Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
་རྣམ་པར་ཆད་པའི་རྣམ་པ་བདག་ཉིད་ལ་བཞག་པ་ཡང་རྣམ་པར་ཆད་པ་བཞིན་དུ་མཐོང་བས་གཟུང་བ་ཉིད་དུ་མཐོང་བ་དེ་བས་ན་གཟུང་བ་

ཉིད་དུ་ཡོངས་སུ་བཅད་པ་ནི་རྣམ་པ་ནི་ཤེས་པའི་བདག་ཉིད་དུ་གྱུར་པ་དེ་ལྟར་ན་ཤེས་པ་གཟུང་བ་ཉིད་དུ་སྣང་བ་ཞེས་བརྗོད་དོ། །བཤད་མ་ཐག་པའི་རྣམ་པས་ཇི་སྐད་དུ་བཤད་པའི་ཤེས་པ་ལ་སྣང་བར་གྱུར་པ་དམིགས་པར་མངོན་པར་འདོད་པའི་ཤེས་པའམ་གཞན་ལ་ཡུལ་དུ་སྟེ་སྔོན་པོ་ལ་སོགས་
པར་འཛིན་པར་བྱེད་དོ། །དེ་བཞིན་དུ་ཉམས་སུ་མྱོང་བའི་བློ་འདི་ཡང་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བའི་འཛིན་པ་ཉིད་དུ་འདོད་པའི་བློ་ཕྱིས་འབྱུང་བ་ཕྱི་རོལ་དུ་མངོན་དུ་ཕྱོགས་པར་སྣང་བར་འགྱུར་ཏེ། དེ་ལས་གཞན་པའི་ཤེས་པའི་ཁྱད་པར་གྱི་བློ་བཞིན་ནོ། །དེ་རྟག་ཏུ་བདག་ལ་ཞེས་བྱ་བ་ལ་སོགས་པ་ལ། ནང་
མངོན་ཕྱོགས་འཛིན་པའི་རྣམ་པ་ཉིད་ཀྱིས་ཞེས་བྱ་བ་ནི་ནང་རང་རིག་པའི་ངོ་བོ་ཉིད་དུ་རུང་བ་ཉིད་ཀྱི་མཚན་ཉིད་དུ་ཡིན་གྱི། གཟུང་བའི་རྣམ་པ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བློ་འདི་ནི་བདག་ཉིད་ཉམས་སུ་མྱོང་བ་ཉིད་ཡིན་གྱི། ཤེས་པ་གཞན་ཉིད་ཉམས་སུ་མྱོང་བ་ནི་མ་ཡིན་ཞེས་རྟོགས་པར་བྱའོ། །གལ་ཏེ་
རང་གི་བློ་ཉིད་ཡིན་པའི་ཕྱིར་ཕྱི་རོལ་དུ་ཁ་བལྟས་པས་ཞེས་བྱ་བ་ནི་བློ་གང་ཡིན་པ་དེ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་དེ་ནི་རང་གི་བློ་ཉིད་ཡིན་པའི་རྒྱུའི་ཕྱིར་དེ་འཛིན་པར་བྱེད་པའི་བློ་ཕྱི་རོལ་དུ་ཁ་བལྟས་པས་འཇུག་པ་མ་ཡིན་ཏེ་རང་གི་བློ་དམིགས་པ་ཉིད་ཡིན་པའི་ཕྱིར་ཕྱི་རོལ་དུ་ཁ་བལྟས་པར་མི་འགྱུར་རོ་ཞེས་བྱ་བའི་
དོན་ཏོ། །དེའི་ཚེ་ཡང་ཕྱི་རོལ་དུ་ཁ་བལྟས་པ་ལ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་རང་གི་བློ་ལ་དམིགས་པའི་ཕྱིར་དྲན་པས་ཀྱང་ཉམས་སུ་མྱོང་བའི་བློ་བཞིན་དུ་གཟུང་བའི་བློ་འཛིན་པའི་རྣམ་པ་ཉིད་དུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དྲན་པའི་གཟུང་བའི་བློ་འཛིན་པའི་རྣམ་པ་ཉིད་དུ་སྣང་བ་ཡང་མ་ཡིན་ཏེ། འདི་
ལྟར་གཟུང་བ་ཉིད་དུ་སྣང་བ་ཡིན་ནོ། །གལ་ཏེ་དེ་འདྲ་ལས་མྱོང་བ། །ཞེས་བྱ་བ་ནི་དོན་དང་འདྲ་བ་ཙམ་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ངོ་བོ་ཅན་གྱི་ཤེས་པ་ཡིན་ནོ་ཞེས་སེམས་སོ། །འདྲ་བ་ཐམས་ཅད་ཕྱི་རོལ་རྣམས་ཀྱང་ངོ་། །འོ་ན་མྱོང་བ་འདྲ་བ་ཡིན། །ཞེས་བྱ་བ་ནི་དོན་དང་འདྲ་བ་ཙམ་གྱི་མཚན་ཉིད་དོ། །
མྱོང་བ་ནི་ཡུལ་ཉམས་སུ་མྱོང་བ་སྟེ། འདྲ་བ་ཙམ་ཡུལ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དོ། །ཤེས་པའི་བདག་ཉིད་དུ་གྱུར་པ་སྔོན་པོ་ལ་སོགས་པའི་ངོ་བོ་མྱོང་བ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་དོན་དག་ལ་སྒྲོ་འདོགས་ཤིང་སྒྲོ་

འདོགས་པ་དེ་ལས་ཕྱི་རོལ་གྱི་དོན་གྱི་མྱོང་བ་འདི་ཡིན་ནོ་ཞེས་འཁྲུལ་པ་སྟེ། བསླད་པས་ཞེས་བྱ་བ་ཡང་ཕྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲོ་འདོགས་པས་ཀྱང་འཁྲུལ་པར་བྱེད་དོ་ཞེས་བྱ་བས་དུས་སྔ་ཕྱིའི་ཐ་དད་པར་སྟོན་པར་བྱེད་དོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་
བུམ་པ་ལ་སོགས་པ་ཆོད་པ་དག་གི་ཡང་ངོ་། །གཞན་གྱི་ཡུལ་ཅན་གྱི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱིའོ། །དཀར་སོགས་སྣང་འགྱུར་བ་རྣམ་པར་འཆད་པའི་ངོ་བོ་ལའོ། །ཅིག་ཅར་སྐྱེས་བུའི་ཞེས་བྱ་བ་ནི་དུས་གང་གི་ཚེ་དཀར་པོ་ལ་སོགས་པའི་མྱོང་བ་དེ་ཉིད་ཀྱི་ཚེ་ནང་གི་མྱོང་བ་དཀར་པོ་ལ་
སོགས་པ་དམིགས་པའི་ངོ་བོ་ཅན་མྱོང་བར་འགྱུར་རོ། །དཀར་པོ་ལ་སོགས་པའི་དམིགས་པ་མངོན་སུམ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པ་དམིགས་པར་འགྱུར་བ་གང་ཡིན་པ་དེ་མངོན་སུམ་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྲོག་ཆགས་ཐམས་ཅད་ཀྱི་དཀར་པོ་ལ་སོགས་པའི་
དམིགས་པ་ནང་གི་མྱོང་བའི་ངོ་བོ་གསལ་བ་གང་ཡིན་པ་དེ་གལ་ཏེ་དཀར་པོ་ལ་སོགས་པ་དམིགས་པའི་བདག་ཉིད་དུ་གྱུར་པ་དེའི་ཚེ། མངོན་སུམ་གྱིས་མྱོང་བའི་དོན་ཅན་གྱི་མྱོང་བ་མངོན་སུམ་ཡིན་པར་འགྱུར་རོ། །གང་གི་ཚེ་དཀར་པོ་ལ་སོགས་པ་དམིགས་པ་ལས་ནང་གི་མྱོང་བ་དོན་གཞན་དུ་གྱུར་པ་ཉིད་མངོན་
སུམ་ཡིན་པར་འདོད་པ་དེའི་ཚེ་དཀར་པོ་ལ་སོགས་པའི་དམིགས་པ་མངོན་སུམ་མ་ཡིན་ཏེ། གང་གིས་གསལ་བའི་ཤེས་པ་ནི་དེ་ལས་བཟློག་པ་ཉིད་ཡིན་པའི་ཕྱིར་རོ། །མངོན་སུམ་གཞན་ལ་གཞན་མངོན་སུམ། །ཞེས་བྱ་བ་མ་ཡིན་ནོ། །དེ་བས་ན་བདག་ཉིད་མྱོང་བ་ལ་ལྟོས་པ་མེད་པའི་དཀར་པོ་ལ་སོགས་པ་ཕྱི་
རོལ་ན་ཡོད་པ་ཉིད་ཙམ་གྱིས་གསལ་བ་ཐོབ་པར་འགྱུར་ན་དེ་ཡང་འཐད་པ་མ་ཡིན་ནོ། །དེ་ལྟར་ན་ཡུལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཉིད་ཀྱིས་གསལ་བར་མི་འགྱུར་གྱི་ཞེས་བྱ་བ་སྨོས་སོ། །གསལ་བ་ཉིད་ལ་གསལ་བར་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ནི་གསལ་བ་མ་ཡིན་པ་གསལ་བར་བྱེད་པ་ཉིད་
ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ནི་ཐལ་བ་བསྒྲུབ་པ་ཡིན་ཏེ། གསལ་བ་མ་ཡིན་པ་གསལ་བར་བྱེད་པ་ཡང་གསལ་བ་ཉིད་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་དམིགས་པར་འགྱུར་བ་དེའི་ཕྱིར་འདི་ཉིད་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ལྟར་ནི་དཀར་པོ་ལ་སོགས་པ་སྣང་བར་

གྱུར་པ་གསལ་བ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཐལ་བ་བཟློག་པ་བསྟན་ཏོ། །བཟློག་པས་ཞེས་བྱ་བ་ནི་ཐལ་བ་བཟློག་པས་རང་རིག་པ་གྲུབ་པ་ཡིན་ཏེ། དཀར་པོ་ལ་སོགས་པའི་གསལ་བ་ནི་གསལ་བར་བྱེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཡུལ་ལ་དམིགས་པའི་དམིགས་པ་
ཞེས་བྱ་བ་ནི་ཡུལ་ལ་དམིགས་པའི་དམིགས་པ་ཤེས་པ་གཉིས་པ་གང་ཡིན་པ་དེ་ཡང་རང་རིག་པ་ཁས་མི་ལེན་པའི་ཕྱིར་བདག་ཉིད་གསལ་བ་མ་ཡིན་ནོ། །དེའི་ཚེ་ནི་ཡུལ་ལ་དམིགས་པ་ཡོངས་སུ་གཅོད་པའི་དུས་ནའོ། །ལ་ལར་མཐར་ཐུག་པ་ཡིན་ན་ཞེས་བྱ་བ་ནི་གང་ལ་ཤེས་པ་གཞན་གྱིས་ཤེས་པ་ཉམས་སུ་
མྱོང་བར་མི་འདོད་པ་དེ་ལ་ཤེས་པའི་བདག་ཉིད་གང་ཡིན་པ་དང་། ཡུལ་གྱི་བདག་ཉིད་གང་ཡིན་པ་དང་། ཡུལ་གྱི་བདག་ཉིད་གང་ཡིན་པའི་ཡུལ་དེ་དག་ཅིག་ཅར་མངོན་པར་གསལ་བ་ཐོབ་པར་འགྱུར་རོ། །དེ་ལྟར་འགྱུར་བ་ཡིན་ན་སྔར་ཡོད་པའི་ཤེས་པ་ཡང་དེ་ལྟར་འགྱུར་ཞེས་བྱ་བ་ཅིག་ཅར་དོན་དང་བདག་ཉིད་
མངོན་པར་གསལ་བར་བྱེད་པ་དག་ཏུ་འགྱུར་ཏེ་བྱེ་བྲག་མེད་པའི་ཕྱིར་རོ། །ཁྱད་པར་གང་གིས་ཤེས་པ་ཐམས་ཅད་ཀྱི་ཐ་མ་ལ་བདག་ཉིད་ལ་ཡུལ་དག་ཅིག་ཅར་གསལ་བར་འགྱུར་གྱི་ཤེས་པ་སྔ་མ་དག་ཁོ་ན་ལ་ནི་མ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རང་རིག་པ་གྲུབ་པ་
ཡིན་ནོ་ཞེས་བྱ་བ་ནི་རང་རིག་པ་མེད་པར་ཤེས་པའི་བདག་ཉིད་དང་ཡུལ་ཅིག་ཅར་མངོན་པར་གསལ་བ་མི་སྲིད་པའི་ཕྱིར་རོ། །དེ་དམིགས་པ་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པ་ཉམས་སུ་མྱོང་བའོ། །དེ་ཉིད་ཤེས་པར་མི་འགྱུར་བ་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པ་འཛིན་པའི་དུས་ན་དམིགས་པར་མི་འགྱུར་རོ། །
དོན་མཐོང་བས་ཅི་ལྟར་ཁྱད་པར་ཅན་དུ་འགྱུར་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་འདི་མངོན་པར་གསལ་བར་མཐོང་ཞིང་། འདི་རྣ་བའི་རྣམ་པར་ཤེས་པས་མངོན་པར་གསལ་བ་ཐོས་སོ་ཞེས་བྱ་བ་ལ་སོགས་པའོ། །སྐྱེས་བུ་གཟུགས་མཐོང་བ་ན་དེ་མཐོང་བ་ཡང་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་ཆད་
པའི་གཟུགས་འཛིན་པ་ན་གཟུགས་ལ་དམིགས་པ་ནང་ཡིན་ནམ་མ་ཡིན་ཞེས་རྟོགས་པ་མ་ཡིན་ཏེ། རང་རིག་པ་ཁས་མི་ལེན་པའི་ཕྱིར་རོ། །དེས་ཁྱད་པར་དུ་གྱུར་པ་གཞན་འཛིན་པ་ནི་ཁྱད་པར་རྟོགས་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། ཁྱད་པར་རྟོགས་པ་མེད་པ་དེས་ཁྱད་པར་དུ་གྱུར་པའི་ཁྱད་པར་གྱི་གཞི་འཛིན་པར་

མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཁྱད་པར་རྟོགས་པ་མེད་པ་དེ་ལྟར་ན་རྒྱུ་མི་དམིགས་པ་སྟེ་ཐལ་བ་ཡིན་ནོ། །ཅིག་ཅར་རམ་རིམ་གྱིས་ཞེས་བྱ་བ་ནི་འདིར་ཅིག་ཅར་མཐོང་བ་ནི་རིགས་པའི་རྗེས་སུ་འབྲང་བ་ཅན་ཡིན་ནོ། །རིམ་གྱིས་ཀྱང་བཤད་པ་གང་ཡིན་པ་དེ་ནི་ཁས་བླངས་ནས་ཡིན་ཏེ། གལ་ཏེ་ཡུལ་
དང་དེ་དམིགས་པའི་དུས་མཚུངས་པར་འབྱུང་བའི་ངང་ཚུལ་ཅན་འབྲེལ་པར་འགྱུར་བ་དེའི་ཚེ་རིམ་གྱིས་ཀྱང་འཛིན་པ་ཡོད་པ་ན་འདི་མཐོང་ངོ་ཞེས་བྱ་བ་དེར་མི་འགྱུར་རོ། །འོན་ཀྱང་དུས་མཚུངས་པ་མ་ཡིན་པར་འབྱུང་བའི་ངང་ཚུལ་ཅན་གྱི་དོན་དང་དམིགས་པ་དག་ལས་འབྲེལ་པ་ཉིད་ཡོད་པ་མ་ཡིན་ཏེ། ཤེས་པའི་
དུས་ན་དོན་མེད་པའི་ཕྱིར་རོ། །གསལ་བར་བྱེད་པ་མ་ཡིན་ཏེ། དེའི་ཚེ་དོན་ཞེས་བྱ་བ་ནི་དོན་དང་འདྲ་བའི་ཤེས་པ་གསལ་བའི་དུས་ནའོ། །དེ་ཡང་ཞེས་བྱ་བ་ནི་ཤེས་པའི་བདག་ཉིད་དུ་གྱུར་པའི་དོན་དང་འདྲ་བའོ། །དེ་རབ་ཏུ་མྱོང་བ་ཅན་ཞེས་བྱ་བ་ནི་ནང་གི་བདག་ཉིད་དུ་གྱུར་པའི་དོན་དང་འདྲ་བ་རབ་ཏུ་མྱོང་བ་
ནའོ། །ཤེས་པའི་ངོ་བོ་དང་ཡུལ་མ་བཟུང་བ་ཅན་ཡིན་ན་ཡང་ཞེས་བྱ་བ་ནི་ཤེས་པའི་ངོ་བོ་ནི་བདག་ཉིད་དོ། །ངོ་བོ་དང་ཡུལ་ནི་ངོ་བོ་དང་ཡུལ་ཏེ། དེ་དག་མ་བཟུང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རང་རིག་པ་ཁས་མི་ལེན་པའི་ཕྱིར་རོ། །ངོ་བོ་མ་བཟུང་བ་ནི་ཡུལ་ནི་རྣམ་པར་ཤེས་པའི་དུས་ན་འགགས་
པ་ཉིད་ཀྱི་ཕྱིར་རོ། །གདོན་མི་ཟ་བར་འདི་ཉམས་སུ་མྱོང་བ་འདི་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་འདིའི་བཟུང་བ་འདི་ཉམས་སུ་མྱོང་བ་ཡིན་ནོ་ཞེའོ། །དེ་དག་ལ་ཞེས་བྱ་བ་ནི་མྱོང་བ་དང་མྱོང་བར་བྱེད་པ་དག་ལའོ། །དེ་ལྟར་ཐ་སྙད་འདོགས་པའི་རྒྱུ་ཞེས་བྱ་བ་ནི་འདིའི་མྱོང་བ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདིའི་རྒྱུའོ། །
འདི་ལྟར་འདྲ་བ་ལས་ཀྱང་མྱོང་། །ཞེས་པ་བདག་ཉིད་ཉམས་སུ་མྱོང་བ་མེད་པའི་རང་བཞིན་ཅན་འདྲ་བ་ཙམ་ལས་སོ། །སྔར་ནི་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་དཀར་པོ་ལ་སོགས་པ་མཐོང་བའི་དུས་ན་ཞེས་བྱ་བ་ཡིན་ནོ། །མཐོང་བ་རྟོགས་པའི་དུས་ལ་ལྟོས་ནས་དཀར་པོ་ལ་སོགས་པ་མཐོང་
བའི་དུས་ན་ཞེས་བྱ་བ་སྨོས་ཏེ། ཤེས་པ་ཤེས་པ་གཞན་གྱི་མཐོང་བ་རྟོགས་པའི་དུས་སོ། །གཞན་འགའ་ཞིག་གིས་ཀྱང་མ་ཡིན་ཏེ། མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་པ་གཞན་རང་ཉིད་མྱོང་བ་མ་ཡིན་པས་ཀྱང་ཤེས་པ་སྔ་མ་འཛིན་པ་མི་རུང་བའི་ཕྱིར་རོ། །དེ་དེ་ལྟར་ན་ཉམས་སུ་མྱོང་བ་གཞན་གྱི་

ངོ་བོ་ཡིན་པའི་སྐྱོན་ཞེས་བྱ་བ་ནི་ནང་གི་གསལ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཅི་དཀར་པོ་ལ་སོགས་པའི་གསལ་བ་ལས་གཞན་གྱི་ངོ་བོ་ཡིན་ནམ། ཅི་བདག་ཉིད་དུ་གྱུར་པ་ཡིན་ཞེས་ཕྱོགས་གཉིས་བཤད་པ་གང་ཡིན་པ་དེ་ལས་རེ་ཞིག་གཞན་གྱི་ངོ་བོ་ཡིན་པའི་ཕྱོགས་ཀྱི་སྐྱོན་
བཤད་པ་ཡིན་ནོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་བདག་ཉིད་དུ་གྱུར་པའི་ཕྱོགས་སྟོན་པར་བྱེད་པ་ཡིན་ནོ། །ཐ་དད་པར་ནི་འཇུག་པ་ཅན། །ཞེས་བྱ་བ་འདིའི་བཤད་པ་ནི་ཡང་དག་པར་དགའ་བ་ལ་སོགས་པའི་རྣམ་པས་ཞེས་བྱ་བ་ཡིན་ཏེ། ཡང་དག་པར་དགའ་བའི་རྣམ་པས་བདེ་བ་ལ་འཇུག་ཅིང་དེ་ལས་བཟློག་
པས་སྡུག་བསྔལ་དང་དོན་དུ་གཉེར་བའི་རྣམ་པས་འདོད་པ་ལ་འཇུག་པར་འགྱུར་རོ། །དེ་ཡང་གང་ལས་ཤེ་ན། རྟེན་དམིགས་གོམས་པའི་ཁྱད་པར་ལ། །ཞེས་བྱ་བ་སྨོས་ཏེ། རྟེན་དང་དམིགས་པ་དང་གོམས་པ་ཞེས་བྱ་བ་ནི་ཟླས་དབྱེ་བ་ཡིན་ནོ། །གོམས་པ་ནི་ཡིད་ལ་དབྱེ་བ་ནུས་པ་དང་ལྡན་པའོ། །
དགའ་བ་དང་གདུང་བའི་བྱེ་བྲག་འདོད་པ་ལ་སོགས་པའི་བདག་ཉིད་ཅན་ཞེས་བྱ་བ་ལ་དགའ་བའི་ཁྱད་པར་གྱི་མཚན་ཉིད་ནི་བདེ་བའོ། །ཡོངས་སུ་གདུང་བའི་ཁྱད་པར་གྱི་མཚན་ཉིད་ནི་སྡུག་བསྔལ་ལོ། །མངོན་པར་འདོད་པའི་མཚན་ཉིད་ནི་འདོད་པའོ། །དེ་དག་ཀྱང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །སྔར་
དམིགས་པའི་ངོ་བོར་རྣམ་པར་གཞག་པ་ཡིན་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཐ་དད་པའི་རྒྱུ་ཉིད་དུ་དང་པོར་བློའི་རང་བཞིན་ཉིད་གཞག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྣང་བར་གྱུར་པ་ནི་བདེ་བ་ལ་སོགས་པའི་ངོ་བོར་སྣང་བར་གྱུར་པའོ། །དེ་དག་ཀྱང་ཞེས་བྱ་བ་ནི་བློ་དག་གོ། །བདེ་བ་ལ་སོགས་
པ་དེའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་ཤེས་པའི་བདག་ཉིད་ཀྱིས་སོ། །སྐྱེས་བུ་གཞན་གྱིས་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་འབྲས་བུའི་ཁྱད་པར་འཁྲུལ་པ་མེད་པ་ངེས་པར་བྱེད་པ་ཅན་གྱི་རྗེས་སུ་དཔོག་པ་པོའོ། །མྱོང་འགྱུར་ཞེས་བྱ་བ་ནི་དེ་ལྟར་སྣང་བར་གྱུར་པའི་བདེ་བ་ལ་སོགས་
པའི་ངོ་བོ་གསལ་བར་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པ་མྱོང་བ་པོ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དམིགས་པ་ཅན་གྱི་ཤེས་པ་དང་ལྡན་པ་ཉིད་ཀྱི་དེའི་ལོངས་སྤྱོད་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་གལ་ཏེ་ཡང་རྒྱུད་ལ་བདེ་བ་ལ་

སོགས་པ་སྐྱེས་པ་དེ་བདེ་བ་ལ་སོགས་པའི་ལོངས་སྤྱོད་པ་པོ་ཉིད་ཉམས་སུ་མྱོང་བ་ལས་འདོད་པ་མ་ཡིན་གྱི་འོན་ཀྱང་དེ་ལ་དམིགས་པ་ཅན་གྱི་ཤེས་པ་ཕྱིས་འབྱུང་བ་ཡོད་པའི་ཕྱིར་དེ་ལ་དམིགས་པ་ཅན་གྱི་ཤེས་པ་རྗེས་སུ་དཔོག་པ་པོའི་རྒྱུད་ལ་ཡང་ཡོད་པ་དེ་ལྟར་ན་བྱེ་བྲག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་
འདི་གདོན་མི་ཟ་བར་ཡོད། །བདེ་བ་ལ་སོགས་པས་བསྐྱེད་པ་དང་དེར་སྣང་བ་ཉིད་ཅེས་བྱ་བ་ནི་སྐྱེ་བ་དང་འདྲ་བ་དག་གིས་དམིགས་པ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྤྱི་གང་ཡིན་པ་ནི་དངོས་པོར་གྱུར་པ་ཞེས་བྱ་བར་བསམས་པའོ། །ཅི་ལྟར་སྔར་བཤད་པ་དེ་ལྟར་དྲན་པར་བྱ་བའི་
ཕྱིར་དེ་ལྟ་བུར་གྱུར་པ་ཉིད་ཀྱི་གཞུང་ཉིད་ཅི་ལྟར་གསལ་བ་ལ་ལྟོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ཉེ་བར་བཀོད་པ་ཡིན་ནོ། །མངོན་སུམ་དང་བདག་རིག་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །མཐོང་མེད་ནི་ཆོས་དང་ཆོས་མ་ཡིན་པའོ། །དོན་གཅིག་ནི་བདག་ཉིད་དེ། དེ་ལ་བདེ་བ་ལ་སོགས་པའི་གཟུང་བ་དང་ཤེས་པ་
འཛིན་པ་འཕྲོད་པ་འདུ་བ་གང་ཡིན་པ་དེ་ནི་དོན་གཅིག་ལ་ལྡན་པའོ། །མཐོང་བ་མེད་པ་དང་དོན་གཅིག་དང་ལྡན་པ་དང་པོར་སྦྱར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ཕྱུག་དགའ་བ་དང་མི་དགའ་བ་ལ་སོགས་པ་ཞེས་བྱ་བ་ལ། དབང་ཕྱུག་དགའ་བ་ལས་བདེ་བ་གསལ་བར་དམིགས་ཤིང་སྡུག་
བསྔལ་མི་གསལ་བར་དམིགས་པའོ། །མི་དགའ་བ་ལས་ནི་བཟློག་པའོ། །དེ་ལྟ་ན་ཡང་བློ་དེ་ལྟར་སྣང་བ་དེ་ཞེས་བྱ་བ་མ་མཐོང་བ་ལ་སོགས་པའི་སྒྲིབ་གཡོགས་ཀྱིས་གཞན་གྱི་བདེ་བ་ལ་སོགས་པའི་ངོ་བོ་མི་འཛིན་པའི་བློ་དེ་ལྟར་སྣང་བ་སྟེ། བདེ་བ་ལ་སོགས་པ་དང་ཆ་འདྲ་བའི་རྗེས་སུ་འགྲོ་བ་དང་ནང་གི་ཉེ་
བར་ལེན་པའི་སྟོབས་ལས་བྱུང་བ་དེའོ། །གལ་ཏེ་བདག་དང་གཞན་གྱི་བདེ་བ་ལ་སོགས་པའི་ཉམས་སུ་མྱོང་བ་མཚུངས་པར་བསྒྲུབ་པར་བྱ་བ་ཡིན་ན། མངོན་སུམ་དང་འགལ་བ་མ་ཡིན་ནམ། དེ་སྐད་དུ་རྒོལ་བས་གཞན་གྱི་བདེ་བ་ལ་སོགས་པ་ཤེས་པ་ན་མི་གསལ་བའི་རྣམ་པར་རྟོག་པར་འགྱུར་བ་ཡིན་ན་དེ་
ཡང་ཁས་མི་ལེན་ན་དེ་བས་ན་འདི་ལ་ཁས་ལེན་པ་དང་འགལ་བར་ཡང་འགྱུར་རོ། །དེ་བས་ན་བདག་དང་གཞན་གྱི་བདེ་བ་ལ་སོགས་པ་མཚུངས་པར་མྱོང་བ་གཞན་ལ་བསྟན་པར་བྱ་བ་མ་ཡིན་ནོ་ཞེ་ན། བདེ་བ་ལ་སོགས་པར་འཛིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་སྐད་དུ་འདི་ནི་ཐལ་བ་བསྒྲུབ་པ་

