོ། །ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་
སྔར་བཤད་པའི་རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་ནམ། དེ་བས་ན་དེ་ཡང་ཤེས་པའི་རང་བཞིན་ཉིད་དུ་ཁས་བླངས་པ་དེས་ན་གང་ལ་དེ་གཞན་གྱི་དོན་ཉིད་ཡིན་ཏེ། གཞན་གྱི་དོན་ནི་བརྗོད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་བརྗོད་པའི་རང་བཞིན་ཡང་ཚད་མ་ཉིད་ཡིན་པར་འདོད་ན་དེས་ནི་སྔར་བཤད་
པའི་ཤེས་པ་སྨོས་པ་དང་འགལ་བར་འགྱུར་ཞིང་དེ་བཞིན་དུ་ཞེས་བྱ་བ་དང་ཡང་འགལ་བར་འགྱུར་རོ་ཞེ་ན། སྐྱོན་འདི་ཡོད་པ་མ་ཡིན་ཏེ། འདི་ལྟར་ཚད་མ་དངོས་ལ་བརྟེན་ནས་དེ་སྐད་དུ་བཤད་ཅིང་ཉེ་བར་བཏགས་ནས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་འདིར་རང་གི་དོན་གྱི་རྗེས་སུ་
དཔག་པའི་སྐབས་སུ་བབ་པ་ཞེས་བྱ་བ་ནི་མངོན་སུམ་དེ་མ་ཐག་ཏུ་བསྟན་ཟིན་པ་ཉིད་ཀྱི་ཕྱིར་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་པ་ཡིན་པར་འགྱུར་རོ། །དེ་སྔར་བསྟན་ཟིན་པ་ཞེས་བྱ་བ་ནི་ལེའུ་དང་པོར་རོ། །དགོས་པ་ནི་སྔར་བསྟན་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་གཉིས་པའི་རྣམ་པར་འགྲེལ་པ་རྩོམ་པ་ཉིད་
དུའོ། །གང་གི་ཚེ་རྣམ་འགྲེལ་གྱི་ལེའུ་དང་པོས་ཚད་མ་ཀུན་ལས་བཏུས་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུ་བཤད་པ་ཡིན་ནོ་ཞེས་དེ་སྐད་དུ་སྟོན་པ་དེའི་ཚེ། གཞུང་འདིར་འདི་སྐད་དུ་བཤད་པར་བྱ་བ་ཡིན་ཏེ། རྗེས་སུ་དཔག་པ་རྣམ་གཉིས་ཏེ། རྗེས་སུ་དཔག་པའི་ལེའུ་ལ་རྗེས་སུ་དཔག་པའི་ལེའུ་ཞེས་
བྱའོ། །དེ་ནི་རྣམ་པ་གཉིས་ཏེ་རང་གི་དོན་དང་གཞན་གྱི་དོན་ཏོ་ཞེས་བྱ་བ་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུ་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་ཉིད་དེ། རྗོད་པར་བྱེད་པ་ལ་བརྗོད་པར་བྱ་བ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་ལ་འདིར་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་

པ་ཞེས་བྱ་བ་ནི་རྣམ་འགྲེལ་གྱི་ལེའུ་གསུམ་པས་ཚད་མ་ཀུན་ལས་བཏུས་པའི་མངོན་སུམ་གྱི་ལེའུ་བཤད་ནས་འདིར་རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུ་བཤད་པར་བྱ་བ་ཉིད་ཀྱི་སྐབས་སུ་བབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྔར་བསྟན་ཟིན་པ་ཞེས་བྱ་བ་ནི་ལེའུ་དང་པོ་ཉིད་དུ་བཤད་ཟིན་པའོ། །ད་ནི་གཞན་གྱི་
དོན་གྱི་རྗེས་སུ་དཔག་པ་ལུས་པས་དེ་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་བཤད་པར་བྱ་བ་ཉིད་དུ་ལུས་པར་འགྱུར་བའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་རྒོལ་བ་གང་གིས་བསྒྲུབ་པར་དགོད་པའོ། །མཐོང་བ་ནི་རྣམ་པར་ངེས་པ་སྟེ་ཚད་མས་ཁོང་དུ་ཆུད་པའོ། །དོན་ནི་ཚུལ་གསུམ་པའི་
རྟགས་ཡིན་ནོ། །གལ་ཏེ་ཡང་རྗེས་སུ་དཔག་པར་བྱ་བ་ལ་ཡང་རང་གིས་མཐོང་བའི་དོན་ཡིན་པར་འགྱུར་བ་དེ་ལྟ་ན་ཡང་དམ་བཅའ་བ་སྲིད་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་དུས་ན་སྦྱོར་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དེ་འདིར་གཟུང་བ་མ་ཡིན་ནོ། །ནུས་པ་བསྟན་པའི་ཕྱིར་ཚིག་
ལ་རྗེས་སུ་དཔག་པ་ལ་ཉེ་བར་བཏགས་པ་ཡིན་གྱི་རྗེས་སུ་དཔག་པར་བྱ་བ་བསྟན་པ་ལ་ནུས་པ་ནི་མ་ཡིན་ན་གང་གིས་ན་དེ་ཡང་དོན་གྱི་སྒྲས་གཟུང་བའི་ཕྱིར་དེའི་ཚིག་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་པར་འགྱུར། གལ་ཏེ་བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་སྒྲུབ་པར་བྱེད་པ་དང་སུན་འབྱིན་པ་ཉིད་
ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་དེ་ཅིའི་ཕྱིར། རང་གིས་དོན་མཐོང་གསལ་བྱེད་ཡིན། །ཞེས་བརྗོད་ཅེ་ན། སྐྱོན་ཡོད་པ་མ་ཡིན་ཏེ། རང་གིས་མཐོང་བ་ཉིད་ཀྱིས་དོན་གསལ་བར་བྱེད་པ་ཡིན་གྱི། མ་མཐོང་བ་ནི་མ་ཡིན་ནོ་ཞེས་མི་ལྡན་པ་རྣམ་པར་གཅོད་པས་ངེས་པར་གཟུང་བའི་ཕྱིར་རོ། །དེ་ལྟར་ན་བདག་
ཉིད་ཀྱིས་མ་མཐོང་ན་ཡང་གཞན་གྱིས་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་བསྩལ་བའི་ཕྱིར་རང་གིས་མཐོང་བ་སྨོས་པ་ཡིན་ནོ། །དེ་ལ་རང་གིས་མཐོང་བ་ཉིད་ཡིན་གྱི་མ་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པར་གཟུང་བ་ནི་རྗེས་སུ་མཐུན་པར་འགྱུར་རོ། །དེ་ཁོ་ན་ཉིད་དུ་ན་ནི་རྒོལ་བ་དང་ཕྱིར་རྒོལ་བ་
དག་གིས་སྔར་ཚད་མས་ངེས་པའི་དོན་སྒྲུབ་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་ཕྱིར་རྒོལ་བས་གཟུང་བ་རྣམ་པར་བརྗེད་པ་ཡང་ཚིག་གི་ངན་པའི་ཡུལ་ཉིད་ལ་འཇུག་པར་འགྱུར་རོ། །གང་ཞིག་གིས་རང་ཉིད་ཀྱིས་མཐོང་བ་ཞེས་དེ་སྐད་དུ་ངེས་པར་གཟུང་བར་བྱེད་པ་དེས་ནི་གཞན་གྱིས་མཐོང་བ་བཟློག་

པའི་དོན་དུ་ངེས་པར་གཟུང་བ་ཡིན་ནོ། །དེའི་ཚེ་འདི་དཔྱད་པར་བྱ་བ་ཡིན་ཏེ། གལ་ཏེ་རྒོལ་བས་ཚུལ་གསུམ་པའི་རྟགས་བརྗོད་པ་ལས་སྔར་རང་ཉིད་ཀྱིས་མཐོང་བ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ན་དེ་ཡང་དག་པ་མ་ཡིན་ཏེ། གཉིས་ཀ་ལ་ངེས་པའི་དོན་བརྗོད་པ་སྒྲུབ་པར་བྱེད་པ་ཉིད་ཡིན་
པའི་ཕྱིར་རོ། །ཅི་སྟེ་སྒྲུབ་པར་བྱེད་པ་བརྗོད་པའི་དུས་ན་རང་ཉིད་ཀྱིས་མཐོང་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ཏེ། དེའི་ཚེ་དེ་གཟུང་བ་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ངེས་པར་གཟུང་བའི་དོན་དེ་ཡང་འབྲས་བུ་མེད་པ་ཅན་ཡིན་ཏེ། གསལ་བར་བྱེད་པའི་སྒྲ་ཉིད་ཀྱིས་དོན་འདི་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དེ་
ལྟ་མ་ཡིན་ན་གལ་ཏེ་རྒོལ་བ་བཞིན་དུ་ཕྱིར་རྒོལ་བ་ཡང་སྒྲུབ་པར་བྱེད་པ་བརྗོད་པའི་དུས་ན་ཚིག་མེད་པར་རྟགས་ངེས་པ་ཡིན་ཞིང་གཟུང་བ་རྣམ་པར་བརྗེད་པ་མ་ཡིན་པ་དེའི་ཚེ་གསལ་བར་བྱེད་པ་ཉིད་དོན་མེད་པ་ཅན་དུ་འགྱུར་རོ། །བདག་མཐོང་མིན་ཡང་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་རྗོད་པར་བྱེད་པས་མ་ངེས་པ་ཡིན་
ན་ཡང་ངོ་། །གཞན་དག་གིས་མཐོང་བ་ཞེས་བྱ་བ་ནི་གང་ལ་སྒྲུབ་པར་བྱེད་པ་བརྗོད་པ་དེ་དག་གིས་སོ། །འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་གཞན་དག་གིས་ལུང་ལས་ཤེས་པ་གང་ཡིན་པ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ལུང་ལས་ཤེས་པ་ཚིགས་སུ་བཅད་པར་སྨོས་པ་མེད་ན་ཅི་ལྟར་ཐོབ་པ་ཡིན་ཞེ་ན། གཞན་གྱི་
སྒྲ་སྨོས་པའི་ཕྱིར་ཏེ། ལུང་ལ་གྲུབ་པ་ཉིད་གཞན་དག་གིས་མཐོང་བ་ཡིན་ཏེ། ཚད་མས་གྲུབ་པ་ནི་གཉི་གས་མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །ཁ་ཅིག་ཅེས་བྱ་བའི་རྣམ་པར་འགྲེལ་པ་ནི་གྲངས་ཅན་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་འདི་སྐད་ཁས་བླངས་པ་ཡིན་ཏེ། བློ་དང་བདེ་བ་ལ་སོགས་པ་ནི་སེམས་མེད་
པ་ཡིན་ཏེ་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བསྟན་པར་བྱ་བ་ནི་ཕྱིར་རྒོལ་བ་ཡིན་ཏེ། དེ་ལ་ཡང་རྗེས་སུ་དཔག་པར་བྱ་བ་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟ་ན་ཡང་ལུང་ལས་གྲུབ་པ་རྟགས་མ་ཡིན་ནོ་ཞེས་བྱ་བ་ནི་ལུང་ཚད་མ་ཡིན་ན་ནི་རྟགས་ཚད་མས་གྲུབ་པ་ཉིད་ཡིན་པར་འགྱུར་ན་ལུང་གྲུབ་པ་མ་ཡིན་ནོ། །དེ་བས་ན་སྐྱེ་བ་
དང་ལྡན་པ་ཉིད་ལ་སོགས་པ་ཚད་མས་གྲུབ་པ་ཡིན་ཏེ། ལུང་ཚད་མས་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བ་ལ་སོགས་པ་ཡང་སེམས་ཉིད་ཡིན་པ་ལུང་གིས་གྲུབ་པ་ཡང་ཚད་མས་གྲུབ་པ་ཉིད་ཡིན་ཏེ་ལུང་ཚད་མས་གྲུབ་པའི་ཕྱིར་རོ། །དེ་བས་ན་སེམས་ཉིད་ལ་གནོད་པ་བྱེད་པའི་ཚད་མ་བརྗོད་པར་བྱ་བ་

མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་ལྟར་ལུང་གི་ཡུལ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མས་ཁས་བླངས་པའི་ལུང་ལའོ། །ཚད་མས་གྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་ལུང་ཚད་མར་གྱུར་བས་དོན་གྲུབ་པའི་ཕྱིར་ཏེ། ལུང་གི་ཚད་མ་ཉིད་ཀྱིས་གྲུབ་པའི་དོན་ལ་གནོད་པ་མེད་པའི་ཕྱིར་རོ། །
ལུང་གིས་མཐོང་བའི་དོན་ལ་སྒྲུབ་པར་བྱེད་པ་དང་གནོད་པ་ཅན་གྱི་ཚད་མ་བརྗོད་པ་དེའི་ཕྱིར་ལུང་ཚད་མ་མ་ཡིན་པ་དེ་བས་ན་ལུང་ཚད་མ་མ་ཡིན་པའོ། །དེ་བས་ན་ལུང་གིས་གྲུབ་པ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་རོ། །ལུང་ཚད་མ་མ་ཡིན་ནོ་ཞེས་བྱ་བར་དགོངས་
སོ། །ཡོངས་སུ་བརྟགས་པ་ལས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དང་པོར་ཚད་མས་ཡོངས་སུ་བརྟགས་པ་འཇུག་པར་འགྱུར་ཞིང་བརྟག་པ་དེ་ལས་དུས་ཕྱིས་ཁས་ལེན་པ་དང་འདོད་པ་དང་ལུང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ལུང་ཡང་རང་རྒྱུད་ཀྱིས་ཚད་མར་འགྱུར་བ་དེའི་ཚེ་ཚད་མས་
ཡོངས་སུ་བརྟགས་པའི་ཡུལ་རྣམ་པར་འཇོག་པར་མི་འགྱུར་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་བཞིན་ནོ། །རང་གི་རྒྱུད་ཀྱིས་ཐ་དད་པ་ཉིད་དུ་འཇུག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་ཚད་མ་གཞན་གྱིས་ཡོངས་སུ་མཐོང་བ་ལ་ཚད་མ་གཞན་འཇུག་པ་མ་ཡིན་ཞིང་། ཡོངས་སུ་
བརྟགས་པའི་ཡུལ་ལ་རྣམ་པར་གཞག་པ་ཡིན་པ་དེའི་ཕྱིར་ཚད་མ་མ་ཡིན་ནོ། །འདིས་ཀྱང་ལུང་གིས་གྲུབ་པ་མ་ཡིན་ཏེ། རྟགས་ཞེས་བྱ་བའི་སྐབས་ཡིན་ནོ། །ལུང་གིས་གྲུབ་པའི་རྟགས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་ལ་གནོད་ཕྱིར་གཞན་ལ་ནི། །སྒྲུབ་པར་བྱེད་པ་སྨྲ་བ་ནི། །ཞེས་བྱ་བར་སྦྱར་རོ། །
དེ་ལྟར་ན་སེམས་ཡོད་པ་ཉིད་ལ་སོགས་པའི་ལུང་གིས་གྲུབ་པ་ལ་གནོད་པའི་ཕྱིར་སྒྲུབ་པར་བྱེད་པ་བརྗོད་པ་ལུང་ལ་གནོད་པའི་ཕྱིར་བསྟན་པར་འགྱུར་རོ། །འབྲེལ་པ་བསྒྲུབ་པའི་ཚད་མ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བ་གཉི་ག་དག་ཀྱང་མེད་པའི་ཕྱིར་རོ། །དེ་དང་འགལ་བ་ཁས་
བླངས་པ་ཞེས་བྱ་བ་ལ་སོགས་པ་ལ་ལུང་དང་འགལ་བ་ཁས་བླངས་པ་ལུང་དེ་ཉིད་ཀྱིས་ནི་ཇི་ལྟར་འགྱུར། དེ་ལྟར་ན་བདེ་བ་ལ་སོགས་པ་སེམས་མེད་པ་ཉིད་སངས་རྒྱས་པའི་ལུང་དང་འགལ་བ་ཡིན་ཏེ། ལུང་ལ་སེམས་ཉིད་ཁས་བླངས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ལུང་གིས་གྲུབ་པ་མི་རྟག་པ་ཉིད་ལ་སོགས་པས་ལུང་

དེས་གྲུབ་པའི་སེམས་ཉིད་མེད་པ་གཞན་ལ་བསྒྲུབ་པ་དེའི་ཚེ། དེ་དང་འགལ་བ་ཁས་བླངས་པ། །དེ་ཉིད་ཀྱིས་ནི་ཅི་ལྟར་འགྱུར། །གང་ཞིག་ལུས་དང་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དེ། དེ་ལ་གནས་པའི་སྐྱེས་བུ་ལུང་བྱེད་པའམ་རྒྱུ་དེ་ཉིད་ཀྱིས་སོ། །དེ་ལས་གཞན་པ་ཁས་
ལེན་ན་ཞེས་བྱ་བ་ནི་ལུང་དེ་ལ་གྲགས་པའི་སེམས་གང་ཡིན་པ་དེ་ལས་གཞན་སེམས་མེད་པ་ཁས་ལེན་ནའོ། །དོར་བ་ལ་བརྟེན་ཞེས་བྱ་བ་ནི་དོར་བའི་ཡན་ལག་གོ། །རང་ཉིད་ཀྱིས་ཤེས་ནས་བརྗོད་པར་བྱ་བ་ནི་ཞེས་བྱ་བ་ནི་གཞན་ངེས་པ་ནི་བདག་ཉིད་ངེས་པ་སྔོན་དུ་སོང་བ་ཅན་ཡིན་པའི་ཕྱིར་རོ། །རང་དང་
གཞན་གྱིས་ཁས་བླངས་པ་ཉིད་ཅེས་བྱ་བ་ནི་གཉི་ག་ལ་གྲུབ་པའོ། །གལ་ཏེ་ཁོ་བོས་ཞེས་པ་ལ་སོགས་པ་ནི་གཞན་གྱི་དོགས་པ་བསུ་བ་ཡིན་ནོ། །ལུང་ལ་སོགས་པའི་སྒྲས་ནི་རྗེས་སུ་དཔག་པ་ལ་སོགས་པ་གཟུང་ངོ་། །སྦྱོར་བར་བྱེད་པ་ནི་འབྲེལ་པར་བྱེད་ཅིང་རབ་ཏུ་སྦྱོར་བར་བྱེད་པའོ། །གྲགས་པས་ཞེས་
བྱ་བ་ནི་ཁོ་བོ་ཅག་གི་ལུང་ཉིད་དུ་རབ་ཏུ་གྲགས་པ་ཡིན་ནོ་ཞེས་སྔོན་རབ་ཏུ་གྲགས་པའོ། །རིགས་པས་འཛིན་པར་བྱེད་པ་ཉིད་ཀྱིས་ལུང་སྒྲུབ་པར་བྱེད་པའི་ཕྱིར་ཅི་ལྟར་ནུས་པ་མེད་པ་ཡིན་ཞེ་ན། སྒྲུབ་པར་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །སྒྲུབ་པ་དང་དབང་པོ་ལས་འབྱུང་ཞེས་བྱ་བ་ལ་སྒྲུབ་པ་ནི་
དབང་པོ་ལས་འདས་པའི་ཡུལ་གྱི་མངོན་སུམ་དུ་བྱེད་པའི་ཐབས་ཡིན་པ་དེའི་འབྲས་བུ་དབང་པོ་ལས་འདས་པའི་ཡུལ་གྱིས་མངོན་སུམ་གྱི་སྐྱེ་བའི་དབང་པོ་ལས་འབྱུང་བའོ། །འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་གོ་རིམས་བཞིན་དུ་ནན་ཏན་དུ་བྱེད་པ་དང་མངོན་སུམ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་ཞེས་བྱ་བ་ནི་
སྲེད་པ་དང་མ་རིག་པའོ། །སྤྱིས་ཀྱང་ཤེས་པ་མ་ཡིན་པ། །ཞེས་བྱ་བ་ནི་སྤྱིར་ཤེས་པས་བརྗོད་པ་འཇུག་པར་མི་འགྱུར་རོ། །འབྲེལ་པ་ཆད་པ་ཅན་ནི་ཞེས་བྱ་བ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་སྟེ། དེ་ལྟ་བུར་གྱུར་པའི་སེམས་མེད་པ་ཉིད་ཅེས་བྱ་བར་དགོངས་སོ། །དཔེར་ན་མེ་ལ་ཀུན་དུ་བརྟགས་པའི་དུ་བ་ལྟ་
བུའོ་ཞེས་བྱ་བ་ནི་དུ་བ་མེད་དུ་ཟིན་ཀྱང་རྣམ་པར་རྟོག་པ་ཙམ་གྱིས་སྒྲོ་བཏགས་པའོ། །གཉིས་འབྲེལ་ཕྱིར་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཆོས་གང་ཡིན་པ་གཞན་གྱིས་ཁས་ལེན་པ་དེས་དེ་མི་འདོད་པ་ཡིན་ཡང་བསྒྲུབ་པར་བྱ་བའི་ཆོས་དང་འབྲེལ་པའི་ཕྱིར་རོ། །གཅིག་མེད་ན་ནི་གཞན་མེད་ཕྱིར། །ཞེས་བྱ་བ་ནི་

བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པའི་ཆོས་མེད་པའི་ཕྱིར་རོ། །སྐབས་འགའ་ཞིག་ཏུ་ཞེས་བྱ་བ་ནི་སྤྱི་ལ་སོགས་པ་འགོག་པའི་སྐབས་སུའོ། །སྒྲ་ལས་བྱུང་བ་ཚད་མ་ཉིད་དུ་བཞེད་པ་ཡིན་ན་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ནི་རྗེས་སུ་དཔག་པ་ལས་ཚད་མ་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གཏན་
ཚིགས་དོན་གྱི་ཡུལ་ཉིད་ཀྱིས། །ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པ་ལས་བསྟན་པས་སོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པར་བྱེད་པ་ལ་བསྒྲུབ་པར་བྱ་བ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ལ་ནུས་པ་མེད་པ་དེ་ཞེས་བྱ་བར་སྦྱར་རོ། །འཇུག་པ་གཅིག་པ་ཅན་ཉིད་ཡིན་གྱི་ཞེས་བྱ་བ་ནི་ཐེ་
ཚོམ་དང་ཤེས་པར་འདོད་པ་ལ་སོགས་པ་ནི་དོན་གྱི་བདག་ཉིད་ཡིན་པའི་ཕྱིར་དང་། ཚིག་ནི་དེའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་འཇུག་པ་མཚུངས་པ་མ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་དང་རིམ་པ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ནི། ནང་གི་ཡན་ལག་ནུས་ཉིད་ནི། །ཞེས་བྱ་བ་དེ་ལས་བླངས་ལ་ཚུལ་
གསུམ་དག་ནི་ཞེས་བྱ་བར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོ་ན་ནི་དོན་གྱི་བདག་ཉིད་ཅན་གྱི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་བསྒྲུབ་པར་བྱ་བ་རྟོགས་པ་ལ་ནུས་པ་ཡིན་ན་འོ་ན་ཅི་ལྟར་རིགས་པའི་སྒོ་ལ་སོགས་པར་ཚུལ་གསུམ་པའི་རྟགས་ཀྱི་ཤེས་པ་ལ་རྗེས་སུ་དཔག་པར་བཤད་ཅེ་ན། དེའི་
ཕྱིར་དེའི་ཤེས་པ་ལ་ནུས་པའི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ཤེས་པའི་ནུས་པ་ཉིད་ཀྱི་ཚིག་རྗེས་སུ་དཔག་པ་ཉིད་དུ་བརྗོད་པ་གང་ཡིན་པ་དེ་ནི་དེ་མེད་ན་མི་འབྱུང་བ་སྟེ། ཤེས་པ་མེད་ན་མི་འབྱུང་བ་ཉིད་ཀྱིས་རྟགས་མི་ཤེས་པ་གོ་བར་བྱེད་པ་མ་ཡིན་པ་དེ་ལྟར་ན་ཤེས་པ་ཙམ་ཉིད་མ་ཡིན་ནོ། །
དེ་ལ་དྲན་པ་སྐྱེད་པ་ནི་དྲན་པ་སྐྱེད་པར་བྱེད་པའོ། །གཉི་ག་ཞེས་བྱ་བ་ནི་ཚུལ་གསུམ་པའི་རྟགས་དང་དེའི་ཚིག་གོ། །ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་དུ་གང་གི་ཚེ་སློབ་དཔོན་གྱིས་བསྒྲུབ་པར་བྱ་བར་བཤད་པ་དམ་བཅའ་བ་སྟེ། བསྒྲུབ་
པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་ནོ་ཞེས་བྱེ་བྲག་པ་དང་རིགས་པ་ཅན་དག་གིས་ཕྱོགས་ཀྱི་མཚན་ཉིད་སྨྲས་པ་ནི་བསྒྲུབ་པར་བྱ་བའི་སྒྲ་གྲུབ་པ་བཟློག་པ་ལ་དོན་ཡོད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །གཏན་ཚིགས་དང་དཔེ་མ་གྲུབ་པ་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ་ཞེས་བྱ་བ་དེ་ནི་སྒྲུབ་པར་བྱེད་