ཡིན་ཏེ། གལ་ཏེ་ཁྱེད་ཀྱི་བདེ་བ་ལ་སོགས་པ་ཤེས་པ་གཞན་གྱིས་འཛིན་པར་འདོད་ཀྱི་རང་རིག་པ་མ་ཡིན་པ་དེའི་ཚེ་རང་དང་གཞན་གྱི་རྒྱུད་དག་གི་མྱོང་བ་ཐོབ་པར་མི་འགྱུར་ཏེ། མྱོང་བ་མཚུངས་པར་འགྱུར་རོ། །བདེ་བ་ལ་སོགས་པ་ཉིད་ནི་རང་རིག་པའི་ངོ་བོ་ཉིད་ཡིན་གྱི་དེ་རྣམ་
པར་ཤེས་པ་གཞན་གྱིས་སམ། རང་གི་རྒྱུད་ལ་ཡོད་པའམ། གཞན་གྱི་རྒྱུད་ལ་ཡོད་པས་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་གནས་པ་ཡིན་ནོ། །དེའི་ཚེ་རང་གི་རྒྱུད་ཀྱི་བདེ་བ་ལ་སོགས་པའི་ཉམས་སུ་མྱོང་བ་ནི་རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཞན་གྱི་རྒྱུད་ཀྱི་ཤེས་པ་
གཞན་གྱི་བདེ་བ་ལ་སོགས་པའི་ཡུལ་ཉིད་དུ་འདོད་པ་དོན་དམ་པར་བདེ་བ་ལ་སོགས་པའི་རང་གི་ངོ་བོ་མི་འཛིན་པའི་ཡུལ་མེད་པ་ཅན་ནི་མི་གསལ་བར་སྣང་བ་ཉིད་ཡིན་པའི་ཕྱིར་བདག་དང་གཞན་གྱི་མྱོང་བའི་ཁྱད་པར་འཐད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་གང་གི་ཚེ་འཛིན་པ་མེད་པ་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། སྐྱེས་བུ་བདེ་བ་ལ་སོགས་པའི་ཤེས་པའི་ཤེས་པས་འཛིན་པ་མ་ཡིན་གྱི། འོན་ཀྱང་དེ་ནི་རང་རིག་པ་ཉིད་མ་ཡིན་ནོ། །འདོད་པ་ཉིད་ཡིན་པ་ནི་གཞན་གྱི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་གྱི། རང་རིག་པ་ཉིད་ལས་ནི་མ་ཡིན་ཏེ། གལ་ཏེ་རྒྱུད་གཞན་གྱི་རྣམ་པ་འགའ་ཞིག་
གིས་བདེ་བ་ལ་སོགས་པ་འཛིན་པར་འདོད་པ་དེའི་ཚེ་བདེ་བ་ལ་སོགས་པ་འཛིན་པར་མཚུངས་པ་ཡིན་པ་ན་གཉིས་པོ་དེ་དག་གི་སྟེ། བདག་དང་གཞན་དག་གི་མྱོང་བའི་ཐ་དད་དག་ཀྱང་ཁོ་བོ་ཅག་གིས་བསལ་བ་ཡིན་ནོ། །གང་གི་ཚེ་གཞན་གྱི་བདེ་བ་ལ་སོགས་པ་གཞན་གྱིས་མི་འཛིན་པར་འདོད་པ་དེའི་ཚེ་
གཞན་གྱི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་མ་ཡིན་པ་འདོད་པ་ཉིད་ཡིན་པ་དེ་ལྟར་ན་ལན་ཉིད་མ་ཡིན་ཏེ། མཐོང་བ་ལ་སོགས་པ་ཉེ་བར་འགོད་པའོ། །ཆོས་འདི་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའོ། །གཞན་དག་གི་ཞེས་བྱ་བ་ནི་དཔྱོད་པ་པ་དག་གིའོ། །གང་གི་ཚེ་སྡུག་བསྔལ་དུ་སྐྱེས་པ་
ཉིད་སྡུག་བསྔལ་ཉམས་སུ་མྱོང་བ་མ་ཡིན་གྱི་ཞེས་བྱ་བ་ནི་རང་རིག་པར་སྨྲ་བའི་ནང་གི་རིག་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་སྐྱེས་པ་ཙམ་ཉིད་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་གྱི་དེ་ལ་དམིགས་ནས་སྐྱེས་པ་ནི་མ་ཡིན་ནོ། །ཁོ་བོ་ཅག་གི་སྡུག་བསྔལ་ལ་སོགས་པ་དེ་རྣལ་འབྱོར་པ་དག་གིས་ཉམས་སུ་

མྱོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ལ་སོགས་པ་དེ་རྣལ་འབྱོར་པ་དག་གིས་ཉམས་སུ་མྱོང་བ་མ་ཡིན་ནོ། །དེ་ལྟར་ན་རང་རིག་པ་ཉིད་སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་གྱི་ཤེས་པ་དེར་སྣང་བ་སྐྱེས་པ་ནི་མ་ཡིན་ནོ། །གཞན་གྱི་སྡུག་བསྔལ་ལ་སོགས་པ་
རྣལ་འབྱོར་པ་དག་གི་རྒྱུད་ལ་འབྱུང་བར་མི་འགྱུར་ཞིང་འབྱུང་བ་མ་ཡིན་པ་ཡང་ཅི་ལྟར་ན་རང་རིག་པའི་བདག་ཉིད་ཀྱི་ཉམས་སུ་མྱོང་བས་མྱོང་བར་འགྱུར། གལ་ཏེ་འོ་ན་ཅི་ལྟར་ན་བདེ་བ་ལ་སོགས་པ་རྣལ་འབྱོར་པའི་ཤེས་པ་ལ་ལྟོས་ནས་མངོན་སུམ་དུ་གྱུར་པ་ཡིན་ཞེ་ན། འོ་ན་ཅི་ཡིན་ཞེ་ན། སྡུག་བསྔལ་ལ་
སོགས་པ་དེར་སྣང་བ་སྐྱེས་པས་དམིགས་པའི་ཕྱིར་དེ་མངོན་སུམ་དུ་འགྱུར་བ་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། བདེ་བ་ལ་སོགས་པ་གཞན་གྱི་རྒྱུད་ལ་གནས་པ་དམིགས་པ་ཉིད་དུ་མངོན་པར་འདོད་པ་ནི་རྣལ་འབྱོར་པའི་ཤེས་པས་དམིགས་པའི་ཕྱིར་མངོན་སུམ་དུ་འགྱུར་བ་ཡིན་ནོ། །དེར་སྣང་བར་སྐྱེས་པས་
ཞེས་བྱ་བ་ནི་སྡུག་བསྔལ་དུ་སྣང་བར་སྐྱེས་པས་སོ། །དེ་ལྟར་ན་རྣལ་འབྱོར་པའི་ཤེས་པས་གཞན་གྱི་སྡུག་བསྔལ་ཉམས་སུ་མྱོང་བ་མེད་ན་ཡང་རྣལ་འབྱོར་གྱི་སྟོབས་ལས་དེར་སྣང་བར་སྐྱེས་པ་དེ་ཙམ་གྱི་བདེ་བ་ལ་སོགས་པ་མངོན་སུམ་ཉིད་དུ་རྣམ་པར་གཞག་པ་ཡིན་གྱི། སྡུག་བསྔལ་དུ་སྣང་བ་ཉིད་སྡུག་བསྔལ་
ལ་སོགས་པ་མ་ཡིན་ན་གང་གིས་དེ་དག་ཉམས་སུ་མྱོང་བར་འགྱུར་ཏེ། སྡུག་བསྔལ་ལ་སོགས་པའི་རང་བཞིན་ཉིད་དུ་སྐྱེས་པ་ཉིད་ཉམས་སུ་མྱོང་བ་ཡིན་ནོ། །དེ་ཉིད་ནི་ཉམས་སུ་མྱོང་བ་ནི་མ་ཡིན་ན་ཞེས་བྱ་བ་སྨོས་ཏེ། དེར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པ་གང་ཡིན་པ་དེ་སྡུག་བསྔལ་ལ་སོགས་
པའི་རང་བཞིན་ཉིད་དུ་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ནི་རང་བཞིན་གྱི་བྱེ་བྲག་ཉིད་དེ་སྡུག་བསྔལ་ལོ། །འགའ་ཞིག་ཅེས་བྱ་བ་ནི་རང་གི་རྒྱུད་ཉིད་ལས་རྟོགས་པའི་བདག་ཉིད་དུ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ཆོས་གཞན་གྱི་ཁྱད་པར་དང་བྲལ་བ་ཞེས་བྱ་བ་འདིའི་གཟུང་བ་ནི་
འདི་ཡིན་ཞིང་འདིའི་འཛིན་པ་ནི་འདི་འཛིན་པའམ། ཤེས་པ་གཞན་འགའ་ཞིག་གིས་འཛིན་པ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་དངོས་པོས་ཆོས་གཞན་གྱི་ཁྱད་པར་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །བློ་རང་ཉིད་དམ་ཞེས་བྱ་བ་ནི་དཔག་པར་བྱ་བ་གང་ཡིན་པ་དེ་ཉིད་རྟགས་ཉིད་དུ་འགའ་

ཞིག་གི་ཚེ་རྟོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་བྱེ་བྲག་ཅེས་བྱ་བ་ནི་དབང་པོའི་ཁྱད་པར་རོ། །སྒྲིབ་གཡོགས་མེད་པ་ཞེས་བྱ་བ་ལ་སྒྲིབ་གཡོགས་ནི་རྩིག་པ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་ལིང་ཏོག་དང་མིག་སྤྲིན་ལ་སོགས་པས་རྗེས་སུ་གནོད་པ་གཟུང་ངོ་། །
ཤེས་པར་མི་ནུས་པ་ཅན་ཉིད་ཀྱིས་ཞེས་བྱ་བ་ནི་དེ་ལ་ཡོད་པའི་ཁྱད་པར་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བློ་ལས་གཞན་པ་དེ་གང་ཡིན་པ་ཞེས་བྱ་བ་ནི་ཡུལ་ལ་འཇུག་པའོ། །དེ་ཡང་མ་གྲུབ་པ་ཞེས་བྱ་བ་ནི་བློའོ། །ཉེ་བ་དང་བསྐལ་པ་དག་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་
མ་ཡིན་པར་དམིགས་པ་ཅན་གྱི་ཐམས་ཅད་དུ་ཁྱད་པར་མེད་པའི་དོན་འགའ་ཞིག་དང་ལྷན་ཅིག་ཉེ་བ་དང་བསྐལ་པ་དག་མེད་པའི་ཕྱིར་རོ། །བློའི་ཁྱད་པར་ཅན་གྱི་དོན་གང་ལ་ཞེས་པ་ནི་དོན་གང་ལ་བློའི་ཁྱད་པར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་དོན་གསལ་བ་ཞེས་བྱ་བ་ནི་དོན་གསལ་བ་སྟེ་བློ་ཞེས་བྱ་
བའི་ཐ་ཚིག་གོ། །དོན་རྟོགས་པ་གསལ་བར་མི་འདོད་ན་ཞེས་བྱ་བ་ནི་མི་འདོད་ན་ཞེས་བྱ་བའི་སྐབས་ཡིན་ནོ། །དོན་གྱི་བྱེ་བྲག་འགའ་ཞིག་དེ་ཉིད་བདག་ཉིད་དུ་གྱུར་པའི་ཞེས་བྱ་བ་ནི་བློའི་ཁྱད་པར་ལ་ལྟོས་པ་མེད་པ་ཉིད་ཀྱིས་ཞེས་བྱ་བར་སེམས་སོ། །དེ་ཤེས་པ་ཤེས་པ་མེད་ན་འདི་ཤེས་པ་ཉིད་
ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོན་བྱེ་བྲག་དེ་ཤེས་པ་གང་ཡིན་པ་དེའི་ཤེས་པ་མེད་ན། དེ་འཛིན་པའི་དངོས་པོ་མེད་ན་དོན་གྱི་བྱེ་བྲག་འདི་ཤེས་པ་ཉིད་ཡོད་པ་མ་ཡིན་ནོ། །ཡུལ་དམིགས་པ་ལ་དམིགས་པར་བྱེད་ན་ཞེས་བྱ་བ་ནི་ཡུལ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བའོ། །དེ་དང་
དེ་ཡང་ཞེས་བྱ་བ་ནི་ཡུལ་ལ་དམིགས་པའོ། །དེ་ལྟ་ན་ཡང་དེ་ལ་དེ་ཤེས་པ་ཉིད་དོན་དམ་པར་ཡོད་པ་ཉིད་ཡིན་པས་ན་ཞེས་བྱ་བ་ནི་དོན་དེ་ལས་ཤེས་པ་དེས་ཤེས་པ་ཉིད་དོན་དམ་པར་ཡོད་པ་ཡིན་ཏེ་ཤེས་པར་བྱ་བ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཤེས་པ་མ་ཡིན་པ་རྟགས་
ཡིན་པ་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཉིས་པ་བསྟན་ཏེ། ཅི་སྟེ་ཤེས་པ་མ་ཡིན་པའི་དོན་གྱི་བྱེ་བྲག་ཤེས་པ་ལ་རྟགས་ཡིན་ནའོ། །བདག་ཉིད་མངོན་སུམ་ཉིད་མ་ཡིན་པའི་ཕྱིར་མ་མཐོང་བའོ། །མཐོང་བ་སྟེ་དམིགས་པ་གང་དག་ལ་ཡོད་པ་དེ་དག་ནི་མ་མཐོང་མཐོང་ཅན་དག་གི་དོན་ཡིན་ཏེ།