པའི་ཡན་ལག་ལྔར་སྨྲ་བའི་བསམ་པས་བཤད་པ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ། །སྒྲུབ་པར་བྱེད་པ་ཡན་ལག་གསུམ་པ་ཉིད་ཡིན་པར་སྨྲ་བ་དེ་ལྟ་བུར་གྱུར་པའི་མཚན་ཉིད་བྱེད་པ་ལ་ཡང་ཇི་སྐད་དུ་བཤད་པའི་སྐྱོན་རྟེན་པ་མ་ཡིན་ནོ་ཞེས་གང་གིས་ན་མ་གྲུབ་པའི་ཚིག་ལ་ཡང་དམ་བཅའ་བ་
ཉིད་དུ་འགྱུར་ཞེས་བྱ་བ་ནི་གཏན་ཚིགས་དང་དཔེ་མ་གྲུབ་པའི་ཚིག་ལ་ཡང་ངོ་། །སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ལྟར་སྣང་བ་ཉིད་ལ་སྒྲུབ་པར་བྱེད་པ་ཞེས་བཤད་པ་ཡིན་ནོ། །བུམ་པ་བྱེད་པ་ཞེས་བྱ་བ་ནི་བུམ་པ་མ་གྲུབ་པ་བྱེད་པ་ལ་སྟེ། དེ་ལྟ་བུའི་རྣམ་པ་
བརྗོད་པ་ན་ཡང་བྱེད་པ་པོ་དང་སྒྲུབ་པར་བྱེད་པའི་སྐབས་སུ་བསྟན་པ་ན་དམ་བཅའ་བར་འགྱུར་རོ། །གང་ཡང་། ལྟར་སྣང་བཅས་བརྗོད་སོགས་བཀོད་པའི། །ཞེས་བྱ་བ་ལ་སོགས་པ་ལ་མང་པོ་ལེན་པའི་བུ་ལ་སོགས་པ་རིགས་པའི་སྒོའི་ཊཱི་ཀཱ་བྱེད་པ་དག་གིས་དེ་ལྟར་གཞན་གྱི་ཕྱོགས་སྔ་མའི་དོགས་པ་བསུ་ནས་
ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་ཡིན་ཏེ། ལྟར་སྣང་བ་དང་བཅས་པ་བརྗོད་པ་སྒྲུབ་པར་བྱེད་པའི་དུས་སུ་བརྗོད་པའི་ཕྱིར་གཏན་ཚིགས་དང་དཔེའི་ཚིག་བཞིན་ནོ། །ཕྱོགས་སྔ་མ་འདི་ལ་ཡང་མངོན་སུམ་གྱིས་མ་ངེས་པ་ཡིན་ནོ་ཞེས་ལན་བཤད་པ་ཡིན་ཏེ། མངོན་སུམ་ལྟར་སྣང་བ་དང་བཅས་པས་དེ་སྒྲུབ་པར་བྱེད་པ་
མ་ཡིན་ནོ། །དེ་དག་གི་གཞན་གྱི་བསམ་པའི་དོགས་པ་བསུ་ནས་ཚིག་ཉིད་དུ་བྱེ་བྲག་ཡོད་པ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །གལ་ཏེ་ཚིག་གི་རང་བཞིན་ཡིན་ན་ལྟར་སྣང་བ་དང་བཅས་པར་བཤད་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་བྱེད་པ་དེའི་ཚེ་མངོན་སུམ་གྱིས་མ་ངེས་པ་མ་ཡིན་ཏེ། དེ་ནི་ཚིག་
གི་བདག་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སུན་འབྱིན་པས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་སུན་འབྱིན་པ་ཚིག་གི་རང་བཞིན་དག་ལྟར་སྣང་བ་དང་བཅས་པར་བཤད་པ་ཡིན་ན་ཡང་སྒྲུབ་པར་བྱེད་པའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་དེ་དག་རྣམས། །ཞེས་བྱ་བ་ལ་སོགས་པས་ཕྱོགས་
སྔ་མ་དགོད་པ་བཞད་གད་ཉིད་དུ་བསྟན་པ་ཡིན་ནོ། །རིགས་པ་དང་ལྡན་པའི་གཏན་ཚིགས་ཀྱི་མཚན་ཉིད་མ་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་གཏན་ཚིགས་མ་བརྗོད་པའི་ཕྱིར་རོ། །བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པས་ཞེས་བྱ་བ་ནི་ཚིག་གི་རང་བཞིན་

ཉིད་ཡིན་ན་ལྟར་སྣང་བ་དང་བཅས་པར་བཤད་པ་དང་ལྡན་པ་ཉིད་དང་སྒྲུབ་པར་བྱེད་པའི་རང་བཞིན་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཞིག་ཡོད། འདིར་སུན་འབྱིན་པ་ཉིད་མ་ཡིན་ན་ཞེས་བྱ་བ་ལ་སོགས་པས་ལན་བཞད་གད་ཉིད་དུ་སྟོན་པ་ཡིན་ཏེ། འདིར་ལན་ཡང་དག་པར་བརྗོད་པའི་ནུས་པ་མེད་
པ་ཞེས་བྱ་བ་འདི་དང་སྦྱར་རོ། །སུན་འབྱིན་པ་ཉིད་མ་ཡིན་ན་ལྟར་སྣང་བ་དང་བཅས་པ་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་སུན་འབྱིན་པས་མ་ངེས་པ་ཡིན་ནོ་ཞེས་བརྗོད་པ་ན་གལ་ཏེ་གཞན་ཚིག་ཉིད་དང་སུན་འབྱིན་པ་ཉིད་མ་ཡིན་པ་ཡིན་ན། ལྟར་སྣང་བ་དང་བཅས་པར་བརྗོད་པ་ཡིན་ནོ་ཞེས་དེ་ལྟར་བྱེ་བྲག་བརྗོད་པ་དེའི་ཚེ་
མ་ངེས་པ་ཉིད་ཡིན་པར་མི་འགྱུར་རོ། །དེ་ལྟར་ན་གང་ལ་རིགས་པའི་སྒོའི་ཊཱི་ཀཱ་བྱེད་པས་འཁྲུལ་པར་བརྗོད་པ་དེ་དང་དེ་ལ་གཞན་གྱིས་ཀྱང་བྱེ་བྲག་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟ་བུ་ལ་སོགས་པའི་ཁྱད་པར་བརྒྱུད་པ་དང་འགལ་བ་མི་འཁྲུལ་པ་ཅན་འགོད་པ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་
མ་ཡིན་ཏེ། མ་གྲུབ་པ་རྗོད་པའི་ཕྱིར་དཔེ་མ་གྲུབ་པའི་ཚིག་བཞིན་ནོ། །དེ་བཞིན་དུ་རིགས་པའི་སྒོའི་ཊཱི་ཀཱ་བྱེད་པས་སྒྲུབ་པར་བྱེད་པ་བཤད་པ། གལ་ཏེ་གཞན་གྱིས་འདིར་འགལ་བ་མི་འཁྲུལ་བ་ཅན་གྱི་གཏན་ཚིགས་འགོད་པར་འགྱུར་བ་དེའི་ཚེ། གཞན་གྱིས་དེ་འགོད་པ་བྱེད་པ་ན་ནུས་པ་མེད་པར་འགྱུར་
བས་རིགས་པའི་སྒོའི་ཊཱི་ཀཱ་བྱེད་པ་ལ་ལན་ཡང་དག་པར་བརྗོད་པའི་ནུས་པ་མེད་པ་ཡིན་ནོ། །གང་གིས་དེ་ལྟར་བཀོད་པ་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་ཉིད་ཀྱིས་མ་ངེས་པ་ཚིག་ཉིད་ཀྱིས་བྱེ་བྲག་ཏུ་བྱས་པའི་ཕྱིར་སུན་འབྱིན་པས་མ་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གལ་ཏེ་ནུས་པར་འགྱུར་བ་དེའི་ཚེ་གནོད་པ་
ཅན་གྱི་ཚད་མ་མེད་པའི་ཕྱིར་དང་པོར་ལྡོག་པ་མེད་པ་ཉིད་སུན་འབྱིན་པ་རིགས་པ་དང་ལྡན་པ་ཅིའི་ཕྱིར་མི་བརྗོད། དེ་བས་ན་འདིས་ཏེ་རིགས་པའི་སྒོའི་ཊཱི་ཀཱ་བྱེད་པ་གང་གིས་ཕྱོགས་སྔ་མའི་ལན་མ་བཏབ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་ལན་བཞད་གད་དུ་བྱས་པ་ཡིན་ནོ། །མ་གྲུབ་པ་དང་སྒྲུབ་པར་བྱེད་
པ་ཉིད་མ་ཡིན་པ་ལ་སོགས་པའི་སྒྲས་ནི་དོན་གྱིས་བཤད་པ་དང་རྒོལ་བས་ཁས་བླངས་པ་གཟུང་ངོ་། །སྔ་མ་གཉིས་ཀྱི་དོན་ལ་ཞེས་བྱ་བ་ནི་རང་གི་ངོ་བོ་དང་ཚིག་ཕྲད་དག་གོ། །དོན་གྱིས་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་འདོད་པའི་སྒྲ་ལ་སོགས་པའོ། །གལ་ཏེ་གོ་རིམས་བཟློག་པ་ལ་དགོས་པ་

ཅི་ཞིག་ཡོད་ཅེ་ན། བརྗོད་བྱ་མང་བ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱིས་བརྗོད་པ་ལ་སོགས་པའི་དོན་བརྗོད་བྱ་མང་བ་ཉིད་ཀྱི་ཕྱིར་རོ། །འདོད་པའི་སྒྲའི་དོན་བཤད་པའི་སྐབས་སུ་བབ་པ་ཡིན་ན་ཡང་། གལ་ཏེ་བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་རེ་ཞིག་ཞར་ལ་
འོངས་པའི་རྒོལ་བ་ལ་ལན་འདེབས་པར་བྱེད་དོ། །གཞན་འདོད་པ་ཐམས་ཅད་ཅེས་བྱ་བ་ནི་བསྟན་བཅོས་བྱེད་པ་རང་ཉིད་ཀྱིས་སམ་གཞན་གྱིས་སོ། །བསྟན་བཅོས་ལ་ལྟོས་པ་མེད་པར་ཁས་ལེན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བའི་ཕྱིར་སྔར་ཁས་བླངས་པ་བསྟན་བཅོས་བཤད་པ་ལ་ལྟོས་པ་མེད་པར་རྟོགས་
པར་འགྱུར་རོ། །དེ་ཅིའི་ཕྱིར་སྔར་ཁས་བླངས་པའི་བསྟན་བཅོས་ལ་ལྟོས་པ་ཉིད་འགོག་པར་བྱེད། ལོག་པར་རྟོགས་པ་ཡང་མཐོང་བར་འགྱུར་ཞེས་བྱ་བ་ནི་བསྟན་བཅོས་ཐམས་ཅད་ལ་མཐོང་བའི་སྔར་བསྒྲུབ་པར་བྱ་བ་དེ་ལ་གནོད་པ་ན་གཏན་ཚིགས་དང་དམ་བཅའ་བ་ལ་གནོད་པ་ཡིན་ནོ། །དེའི་ཚེ་ཆོས་
ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ལ་སོགས་པ་ཞེས་བྱ་བ་ནི་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཆོས་གཅིག་པོ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་ན་དེ་བཟློག་པ་ཡིན་པའི་ཕྱིར་གཅིག་ཉིད་འགལ་བར་འགྱུར་རོ། །དེ་ཉིད་ནི་གལ་ཏེ་ཚོགས་པ་གཅིག་ཅེས་བྱ་བ་ལ་
སོགས་པ་སྨོས་སོ། །ལྟོས་པས་ཞེས་བྱ་བ་ནི་འདི་ལྟར་གཞན་གྱི་དོན་ཉིད་ཡིན་ན། དེ་དག་ནི་གཞན་གྱི་དོན་བྱེད་པ་ཉིད་འདུས་པའི་ཡུལ་ཅན་མ་ཡིན་ནོ་ཞེས་བྱ་བའི་ལྟོས་པ་འདི་ལ་ཆོས་ཀྱི་བྱེ་བྲག་སྟེ། མིག་ལ་སོགས་པ་གཞན་གྱི་དོན་དུ་གྱུར་པ་འདུས་པའི་དོན་ཅན་མ་ཡིན་ནོ། །ཆོས་ཅན་གྱི་ཚིག་གི་སྒྲས་
དོན་བསྟན་པ་ལ་ལྟོས་པ་ལ་ཆོས་ཅན་གྱི་བྱེ་བྲག་ཡིན་ནོ། །དེ་ལ་ཕྱོགས་དང་པོ་ལ་བརྟེན་ནས་ཆོས་ཀྱི་བྱེ་བྲག་འགལ་བ་རྣམ་པར་འཇོག་པ་ན་འགའ་ཞིག་གི་ཚེ་འདོད་པས་འདི་སྐད་དུ་འདིས་ཆོས་ཀྱི་བྱེ་བྲག་ནི་མ་ཡིན་གྱི་འོན་ཀྱང་ཆོས་ཅན་གྱི་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ། །དེ་བཞིན་དུ་ཕྱོགས་གཉིས་པ་ཡོངས་སུ་
གཟུང་ཞིང་འགལ་བར་བརྗོད་པས་འདི་ཆོས་ཅན་གྱི་བྱེ་བྲག་ནི་མ་ཡིན་གྱི། འོན་ཀྱང་ཆོས་ཀྱི་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ། །འགལ་བའི་ཁྱད་པར་མ་ངེས་པ་བྱས་པ་ཇི་ལྟ་ཇི་ལྟར་གཞན་ཁྱད་པར་དུ་བྱེད་པ་དེ་ལྟ་དེ་ལྟར་འགལ་བར་གཞག་པའི་ཕྱིར་ཐམས་ཅད་དུ་ཚར་གཅད་པར་བྱ་བ་ཡིན་པར་འགྱུར་རོ། །དེ་

ཉིད་གཡོ་བའི་ཐ་སྙད་ནི་ཁྱད་པར་ཇི་ལྟ་བ་བཞིན་དུ་སྐྱོན་བསྟན་པའི་དོན་ཏོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །འདོད་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་དུ་མ་བསྟན་པའི་ཆོས་ཀྱི་ཡུལ་ཅན་འདོད་པ་ཡིས་སོ། །འདོད་པ་མ་བརྗོད་པ་ལ་གནོད་པ་འབའ་ཞིག་འགལ་བ་ཉིད་ཀྱི་གཏན་ཚིགས་ཀྱི་སྐྱོན་མ་ཡིན་གྱི་དེ་
བཞིན་དུ་འདོད་པས་ཡུལ་དུ་བྱས་པ་དཔེའི་ཆོས་ཅན་ལ་མེད་པའི་ཕྱིར། དཔེ་རྗེས་འགྲོ་མེད་པའི་ཡང་སྐྱོན་ཡིན་ནོ། །མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཉིད་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པ་བཞིན་ནོ། །གཞན་གྱིས་བརྗོད་པ་ན་སློབ་དཔོན་དབྱིག་གཉེན་གྱིས་མིག་
ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ་ཞེས་བྱ་བ་འདི་ལ་གཞན་ནི་བདག་ཏུ་འདོད་པ་ཡིན་པ་དེའི་ཚེ་བདག་གི་དོན་ཡིན་ནོ་ཞེས་བྱ་བ་ངག་གི་དོན་ཡིན་པ་དེ་བས་ན། གལ་ཏེ་བདག་གཞན་དེ་མ་གྲུབ། །དཔེ་ལའོ་ཞེས་བྱ་བ་གསུངས་ཏེ། མལ་ཆ་ལ་སོགས་པ་བདག་གི་དོན་ཉིད་བྱེད་པ་སངས་རྒྱས་པ་ལ་
མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དཔེ་དེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཞེས་བྱ་བ་ལ། དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡིན་ན། འདོད་པ་གནོད་བྱེད་ཡིན་ཏེ་འགལ་བར་འགྱུར་རོ། །བཟློག་པས་ཁྱབ་པ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ། །ཕྱི་རོལ་གྱི་དོན་ཉིད་ཀྱིས་དོན་དང་ལྡན་པ་ཉིད་ཡིན་གྱི་ནང་གི་
ངོ་བོས་ནི་མ་ཡིན་ནོ་ཞེས་ཁོ་བོ་ཅག་སྒྲའི་ངོ་བོ་འདོད་པ་དེའི་དོན་དུ་སྒྲའི་བསྟན་བཅོས་ལས་སྒྲའི་ངོ་བོ་དོན་དང་ལྡན་པ་ཡིན་ཏེ། རྣམ་པར་དབྱེ་བ་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ལ་རྣམ་པར་དབྱེ་བའི་རྟགས་ཀྱི་མིང་ཅན་གྱི་རྒྱུ་ཅན་ཡིན་པ་དེ་ཡང་དོན་དང་ལྡན་པ་ཡིན་པ་དེ་ལྟར་ན་རྣམ་པར་དབྱེ་བ་མཐོང་བ་ནི་དོན་དང་ལྡན་
པའི་རྒྱུ་ཡིན་ནོ། །སྔར་མིང་ཅན་དང་འབྲེལ་པ་ལས་ཞེས་བྱ་བ་འདིས་ནི་རང་གི་ངོ་བོ་ཙམ་གྱི་དོན་དང་ལྡན་པ་ཉིད་དུ་འདོད་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་ཏེ། གནས་སྐབས་དེ་ལ་ཕྱི་རོལ་གྱི་དོན་དང་ལྡན་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལ་འདིར་སྒྲའི་ངོ་བོ་ནི་རང་གི་ངོ་བོ་ཙམ་གྱི་དོན་དང་ལྡན་པ་མ་ཡིན་ན་ཞེས་བྱ་བ་ནི་
རྩོད་པའི་གཞིར་གྱུར་པའི་ཚིག་མ་བརྗོད་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རོ། །དོན་དང་ལྡན་པར་ཡང་འདོད་དོ་ཞེས་བྱ་བ་ནི་སྒྲའི་ངོ་བོ་དོན་དང་ལྡན་པ་ཡིན་ནོ་ཞེས་འདོད་པའོ། །ལྷག་མར་གྱུར་པ་ཉིད་ཀྱིས་དེའི་ཚེ་ཕྱི་རོལ་གྱི་དོན་གྱིས་དོན་དང་ལྡན་པ་ཡིན་ཏེ། སྒྲུབ་པར་བྱེད་པ་སྨྲ་བ་བསྒྲུབ་པར་བྱ་

བར་མི་འདོད་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཕྱི་རོལ་གྱི་དོན་གྱིས་དོན་དང་ལྡན་པར་མི་འདོད་ཀྱི་འོན་ཀྱང་སྤྱིར་ཡིན་པ་དེའི་ཚེ་སྒྲུབ་པར་བྱེད་པ་འབྲས་མེད་འགྱུར་བ་ཉིད་ཡིན་ནོ། །དཔེར་ན་སྤྱིར་གཞན་གྱི་དོན་ཉིད་བསྒྲུབ་པར་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་པ་
ཡིན་ཏེ། འདུས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ལ་བདག་གི་དོན་ཉིད་བསྩལ་ནས་དཔེར་ན་སྤྱིར་གཞན་གྱི་དོན་ཙམ་བསྒྲུབ་པར་བྱ་བ་ལ་སྒྲུབ་པར་བྱེད་པ་འབྲས་བུ་མེད་པར་འགྱུར་ཏེ། གཞན་གྱི་དོན་ཉིད་སྤྱིར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །རྗེས་འགྲོ་དང་ནི་འགལ་བ་དག །ཅེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་
དག་གི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་འགལ་བ་ཉིད་དོ། །དེ་ཉིད་ནི་གོ་རིམས་བཞིན་དུ་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དཔེར་ན་བུམ་པ་ཆོས་ཅན་ལ། །ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་བ་འདི་ནི་འབྱུང་བ་ཙམ་དུ་སྨྲ་བ་དག་གི་ཡིན་ནོ། །དེ་དག་གིས་ནི་
འདི་ལྟར་ཁས་བླངས་པ་ཡིན་ཏེ། སེམས་ཡོད་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི། འོན་ཀྱང་སེམས་ཡོད་པ་ནི་འབྱུང་བ་ཉིད་ཀྱི་མངོན་པར་གསལ་བའི་བྱེ་བྲག་ཡིན་ཏེ་ཆང་གི་ནུས་པ་བཞིན་ནོ། །མངོན་པར་གསལ་བ་སེམས་ཡོད་པ་ཉིད་གང་ལ་ཡོད་པ་དེ་ནི་མངོན་པར་གསལ་བ་སེམས་
ཡོད་པ་ཅན་ཉིད་ཡོད་དོ། །དེ་དག་ཀྱང་དེ་ཡིན་ལ་ལུས་ཅན་ཡིན་པས་ན་ཞེས་བྱ་བ་ལས་འཛིན་པར་བྱའོ། །དེ་ལྟ་བུར་གྱུར་པའི་ལུས་ཀྱི་རང་བཞིན་སྐྱེས་བུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་བུམ་པའི་སྒྲ་དང་ཟླས་དབྱེ་བ་བྱའོ། །དེ་ནི་ངེས་པར་གཟུང་བ་དྲུག་པའམ་བདུན་པའི་གཉིས་
པའི་ཚིག་གམ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་པ་ནི་དྲུག་པ་ཡིན་ནོ། །དེ་དག་ལས་གང་ཡང་རུང་བ་སྟེ་བུམ་པ་དང་སྐྱེས་བུ་གཉིས་པ་དང་བཅས་པར་འཇུག་པའི་ཕྱིར་གཉིས་པ་དང་བཅས་པའོ། །རེ་ཞིག་ཨུཏྤ་ལ་མ་ཡིན་པའི་བདག་ཉིད་ཅིག་ཤོས་བུམ་པ་གཉིས་པ་དང་བཅས་པ་ཉིད་ཡོད་
པ་གཅིག་དང་ཡང་གཉིས་པ་ཡིན་ན་ཅིག་ཤོས་གཉིས་པ་དང་བཅས་པ་ཉིད་སྤྱིར་གྲུབ་པ་ཡིན་པ་དེ་ལྟར་ན་བསྒྲུབ་པར་བྱ་བ་དང་རྗེས་སུ་འགྲོ་བ་མེད་པ་ཉིད་མ་ཡིན་ནོ། །དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་བུམ་པ་ལ་ཡང་བུམ་པ་མ་ལུས་པ་ཕྱོགས་སུ་བྱེད་ན་དེ་ཉིད་གཉིས་པ་དང་བཅས་པ་ཉིད་དུ་རིགས་པ་མ་

ཡིན་པ་དེ་ལྟར་ན་སྤྱིར་སྒྲུབ་པར་བྱེད་པ་ལ་ཡང་དེ་ལྟ་བུར་གྱུར་པའི་སྐྱེས་བུ་གཉིས་པ་དང་བཅས་པ་ཉིད་ཡིན་པར་གྲུབ་པ་ཡིན་ཏེ། ལྷག་མར་གྱུར་པའི་ཕྱིར་རོ་ཞེས་གཞན་དག་སེམས་སོ། །འདི་ལ་རྗེས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །སྐྱེས་བུ་དེ་འདྲ་བ་གཉིས་པ་དང་
བཅས་པ་མ་བརྗོད་དུ་ཟིན་ཀྱང་འདོད་པས་ཁྱབ་པ་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་དེ་ཡང་མ་གྲུབ་པའི་ཕྱིར་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡོད་པ་ཡིན་ནོ། །ལུས་ཁས་ལེན་མེད་ཅེས་བྱ་བ་ལ་ཁས་ལེན་པ་མེད་པ་ནི་དམ་བཅའ་བ་མེད་པའོ། །དེ་ཉིད་ནི་ལུས་ཞེས་བྱ་བ་ལ་སོགས་པས་འཆད་
པར་བྱེད་དོ། །དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་གྱི་དོགས་པ་ཁས་མ་བླངས་པ་ཡིན་ནོ། །གཉི་ག་ལ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྐྱེས་བུ་དང་བུམ་པ་དག་ལའོ། །གཉི་ག་ལ་དོན་གཞན་དུ་གྱུར་པའི་དངོས་པོ་ཡོད་ན་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྐད་དུ་བཤད་པའི་སྐྱེས་བུ་དང་བུམ་པ་བསྒྲུབ་པར་བྱ་བའི་
བུམ་པ་ལ་ལྟོས་ནས་དོན་གཞན་དུ་གྱུར་པ་ཡོད་པ་གང་ཡིན་པ་དེ་སྤྱི་གང་ཡང་རུང་བ་ཉིད་ཀྱི་རྟེན་དུ་འགྱུར་ཏེ། སྤྱི་ནི་གསལ་བ་ཐ་དད་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་གཉི་ག་དག་ལ་དོན་གཞན་གྱི་དངོས་པོ་ཡོད་པ་མ་ཡིན་ཞེ་ན། བུམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པའི་སྤྱི་
ཕྱོགས་སུ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རྗེས་སུ་འགྲོ་བ་མེད་པའི་དོགས་པས་ཞེས་བྱ་བ་ནི་བུམ་པ་ལ་སྒྲ་མི་རྟག་པ་ཉིད་ནི་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པར་དོགས་པ་ཡིན་ནོ། །ཁས་བླངས་ལ་སོགས་པ་དང་འགལ་བའམ་ཞེས་བྱ་བ་ནི་བུམ་པ་ཐ་དད་པར་རྟོགས་པ་ན་བུམ་པ་ལ་
ཡོད་པའི་མི་རྟག་པ་ཉིད་སྒྲ་ལ་དམ་བཅའ་བ་བྱེད་པ་ན་ཁས་བླངས་པ་དང་འགལ་བ་ཡིན་ཏེ། སྒྲ་ལ་བུམ་པའི་མི་རྟག་པ་ཉིད་ཁས་མི་ལེན་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་རྗེས་སུ་དཔག་པ་དང་འགལ་བ་ཡང་གཟུང་སྟེ། གཞན་གྱི་ཆོས་གཞན་ལ་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སྒྲ་ཐ་
དད་པར་རྟོགས་པ་ན་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ། །འཇིགས་པ་གྲུབ་པ་ཡིས་ཞེས་བྱ་བ་ནི་ཆོས་ཅན་གྱི་ཁྱད་པར་ཅན་ཡོངས་སུ་མ་བཟུང་བས་འཇིགས་པ་སྤྱི་གྲུབ་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཞན་ཉིད་ཀྱིས་གཉིས་པ་དང་བཅས་པའི་སྦྱོར་བ་ལ་མ་ཚང་བ་ལ་སོགས་པ་བཤད་པ་ལ་ཁྱེད་ཅག་གིས་