མངོན་སུམ་མ་ཡིན་པ་དམིགས་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་པོར་མངོན་པར་འདོད་པ་ལས་གཞན་གྱི་ནི་ཞེས་བྱ་བ་ནི་གང་ཞིག་དེའི་ཡུལ་ཅན་གྱིས་མངོན་སུམ་འཇུག་པར་འདོད་པ་གང་ཡིན་པ་མངོན་པར་འདོད་པ་དེའོ། །ལྟ་བ་པོ་དེ་དག་ལས་གཞན་གྱིས་ཏེ། གང་ཞིག་དེའི་དོན་དེ་དག་ལ་ཤེས་པ་
མི་འཇུག་པའོ། །མཐོང་བ་ལ་ལར་མཐོང་བ་མེད། །ཅེས་བྱ་བ་ལ་མཐོང་བ་ནི་དམིགས་པ་ཡིན་ལ། དེ་ལྟར་མཐོང་བ་མེད་པ་ནི་དམིགས་པ་མེད་པ་ཞེས་བྱ་བའི་དོན་ཏེ། ཅི་ལྟར་དེའི་ཚེ་གཟུགས་ལ་སོགས་པ་དག་ཤེས་པ་མ་སྐྱེས་པས་དོན་མ་མཐོང་བར་འདོད་པ་དེ་ལྟར་གང་ཞིག་དེ་ལ་ཤེས་པ་
འཇུག་པ་དེས་ཀྱང་ཡུལ་ལ་དམིགས་པ་སྐྱེས་སུ་ཟིན་ཀྱང་མངོན་སུམ་དུ་ཁས་མི་ལེན་པས་མྱོང་བ་ཉིད་མ་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་པའི་དམིགས་པ་ཅན་གྱི་དོན་དེ་དག་ནི་མ་མཐོང་བ་ཉིད་དུ་ཐལ་བར་འགྱུར་ཏེ། རང་ཉིད་ཀྱིས་ཀྱང་བདག་ཉིད་ཉམས་སུ་མྱོང་བ་མ་ཡིན་པའི་རང་བཞིན་ཅན་གྱི་
ཤེས་པ་ནི་མེད་པར་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་དོན་ཉམས་སུ་མྱོང་བར་དམིགས་པ་ཅན་དག་ཀྱང་སྐྱེས་བུ་ལྟ་བ་པོར་མངོན་པར་འདོད་པ་གཅིག་གིས་འཛིན་པར་འདོད་པ་དེ་ལྟར་ལྟ་བ་བོར་མངོན་པར་འདོད་པ་ལས་གཞན་པའི་སྐྱེས་བུས་ཀྱང་མཐོང་བར་འགྱུར་ཏེ། སྐྱེས་བུ་གཉི་ག་
ཡང་ཡུལ་ལ་དམིགས་པ་དོན་མྱོང་བ་མེད་པར་མཚུངས་པའི་ཕྱིར་རོ། །དེ་ཉིད་ནི་དེ་ལྟ་བུའི་རྣམ་པ་ཅན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བས་ན་ཐལ་ཆེས་པར་མ་གྱུར་ཅིག་སྙམ་པས་སྐྱེས་བུ་ལྟ་བ་པོར་མངོན་པར་འདོད་པས་ཀྱང་སྐྱེས་བུ་མངོན་སུམ་མ་ཡིན་པའི་ཡུལ་དམིགས་པ་ཅན་གྱིས་དོན་དེ་
མཐོང་བ་མ་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །དེ་བས་ན་གལ་ཏེ་སྐྱེས་བུ་ལྟ་བ་པོའི་དོན་གྱི་བློ་སྐྱེ་བ་དེ་ལྟ་ན་ཡང་དེ་མངོན་སུམ་ཉིད་མ་ཡིན་པ་དེ་ལྟར་ན་དེས་དོན་གྱི་ཁྱད་པར་དེ་དམིགས་པ་མ་ཡིན་ནོ། །དེ་ལྟར་ན་ཡང་དོན་གྱི་ཁྱད་པར་མ་ཤེས་ན་ཡང་གལ་ཏེ་བློ་ལ་རྟགས་ཉིད་ཡིན་པར་སྐྱེས་བུ་ལྟ་བ་པོ་མངོན་
པར་འདོད་པ་ལ་ལྟོས་པ་དེ་ལྟ་ན་ཡང་དོན་མ་མཐོང་བ་ཅན་གྱི་སྐྱེས་བུ་གཞན་དེ་དག་ལ་ཡང་ཕྱི་རོལ་གྱི་དོན་གྱི་བྱེ་བྲག་ཡོད་པ་ཡིན་པས་ན་དེ་ལ་བློ་རྗེས་སུ་དཔོག་པའི་རྟགས་སུ་ཡང་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དོན་དེ་མི་ཤེས་པའི་བྱེ་བྲག་ཅེས་བྱ་བ་སྨོས་ཏེ། སྐྱེས་བུ་གཞན་མཐོང་བ་ལ་

ཡང་ཞེས་བྱ་བ་ནི་སྐྱེས་བུ་ལྟ་བ་པོར་མངོན་པར་འདོད་པའི་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་ན་ཡང་དོན་གྱི་བྱེ་བྲག་མི་ཤེས་པ་ཉིད་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་དམིགས་པ་ཉིད་ཀྱི་ཕྱིར་རོ། །གཞན་གྱི་ཡོད་དེ་ཞེས་བྱ་བ་ནི་ལྟ་བ་པོ་མ་ཡིན་པའི་སྐྱེས་བུ་གཞན་གྱི་ཡང་མི་ཤེས་
པའི་དོན་གྱི་བྱེ་བྲག་བློའི་རྟགས་སུ་གྱུར་པ་ཡོད་པ་ཡིན་ནོ། །རང་གི་ཆོས་ལ་ལྟོས་མེད་ཅན། །ཞེས་བྱ་བ་ལ་སྐྱེས་བུ་རྗེས་སུ་དཔོག་པ་པོའི་རང་གི་ཆོས་ཏེ་ཤེས་པ་གཞན་ལ་ལྟོས་པ་མེད་པ་ཅན་ནོ། །སྐྱེས་བུ་རྗེས་སུ་དཔོག་པ་པོའི་ཞེས་བྱ་བ་ལ་སོགས་པ་ནི་དེའི་བཤད་པ་ཡིན་ནོ། །སྐྱེས་བུ་རྗེས་སུ་དཔོག་པ་པོའི་
བདག་ཉིད་དུ་གྱུར་པའི་ཤེས་པ་ཞེས་བྱ་བའི་ཆོས་དེ་ལ་ལྟོས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །རང་ཆོས་རང་གི་ཡུལ་ཞེས་བྱ་བ་ནི་རང་གི་ཆོས་ཀྱང་ཡུལ་གཞན་ལ་དམིགས་པ་ཅན་དུ་འགྱུར་བ་ཁྱད་པར་དུ་བྱ་བའི་ཕྱིར་ཡུལ་སྨོས་པ་ཡིན་ནོ། །བློ་རྒྱུ་སྟེ་རྟགས་ནི་རང་གི་བློའི་རྟགས་སོ། །འབྲེལ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་
ཚོགས་པ་ཐ་དད་པ་ལ་སྐྱེ་བ་ཅན་ཉིད་ཡིན་པའི་ཕྱིར་འབྲེལ་པ་མེད་པ་ཡིན་ནོ། །འབྲས་བུ་བློ་ལྡོག་པ་ཉིད་ལས་ཞེས་བྱ་བ་ནི་འབྲས་བུ་བློ་ཞེས་བྱ་བ་ལྡོག་པ་ལས་ཏེ། རྒྱུ་གཞན་ཡོད་ན་ཡང་དབང་པོ་མེད་ན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་མི་འགྲུབ་པ་ཞེས་བྱ་བ་ནི་དབང་པོ་མི་འགྲུབ་པའོ། །དེའི་རྟགས་མ་ཡིན་ཞིང་
བློ་ཡང་མ་ཡིན་ཞེས་བྱ་བ་ནི་བློ་དེ་འབྲས་བུའི་བདག་ཉིད་ཀྱི་རྟགས་སུ་གྲུབ་པ་མ་ཡིན་ཞིང་བློ་རྒྱུའི་བདག་ཉིད་དུ་ཡང་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འགྱུར་བར་ནི་འདོད་མོད་ཀྱི། ཅི་ལྟར་གཟུགས་དང་ཡིད་ལ་བྱེད་པ་ལ་སོགས་པ་ཡོད་ན་ཡང་འབྲས་བུ་རྣམ་པར་ཤེས་པ་ལྡོག་པ་འགའ་ཞིག་ལས་རྒྱུ་འགའ་
ཞིག་ཡོད་པ་ཡིན་ནོ་ཞེས་སྤྱིར་དབང་པོ་སྒྲུབ་པར་བྱེད་པ་དེ་ལྟར་ལུས་ཀྱི་གཡོ་འགུལ་ལ་སོགས་པའི་འབྲས་བུ་གང་ཡིན་པ་འགའ་ཞིག་ལྡོག་པ་ལས་རྒྱུ་འགའ་ཞིག་ཀྱང་ཡོད་པ་ཡིན་པ་དེ་ལྟར་ན་སྤྱིར་བློ་གྲུབ་པ་ཡིན་ནོ་ཞེ་ན། འབྲས་བུ་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་གཟུགས་དང་ཡིད་ལ་བྱེད་པ་མ་
གཏོགས་པར་རྒྱུ་འགའ་ཞིག་ཡོད་པ་དེ་ལྟར་སྤྱིར་དབང་པོ་གྲུབ་པ་ཡིན་ཏེ། བློའི་རྒྱུ་ཉིད་དབང་པོ་ཡིན་པར་འགྲུབ་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་རྒྱུ་ཉིད་དབང་པོའི་སྒྲས་བརྗོད་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་འགའ་ཞིག་ལྡོག་པ་ལས་སྤྱིར་རྒྱུ་ཙམ་འགྲུབ་པ་ན་བློ་རྒྱུ་ཉིད་ཡིན་པར་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་

བྱ་བའི་དོན་ཏོ། །བློ་ནི་རྒྱུ་ཙམ་དུ་འདོད་པ་མ་ཡིན་ཏེ། དེ་ཉིད་ནི་འོན་ཀྱང་བློའི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློའི་ངོ་བོ་ཉིད་དུ་གྲུབ་པ་ན། །བློ་འདིའི་འབྲས་བུ་འདི་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དེ་ལྟར་ན་ཚོགས་པ་ཐ་དད་པ་སྐྱེ་བ་ཅན་ཡང་ཞེས་བྱ་བ་ལ་སོགས་པ་ལ། བློའི་
ཚོགས་པ་གང་ཡིན་པ་དེ་ལས་ཚོགས་པ་ཐ་དད་པ་སྐྱེ་བ་ཅན་དེ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་ཡོད་པ་ཡིན་ལ། བློའི་རྟགས་ཉིད་དུ་འགྱུར་རོ། །རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚོགས་པ་གཅིག་ལ་རག་ལས་པ་དང་། ཚོགས་པ་ཐ་དད་པ་ལ་རག་ལས་པ་ཇི་སྐད་དུ་བཤད་པའི་རྣམ་པས་བློའི་རྟགས་
ཉིད་ཡིན་པ་བསལ་བ་ཡིན་ཏེ། རྣམ་པ་གསུམ་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྟགས་གང་གིས་བདག་ཉིད་ལ་བློ་ཞེས་བྱ་བ་ལ་སོགས་པ་ལ་རྟགས་གང་གིས་ཏེ། ལུས་ཀྱི་གཡོ་འགུལ་ལ་སོགས་པས་རྗེས་སུ་དཔོག་པ་པོ་བདག་ལ་བློ་བསྒྲུབ་པར་འདོད་པའིའོ། །རྟགས་དེ་ཉིད་ལས་
གཞན་ལ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་བློ་འགྲུབ་པར་འགྱུར་ཏེ། དཔེ་མེད་པར་ཞེས་བྱ་བར་སེམས་སོ། །དེ་གྲུབ་པས་གཞན་དུ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལས་གཞན་པ་སྟེ་ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རྗེས་སུ་འགྲོ་བ་གྲུབ་པ་ཡིན་ཞིང་རྗེས་སུ་འགྲོ་བ་དེ་ལས་བདག་ལ་ཡང་རྗེས་སུ་
དཔོག་པ་ཡིན་ནོ། །འདིས་ནི་འདི་སྐད་དུ་མཐུན་པའི་ཕྱོགས་ལ་དཔེ་མེད་པར་བློ་རྗེས་སུ་དཔོག་པར་བྱེད་ཅིང་ཕྱོགས་ཀྱི་ཆོས་བདག་ལ་ནི་དཔེའི་སྟོབས་ཀྱིས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །རྟགས་གང་གིས་བདག་ལ་བློ་རྗེས་སུ་དཔོག་པར་འདོད་པའི་
རྟགས་དེ་ཉིད་ལས་སྔར་འདི་ནི་རྗེས་སུ་འགྲོ་བ་བདག་ལ་རྗེས་སུ་དཔག་པ་དེ་ལས་གྲུབ་པ་གང་ཡིན་པ་དེ་ནི་བདག་ལ་བློ་རྗེས་སུ་དཔག་པ་གང་ཡིན་པ་དེ་ལས་སྔར་གྲུབ་པ་ཡིན་ནོ། །དེ་ལྟར་ན་རྗེས་སུ་དཔག་པ་གྲུབ་པའི་དུས་ཕྱིས་བདག་ལ་བློ་རྗེས་སུ་དཔོག་པ་གྲུབ་པ་ཡིན་ནོ། །རེ་ཞིག །བསྒྲུབ་པར་བྱ་བ་གཞན་ལ་ཡང་། །
ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལའོ། །དེ་ལྟར་ན་དེ་ལ་ཡང་བློ་དཔེ་ཉིད་དུ་བརྗོད་པར་བྱའོ། །དཔེ་མེད་པར་ནི་མཐུན་པའི་ཕྱོགས་ལ་ཡང་བློའི་མཐུན་པའི་ཕྱོགས་གྲུབ་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་བསྒྲུབ་པའི་ཕྱིར་རྟགས་ཉིད་དུ་བརྗོད་པ་གང་ཡིན་པ་དེའི་ཡང་དཔེ་གཞན་བསྒྲུབ་པར་བྱ་བ་ཉིད་ཡིན་པ་འདིས་ནི་

ཐུག་པ་མེད་པ་རིང་དུ་སོང་བ་བསྟན་ཏོ། །དེ་ལྟ་མ་ཡིན་ན་གལ་ཏེ་དེར་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལའོ། །འདིར་ཡང་ཞེས་བྱ་བ་ནི་བདག་ལའོ། །དཔེ་མེད་པ་ཅན་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཡང་ངོ་། །དེའི་ཚེ་འབྲེལ་བ་བཟུང་བ་ཅན་དེ་ལས་ཞེས་བྱ་བ་ནི་གཡོ་འགུལ་ལ་
སོགས་པ་བློའི་འབྲས་བུ་ཉིད་དུ་བདག་ལ་བཟུང་བ་ལས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལ་གཅིག་བདག་ཉིད་གསལ་བར་འགྱུར་བ་ཞེས་བྱ་བ་ནི་བློ་སྔ་མ་འཛིན་པར་བྱེད་པ་ཕྱིས་འབྱུང་བའི་བློ་གཞན་མི་གསལ་བ་ཞེས་བྱ་བ་ནི་བློ་སྔ་མའོ། །སྒྲོན་མ་ནི་གསལ་བར་བྱེད་པ་ཡིན་ཞིང་བུམ་པ་ནི་གསལ་བར་བྱ་བ་ཡིན་
ནོ། །ཐ་སྙད་དུ་ཡང་མི་འགྱུར་ན་འགྱུར་བ་ཡང་ཡིན་པ་ཞེས་བྱ་བ་ནི་ཐ་སྙད་དུའོ། །དེ་ལྟར་ན་དོན་འདི་ཉིད་གསལ་བ་ཡིན་ན་འདི་ལ་ཐེ་ཚོམ་གྱིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པས་དོན་གསལ་བའི་ཐ་སྙད་དུ་འགྱུར་རོ། །ཡུལ་ནི་ཅི་ལྟར་གསལ་བ་ཡིན། །མ་ཡིན་པ་ཉིད་དོ་ཞེས་བྱ་བའི་གཞུང་འདི་ནི་གཞན་
གྱི་ཡིན་ནོ། །འདིས་ནི་བདག་ཉིད་གསལ་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། འོན་ཀྱང་དེ་བདག་ཉིད་གསལ་བའི་བདག་ཉིད་ཡིན་པ་དེ་ལྟར་ན་བློ་ཕྱི་མ་བདག་ཉིད་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །བློ་བཞིན་དུ་བློ་དང་འདྲ་བ་ཉིད་ཀྱི་ཕྱིར་བློ་གསལ་བར་བྱེད་པར་འགྱུར་རོ་
ཞེས་བྱ་བ་ནི་ཇི་ལྟར་བློ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་གསལ་བར་བྱེད་པ་མ་ཡིན་པའི་བདག་ཉིད་ཅན་ཡིན་ན་ཡང་ཕྱིས་འབྱུང་བའི་བློ་སྔ་མ་གསལ་བར་བྱེད་པ་དེ་ལྟར་ན། དོན་ཡང་གསལ་བར་བྱེད་པ་མ་ཡིན་པའི་བདག་ཉིད་ཅན་ཉིད་ཀྱིས་བློ་དེ་ལྟ་བུར་གྱུར་པ་དང་འདྲ་བ་ཡིན་པ་དེ་ལྟར་ན་བློ་གསལ་བར་བྱེད་པར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །གསལ་བ་དང་གསལ་བའི་ངོ་བོ་མ་ཡིན་པའི་རྟེན་ཅན། གསལ་བྱ་དང་གསལ་བྱེད་ཁྱད་པར་གྱིས་ཞེས་བྱ་བ་ནི་གསལ་བའི་ངོ་བོའི་རྟེན་ཅན་ནི་གསལ་བྱེད་ཀྱི་ཁྱད་པར་རོ། །གསལ་བའི་ངོ་བོ་མ་ཡིན་པའི་ཁྱད་པར་ནི་གསལ་བྱའི་ཁྱད་པར་ཡིན་ནོ། །དེ་ཞེས་བྱ་བ་ནི་གསལ་བྱ་དང་
གསལ་བྱེད་ཀྱི་ངོ་བོར་འཇིག་རྟེན་ཐ་སྙད་དུ་ཡོད་པ་གང་ཡིན་པའོ། །མཐོང་ཞེས་བྱ་བར་ངེས་པ་མེད། །ཅེས་བྱ་བ་ནི་དོན་འདི་མཐོང་ངོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་ངེས་པ་སྟེ། དེ་ཡང་དོན་མཐོང་བར་བྱེད་པར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་གང་ལས་ཏེ་དོན་མཐོང་བ་ལས་མཐོང་བ་ངེས་པར་འགྱུར་བ་འདིའོ། །དེའི་འམ་

ཞེས་བྱ་བ་ནི་དོན་གྱིའོ། །དོན་དེ་ལས་ཀྱང་དོན་གྱི་ཡུལ་ཅན་གྱི་ཤེས་པ་གཞན་གྱི་ཞེས་བྱ་བའི་དོན་ཏོ། །དོན་མཐོང་བའི་དུས་ཉིད་ནི་དོན་ཉམས་སུ་མྱོང་བའི་དུས་ཉིད་མཐོང་བས་བརྗོད་པར་བྱ་སྟེ། དོན་གྱི་ཡུལ་ཅན་གྱི་ཤེས་པའི་ཉམས་སུ་མྱོང་བ་མེད་པར་དོན་མཐོང་བ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་
སོ། །དེ་ཡང་ཞེས་བྱ་བ་ནི་དོན་མཐོང་བ་དང་དུས་མཚུངས་པ་དོན་མཐོང་བའི་ཡུལ་ཅན་གྱི་ཤེས་པའི་མཐོང་བའོ། །སློབ་དཔོན་གྱིས་དེས་སྨྲས་པའི་གྲུབ་པ་ལ་སྒྲུབ་པའི་ལན་ཞེས་བྱ་བ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞན་གྱིས་སྨྲས་པའི་གྲུབ་པ་ལ་སྒྲུབ་པའི་སྐྱོན་བསལ་བ་ཤེས་པ་ཤེས་པ་གཞན་
གྱིས་ཉམས་སུ་མྱོང་བ་ཡིན་ན་ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་བཤད་དོ། །འདི་ལ་ལན་སྔར་བཤད་ཟིན་མོད་ཀྱི་སྐྱོན་ལྷག་པ་བརྗོད་པར་བྱ་བའི་ཕྱིར་ཡང་ཉེ་བར་བཀོད་པ་ཡིན་ནོ། །ཡུན་རིང་གནས་པ་མེད་ཕྱིར་རོ། །ཞེས་བྱ་བ་ནི་དུས་རིང་པོར་གནས་པ་མེད་པའི་ཕྱིར་རོ། །རྡུལ་
ཕྲ་རབ་གཅིག་མངོན་པར་བསྒྲེས་པའི་དུས་ནི་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བ་ནི་དུས་ཇི་སྲིད་དུ་རྡུལ་ཕྲ་རབ་གཞན་ལས་འདས་པའི་དུས་དེ་སྲིད་ནི་སྐད་ཅིག་མ་ཞེས་བྱ་བའི་དོན་ཏེ། དུས་དེ་སྲིད་ནི་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྐད་ཅིག་མ་དུ་མ་འདས་པའི་དུས་ཀྱི་མཐའ་ཅན་ནི་མིག་འབྱེད་པ་དང་
འཛུམས་པ་ཞེས་བྱ་བ་ལ་སྐད་ཅིག་མ་དུ་མ་འདས་པ་ནི་བསྒྲེས་པའོ། །གང་ལ་དེ་ཉིད་ཀྱི་དུས་ཀྱི་མཐའ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐད་ཅིག་མ་དུ་མ་འདས་པའི་དུས་ཀྱི་མཐའ་ཅན་ཏེ། ཡོངས་སུ་རྫོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མིག་འབྱེད་པ་གཅིག་དང་མིག་འཛུམས་པ་
གཅིག་ཅེས་བྱ་བ་སོ་སོར་སྦྱར་རོ། །དུས་དེ་ཙམ་གྱིས་ཞེས་པ་ནི་མིག་འཛུམས་པ་གཅིག་གི་དུས་དང་མིག་འབྱེད་པ་གཅིག་གི་དུས་ཀྱིས་སོ། །ཆེས་ཤིན་ཏུ་ཆུང་བ་ཡང་ཞེས་བྱ་བ་གཅིག་ཙམ་ལ་ཡང་ངོ་། །ཡི་གེ་གྲུབ་པའི་དུས་ན་གནས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་གིས་བསྡུས་པའི་
ཉན་པ་པོའི་བློ་ནི་སྐད་ཅིག་མ་དུ་མའི་བདག་ཉིད་ཅན་གྱི་ཡི་གེ་གྲུབ་པའི་དུས་ན་ཡོད་པ་མ་ཡིན་ནོ། །དེ་བས་ན་ཡི་གེ་གཅིག་གི་དུས་ན་མི་གནས་པའི་བློ་གཅིག་གི་ཡི་གེ་གཅིག་འཛིན་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འགྱུར་བར་ནི་འདོད་མོད་ཀྱི་ཉན་པ་པོའི་བློའི་སྐད་ཅིག་མ་མང་པོ་རིམ་གྱིས་སྐྱེ་བར་གྱུར་པ་

དག་གིས་རིམ་གྱིས་ཡི་གེའི་ཆ་ཐམས་ཅད་ཡོངས་སུ་གཅོད་པར་བྱེད་ཅིང་བློའི་སྐད་ཅིག་མ་དེ་དག་གིས་ཀྱང་ཕྱིས་ཡི་གེ་གཅིག་ཏུ་ཞེན་པར་བྱེད་པ་ཅན་གྱི་དྲན་པ་སྐྱེད་པར་བྱེད་པ་དེ་བས་ན་དེ་ལས་རིང་པོ་ལ་སོགས་པའི་ཡི་གེ་འཛིན་པའི་ཐ་སྙད་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་ཡི་གེའི་ཆ་ཐམས་ཅད་ལ་ཡང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བློ་དེ་དག་རང་རིག་པའི་ངོ་བོར་འགྱུར་བ་དེའི་ཚེ། མྱོང་བར་འགྱུར་ཞིང་ཕྱིས་ཡི་གེ་གཅིག་འཛིན་པའི་བདག་ཉིད་ཅན་གྱི་དྲན་པར་བྱེད་པར་འགྱུར་ན་དེ་དག་ལ་མྱོང་བ་ཉིད་ཡོད་པ་ནི་མ་ཡིན་ཏེ། རང་རིག་པ་ཉིད་ཁས་མི་ལེན་པའི་ཕྱིར་རོ། །འགྱུར་བར་ནི་འདོད་མོད་ཀྱི་རང་རིག་
པར་མི་འགྱུར་བ་དེ་ལྟ་ན་ཡང་ཡི་གེའི་ཆ་སོ་སོ་ལ་སྐྱེས་པའི་བློ་དེ་དག་རྣམས་དང་དུས་མཚུངས་པ་ཅན་ཉིད་ཀྱི་བློ་རྣམ་པར་རྟོག་པ་འཛིན་པར་བྱེད་པ་འབྱུང་བར་འགྱུར་བ་དེ་བས་ན་རྣམ་པར་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བའི་བློ་དག་འཛིན་པའི་ཕྱིར། ཇི་སྐད་དུ་བཤད་པའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་
རྟོག་པ་དང་བཅས་པ་དང་རྟོག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་ཆ་ལ་དམིགས་པ་ཅན་གྱི་རྟོག་པ་མེད་པའི་བློ་དང་། དེ་ལ་དམིགས་པ་ཅན་གྱི་ཡིད་ཀྱི་བློ་དག་ཅིག་ཅར་འཇུག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རང་རིག་པ་མེད་པར་ཤེས་པ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་
འདོད་པ་ཁས་བླང་བར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་ཡི་གེའི་ཆ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆེས་ཤིན་ཏུ་ཆུང་བ་ཞེས་བྱ་བ་ནི་གང་ལས་གཞན་དུ་ཆ་གཞན་དུ་རྟོག་པ་ཡོད་པ་མ་ཡིན་ཏེ། དེ་ཉིད་ལ་སྐད་ཅིག་མས་བསྡུས་པ་འཛིན་པར་བྱེད་པའི་བློ་གང་ཡིན་པ་དེའི་སྐད་ཅིག་མ་ཙམ་གྱིས་
འཇིག་པ་ཡིན་ནའོ། །དེ་མ་ཐག་ཏུ་དེ་མྱོང་བའི་བློ་ཞེས་བྱ་བ་ནི་ཆེས་ཆུང་བའི་ཡི་གེའི་ཆ་དེ་འཛིན་པར་བྱེད་པའི་བློ་ནི་ཉམས་སུ་མྱོང་བའི་བློའོ། །དེ་ལྟར་ན་ཤེས་པ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་གྲུབ་པར་འགྱུར་ན་བློའི་ཡུལ་ཅན་ཉམས་སུ་མྱོང་བའི་བློ་སྐྱེ་བའི་དུས་ན་གཞན་ཡི་གེའི་ཆ་གང་ཡིན་པ་དེ་ལ་
འཛིན་པར་བྱེད་པའི་བློ་ཡོད་པ་མ་ཡིན་ཏེ། བློ་གཉིས་ཅིག་ཅར་འཇུག་པ་མེད་པའི་ཕྱིར་རོ། །དེ་བས་ན་བློ་ལ་དམིགས་པ་དེས་དེ་ལས་གཞན་པའི་ཡི་གེའི་ཆའི་ཤེས་པ་ཆོད་པ་ཡིན་པ་ཞེས་བྱ་བ་ནི་རང་གི་ཡུལ་གྱི་ཡི་གེ་འཛིན་པའི་དུས་ན་ཤེས་པ་མི་སྐྱེ་བ་ཉིད་ཆོད་པ་ཡིན་ནོ། །རིམ་བཞིན་དུ་སྒྲའི་སྣང་བ་གནས་པར་

མི་འགྱུར་རོ་ཞེས་བྱ་བ་ནི་གོ་རིམས་མེད་པ་ཅན་ལ་རིམ་བཞིན་དུ་སྣང་བ་འགལ་བའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་དྲུག་ཅུ་པ། དེ་ཉིད་བསྟན་པར་བྱ་བའི་ཕྱིར་དེར་སྣང་བ་དེ་ནི་ཞེས་བྱ་བ་སྨོས་ཏེ། ཡི་གེའི་ཆ་རིམ་བཞིན་དུ་གཟུང་བ་མ་ཡིན་པར་སྣང་བའོ། །གལ་ཏེ་བློ་
རིམ་བཞིན་དུ་སྣང་བ་ཅན་དུ་ནི་མི་འགྱུར་རོ་ཞེ་ན། བློ་གོ་རིམས་མེད་པ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བློ་ནི་ཅིག་ཅར་སྣང་བའི་ཕྱིར། །ཞེས་བྱ་བ་ནི་ཡི་གེའི་ཆ་ཅིག་ཅར་སྣང་བའི་ཕྱིར་དེ་ལ་ཐ་དད་པ་མེད་པའི་ཡི་གེ་རིམ་མེད་པར་འགྱུར་རོ། །ཡི་གེ་རིང་མི་འགྱུར་ཞེས་བྱ་བ་ནི་རིམ་མ་ཡིན་པར་སྣང་
བ་ཉིད་ཀྱིས་ཐུང་བ་དང་དུས་མཚུངས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དུས་ཤིན་ཏུ་ཆུང་བར་གཅིག་འཛིན་ཅིང་གཞན་ནི་རྒྱུན་གྱིས་འཛིན་པ་དེའི་ཚེ་རིང་པོ་དང་ཐུང་ངུ་དག་ཐ་དད་པར་འགྱུར་རོ། །དེ་ཉིད་ནི་དེ་ལྟར་ན་སྐད་གསང་མཐོན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཆ་དུ་མའི་རིམ་གྱིས་རྒྱུན་དུ་སྣང་བ་ལས་ཡིན་ནོ་ཞེས་
བྱ་བ་ནི་ཆ་དུ་མའི་གང་ཡིན་པ་དེ་ཉིད་རྒྱུན་ཡིན་ནོ། །འགྱུར་བར་ནི་འདོད་ན་ཡི་གེའི་ཆ་སྔ་མ་རང་ཉིད་ཡོད་པའི་དུས་ན་བློ་སྐྱེད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཡི་གེའི་ཆ་གཉིས་པ་གྲུབ་པ་ལ་ལྟོས་ནས་གྲུབ་པ་ཡོད་ན་དེ་དང་ལྷན་ཅིག་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་སྐྱེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཡི་གེ་སྔ་མ་རང་ཡོད་པའི་དུས་ན་གལ་ཏེ་སྐྱེད་པར་མི་བྱེད་པ་དེ་ལས་ཕྱིས་ཀྱི་ཡན་ལག་གི་དུས་ན་ཆ་སྔ་མ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡོད་པ་ཉིད་མ་ཡིན་པའི་རྒྱུས་ན་རྒྱུ་མ་ཡིན་པའི་ཕྱིར་རོ། །ཡི་གེའི་ཆ་སྔ་མ་ཐ་མའི་བར་གནས་ན་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་ཆའོ། །ཡི་གེའི་ཆ་ཐ་མའི་བར་དུ་
གནས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཡི་གེའི་ཆ་ཐ་མའི་བར་དུ་གནས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་མཚུངས་དུ་མ་ཡང་ཐོས་པའི་ཕྱིར་རིང་པོའི་བློ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རྒྱུན་གྱིས་འཇུག་པ་འཛིན་པས་ཡིན་ནོ། །རྒྱུན་མཐོང་བ་མེད་པར་བསྟན་པའི་ཕྱིར་དེ་ཕྱིས་ཞེས་པ་སྨོས་སོ། །ཚིགས་
སུ་བཅད་པའི་ཆ་འདིའི་རྣམ་པར་འགྲེལ་པ་ནི་ཡི་གེའི་ཆ་ཐ་མ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གནས་པ་མེད་ཅེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་གནས་པ་ཡོད་པ་མ་ཡིན་ན་ཞེས་བྱ་བ་ཡིན་ནོ། །དུས་མཚུངས་པ་ཅན་གྱི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཁས་ལེན་པ་ལ་དེ་སྐད་ཅེས་བྱ་བའི། ཡུལ་གནས་