རྣམ་པ་གཞན་དུ་ཀུན་དུ་བརྟགས་ནས་སྐྱོན་མཚུངས་པར་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། ཁོ་བོ་ཅག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བའི་ཆོས་ཅན་བུམ་པ་དང་རྩིག་པ་ལ་གང་ཡང་རུང་བ་དོན་གཞན་ཉིད་དེ་སྤྱིའོ། །གཞན་གྱིས་
བསྒྲུབ་པར་བྱ་བར་འདོད་པ་སོ་སོར་གནས་པ་མ་ཡིན་པ་ཉེ་བར་འགོད་པའམ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡོད་པ་གང་ཡང་རུང་བ་དོན་གཞན་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེའི་ཆོས་ཅན་ལ་ཡོད་པའམ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་སྐད་དུ་བཤད་པའི་ཆོས་ཅན་ཐ་དད་པས་ཉེ་བར་བཀོད་པ་གང་
ཡང་རུང་བ་སྣ་ཚོགས་པའི་རྒྱུ་ཉིད་ཀྱིས་བརྒྱུད་པས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཁོ་བོ་ཅག་བསྒྲུབ་པར་བྱ་བས་སྟོང་པ་ལ་སོགས་པ་ཡིན་པར་ནི་མི་སྨྲའོ། །དེ་སྐད་དུ་བརྗོད་ན་སྐྱོན་མཚུངས་པར་བསྟན་པར་འགྱུར་རོ། །བསྒྲུབ་པར་བྱ་བའི་ཆོས་དེ་འདྲ་བ་ཉིད་ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྐྱེས་བུ་དང་
བུམ་པ་ལ་ལྟོས་ནས་གང་ཡང་རུང་བ་དོན་གཞན་དུ་གྱུར་པའི་མཚན་ཉིད་སྔར་བཤད་པའི་ཚུལ་གྱིས་དཔྱད་པ་ན་མ་གྲུབ་པ་ཡིན་ནོ། །དེ་ལྡན་བུམ་པ་ཡང་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་གང་ཡང་རུང་བ་གཉིས་པ་དང་བཅས་པའི་བུམ་པར་ཞེས་བྱ་བ་ཡིན་ནོ། །ཅི་ལྟར་མི་རྟག་པ་ཉིད་དེ་སྤྱིས་སྒྲ་དེ་དང་ལྡན་པ་དེ་
ལྟར་གང་ཡང་རུང་བ་གཉིས་པ་དང་བཅས་པའི་བུམ་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བས་སྟོང་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཅིག་ལ་མི་རྟག་པ་གཉིས་སུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་སྤྱིའི་མི་རྟག་པ་ཉིད་དང་ཁྱད་པར་གྱི་མི་རྟག་པ་ཉིད་ཀྱི་བྱེ་བྲག་གིས་སོ། །གལ་ཏེ་
སྒྲས་ཞེས་བྱ་བ་ལ་སོགས་པ་ལ་སྒྲ་ཉིད་མི་རྟག་ཅེས་བྱ་བ་དེ་ལྟར་གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་ཅན་གྱི་མི་རྟག་པ་ཉིད་ཀྱི་རྗེས་སུ་མི་འཇུག་གོ། །སྔར་བཤད་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི། ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི། །ཞེས་བྱ་བ་འདི་བཤད་པའི་སྐབས་སུའོ། །འགྱུར་བར་ནི་འདོད་མོད་
ཀྱི་མི་ལྡན་པ་རྣམ་པར་གཅོད་པའི་ཁྱད་པར་གྱིས་ཀྱང་སྒྲ་མི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་མི་ལྡན་པ་རྣམ་པར་གཅོད་པ་མེད་པའི་ཕྱིར་བུམ་པ་ལ་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཁྱབ་པ་སྟོན་

པའི་དུས་ན་ཆོས་ཅན་གྱི་བྱེ་བྲག་ཡོངས་སུ་འཛིན་པ་ཉིད་ཡོད་པ་མ་ཡིན་པ་དེ་གང་ལས་ཆོས་ཅན་གྱི་སྒོ་ནས་རྗེས་སུ་འགྲོ་བ་མེད་པར་དོགས་པ་ཡིན། མི་རྟག་པ་ཉིད་ཀྱིས་སྤྱིའི་རྗེས་སུ་འགྲོ་བ་དང་ཕྱོགས་ཀྱི་ཆོས་བརྗོད་པ་ན་ཁྱབ་པའི་ཤུགས་ཉིད་ཀྱིས་སྒྲ་མི་རྟག་པ་ཉིད་གྲུབ་པར་འགྱུར་རོ། །ཕྱིས་རྗེས་སུ་འབྱུང་བ་ཅན་གྱི་
དོན་འདི་ཡང་བསྒྲུབ་པར་བྱ་བའི་རྗེས་སུ་འགྲོ་བ་ལ་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་གཏན་ཚིགས་འདིས་ཆོས་ཅན་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་ཉིད་སྒྲ་ལ་མེད་དོ་ཞེས་སྒྲུབ་པར་བྱེད་ཅིང་ཞེས་བྱ་བ་ནི་གང་གི་ཕྱིར་སྒྲའི་མི་རྟག་པ་ཉིད་བུམ་པ་ལ་སོགས་པ་བྱས་པ་ལ་མེད་པ་དེའི་ཕྱིར།
བྱས་པ་ཞེས་བྱ་བའི་གཏན་ཚིགས་འདིས་ཆོས་ཅན་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་ཉིད་ཀྱི་མེད་པ་སྒྲུབ་པར་བྱེད་དོ། །དེས་ནི་ཆོས་ཅན་གྱི་ཁྱད་པར་བྱས་པའི་ཆོས་མེད་པ་སྟོན་པ་བརྗོད་པ་ཡིན་ནོ། །དེ་ཡང་གང་བྱས་པ་དེ་ནི་མི་རྟག་པ་ཡིན་ཏེ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་སྦྱོར་བ་ཡིན་པར་བལྟ་བར་
བྱའོ། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་མེད་པར་སྟོན་པ་བཤད་པའི་ཕྱིར་དེ་བཞིན་དུ་ཆོས་མི་རྟག་པ་ཉིད་ཀྱི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་ཆོས་ཅན་གཙོ་བོར་གྱུར་པའི་སྦྱོར་བ་ཡིན་པར་བལྟ་བར་བྱའོ། །ཆོས་ཅན་གྱི་སྒྲ་རྣམ་
པར་གཞག་པ་དེ་ལ་གཞན་ཆོས་ཅན་གྱི་ཁྱད་པར་དུ་བྱས་པའི་ཆོས་ཀྱི་བདག་ཉིད་དམ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་གྱི་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་མི་རྟག་པ་འབའ་ཞིག་བསྒྲུབ་པར་བྱ་བ་ཉིད་ཡིན་པ་དེའི་ཚེ་སྒྲ་མི་རྟག་པར་མི་འགྱུར་ཏེ། མི་རྟག་པ་འབའ་ཞིག་དང་ལྡན་
པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ཡིན་ཞེ་ན། སྒྲ་མི་རྟག་པ་སྒྲ་ལ་སྒྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཅན་སྒྲ་ལ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་གྱི་སྤྱི་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་དེ་ལྟར་འགྱུར་བའམ། གང་གི་ཚེ་སྒྲ་ལ་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བསྒྲུབ་པར་བྱ་བ་ཡིན་པ་
དེའི་ཚེ་སྒྲ་ལ་སྒྲ་མི་རྟག་པ་ཉིད་ཅེས་བྱ་བ་དེ་ལྟར་འགྱུར་རོ། །གཅིག་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཡིན་ནོ། །ཇི་ལྟར་ཁས་བླངས་པའི་ཆོས་ཀྱི་ཚོགས་ལས་ཞེས་བྱ་བ་ནི་སྒྲ་ལ་སོགས་པའི་ཆོས་ཅན་དེ་ལ་བསྟན་བཅོས་བྱེད་པས་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་ཀྱི་ཚོགས་གང་ཡིན་པ་ཁས་

བླངས་པ་དེ་ལས་སོ། །དེ་ལྟར་ན་སྒྲ་མི་རྟག་པར་བསྒྲུབ་པ་ན་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་དུ་གལ་ཏེ་བསྟན་བཅོས་བྱེད་པ་འདོད་པའི་ཆོས་ཅན་དེ་ཙམ་ལ་སྐབས་སུ་བབ་པ་མ་ཡིན་པའི་ཆོས་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བ་ཡིན་ཞིང་དེ་ལ་ཡང་གང་ཡང་རུང་བ་ལ་གནོད་པ་ན་གཏན་
ཚིགས་དང་དམ་བཅའ་བའི་སྐྱོན་ཡིན་ནོ། །དེའི་ཚེ་ཆོས་གཞན་གྱི་སྐབས་ལ་བསྟན་བཅོས་བྱེད་པའི་འདོད་པ་བྱས་པའི་ཆོས་ལ་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་དེས་གནོད་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་སྐབས་མ་ཡིན་པ་ལས་ཡང་གཏན་ཚིགས་འགལ་བ་ཉིད་དུ་འགྱུར་རོ་ཞེས་བསྟན་པར་འགྱུར་
རོ། །དེ་ལྟར་ན་བྱེ་བྲག་པའི་བསྟན་བཅོས་བྱེད་པས་ཅི་ལྟར་སྒྲ་ནམ་མཁའི་ཡོན་ཏན་ཉིད་དུ་འདོད་པ་དེ་ལྟར་དྲི་ལ་ཡང་སའི་ཡོན་ཏན་ཉིད་དུ་འདོད་པ་ཡིན་ནོ། །གལ་ཏེ་ཅི་ལྟར་ན་སའི་ཡོན་ཏན་ཉིད་ལ་བྱས་པ་ཉིད་ཀྱིས་ཟློག་པར་བྱེད། འདི་ལྟར་སའི་ཡོན་ཏན་བཟློག་པས་བྱས་པ་ཉིད་ལ་ཁྱབ་པ་མེད་པ་ཡིན་
ཏེ། འགལ་བ་མེད་པའི་ཕྱིར་རོ། །བྱས་པ་ཉིད་དང་སའི་ཡོན་ཏན་ཉིད་དག་ལ་འགལ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེ་ན། བརྗོད་པ་འགལ་བ་ཡོད་པ་ཉིད་ཡིན་ནོ། །དེ་ལྟར་ན་གཞན་ལས་གྲུབ་པའི་ཡོན་ཏན་ས་ལ་གནས་པའི་ཕྱིར་སའི་ཡོན་ཏན་ཉིད་ཡིན་པར་འདོད་ཅིང་བྱས་པ་ཡང་རང་གི་རྒྱུ་ལས་སྐྱེས་པ་
ན་བདག་ཉིད་ཐམས་ཅད་ཀྱིས་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་གཞན་ལ་ལྟོས་ཤིང་ལྟོས་པ་མེད་པ་ཡིན་ན་ཡང་ཇི་ལྟར་ན་འགའ་ཞིག་ལ་གནས་པར་འགྱུར། སྐྱེས་མ་ཐག་ཏུ་འཇིག་པའི་ངང་ཚུལ་ཅན་གྱིས་བྱས་པའི་དངོས་པོ་སེམས་པ་དེ་ཅིའི་ཕྱིར་དངོས་པོ་གཞན་ལ་བརྟེན་པའི་སྒོ་ནས་གནས་པ་ཡིན་དེ་
ལྟར་ན་སྒྲའི་ནམ་མཁའི་ཡོན་ཏན་བཟློག་པ་ལ་ཡང་བྱས་པ་ཉིད་ཀྱི་གཏན་ཚིགས་ཀྱི་འབྲེལ་པ་བརྗོད་པར་བྱའོ། །དེ་བས་ན་དེ་བཟློག་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཅན་སྒྲ་ལ་ནམ་མཁའི་ཡོན་ཏན་ཉིད་བཟློག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཅན་ཆོས་སོགས་སྒྲུབ་བྱེད་ཀྱིས། །ཞེས་བྱ་བ་ལ་
ཆོས་ཅན་གྱི་ཆོས་ནི་ཆོས་ཅན་ཆོས་སོ། །དངོས་པོ་གཙོ་བོ་ཉིད་ཡིན་པའི་ཕྱིར་ཆོས་ཅན་གྱི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་དག་གིས་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །སྐབས་འགའ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཆོས་འདི་ཆོས་ཅན་ལ་ཡོད་དམ་མེད་ཅེས་རྩོད་པའི་སྒོ་ནས་

འོངས་ཤིང་སྐབས་སུ་བབ་པའི་གཏན་ཚིགས་དག་གི་རྩོད་པའི་གཞིར་གྱུར་པའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་རྒོལ་བ་དག་འདོད་པར་འགྱུར་རོ། །དེ་ཡང་རྒོལ་བའི་རྒྱུད་དུ་གཏོགས་པ་དེ་ཡང་སྟེ་འདོད་པ་དེའི་འབྲས་བུའི་ཚིག་མེད་ན་གལ་ཏེ་རྟོགས་པར་བྱ་བ་མ་ཡིན་པ་དེ་ལྟ་ན་ཡང་སྐབས་སུ་བབ་པ་དེ་དག་གིས་ཏེ་
རྒྱུར་གྱུར་པ་དག་གིས་རྟོགས་པར་འགྱུར་ཞིང་ཕྱིར་རྒོལ་བས་རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །དེ་ལ་ཡང་རྒྱུ་ཙམ་ལས་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེ་ན། ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་གགས་མེད་པ་ཅན་དག་གིས་ཞེས་བྱ་བའི་དོན་ཏོ། །ནུས་པ་གགས་བྱེད་པ་མེད་པ་ཅན་གྱི་རྒྱུ་
སྐད་ཅིག་མར་འབྱུང་བའི་ངང་ཚུལ་ཅན་རྒོལ་བའི་རྒྱུད་ལ་ཡོད་པ་ཕྱིར་རྒོལ་བས་ངེས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་དེ་བས་ན་རྒྱུ་ལས་འབྲས་བུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་དེ་སྐད་དུ་གདོན་མི་ཟ་བར་བཤད་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྒྱུ་ལས་འབྲས་བུ་རྟོགས་པ་ཡིན་ན་
རྟགས་གཞན་བཞི་པར་འགྱུར་རོ། །བསྟན་བཅོས་མཛད་པ་རང་ཉིད་ཀྱིས་ཀྱང་གཞན་དུ་རྒྱུ་ལས་འབྲས་བུ་རྟོགས་པ་བསལ་བ་ཡིན་ནོ། །རྣམ་པ་གཞན་ནི་བསྒྲུབ་པར་བྱ་བ་དེ་དག་གིས་བསལ་བར་བྱེད་ཅིང་རབ་ཏུ་བྱེད་པས་ན་རབ་ཏུ་བྱེད་པ་སྟེ། བསྒྲུབ་པར་བྱ་བ་རྗོད་པར་བྱེད་པ་ལ་སོགས་པའོ། །འབྲས་བུར་
གྱུར་པ་སྦྱོར་བར་བྱེད་པ་འཆད་པར་འགྱུར་བ་དེ་དག་གིས་དེ་རྒྱུར་འདོད་པར་འགྱུར་རོ། །དེ་ལྟ་ན་འདི་ལྟ་འདི་ལྟར་བསྒྲུབ་པར་བྱ་བ་བསྟན་པར་བྱའོ་ཞེས་བསྒྲུབ་པར་བྱ་བ་ལ་དམིགས་པའི་འདོད་པ་སྐྱེ་བར་འགྱུར་རོ། །འབྲས་བུ་ལ་ཡང་རྒྱུའི་སྦྱོར་བར་བྱེད་པ་ཉིད་དུ་ཐ་སྙད་དུ་བྱེད་པ་ཡིན་ཏེ། དེའི་ཆེད་དུ་རྒྱུས་འཕེན་པར་
བྱེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་མཚན་ཉིད་གསུམ་པ་ཡིན་ཏེ། རྣམ་པ་འདིས་འདོད་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་སྟེ་འདོད་པ་རྟོགས་འགྱུར་ཞིང་། རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །གང་གིས་ཤེ་ན་འབྲས་བུར་གྱུར་བ་སྦྱོར་བར་བྱེད་པ་འཆད་པར་འགྱུར་བ་དེ་དག་གིས་དེ་དག་གི་
རྒྱུར་འདོད་པར་འགྱུར་ཞིང་འདོད་པ་འཕེན་པར་བྱེད་པའི་སྐབས་སུ་བབ་པ་དེ་དག་གིས་ཏེ། བསྒྲུབ་པར་བྱ་བ་རྗོད་པར་བྱེད་པ་ལ་སོགས་པ་དག་གིས་སོ། །རྒྱུར་གྱུར་པ་དག་གིས་ཞེས་བྱ་བ་ནི་འདོད་པ་རྗེས་སུ་དཔག་པར་བྱ་བ་ཤེས་པ་གང་ཡིན་པ་དེའི་རྒྱུར་གྱུར་པ་སྟེ། རྟགས་སུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་

ཕྱིར་ནུས་པ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་སྒྲུབ་པར་བྱེད་པའི་ཕྱིར་ནུས་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཤད་པའི་རབ་ཏུ་བྱེད་པ་ཡོད་པ་མ་ཡིན་ན་གང་གིས་ན་ཆོས་དང་ཆོས་ཅན་གྱི་ཆོས་ཁྱད་པར་ཅན་དུ་གྱུར་པ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཡང་འདོད་པས་རྟོགས་པར་མི་
འགྱུར་ཏེ། དེའི་འབྲས་བུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། འབྲས་བུའི་རྟགས་ཅན་མིན་ཏེ་བརྗོད། །ཅེས་བྱ་བ་སྨོས་སོ། །བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་མ་ཡིན་པ་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཆོས་ནི་མེད་ན་མི་འབྱུང་བར་འགྱུར་བ་མ་ཡིན་ཏེ། ནམ་མཁའི་ཡོན་ཏན་ཉིད་མེད་
པར་མི་རྟག་པ་ཉིད་མེད་པར་འགྱུར་བ་མ་ཡིན་ནོ། །མངོན་སུམ་ལ་སོགས་པའི་ཡུལ་གསུམ་ཡིན་ཏེ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་དང་ཤིན་ཏུ་ལྐོག་ཏུ་གྱུར་པ་ཐ་དད་པའི་ཕྱིར་རོ། །དེས་བསྟན་པའི་དོན་མི་རུང་བའི་ཕྱིར་ཏེ་ཞེས་བྱ་བ་ནི་བསྟན་བཅོས་ཀྱིས་བསྟན་པའི་དོན་མི་རུང་བའི་ཕྱིར་
རོ། །རྟེན་མེད་པ་ཞེས་བྱ་བ་ནི་བསྟན་བཅོས་ལ་འགལ་བ་ཡོད་ན་དེ་ལ་རབ་ཏུ་གྲགས་པའི་ཆོས་ཅན་ཡང་ཡོད་པ་མ་ཡིན་པ་དེ་བས་ན་རྟེན་མེད་པའི་དཔྱོད་པ་མི་འཇུག་གོ། །དཔེར་ན་མི་རྟག་པ་ཉིད་ཀྱི་བདག་མེད་པ་ཉིད་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་བདག་མེད་པ་ཉིད་དང་སྡུག་བསྔལ་བ་ལ་སོགས་པ་མེད་པར་མི་རྟག་
པ་ཉིད་ཡོད་པ་མ་ཡིན་ཞེས་བྱ་བ་ལྟ་བུའོ། །སྐྱེ་བས་ལྷན་ཅིག་བྱས་པ་ཞེས་བྱ་བ་ནི་ཅིག་ཅར་འབྱུང་ཞིང་ལྷན་ཅིག་སྐྱེས་པའོ། །དཔེར་ན་རྣ་བ་ལ་སོགས་པའི་ཡན་ལག་ལ་སོགས་པ་ལྟ་བུའོ། །ཚིག་དང་དུད་སོགས་ལས་ཏེ་རང་གི་བསྒྲུབ་པར་བྱ་བ་མེད་ན་མེད་པའི་ཞེས་བྱ་བའི་ནི་ངག་གི་རང་བཞིན་ལས་རང་གི་
བསྒྲུབ་པར་བྱ་བ་སེམས་ཡོད་པ་ཉིད་མེད་ན་མེད་པའི་རྟགས་ལས་སེམས་ཡོད་པ་ཉིད་རྟོགས་པ་དང་། དུ་བ་ལས་རང་གི་བསྒྲུབ་པར་བྱ་བ་སྲེག་པར་བྱེད་པ་དེ་མེད་ན་མེད་པའི་རྟགས་ལས་མེ་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །སྒྲུབ་པར་བྱེད་པའི་བྱེད་པ་པོ་སྐྱེས་བུ་ལས་ཞེས་བྱ་བ་ལ་སོགས་པ་ལ་
སེམས་ཡོད་པ་གང་ཡིན་པ་དེ་ཚིག་ལས་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པའི་སྐྱེས་བུ་དེ་ལས་ཐ་དད་པ་དོན་དམ་པའི་སྐྱེས་བུ་གཞན་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་དང་ལྡན་པའི་སྐྱེས་བུ་མེད་པ་ཡང་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་གྱུར་པའི་སྒྲུབ་པར་བྱེད་པའི་བྱེད་པ་པོའི་སྐྱེས་བུའི་ཚིག་ལ་དོན་དམ་

པའི་སྐྱེས་བུ་མེད་པས་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །རྟག་པ་ནི་ཚིག་གི་རྒྱུ་ཉིད་ཡིན་པ་མི་རུང་བའི་ཕྱིར་དེ་ལྟ་བུར་གྱུར་པའི་སྐྱེས་བུའི་ཚིག་སྲིད་པ་མ་ཡིན་པ་དེ་ལྟར་ན་ཁྱབ་པ་ཡོད་པ་ཡིན་ནོ། །སེམས་དང་ལྡན་པར་རྟོགས་པར་འགྱུར་བ་ལྟ་བུའོ་ཞེས་བྱ་བ་ནི་བརྗོད་པར་འདོད་པ་ལ་གནོད་པ་མེད་པའི་ཕྱིར་རོ། །ད་ལྟར་
དང་འདིར་ཞེས་བྱ་བ་ལ་སོགས་པ་ལ་དུས་འདི་དང་ཡུལ་འདིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུར་གྱུར་པའི་ཡུལ་དང་དུས་ངེས་པའི་མེ་དང་། གཞན་ན་ཡོད་པའི་དུ་བའི་འབྲེལ་པ་མི་རུང་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་མེ་དང་འབྲེལ་པ་མེད་ན་ཡང་སྒྲུབ་པར་བྱེད་དོ་ཞེས་བཤད་པ་ན་ཡང་ཤུགས་
ཀྱིས་མེ་གྲུབ་པ་ལྟ་བུའོ་ཞེས་བྱ་བ་ནི་མེ་ཙམ་སྒྲུབ་པར་འདོད་པ་ལ་གནོད་པ་མེད་པའི་ཕྱིར་རོ། །ཡུལ་ལ་སོགས་པའི་ངེས་པས་འགའ་ཞིག་ཁྱབ་པར་བྱེད་པ་མ་ཡིན་ཞིང་ཕྱིས་འབྱུང་བའི་ངང་ཚུལ་ཅན་ཡུལ་ལ་སོགས་པའི་ཁྱད་པར་དང་འབྲེལ་པ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །གལ་ཏེ་དངོས་སུ་བསྟན་
བཅོས་ཀྱི་སྐྱོན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། དངོས་སུ་དེ་གནོད་པ་ཅན་གྱི་གཏན་ཚིགས་ཡིན་ནོ་ཞེས་སྦྱར་རོ། །དེས་བྱས་པ་མ་ཡིན་པ་ཞེས་བྱ་བ་ནི་རྒོལ་བས་སོ། །འབྲེལ་པ་མེད་པ་མ་གྲུབ་པའམ་ཞེས་བྱ་བ་ནི་དགག་པས་མཚམས་སྦྱར་དུ་བྱས་པ་ཡིན་ནོ། །གལ་ཏེ་དེ་ལྟར་
ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ནོ། །དེ་ཉིད་ལ་ཞེས་བྱ་བ་ནི་ཆོས་ཅན་སྒྲ་ལའོ། །མཉན་པར་བྱ་བ་ཉིད་ལ་སོགས་པས་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྒྲ་རྟག་པ་ཡིན་ཏེ་མཉན་པར་བྱ་བ་ཉིད་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་ནོ། །
སོགས་པའི་སྒྲས་ནི་ངེས་པར་བསལ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །དེ་གྲུབ་པ་ན་ཡང་ཞེས་བྱ་བ་ནི་རྟག་པ་ཉིད་དོ། །དེ་ནི་མ་ཡིན་ཏེ་འགའ་བ་ངེས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་དང་དེ་ལ་སྐྱོན་གྱི་རིགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འགལ་བར་
ངེས་པ་ནི་གནོད་པ་བྱེད་པ་མ་ཡིན་པ་དེ་ལྟར་ན་ནམ་མཁའི་ཡོན་ཏན་ཉིད་མེད་པར་གྲུབ་པ་ཡིན་ན་ཡང་མི་རྟག་པ་ཉིད་ལ་གནོད་པ་ཡོད་པ་མ་ཡིན་ནོ། །དེ་ཉིད་ནི་འགལ་བ་མི་འཁྲུལ་བ་ཅན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་དག་སྐབས་སུ་བབ་པ་དང་སྐབས་སུ་བབ་པ་མ་ཡིན་པ་དག་ཅེས་

བྱ་བ་ལ་སོགས་པ་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །འབྲེལ་མེད་ལ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་སྐབས་མ་ཡིན་པ་མེད་ན་མི་འབྱུང་བ་མ་ཡིན་པ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་སྐབས་སུ་བབ་པར་འགྱུར་བའམ་བརྗོད་པར་འདོད་པའི་
བསྒྲུབ་པར་བྱ་བ་དེ་མེད་ན་མི་འབྱུང་བ་ཡིན་པ་དེའི་ཚེ་ནམ་མཁའི་ཡོན་ཏན་ཉིད་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་དང་འབྲེལ་པར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་གནོད་པར་བྱ་བ་ནམ་མཁའི་ཡོན་ཏན་ཉིད་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དང་འབྲེལ་པ་ཡོད་པ་ཡིན་ན་ནི་མི་རྟག་པ་ཉིད་ལ་སོགས་
པ་འདོད་པ་ལ་ཡང་གནོད་པར་འགྱུར་རོ་ཞེ་ན། དེའི་ཚེ་བསྟན་བཅོས་བསླད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ནོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ཞེས་བྱ་བ་ནི་གཞན་གྱི་ཡིན་ཏེ། ཤིན་ཏུ་ཐལ་ཆེས་པའི་སྐྱོན་འདི་མིན་ནོ། །གང་གི་ཕྱིར་ནམ་མཁའི་ཡོན་
ཏན་ལ་སོགས་པ་དེ་སྒྲ་ཉིད་དང་འབྲེལ་པ་ཡོད་དེ། སྒྲ་ནི་ནམ་མཁའི་ཡོན་ཏན་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་སྒྲ་ཆོས་ཅན་མི་རྟག་པ་ཉིད་དུ་བསྒྲུབ་པའི་སྐབས་ཡིན་པ་དེའི་ཕྱིར་ཆོས་ཅན་གྱི་སྐབས་ཉིད་ཡིན་པ་དེ་དང་འབྲེལ་པ་ནམ་མཁའི་ཡོན་ཏན་འདི་དང་སྐབས་སུ་བབ་པ་ཉིད་ཡིན་གྱི་ཆོས་ཅན་དྲི་ལ་སྒྲའི་འབྲེལ་པ་ཡོད་པ་མ་ཡིན་
ན་གང་གིས་ན་སྒྲ་སྐབས་སུ་བབ་པར་འགྱུར། རྒྱུ་དེས་དེ་ཉིད་ལ་སྟེ་སྒྲ་ལ་ནམ་མཁའི་ཡོན་ཏན་ཉིད་གནོད་པའི་ཕྱིར་རོ། །བྱས་པ་ཉིད་གཏན་ཚིགས་ཉིད་མ་ཡིན་ན་གཞན་དྲི་ལ་སོགས་པ་ལ་སའི་ཡོན་ཏན་ཉིད་བཟློག་པའི་ཕྱིར་མ་ཡིན་ནོ་ཞེ་ན་དེ་བདེན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །དེ་དང་གཞན་
ཞེས་བྱ་བ་ནི་རྒོལ་བས་འདོད་པ་མི་རྟག་པ་ཉིད་ལ་སོགས་པའི་བསྒྲུབ་པར་བྱ་བ་རིགས་པ་དང་ལྡན་བ་གང་ཡིན་པ་དང་། གཞན་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་བསྟན་བཅོས་ལས་ཁས་བླངས་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཁྱོད་ཀྱི་རིགས་པ་འདིས་ཐོབ་པ་གང་ཡིན་པ་དེ་ཐམས་ཅད་རང་གི་བསྒྲུབ་
པར་བྱ་བ་ཡིན་ཞིང་། དེ་བཞིན་དུ་དྲི་ལ་ཡང་སའི་ཡོན་ཏན་ཉིད་བསྟན་བཅོས་ལས་ཁས་བླངས་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཉིད་ནི་བསྟན་བཅོས་ལས་ཁས་བླངས་པའི་ཕྱིར་དེར་གྲགས་པ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པ་ཞེས་བྱ་བ་སྨོས་སོ། །བསྒྲུབ་བྱ་ལ་ཞེས་བྱ་བ་ནི་བདུན་པ་བསྒྲུབ་པར་བྱ་