པ་མེད་པའི་ཕྱིར་དེའི་བློ་གནས་པ་མེད་པར་བརྗོད་པ་གང་ཡིན་པ་དེ་དུས་མཚུངས་པ་ཅན་གྱི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཁས་ལེན་པ་ཡོད་ན་རྣམ་པར་ཤེས་པ་ལ་རྣམ་པར་འཇོག་པར་ནུས་པའི་རྒྱུ་ཉིད་ཡུལ་ཉིད་ཡིན་པ་གང་ཡིན་པ་དེའི་ཡུལ་ལ་འགགས་པ་ན་ཤེས་པའི་གནས་པ་ཡང་འགལ་
བ་མེད་པ་ཡིན་ཏེ། རྒྱུ་དང་འབྲས་བུ་ཡང་དུས་ཐ་དད་པར་གནས་པའི་ཕྱིར་རོ། །ཡི་གེའི་རིང་པོ་དང་ཚད་གསུམ་པའི་ཞེས་བྱ་བ་ལ་རྒྱུ་ཞེས་བྱ་བ་ཁོང་ནས་དབྱུང་བར་བྱའོ། །གང་ཡང་ཞེས་བྱ་བ་ནི་དཔྱོད་པ་ལ་སོགས་པའོ། །སྒྲ་ཙམ་དག་གིས་ཞེས་བྱ་བ་ནི་སྒྲ་དག་གིས་སོ། །རང་གི་ཤེས་པས་ཆོད་པ་
བློ་དུ་མས་འཛིན་པར་འགྱུར་རོ་ཞེས་བྱ་བས་ནི་འདི་སྐད་དུ་ཆེས་ཤིན་ཏུ་ཆུང་བའི་ཡི་གེའི་ཆ་རེ་རེ་ལ་འཛིན་པར་བྱེད་པ་སྐད་ཅིག་མ་ཙམ་གྱིས་འཇིག་པ་ཡོད་པ་དེ་མ་ཐག་པ་དེ་ཉམས་སུ་མྱོང་བའི་བློས་དེ་ལས་གཞན་པའི་ཡི་གེའི་ཆའི་ཤེས་པ་ཆོད་པ་མ་ཡིན་ཏེ་དེ་ལྟར་ན་རིང་པོ་འཛིན་པར་མི་འགྱུར་རོ་ཞེས་བྱ་བ་
དེ་བསལ་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་ཡི་གེའི་ཆ་འཛིན་པའི་བློ་རྒྱུན་མི་འཆད་པ་སྐྱེ་བར་འགྱུར་ན། འོ་ན་གང་བློ་གཞན་གྱིས་ཀྱང་གང་ཉམས་སུ་མྱོང་བ་ཡིན་ཞེ་ན། དེའི་ཕྱིར་ཡི་གེའི་ཡན་ལག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམས་སུ་མྱོང་བ་དེས་
བློ་རིང་པོ་ལ་སོགས་པར་འགྱུར་རོ་ཞེས་བྱ་བ་ལ། འདི་སྙམ་དུ་གང་གི་ཚེ་ཡི་གེའི་ཆ་ཐ་མ་འཛིན་པའི་བློ་ཉམས་སུ་མྱོང་བ་དེ་བས་ན་དེ་ཉམས་སུ་མྱོང་བའི་ཤུགས་ལས་ཡི་གེའི་ཆ་གོ་རིམས་བཞིན་དུ་ཉམས་སུ་མྱོང་བ་བསྡུས་ནས། ཡི་གེ་གཅིག་ཏུ་འཛིན་པར་བྱེད་པའི་དྲན་པ་གང་ཡིན་པ་སྒྲུབ་པར་བྱེད་དོ་ཞེས་བསམས་པའོ། །
རང་ཉིད་དམ་གཞན་གྱིས་ཉམས་སུ་མྱོང་བ་མ་ཡིན་པའི་རང་བཞིན་ཞེས་བྱ་བ་ནི་དེ་འཛིན་པར་བྱེད་པའི་ཤེས་པ་གཞན་རང་རིག་པ་དེའི་ཚེ་ཁས་མི་ལེན་པའི་ཕྱིར་རོ། །དེ་བས་ན་རེ་ཞིག་བློ་སྔ་མ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཡི་གེ་རིང་པོ་འཛིན་པའི་དྲན་པ་སྐྱེད་པར་མི་ནུས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡི་གེའི་
ཆ་ཐ་མ་འཛིན་པར་བྱེད་པ་ཞེས་བྱ་བ་དེ་ཡང་ཞེས་བྱ་བ་ནི་ཡི་གེའི་ཆ་ཐ་མ་ཆེས་ཤིན་ཏུ་ཆུང་བ་འཛིན་པར་བྱེད་པའོ། །ཡི་གེའི་ཡུལ་ཅན་རིང་བློ་དྲན་མི་འགྱུར་བ་ཞེས་བྱ་བ་ནི་ཁོ་བོས་ཡི་གེ་རིང་པོ་ཉམས་སུ་མྱོང་ངོ་ཞེས་དེ་ལྟར་དྲན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྟོན་པར་

བྱེད་དོ། །ཡི་གེའི་ཆ་འཛིན་པའི་ཤེས་པ་དག་གིས་ཆོད་པ་ཞེས་བྱ་བ་ལ། ཡི་གེའི་ཆ་འཛིན་པ་ནི་སྣང་བའི་ཤེས་པ་ཡིན་ལ་དེ་ལ་འཛིན་པའི་ཤེས་པ་དག་གིས་སོ། །དེ་གཞན་ལ་ཡང་མཚུངས་པ་ཡིན། །ཞེས་བྱ་བ་ལ་སོགས་པས་སོ་ཞེས་བྱ་བ་ནི། དེ་གཞན་ལ་ཡང་མཚུངས་པ་ཡིན་ཞིང་། ཡི་གེ་ཅིག་ཅར་
ཐོས་པ་ཡིན། །ཞེས་བྱ་བ་ལ་སོགས་པས་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཆོད་ཅེས་བྱ་བ་ནི་ཡི་གེའི་ཆོས་སོ། །ཡི་གེ་ཐུང་གཉིས་དག་ནི་བརྗོད་པ་ན། །ཆོད་པ་མེད་པར་འཁྲུལ་པར་འགྱུར། །ཞེས་བྱ་བ་ནི་ཡི་གེ་ཨ་གཉིས་དང་། ཡི་གེ་ཨི་གཉིས་སོ་སོར་བརྗོད་པ་ན་རྣམ་པར་ཆོད་པ་མེད་པར་ཡི་གེ་གཅིག་ཏུ་ཞེན་
པའི་འཁྲུལ་པར་འགྱུར་ཏེ། དེ་ལ་ཡང་བློ་འཇུག་པ་མགྱོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དབང་པོ་ལས་ཆོད་མཐོང་ན་ཡང་། །ཞེས་བྱ་བ་ནི་དབང་པོའི་སྒྲས་ནི་རྣ་བའི་རྣམ་པར་ཤེས་པ་ཉིད་བཤད་པ་དེ་ཉིད་ཀྱི་ཕྱིར་རྣ་བའི་རྣམ་པར་ཤེས་པ་ལས་ཞེས་བྱ་བས་འཆད་པར་བྱེད་དོ། །དབང་པོ་ལས་ནི་
མི་རུང་ཞེས་བྱ་བ་ནི་རྣམ་པར་ཆོད་པ་དག་ལ་ཆོད་པ་མེད་པར་འཁྲུལ་པ་དབང་པོའི་ཤེས་པ་ལས་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ནི་ཡིད་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །ཉམས་སུ་མྱོང་བའི་ཤེས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཤེས་པ་འཛིན་པར་བྱེད་པ་ཉིད་དུ་འདོད་པའི་ཤེས་པ་རྣམས་ཀྱིས་སོ། །དེ་དག་ཀྱང་ཤེས་པ་
གཞན་གྱིས་ཉམས་སུ་མྱོང་བ་དེ་ལ་གཟུགས་དང་། རོ་དང་དྲི་ལ་སོགས་པའི་བློ་རེ་རེ་ལས་ཉམས་སུ་མྱོང་བའི་ཤེས་པ་དེ་མ་ཐག་ཏུ་འགྱུར་བ་ཡིན་ནོ་ཞེས་འདོད་པར་བྱའོ། །དེས་ན་གལ་ཏེ་ཉམས་སུ་མྱོང་བའི་ཤེས་པ་ཆོད་པར་བྱེད་པས་གཟུགས་ལ་སོགས་པའི་བློ་རྣམ་པར་ཆོད་པ་དག་ཆོད་པ་ལ་ཆོད་པ་མེད་པར་འཁྲུལ་པར་
དབང་པོའི་བློ་འགྱུར་ན་དབང་པོའི་ཤེས་པ་ཐམས་ཅད་འཁྲུལ་པར་ཐལ་བར་འགྱུར་རོ། །དུས་ཀྱི་མཐའ་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་དུས་ཀྱི་མཐའ་མི་རུང་བའི་ཕྱིར་རོ། །དུས་ཀྱི་མཐའ་ནི་སྐད་ཅིག་མ་ཡིན་ཏེ། གང་། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཅེས་བཤད་པ་ཡིན་ནོ། །རང་འཛིན་པ་
ཅན་གྱི་བར་དུ་ཆོད་པ་ཡིན་པ་ཞེས་བྱ་བ་ནི་ཡི་གེའི་ཆ་གཅིག་ལ་འཛིན་པའི་བློའི་དེ་མ་ཐག་པའི་བློ་འཛིན་པར་བྱེད་པའི་བློ་སྐྱེ་བ་དེས། ཡི་གེའི་ཆ་གཉིས་པ་འཛིན་པར་བྱེད་པའི་བློ་ཆོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཡི་གེའི་ཆ་སོ་སོ་ལ་འཛིན་པ་ཆོད་པ་ཡིན་ནོ། །ཡི་གེ་རྣམས་ཆོད་པ་ཐོས་པ་ན་ཡང་ཞེས་བྱ་བ་ནི་

ཡི་གེའི་ཆ་རྣམས་སོ། །ཆོད་པ་མེད་པར་འཁྲུལ་པ་དབང་པོའི་བློ་རྣམས་ཡིན་པ་དེའི་ཚེ་ཞེས་བྱ་བ་ནི་གལ་ཏེ་དབང་པོའི་བློ་འཁྲུལ་པར་འདོད་ན་ཞེས་བྱ་བའི་ཐ་ཚིག་གོ། །རིམ་གྱིས་ཡི་གེ་མང་པོ་དག་ལ་བར་དང་བཅས་པར་འཛིན་པར་ཞེས་བྱ་བ་ནི་ཇི་ལྟར་ཡི་གེའི་ཆ་ལ་འཛིན་པ་བར་དང་བཅས་
པ་དེ་ལྟར་ལྷ་སྦྱིན་ལ་སོགས་པའི་ཚིག་འགོད་པ་ཅན་གྱི་ཡི་གེ་མང་པོ་དག་ལ་འཛིན་པ་ཡང་བར་དང་བཅས་པ་ཡིན་ཏེ། བློ་ལ་འཛིན་པར་བྱེད་པའི་བློས་བར་དུ་ཆོད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འཛིན་པ་བར་དང་བཅས་པ་སྣང་བ་ན་ཉམས་སུ་མྱོང་བའི་བློས་ཡི་གེ་འཛིན་པའི་བློ་ཆོད་པ་ཡིན་ན་ལོག་པའི་དོན་ཅན་དུ་འགྱུར་
རོ་ཞེས་བྱ་བར་སྦྱར་རོ། །ཡི་གེ་རྣམས་ཡོངས་སུ་གཅོད་པར་བྱེད་པ་འབའ་ཞིག་ནི་མ་ཡིན་གྱི། འོན་ཀྱང་གཟུགས་ལ་སོགས་པ་ལ་ཡང་ངོ་། །སོགས་པའི་སྒྲས་ནི་དྲི་དང་རོ་ལ་སོགས་པ་གཟུང་ངོ་། །སྐད་ཅིག་མའི་བློས་འཛིན་པ་ན་གཞན་གྱིས་རྣམ་པར་ཆོད་པ་ན་ཡང་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི།
དེ་ཉམས་སུ་མྱོང་བའི་བློས་ཞེས་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པའི་བློ་འཛིན་པར་བྱེད་པའི་བློ་གཞན་གྱིས་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པའི་བློ་ཡང་བར་དུ་ཆོད་པ་ཉིད་ཡིན་པར་མཚུངས་པ་ཡིན་ཏེ། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བའི་ཕྱིར་རོ། །ཡི་གེ་འཛིན་པ་བཞིན་དུ་ཞེས་བྱ་བ་ནི་
ཡི་གེ་གཅིག་ཡོངས་སུ་གཅོད་པར་བྱེད་པ་བཞིན་དུ་སྟེ། དེ་ལྟ་བུར་གྱུར་པ་ཉིད་ནི་དཔེ་ཉིད་ཀྱི་སྐབས་ཉིད་ཡིན་པའི་ཕྱིར་རོ། །རྒྱུན་གྱིས་ཡི་གེ་དུ་མ་འཛིན་པའི་ངང་ཚུལ་ཅན་ནི་དོན་ཉིད་ཡིན་པར་རིག་པར་བྱའོ། །དེ་བས་ན་དབང་པོའི་ཤེས་པ་ཐམས་ཅད་ལོག་པའི་དོན་ཅན་ཉིད་དུ་མི་འགྱུར་བ་དེ་ལྟར་ན་དབང་པོའི་
ཤེས་པ་དག་ཆོད་པ་མེད་པར་འཁྲུལ་པ་མེད་པར་ཁས་བླང་བར་མི་བྱའོ། །དེ་ལྟར་ན་རྒྱུན་ཆད་པ་མེད་པར་སྣང་བར་འགྱུར་ན། འགྱུར་བ་ཡང་ཡིན་པ་དེ་བས་ན་ཤེས་པ་དག་རང་རིག་པ་ཡིན་པར་ཁས་བླང་བར་བྱའོ་ཞེས་བྱ་བར་དགོངས་སོ། །སྐད་ཅིག་མ་དག་ལ་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པ་གང་ཡིན་པ་
དེ་ཡང་ཡིད་འཁྲུལ་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དབང་པོ་འཁྲུལ་པ་ལས་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོའི་འཁྲུལ་པ་ལས་གཞན་ཞེས་བྱ་བ་ནི་དབང་པོ་ནུས་པ་མེད་པ་ལ་སྲེ་བར་བྱེད་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་དོན་མེད་པར་སྣང་བ་ཅན་གསལ་བའི་ཤེས་པ་ཅིག་ཅར་སྐྱེ་བར་