བའི་ཆོས་ཀྱི་ཞེས་དྲུག་པ་བཤད་པར་བྱའོ། །ལྡན་པ་དང་རྣམ་པར་ཕྱེ་བ་དང་འཕྲོད་པ་འདུ་བའི་རྒྱུ་མ་ཡིན་པ་ཉིད་ལ་སོགས་པའི་ཞེས་བྱ་བ་ནི་ལྡན་པ་དང་རྣམ་པར་ཕྱེ་བ་དག་གིས་སྒྲ་གྲུབ་པའི་ཕྱིར་སྒྲ་ནི་ལྡན་པའི་རྒྱུ་ཉིད་དང་རྣམ་པར་ཕྱེ་བའི་རྒྱུ་ཉིད་ཡིན་གྱི་སྒྲ་ནི་གཞན་འཕྲོད་པ་འདུ་བའི་རྒྱུ་མ་ཡིན་པ་དེ་ལྟར་ན་སྒྲའི་འཕྲོད་པ་འདུ་བའི་རྒྱུ་ཉིད་མ་
ཡིན་ནོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཞེས་བྱ་བའི་ཚིག་མཛད་ཅིང་གཞན་དུ་ཡང་ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པར་རོ། །གང་ཞིག་དེས་རྣམ་པར་གཞག་པ་ཙམ་ལ་གུས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་བྱེད་པའི་ཚིག་ལའོ། །དེ་ལྟར་འཆད་པ་པོ་བདག་ཉིད་འདོད་པ་ཁོ་ན་བསྒྲུབ་པར་བྱ་བ་
ཡིན་པར་འགྱུར་རོ། །ཕྱོགས་མཚན་ཕྱི་རོལ་དོན་ཅན་གྱི། །ཞེས་བྱ་བ་ནི་ཕྱོགས་ཀྱི་མཚན་ཉིད་ཕྱི་རོལ་གྱི་དོན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་བདག་ཉིད་ཀྱི་སྒྲས་བསྟན་བཅོས་བྱེད་བ་འདོད་པ་འགོག་པར་བྱེད་པ་དེའི་ཚེ་རྒོལ་བ་ཉིད་ཀྱིས་འདོད་པ་བདག་ཉིད་ཀྱི་སྒྲས་ཕྱོགས་ཉིད་དུ་སྟོན་པར་བྱེད་
ཅིང་ཕྱོགས་ཀྱི་མཚན་ཉིད་ཀྱི་ནང་དུ་འདུས་པར་འགྱུར་རོ། །དེ་ལྟར་ཁས་མི་ལེན་ན་ནི་ཕྱོགས་ཀྱི་མཚན་ཉིད་ཕྱི་རོལ་གྱི་དོན་ཅན་བདག་ཉིད་ཀྱི་སྒྲར་འགྱུར་རོ། །དེ་ལྟར་ན་འདི་དོན་གྱི་ཁྱད་པར་གཞན་ཡིན་པར་དོགས་པ་དེ་ལ་གཞན་ཉིད་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཚན་ཉིད་ལ་འཁྲུལ་པ་ཞེས་
བྱ་བ་ནི་གང་རྣམ་པར་གཅོད་པའི་ཕྱིར་བདག་ཉིད་སྨོས་པ་མཛད་པའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་པ་འཁྲུལ་པ་ཡོད་པ་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པའི་ཊཱི་ཀཱ་བྱེད་པས་བདག་ཉིད་ཀྱི་སྒྲ་དོན་གཞན་དུ་རྟོགས་པ་བྱས་པ་ལ། བསྟན་བཅོས་ཅུང་ཟད་སྔར་ཁས་བླངས་བ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་
པ་འཕངས་ནས་སུན་འབྱིན་པར་བྱེད་དོ། །རང་འདོད་བརྟགས་པའི་ཁྱད་པར་ཅན། །དངོས་རྣམས་ལ་རྩོད་མེད་ཕྱིར་དེ། །ཞེས་བྱ་བ་ནི་རྩོད་པའི་གཞིར་གྱུར་པའི་ཆོས་ཅན་གྱི་སྤྱི་ཉིད་མ་གྲུབ་པའི་ཕྱིར་རོ། །གྲགས་སྒྲས་ཏེ་ཞེས་བྱ་བ་ནི་འདིས་བརྗོད་ཅིང་སྟོན་པར་བྱེད་པས་ན་སྒྲ་སྟེ་རབ་ཏུ་གྲགས་པའི་སྒྲ་སྟོན་པར་
བྱེད་པས་སོ། །དེ་ཉིད་ནི་རབ་ཏུ་གྲགས་པའི་ཚིག་དེས་ཞེས་བྱ་བས་འཆད་པར་བྱེད་དོ། །བསྒྲུབ་པར་བྱ་བ་དེ་ལ་ཁྱད་པར་སྒྲུབ་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡོད་པ་ཉིད་ཙམ་ལ་སྒྲུབ་པར་བྱེད་པ་འབྲས་བུ་མེད་པར་འགྱུར་རོ། །དེ་ཡང་ལེའུ་དང་པོར་དཔྱད་ཟིན་ཏོ། །ཆོས་ཅན་ལ་དཔེ་

མེད་པའི་ཕྱིར་ཞེས་བྱ་བ་ནི་དཔེ་ཡོན་ཏན་དང་ལྡན་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཆོས་ཅན་ལ་དཔེ་མེད་པའི་ཕྱིར་ཞེ་ན། ཆོས་ཅན་ཆོས་ཅན་གཞན་ལ་ཡོད་པ་མ་ཡིན་ནོ། །ཕྱོགས་ཀྱི་ཆོས་ལ་སོགས་པ་ཡན་ལག་ཕྱི་མ་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པའི་
སྒྲས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོངས་སུ་གཟུང་ངོ་། །མ་གྲུབ་པ་ཉིད་ལ་སོགས་པའི་སྐྱོན་ཏེ་ཞེས་བྱ་བ་འདི་ལ་ཡང་སོགས་པའི་སྒྲས་ནི་འགལ་བ་ལ་སོགས་པ་གཟུང་ངོ་། །གཏན་ཚིགས་དང་དཔེའི་ཞེས་བྱ་བ་ལ་གཏན་ཚིགས་ཀྱི་མཚན་ཉིད་ནི་གཅིག་ཡིན་ཏེ་ཕྱོགས་ཀྱི་ཆོས་ཙམ་ལ་གཏན་ཚིགས་ཉེ་བར་
བཏགས་པའི་ཕྱིར་རོ། །དཔེ་ནི་ཆོས་མཐུན་པ་ཉིད་ཅན་གྱི་བྱེ་བྲག་གིས་དང་ཆོས་མི་མཐུན་པ་ཉིད་ཅན་གྱི་བྱེ་བྲག་གིས་མཚན་ཉིད་གཉིས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་སོགས་མཚན་ཉིད་ཀྱིས་ཞེས་མདོར་མང་པོའི་ཚིག་ཏུ་བྱས་པ་ཡིན་ནོ། །མཚན་ཉིད་ལ། །བྱས་པ་མེད་པ་ལྡོག་པ་དག །སྤངས་པའི་དོན་
དུའོ་ཞེས་བྱ་བ་ལ། ཕྱོགས་དེ་ལ་ཁྱབ་པ་མེད་པ་ནི་ཁྱབ་པ་ཡོད་པ་མ་ཡིན་པའོ། །ལྡོག་པ་ནི་ཤིན་ཏུ་ཁྱབ་པ་སྟེ་དེ་དག་སྤངས་པའི་དོན་དུའོ། །གཏན་ཚིགས་དང་དཔེའི་མཚན་ཉིད་ཀྱིས་སྤང་བར་བྱ་བའི་སྐྱོན་ལ་ལྟོས་པ་ཞེས་བྱ་བ་ནི་གཏན་ཚིགས་དང་དཔེ་དག་གི་མཚན་ཉིད་ཀྱིས་སྤང་བར་བྱ་བའི་སྐྱོན་མ་གྲུབ་
པ་དང་འགལ་བ་དང་མ་ངེས་པ་དང་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པ་གང་ཡིན་པ་དེ་ལ་ལྟོས་པ་སྟེ། དེའི་སྐྱོན་ཡོངས་སུ་སྤངས་ནས་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཕྱོགས་ཀྱི་མཚན་ཉིད་ཀྱིས་གཏན་ཚིགས་ལ་སོགས་པ་མཚོན་པ་ཉིད་ཡིན་པའི་ཕྱིར་ཡུལ་མཚོན་པ་མེད་པས་གཏན་ཚིགས་ལ་སོགས་པའི་
མཚན་ཉིད་ཡུལ་མེད་པ་ཉིད་དུ་འགྱུར་རོ། །བདག་ཉིད་ཁོ་ན་ཞེས་བྱ་བ་ལ་སོགས་པ་ནི་ཚིགས་སུ་བཅད་པའི་ཆ་ཡིན་ནོ། །བདག་ཉིད་ཁོ་ན་དང་ངོ་བོ་སྟེ་དེ་དག་གི་སྒྲ་ཞེས་བྱ་བ་ནི་ཟླས་དབྱེ་བའི་སྙིང་པོ་ཅན་གྱི་དེའི་སྐྱེས་བུའི་ཁྱད་པར་གྱི་བསྡུ་བ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ངོ་བོ་གཙོ་བོར་གྱུར་
བ་བརྗོད་པ་ཡིན་ནོ། །དེ་བས་ན་སྒྲ་སྟེ་མཉན་པའི་རྣམ་གྲངས་དང་གཞི་མཐུན་པ་ཉིད་དུ་འཐད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ཅེས་བྱ་བའི་སྒྲ་ལ་སོགས་པར་ཞེས་བྱ་བའི་སྒྲ་སྦྱོར་བས་རང་གི་ངོ་བོར་གཙོ་བོར་གྱུར་པ་བསྟན་པ་ཡིན་ནོ། །ཁོ་ན་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ་ཞེས་བྱ་བ་ལ་རང་གི་ངོ་བོས་

ཞེས་བྱ་བ་ལ་ཕྱོགས་ཀྱི་མཚན་ཉིད་ཀྱི་ཁོ་ན་གང་ཡིན་པ་དེ་ཚིག་གི་ཕྲད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་དྲུག་ཅུ་རྩ་གཉིས་པ། ངོ་བོ་དང་རང་གི་ངོ་བོའི་སྒྲ་དག་ནི་དོན་མཚུངས་པ་ཉིད་ཀྱི་ཕྱིར་རང་གི་ངོ་བོས་ཞེས་བྱ་བའི་སྒྲ་ངོ་བོའི་སྒྲར་བསྟན་པ་ཡིན་ནོ། །མདོ་
ཞེས་བྱ་བ་ནི་ཕྱོགས་ཀྱི་མཚན་ཉིད་ཀྱི་མདོ་བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་པར་བྱ་བ་ཉིད་ཐོབ་པ་བདག་ཉིད་ཀྱི་སྒྲས་བསལ་བ་ཡིན་ནོ་ཞེས་འཆད་པར་འགྱུར་བ་དང་སྦྱར་བར་བྱའོ། །སྒྲུབ་པར་བྱེད་པ་ཡང་དེ་ཡིན་ལ་མ་གྲུབ་པ་ཡང་ཡིན་པས་ན་སྒྲུབ་པར་བྱེད་པ་མ་གྲུབ་པའོ། །དེ་བརྗོད་པ་ནི་བསྒྲུབ་པར་བྱ་བ་ཉིད་
ཐོབ་པ་སྟེ། ཁོ་ནས་བསལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །རང་གི་ངོ་བོས་ཞེས་བྱ་བ་ནི་རང་གི་ངོ་བོའི་ཚིག་གིས་སོ། །རྣམ་པར་ཕྱེ་ནས་མཚན་ཉིད་དུ་བྱས་པ་བཤད་པ་ཡིན་ཏེ། ལོག་པར་རྟོགས་པ་རྣམས་རང་གི་སྒྲས་བསལ་བའི་ཕྱིར་རོ་ཞེས་
བྱ་བར་དགོངས་སོ། །བསྒྲུབ་བྱར་ཁས་བླངས་ཞེས་བྱ་བ་ནི་དེ་ཙམ་ཉིད་དོན་དམ་པར་ཕྱོགས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཙམ་ཉིད་ཀྱིས་ཁྱབ་པ་མེད་པ་དང་ཁྱབ་ཆེས་པ་བཟློག་པའི་ཕྱིར་རོ། །དེ་ཉིད་ནི་ཅི་ལྟར་ཞེས་བྱ་བའི་དྲི་བ་སྔོན་དུ་སོང་བས་སྟོན་པར་བྱེད་དོ། །དེའི་ཚེ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་འགོད་པའི་
དུས་ནའོ། །དེ་སྐད་དུ་ཁས་ལེན་པའི་བྱ་བ་གྲུབ་པ་ཅན་གཙོ་བོ་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བར་ཁས་བླངས་པ་ཡིན་གྱི་མ་འོངས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདོད་པའི་ཚིག་གི་དོན་ཁས་བླངས་པའི་སྒྲས་ཐོབ་པ་ཡིན་ནོ་ཞེས་བྱ་བའི་འདོད་པ་དང་ཁས་བླངས་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །སྒྲུབ་
པར་འོས་པ་ཞེས་བྱ་བ་ལ་སོགས་པ་ལ་ཚད་མས་བསལ་བ་སྒྲུབ་པར་བྱེད་པར་འོས་པའམ། སྒྲུབ་པར་བྱེད་པའི་ཕྱིར་ནུས་པ་མ་ཡིན་ནོ། །དེ་ཉིད་ནི་ཇི་ལྟར་བཤད་པ་བཞིན་དུ། དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །ཅེས་བྱ་བ་ལ་སོགས་པའི་མདོ་སྤེལ་ནས་འཆད་པར་བྱེད་དོ། །བསྒྲུབ་བྱར་ཁས་བླངས་ཕྱོགས་
མཚན་ཉིད། །ཅེས་བྱ་བ་བཤད་པ་ན། རང་གི་ངོ་བོ་ལ་སོགས་པའི་སྒྲས་བསལ་བ་དེ་དག་ལ་རྣམ་པར་ཕྱེ་བས་ཕྱོགས་ཀྱི་མཚན་ཉིད་ལ་རང་གི་ངོ་བོ་དང་ཁོ་ན་དང་བདག་ཉིད་དང་འདོད་པ་དང་མ་བསལ་བའི་སྒྲ་ལྔ་དག་གིས་གོ་རིམས་བཞིན་དུ་བསྩལ་བ་གྲུབ་པ་ལ་སོགས་པ་ལྔ་སྟེ། བསྒྲུབ་པ་དང་སྒྲུབ་པར་བྱེད་པ་མ་

ཡིན་པ་དང་། དོན་གྱིས་ཐོབ་པ་དང་། བསྟན་བཅོས་བྱེད་པས་འདོད་པ་དང་། བསྩལ་བ་དག་ནི་ཕྱོགས་ལྟར་སྣང་བ་དེ་དག་ནི་ཕྱོགས་ཉིད་མ་ཡིན་ཏེ། མངོན་སུམ་ལ་སོགས་པས་གནོད་པ་ཉིད་ཀྱི་ཕྱིར་རོ། །སྒྲུབ་པར་འོས་པའམ་ནུས་པས་ན། །ཞེས་བྱ་བ་དེ་ཡང་བཤད་པ་འདི་ལས་ཐོབ་
པ་ཡིན་ནོ། །ལྷག་མ་ནི་ཞེས་བྱ་བ་ནི་བསྩལ་བ་མ་གཏོགས་པར་གྲུབ་པ་ལ་སོགས་པའི་དོན་བཞི་བསྟན་མ་ཐག་པའི་རྣམ་པས་སློབ་དཔོན་གྱིས་ཕྱོགས་ཀྱི་མཚན་ཉིད་རྣམ་པར་ཕྱེ་ནས་བཤད་པ་གང་ཡིན་པའི་མཚན་ཉིད་འཇུག་པ་མེད་པར་བལྟ་བར་བྱའོ། །སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་
བསམ་པའི་དོགས་པ་བསུ་བ་ཡིན་ཏེ། སྒྲུབ་པར་བྱེད་པ་མ་གྲུབ་པ་རྒོལ་བས་བསྒྲུབ་བྱ་ཉིད་དུ་འདོད་པ་ནི་ད་ལྟར་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་འགེད་པའི་ཕྱིར་རོ། །འདོད་པའི་སྒྲ་འདས་པའི་རྐྱེན་འདས་པའི་དུས་བརྗོད་པ་གང་ཡིན་པས་འཆད་པར་འགྱུར་བའི་ཕྱོགས་ཉིད་བསྩལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
དུས་གསུམ་གྱི་ཡུལ་ཅན་ཉིད་ཀྱིས་བྱེད་པའི་མཐའ་དང་སྟེ། བྱེད་པ་བརྗོད་པ་ན་དུས་ཀྱི་བྱེ་བྲག་ཡོངས་སུ་བཟུང་བ་མེད་པས་དུས་གསུམ་གྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །བཤད་པར་བྱ་བའི་སྒྲ་ཡང་འདིར་བྱེད་པའི་མཐའ་ཅན་ཡིན་ཏེ། བྱེད་པ་དང་ལྡན་པའི་རྐྱེན་གྱི་མཐའ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་
སྐད་ཀྱི་དབྱིངས་དང་འབྲེལ་བའི་རྐྱེན་བྱས་པས་བྱེད་པའི་མཐའ་ཅན་བརྗོད་པ་འདས་པའི་རྐྱེན་གྱི་མཐའ་ཅན་བརྗོད་པའི་དུས་ཀྱི་རྗེས་སུ་འཇུག་པ་དེ་བས་ན་འཆད་པར་འགྱུར་བ་ལ་ཡང་ཐལ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །བདག་ཉིད་ཀྱི་སྒྲའི་འབྲེལ་པ་བྱེད་པས་ཀུན་དུ་བརྟགས་པའི་དོན་གང་ཡིན་པ་དེའི་སུན་འབྱིན་
པ་གཞན་བསྟན་པར་བྱ་བའི་ཕྱིར། གཞུང་ལུགས་ཀྱིས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞུང་ལུགས་ཏེ་བསྟན་བཅོས་ཀྱིས་བརྡར་བྱས་པའི་ཁྱད་པར་ཅན་གྱི་ཆོས་ཅན་ཡོངས་སུ་གཟུང་བའི་དོན་དུ་བདག་ཉིད་ཀྱི་སྒྲ་བྱས་པ་ཡིན་ནོ་ཞེས་ཁ་ཅིག་སྨྲའོ། །སོགས་པའི་སྒྲས་ནི་བསྟན་བཅོས་དག་ལ་འདོད་པས་
འཇུག་པའི་ཆེད་དུ་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་གཟུང་ངོ་། །རྗོད་བྱེད་མ་ཡིན་ཕྱིར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དོན་གྱིས་བདག་ཉིད་ཀྱི་སྒྲ་རྗོད་པར་བྱེད་པ་མ་ཡིན་ནོ། །གང་གིས་སྒྲ་ནི་སྔར་བཤད་པའི་སྐྱོན་སྡུད་པར་བྱེད་པའི་དོན་ཅན་ཡིན་ནོ། །གང་གི་ཚེ་ཚད་མས་དེ་ལྟ་བུའི་ངོ་བོར་སྒྲུབ་བ་ཞེས་བྱ་བ་ལ་

སོགས་པ་ལ། གལ་ཏེ་གང་གི་ཆེད་དུ་གཏན་ཚིགས་སྨོས་པ་དེ་དེ་ལྟ་བུའི་ངོ་བོ་ཚད་མ་གཞན་གྱིས་སྒྲུབ་པ་དེའི་ཚེ་དེ་ལ་དེ་ལྟ་བུའི་ངོ་བོའི་ཡུལ་ཅན་གཞན་སྒྲུབ་པར་མི་བྱེད་པ་ཉིད་ཀྱིས་ལས་བྱ་བ་བསྒྲུབ་པ་ཅན་བསྒྲུབ་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །གང་གི་ཚེ་གནོད་པ་ཅན་གྱི་ཚད་མས་དེ་ལྟ་བུའི་ངོ་བོ་འགོག་པ་དེའི་ཚེ་ཡང་
གཞན་དེ་ལྟ་བུའི་ངོ་བོའི་ཡུལ་སྒྲུབ་པར་བྱེད་པ་ཉིད་ཡིན་པར་མི་འགྱུར་རོ། །དངོས་པོ་ལ་ཚུལ་གཉིས་མི་རུང་བའི་ཕྱིར་ཚད་མ་འགལ་བ་དག་ནི་དེ་ལ་མི་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་ངོ་བོར་ངེས་པའམ། དེ་ལྟ་བུའི་ངོ་བོར་འགོག་པ་གནོད་པ་ཅན་ནམ། གནོད་པ་མེད་པའི་ཚད་མ་ལ་ལྟོས་པ་མེད་པར་
འགྱུར་རོ། །གཞན་དག་གང་གི་ཚེ་ཚད་མས་དེ་ལྟ་བུ་མ་ཡིན་པའི་ངོ་བོར་བསྒྲུབ་པ་ཞེས་འདོན་པ་དེའི་ཡང་དོན་ནི་འདི་ཡིན་ཏེ། གནོད་པ་ཅན་གྱི་ཚད་མས་དེ་ལྟ་བུའི་ངོ་བོ་མ་ཡིན་པས་བསྒྲུབ་པའམ། སྒྲུབ་པར་བྱེད་པས་འགོག་པ་ཡིན་ཏེ། དེ་ལྟ་བུའི་ངོ་བོ་མ་ཡིན་པ་བཀག་པ་ན་དེ་ལྟ་བུའི་ངོ་བོ་བསྒྲུབས་པར་
འགྱུར་རོ། །གཞུང་ཕྱི་མ་ནི་ཅི་རིགས་པར་སྦྱར་བར་བྱའོ། །དེའི་ཚེ་ཡུལ་ཅན་གཏན་ཚིགས་ཀྱང་མི་འཇུག་པ་ཞེས་བྱ་བ་ནི་ཡུལ་མེད་པར་ཡུལ་ཅན་མི་སྲིད་པའི་ཕྱིར་རོ། །ཡུལ་ཅན་མེད་ན་ཡང་ཕྱོགས་ཀྱི་ཚིག་འབའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་ཚིགས་ནི་གཏན་ཚིགས་ཀྱི་ཡུལ་བསྟན་
པའི་དོན་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་སློབ་དཔོན་གྱིས་རིགས་པའི་འདོད་པ་ལ་བརྟེན་ནས་བཤད་པ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ནི་ཡུལ་རབ་ཏུ་བསྟན་དུ་ཡང་ཕྱོགས་ཀྱི་ཚིག་བརྗོད་པར་བྱ་བ་མ་ཡིན་ཏེ། དཔེར་ན་གཞན་དག་ཏུ་བསྟན་པ་ལྟ་བུའོ། །དེ་དེ་ལྟར་ན་གཏན་ཚིགས་ལ་ཕྱོགས་ལྟར་སྣང་བ་ཡོད་
པ་མ་ཡིན་གྱི། སྦྱོར་བ་འབའ་ཞིག་ཡིན་པ་དེ་ལྟར་ན་ཕྱོགས་ལྟར་སྣང་བ་བརྗོད་པ་འབྲས་བུ་མེད་པ་ཡིན་ནོ། །རྗེས་སུ་དཔག་པ་རྣམ་པ་གསུམ་ཡིན་པས་ཞེས་བྱ་བ་ལ་རྗེས་སུ་དཔག་པ་གཅིག་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་ལ་གཞན་ནི་ཡིད་ཆེས་པའི་ཚིག་དང་རང་གི་ཚིག་གི་བདག་ཉིད་ཁས་བླངས་པའི་
སྒྲའི་བརྗོད་པར་བྱ་བ་ཡིན་ཏེ། ཚད་མ་ཀུན་ལས་བཏུས་པའི་མདོར་ཡིད་ཆེས་པའི་སྒྲས་བསྟན་པ་གང་ཡིན་པ་དང་། གཞན་རབ་ཏུ་གྲགས་པའི་སྒྲས་བརྗོད་པ་ཡིན་པ་དེ་བས་ན་རྣམ་པ་གསུམ་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡིད་ཆེས་པ་དང་། རང་གི་ཚིག་གཅིག་ཏུ་བྱས་པས་རྗེས་སུ་དཔག་པའི་གནོད་པ་རྣམ་པ་གསུམ་དང་།

མངོན་སུམ་གྱི་གནོད་པ་དང་བཅས་པ་སྟེ་རྣམ་པ་བཞིར་འགྱུར་རོ། །དེ་ལྟ་མ་ཡིན་ན་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ཚིག་དང་། རང་གི་ཚིག་དང་འཇིག་རྟེན་ལ་གྲགས་པ་སྟེ་འགལ་བ་རྣམ་པ་བཞི་དང་། མངོན་སུམ་གྱི་འགལ་བ་གཅིག་སྟེ་
དེ་ལྟར་ན་རྣམ་པ་ལྔར་འགྱུར་ཏེ། དཔེར་ན་རིགས་པའི་སྒོར་རྣམ་པར་བཤད་པ་ལྟ་བུའོ། །འདིར་ཡང་འགའ་ཞིག་ཅེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པའི་ཊཱི་ཀཱ་བྱེད་པ་དག་སྟེ། དེ་དག་ནི་ཚིག་གསུམ་ཟླས་དབྱེ་བ་བྱས་ནས་རབ་ཏུ་གྲགས་པའི་སྒྲ་དང་། གསུམ་པའི་དེའི་སྐྱེས་བུར་ཁས་ལེན་ཅིང་གྲགས་པའི་
སྒྲ་ཡང་རེ་རེ་ལ་མངོན་