འགྱུར་རོ། །དེ་ཉིད་ནི་དབང་པོའི་འཁྲུལ་པ་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེའི་ཁྱད་པར་མཚོན་པ་མེད་པས་ཞེས་བྱ་བ་ལ་སོགས་པ་ནི། དབང་པོ་འཁྲུལ་པ་ལས་སྐྱེས་པ་མགལ་མེའི་འཁོར་ལོ་ལ་སོགས་པའི་རྣམ་པར་ཤེས་པ་དེའི་ཁྱད་པར་མཚོན་པ་མེད་པས་དོན་སྲེ་བར་འཁྲུལ་པ་
མེ་ཡིན་གྱི། འོན་ཀྱང་ཅིག་ཅར་དོན་མེད་པར་སྣང་བ་ཅན་སྲེ་བ་མེད་པ་ཡིན་ནོ། །དེ་ཉིད་སྡུད་པར་བྱེད་པའི་ངག་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །སྐད་ཅིག་མ་དང་པོ་སྐད་ཅིག་མ་གཉིས་པའི་དུས་ན་མི་གནས་པའི་ཆད་པའོ། །སྐད་ཅིག་མ་རེ་རེ་ལ་གཞན་ཉིད་ཡིན་པའི་ཕྱིར་གཞན་
དང་གཞན་ནོ། །ཆད་པ་ཡང་དེ་ཡིན་ལ་གཞན་དང་གཞན་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ལྟ་བུར་གྱུར་པའི་དོན་མཐོང་བ་ཡོད་ན་སྲེ་བ་གང་ཡིན་པ་དེ་ཉིད་ངོ་ཤེས་པའི་ངོ་བོའི་དྲན་པ་དེ་བཞིན་དུ་དོན་གཅིག་ཏུ་སྣང་བ་དང་དབང་པོ་ལ་བརྟེན་པ་སྟེ། དབང་པོའི་འབྲས་བུ་དབང་པོའི་ཤེས་
པའོ། །དོན་གཅིག་ཏུ་སྣང་བ་སྟེ་སྲེ་བ་མེད་པར་སྣང་བའོ། །དེ་ལྟར་ན་དེ་ལ་ཅིག་ཅར་གསལ་བའི་རྣམ་པ་གཅིག་སྣང་བ་ཡིན་གྱི་སྔ་ཕྱི་སྲེ་བ་ལས་ནི་མ་ཡིན་ནོ། །གང་གིས་ན་ཐོས་པ་དང་རང་གི་ཤེས་པས་བསྒྲིབས་པ་ཡིན་ན་ཡང་ཞེས་བྱ་བ་ནི། ཤེས་པ་འཛིན་པའི་ཤེས་པས་བསྒྲིབས་པ་ཡིན་ན་ཡང་རྟོགས་
པ་དང་བྲལ་བ་འདི་སྲེ་བར་བྱེད་པ་མ་ཡིན་ནོ། །ཤེས་པ་ལ་རྗེས་སུ་དཔྱོད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པས་ཞེས་བྱ་བ་ནི་དོན་གཞན་དང་གཞན་དག་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པ་དེ་ལ་འཛིན་པ་ཤེས་པའི་ཤེས་པ་དེའི་རྗེས་སུ་དཔྱོད་པ་ནི། དེའི་དེ་མ་ཐག་ཏུ་སྐྱེས་པ་ཉིད་ཀྱི་ཕྱིར་ཤེས་པ་ལ་ཤེས་པའི་རྗེས་
སུ་དཔྱོད་པ་རྣམ་པར་རྟོག་པའི་ཤེས་པ་གསུམ་པའོ། །དེ་ཉམས་སུ་མྱོང་བ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི། འཛིན་པའི་རྣམ་པ་བགྲང་བའི་དོན་མྱོང་བ་ཞེས་བྱ་བ་ཡིན་ཏེ། འཛིན་པའི་རྣམ་པ་ཞེས་བྱ་བ་དེ་ལྟ་བུར་རབ་ཏུ་གྲགས་པ་ནིའོ། །དེ་དག་ནི་དེའི་ཉམས་སུ་མྱོང་བའོ་ཞེས་བྱ་བ་ནི་དོན་དང་དོན་མྱོང་
བའོ། །ཤེས་པའི་ཤེས་པས་ཆོད་པ་མེད་པའི་རྣམ་པ་གང་ཡིན་པ་དེར་སྣང་བར་གྱུར་པ་དག་གོ། །དེ་ལྟར་ན་རྒྱུན་གྱིས་འཇུག་པ་ཅན་གྱི་དབང་པོའི་ཤེས་པ་ལ་རྒྱུན་མི་འཆད་པར་དོན་དང་དབང་པོའི་ཤེས་པ་སྣང་བ་དེ་ཡང་མངོན་སུམ་ཉིད་ཡིན་ནོ། །རིགས་པ་ནི་ཚད་མའོ། །དམ་པ་ཡང་ཡིན་ལ་རིགས་པ་ཡང་ཡིན་

པ་ཞེས་བྱ་བ་ནི། དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚད་མ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །གང་ཞིག་ཇི་ལྟར་སྣང་བའི་ཞེས་བྱ་བ་ནི་རྣམ་པ་གང་དང་གང་གིས་སྣང་བའི་ཤེས་པའོ། །དེ་ནི་དེ་ལྟར་ཚད་
མ་ཡིན་ནོ་ཞེས་བྱ་བར་རིགས་ཏེ་ཞེས་བྱ་བ་ནི་གནོད་པ་ཅན་མེད་པ་ཅན་ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་གང་ལས་ཤེ་ན་ཤེས་པའི་དབང་གིས་ཤེས་བྱ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཡང་ཤེས་པ་ཙམ་ཚད་མ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་པས་ཤེས་བྱ་
རྣམ་པར་གཞག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་དེ་ལ་ཚད་མས་གནོད་པ་མེད་པ་ཞེས་བྱ་བ་ནི། ཤེས་པ་དེ་ཤེས་བྱ་གང་ལ་སྐྱེས་པ་དེ་ལ་ཚད་མས་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་ཆོད་པ་མ་མཐོང་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ་དོན་དང་དེ་མྱོང་བ་རྣམ་པར་ཆོད་པ་དག་མ་མཐོང་ན་ཡང་ངོ་། །
དཔྱོད་པ་ལས་ཞེས་བྱ་བ་ལ་རེ་ཞིག་དོན་མཐོང་བ་དེས་བདག་ཉིད་མྱོང་བ་མ་ཡིན་པས་ན་ཤེས་པ་གཞན་གྱིས་མྱོང་བ་མ་ཡིན་ནོ་ཞེས་དེ་མ་ཐག་ཏུ་བསྟན་པ་ལས་སོ། །དེ་ཞེས་བྱ་བ་ནི་རྣམ་པར་ཆོད་པ་མཐོང་བའོ། །དེའི་ཚེ་འོ་ན་ཅིག་ཅར་བློ་མ་མཐོང་བ་ཡང་རྒྱུ་མ་ཡིན་ཏེ། ཅིག་ཅར་བློ་ཉིད་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་དཔྱོད་
པ་ལས་རྣམ་པ་གཞན་དུ་གྲུབ་པའི་ཕྱིར་རོ། །དེ་འདི་ཉིད་ནི་ཞེས་བྱ་བ་ལ་སོགས་པས་རྣམ་པར་དཔྱོད་པ་ཉིད་བསྟན་ཏོ། །གནས་དང་ཡོད་པ་དང་གོ་སྐབས་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། དེ་མེད་པའི་ཕྱིར་གནས་མ་ཡིན་ཏེ་གོ་སྐབས་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མདོ་སྡེ་དང་མངོན་པ་ལས་གསུངས་སོ། །ཅི་
ལྟར་འདི་ལ་ཡིན་པ་དེ་ལྟར་དབང་པོའི་ཤེས་པ་དག་ལ་ཡང་ཞེས་བྱ་བ་ནི་ཅི་ལྟར་རྣམ་པར་རྟོག་པ་གཉིས་མི་སྐྱེ་བ་དེ་ལྟར་དབང་པོའི་ཤེས་པ་རིགས་མཐུན་པ་དག་ཀྱང་སྐྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྟོག་པའི་རྗེས་སུ་འབྲང་བ་ངོ་ཤེས་པ་ཅིག་ཀྱང་གཞན་གྱིས་ཅི་ལྟར་ན་གསལ་བར་སྣང་བ་ཅན་ཉིད་དང་མངོན་སུམ་ཉིད་
དུ་ཁས་བླངས་པ་ཡིན་ཞེ་ན། དེ་ལྟར་ན་རིགས་མཐུན་པའི་རྣམ་པར་ཤེས་པ་ཅིག་ཅར་མི་འབྱུང་ཞིང་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡུལ་གཅིག་ལ་རྣམ་པར་ཤེས་པ་རིགས་མཐུན་པ་གཉིས་འགྱུར་བ་དེའི་ཚེ། དེ་ལ་རྣམ་པ་གསལ་བ་ཅན་མངོན་སུམ་དུ་འགྱུར་ཞིང་ཅིག་ཤོས་སྦྱོར་བར་བྱེད་པའི་བདག་ཉིད་ཅན་དུ་འགྱུར་ན་དེ་

ཡང་ཡོད་པ་མ་ཡིན་ནོ། །གཞན་ནི་རྟོག་པ་མེད་པ་དང་རྣམ་པར་རྟོག་པའི་ཤེས་པ་དག་ཅིག་ཅར་སྐྱེ་བར་མི་འདོད་དོ། །དེ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཡང་ཅིག་ཅར་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་མེད་པའི་ཤེས་པ་དང་ལྷན་ཅིག་ཅེས་བྱ་བ་ཁོང་ནས་དབྱུང་ངོ་། །གང་གི་ཕྱིར་གང་ཞིག་སྟེ། ངོ་ཤེས་
པའི་རྣམ་པར་རྟོག་པས་དེ་ཉིད་འདི་ཡིན་ནོ་ཞེས་གསལ་བར་སྣང་བ་ཅན་གྱི་དངོས་པོ་དེ་སྲེ་བར་བྱེད་ཅིང་གཅིག་ཏུ་བྱེད་པའི་རྣམ་པ་དེས་ངོ་ཤེས་པའི་རྣམ་པར་རྟོག་པ་དེ་ཉིད་གསལ་བར་སྣང་བ་ཡིན་ནོ་སྙམ་དུ་གཞན་དུ་སེམས་ནའོ། །ངོ་ཤེས་པ་གསལ་བར་སྣང་བ་ཉིད་དང་གཅིག་ཏུ་ངེས་པར་བྱ་བ་མངོན་སུམ་གྱི་ཚད་མ་ཉིད་
དུ་འདོད་པ་གང་ཡིན་པ་དེ་གསལ་བར་བྱ་བའི་ཕྱིར། ངོ་ཤེས་པ་གསལ་བར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ཉིད་ལ་འཁྲུལ་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་གཅིག་ལ་ཡང་འདྲ་བའི་འཁྲུལ་པ་གཞན་དང་གཞན་གྱིས་ངོ་ཤེས་པ་དག་སྣང་ངོ་། །དེ་བས་ན་གཅིག་ལ་འཁྲུལ་པ་དེ་ནི་གཅིག་ཉིད་དུ་ངེས་པ་ལ་
ཚད་མ་མ་ཡིན་ནོ། །དེ་དེ་ལྟར་ན་སྐྲ་ཤད་དང་སྒོ་ང་ལ་སོགས་པ་ཤེས་པ་ཐ་དད་པ་ཅན་ལ་ཡང་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པའི་བློ་གསལ་བར་སྣང་བ་ཡོད་པ་ཡིན་ནོ། །དེ་ལ་ཡང་བློ་གཞན་རྟོག་པ་མེད་པ་གཞན་མི་འདོད་དེ། ཅིག་ཅར་བློ་གཉིས་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན་མར་མེ་ལ་སོགས་པ་དག་ལ་ཡང་ངོ་
ཤེས་པ་གསལ་བར་སྣང་བ་ཡིན་ནོ་ཞེས་བྱ་བ་ཁས་བླང་བར་བྱའོ། །གལ་ཏེ་གསལ་བར་སྣང་བའི་རྒྱུའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པའི་བློ་མངོན་སུམ་ཉིད་ཐོབ་པར་འགྱུར་བ་དེའི་ཚེ་མར་མེ་ལ་སོགས་པའི་ངོ་ཤེས་པ་ཡང་འགྱུར་རོ། །སྐྲ་བྲེགས་པ་ཡང་སྐྱེ་བ་ལ་སོགས་པ་འདིར་ཡང་དོན་དམ་པར་ཐ་དད་པར་
གསལ་བར་སྣང་བའི་རྒྱུ་ཉིད་ཀྱི་ཕྱིར་མངོན་སུམ་ཡིན་པར་མི་འགྱུར་ཏེ། མངོན་སུམ་གྱི་ཚད་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དུ་མ་ལ་རྣམ་པ་གཅིག་ཏུ་འཇུག་པ་ཉིད་ཀྱིས་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་འདྲར་འགྱུར་ཞེས་བྱ་བ་ནི་འཁྲུལ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །
འཁྲུལ་པ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་གཅིག་ཉིད་དུ་བསྒྲུབ་པར་འདོད་པའི་ངོ་ཤེས་པ་ནི་དུ་མ་ལ་ཡང་མཐོང་བའི་ཕྱིར་རོ། །དེ་ལྟར་རེ་ཞིག་གཞན་གྱི་བསམ་པས་ངོ་ཤེས་པ་དབང་པོ་ལ་བརྟེན་པ་ཉིད་ཡིན་པར་ཁས་བླངས་ནས་འཁྲུལ་པ་ཉིད་ཡིན་པར་བསྟན་ཅིང་། ད་ནི་དབང་པོ་ལ་བརྟེན་པ་ཉིད་མ་ཡིན་ནོ་

ཞེས་བསྟན་པའི་ཕྱིར་ངོ་ཤེས་པ་དེ་ཡང་དབང་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཆོས་སྒྲོ་འདོགས་ཞེས་བྱ་བ་ནི་ད་ལྟར་ལ་འདས་པའི་ཆོས་དེ་ཉིད་འདི་ཡིན་ནོ་ཞེས་སྒྲོ་འདོགས་པའོ། །གང་ལས་དབང་སྐྱེས་ཀྱི་ཤེས་པ་ཡིན་ཏེ་ཞེས་བྱ་བ་ནི་དབང་པོའི་ཤེས་པ་ནི་སྔ་ཕྱི་རྟོགས་པས་སྟོང་
པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འགྱུར་ན་ཡང་ཞེས་བྱ་བ་ནི་སྔོན་ཉམས་སུ་མྱོང་བ་དྲན་པ་ཆོས་དེར་སྒྲོ་འདོགས་པ་དབང་པོའི་ཤེས་པ་ལ་འགྱུར་ན་ཡང་སྟེ། ཁས་ལེན་ན་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་དུ་དོན་རྟོགས་པའི་ཕྱིར། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་སྔ་ཕྱི་རྟོགས་པས་འཇུག་པ་བཞིན་དུ་
དབང་པོའི་ཤེས་པ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཐ་དད་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་ཐ་དད་པ་མེད་པར་རོ། །དེའི་ཤེས་པ་ལ་ཞེས་བྱ་བ་ནི་དོན་ཤེས་པ་དང་འཛིན་པར་བྱེད་པའི་ཤེས་པ་དོན་ཤེས་པ་དང་དུས་མཚུངས་པ་གང་ཡིན་པ་དེ་ལ་ཡང་ངོ་། །དོན་གྱི་རྣམ་པ་
སྣང་བ་གཞན་ཅིག་ཅར་རྟོགས་པར་འགྱུར་ན་ཞེས་བྱ་བ་ནི་དོན་ཤེས་པ་གཟུང་བ་ཉིད་ཀྱིས་དེ་ལ་གནས་པའི་ཕྱིར་རོ། །དེ་ལ་གཟུང་བ་ཉིད་དུ་དོན་གྱི་རྣམ་པ་གཞན་བཤད་པ་གང་ཡིན་པ་དེ་ལ་སྣང་བར་འགྱུར་ཏེ། དེ་སྐད་དུ་ཇི་ལྟར་དོན་གྱི་རྣམ་པ་སྣང་བ་དེ་ལྟར་ཤེས་པའི་ཤེས་པ་ལ་ཡང་དོན་གྱི་ཤེས་པའི་རྣམ་པ་དུས་
གཅིག་ཏུ་སྣང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དོན་དུ་སྣང་བ་གཉིས་སུ་ཞེས་བྱ་བ་ནི་ཤེས་པའི་ཤེས་པ་ལ་ཡང་དོན་དུ་སྣང་བ་ཅན་གྱི་ཤེས་པ་ཉིད་དོན་དུ་སྣང་བ་ཡིན་ཞིང་དོན་གྱི་ཤེས་པ་ནི་ཕྱི་རོལ་གྱི་དོན་འབའ་ཞིག་ཡིན་པ་དེ་བས་ན། དོན་དུ་སྣང་བ་གཉིས་སུ་ཅིག་ཅར་འགྱུར་རོ། །ཤེས་པ་དེ་དག་གི་ཞེས་བྱ་
བ་ནི་དོན་གྱི་ཤེས་པ་དང་དེ་ཉམས་སུ་མྱོང་བའི་ཤེས་པའོ། །དོན་དུ་སྣང་བ་གཉིས་ཐ་དད་པ་ཡིན་མོད་ཀྱི་ཞེས་བྱ་བ་ནི་དོན་གྱི་ཤེས་པ་ཕྱི་རོལ་གྱི་དོན་དུ་སྣང་བ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་དོན་དང་དོན་ཤེས་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་དོན་ཤེས་པ་དང་ཤེས་པའི་ཤེས་པའི་སྣང་བ་ཉམས་སུ་མྱོང་བའི་དུས་ན་ཐ་དད་པར་
རྟོགས་པར་འགྱུར་བ་དེའི་ཚེ་དོན་གྱི་ཤེས་པ་ལ་སྣང་བ་གང་ཡིན་པ་དེ་དོན་དང་དོན་ཤེས་པའི་ཤེས་པ་ལ་སྣང་བ་གང་ཡིན་པ་དེ། དོན་ཤེས་པ་ཡིན་པ་དེ་ལྟར་ན་ཐ་དད་པར་རྣམ་པར་གཞག་པར་འགྱུར་ཞིང་། ཕྱིས་ཡུལ་གྱི་ཁྱད་པར་ལས་དྲན་པ་ཡང་ཐ་དད་པར་འགྱུར་རོ། །ཅི་སྐད་དུ་བཤད་པའི་སྣང་བ་ཐ་དད་པས་དོན་དང་དོན་ཤེས་པ་

འདི་ཉམས་སུ་མྱོང་བའི་གནས་སྐབས་སུ་རྟག་ཏུ་འདྲེས་པར་གྱུར་པ་དག་ཡིན་ནོ། །དེ་ཉིད་ནི་ཉམས་སུ་མྱོང་བའི་དུས་ན་ཞེས་བྱ་བར་བཤད་པ་ཡིན་ནོ། །དོན་དང་དོན་གྱི་ཡིད་དག་གི །མྱོང་བའི་རིམ་བཞིན་སྐྱེ་ན་ཡང་། །ཞེས་བྱ་བ་ནི་སྔར་དབང་པོའི་ཤེས་པས་དོན་ཉམས་སུ་མྱོང་ཞིང་ཕྱིས་དོན་གྱི་ཡིད་དེ་དོན་གྱི་ཤེས་པ་ཡིད་
ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་ཤེས་པ་དང་མ་འདྲེས་པ་ཞེས་བྱ་བ་ནི་དོན་ཤེས་པ་བཟུང་བར་གྱུར་པ་དང་མ་འདྲེས་པ་སྟེ། གཟུགས་བརྙན་མེད་པའོ། །དེ་ཉིད་ཀྱི་ཕྱིར་འབའ་ཞིག་སྟེ། འཛིན་པའི་རྣམ་པར་གྲགས་པ། མྱོང་བ་གཅིག་སྔོན་པོ་ལ་སོགས་པའི་ཉམས་
སུ་མྱོང་བའི་རང་བཞིན་རྟོགས་འགྱུར་གྱིའོ། །དེའི་ཡུལ་ཅན་ཞེས་བྱ་བ་ནི་སྔོན་པོ་མྱོང་བའི་ཡུལ་ཅན་ནོ། །དེ་ལྟར་དྲན་པའི་སྒོ་ནས་ཀྱང་ཡུལ་གཞན་ལ་འཕོ་བ་མེད་པའི་སྐྱོན་སློབ་དཔོན་གྱིས་བཤད་པ་གང་ཡིན་པ་ཞེས་བྱ་བ་ནི། ཤེས་པ་གང་གིས་ཤེས་པའི་ཤེས་པ་ཉམས་སུ་མྱོང་བ་དེ་ལ་ཡང་
དྲན་པ་མཐོང་། དེ་བས་ན་དེ་ཡང་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བས་ཐུག་པ་མེད་པ་དང་དེ་ལྟར་ཡུལ་གཞན་ལ་འཕོ་བ་མེད་པར་འགྱུར་ན། དེ་ཡང་མཐོང་བ་དེ་ལྟར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་དྲན་པའི་སྒོ་ནས་ཡུལ་གཞན་ལ་འཕོ་བ་མེད་པའི་སྐྱོན་བཤད་པ་ཡིན་ནོ། །རྩ་བའི་རྣམ་པར་ཤེས་པའི་
ཡུལ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དབང་པོའི་ཤེས་པ་དང་པོ་གང་ཡིན་པ་དེའི་ཡུལ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་པ་ཐམས་ཅད་ཀྱི་ཚེ་བདག་ཉིད་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ཡུལ་ཐམས་ཅད་ལ་དུས་ཐམས་ཅད་དངོས་པོ་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །གཟུང་བའི་མཚན་ཉིད་ཀྱིར་གྱུར་པ། །ཉེ་བ་སྐྱེད་བྱེད་ཅེས་བྱ་བ་ནི་ཚིགས་སུ་བཅད་པའི་ཆ་ཡིན་ཏེ། ཐམས་ཅད་ཀྱིས་བློ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་ཡིན་ནོ། །འགྱུར་བར་ནི་འདོད་མོད་ཀྱི་ཡུལ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ཉེ་བ་སྟེ་ཞེས་བྱ་བ་
སྨོས་སོ། །གལ་ཏེ་ཉེ་བ་ཉིད་ཅི་ལྟར་ཡིན་ཞེ་ན། སྐྱེད་བྱེད་ཅེས་བྱ་བ་སྨོས་ཏེ། མཚུངས་པ་དེ་མ་ཐག་པ་ཉིད་ཀྱི་སྐྱེད་པར་བྱེད་པ་ཉིད་དུ་འདོད་པའོ། །རྒྱུད་གཅིག་ལ་གནས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་སྔར་སྐྱེས་མ་ཐག་པ་ཡིན་པར་འདོད་དོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་སྐྱེད་པར་བྱེད་པ་ཉིད་

ཀྱིས་རང་གི་བློ་ཉེ་བ་ཉིད་ཡིན་པར་འགྱུར་རོ། །དེ་ལྟར་ན་རང་གི་བློ་ཉེ་བར་ལེན་པར་བཤད་པ་ཡིན་ནོ། །དེ་ཉིད་ནི་ཉེ་བ་ཉིད་སྐྱེད་བྱེད་ཡིན་ནོ་ཞེས་བྱ་བ་འདིས་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །སྐྱེད་བྱེད་ཅེས་བྱ་བ་འདས་མ་ཐག་པ་སྟོན་པར་བྱེད་པའི་ཚིག་
འདིས་ནི་རྒྱུད་གཅིག་ལ་གནས་པ་ཉིད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུ་འགས་བདག་གི་བློ་མྱོང་བར་མི་འགྱུར་རོ་ཞེས་བྱ་བ་ནི། ཐམས་ཅད་དུ་དོན་ཉེ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འགྱུར་བར་ནི་འདོད་མོད་ཀྱི། དོན་གང་ཉེ་བས་བློ་སྔ་མ་རང་གི་བློ་སྐྱེ་པ་ལ་གགས་བྱེད་པའི་
དོན་གང་ཡིན་པ་དེ་འཛིན་པར་བྱེད་པའི་བློ་དེས་དོན་དང་བློ་སྔ་མ་ཉམས་སུ་མྱོང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་དོན་དང་བློ་ཅིག་ཅར་བློ་གཅིག་གི་ཉམས་སུ་མྱོང་བ་འགོག་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །སྲིད་པར་རྒྱུ་བ་ཅན་ལྔ་ལ། །ཞེས་བྱ་བ་ལ། རྒྱུ་བ་ཅན་ཞེས་བྱ་བ་ནི་ཕུང་པོར་གྲགས་པའོ། །སྲིད་པར་
རྒྱུ་བ་ལྔ་གང་ལ་ཡོད་པ་ནི་སྲིད་པར་རྒྱུ་བ་ཅན་ནོ། །དེ་ལྟ་བུ་ཡང་དེ་ཡིན་ལ་སྲིད་པ་ཡང་ཡིན་པས་ན་སྲིད་པར་རྒྱུ་བ་ཅན་ལྔ་སྟེ། སྲིད་པ་ཕུང་པོ་ལྔ་ཅན་ཞེས་བྱ་བའི་དོན་ཏོ། །བློའི་ཞེས་བྱ་བ་ནི་དྲུག་པ་སྟེ། བློའི་དྲན་པ་གང་ཡིན་པ་དེ་རྩ་ནས་བཏོན་པ་ཅན་ཏེ། བློ་ཉམས་སུ་མྱོང་བ་མེད་པ་ལ་དྲན་པ་སྐྱེད་པའི་
ནུས་པ་མེད་པའི་ཕྱིར་རོ། །འང་གི་སྒྲས་ནི་ཉམས་སུ་མྱོང་བའི་བློ་རྩ་ནས་བཅོམ་པ་ཅན་འབའ་ཞིག་མ་ཡིན་གྱི། བློའི་དྲན་པ་ཡང་རྒྱུན་ཆད་པ་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་རེག་པ་མེད་པའམ་ཉེ་བ་ལ་ལྟོས་པ་མེད་པ་རྣམས་ལ་ཞེས་བྱ་བ་ལ་འདས་པ་དང་། མ་འོངས་པ་དང་། རི་བོང་གི་རྭ་ལ་སོགས་པའི་རྣམ་
པར་རྟོག་པ་ནི་དོན་ལ་རེག་པ་མ་ཡིན་ཏེ་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །བུམ་པ་ལ་སོགས་པ་ཉེ་བ་དག་ལ་ཡང་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་དོན་ཡོད་ན་ཡང་དེ་ལ་ལྟོས་པ་མེད་པ་ཡིན་ཏེ། དེ་ཉེ་བ་མེད་པར་ཡང་ནང་ལས་སྐྱེས་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཡུལ་མེད་པ་ཅན་ཉིད་ཡིན་པར་བསྒྲུབས་ཟིན་ཏོ། །ཤེས་པ་འཛིན་
པ་ལས་གཞན་དུ་འཕོ་བའི་རྒྱུ་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་སྔ་མ་སྔ་མ་འཛིན་པ་གང་ཡིན་པ་དེ་ལས་གཞན་དུ་སྟེ་ཕྱི་རོལ་གྱི་དོན་དཔྱོད་པར་བྱེད་པ་ལ་འཕོ་བའི་རྒྱུར་གྱུར་པའི་དོན་ཡོད་པ་མ་ཡིན་ནོ། །དེའི་ཚེ། བློ་ཡི་ནུས་པ་ཟད་ཡིན་ན། །གང་ལས་དོན་བློའི་དེ་ཉིད་ཡིན། །ཞེས་བྱ་བ་ནི་མཐར་གནས་པའི་ངང་ཚུལ་ཅན་

གྱི་བློ་བློ་འཛིན་པར་བྱེད་པ་བློ་དེ་ནི་ཕྱིས་འབྱུང་བའི་སྐྱེད་པ་ལ་ནུས་པ་ཟད་པ་ཡིན་ན་དོན་གཞན་ལ་འཕོ་བའི་ངང་ཚུལ་ཅན་གྱི་བློ་དེ་གང་ལས་ཡིན་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་འདི་ལྟར་བློ་སྔ་མ་རང་གི་བློ་སྐྱེད་པ་ལ་ནུས་པ་མེད་པ་དེ་ལྟར་ཡུལ་གཞན་གྱི་བློ་སྐྱེད་པར་བྱེད་པ་ལ་ནུས་པ་མེད་པ་ཡིན་ན་འདི་ལ་ངེས་པར་
བྱེད་པའི་གཏན་ཚིགས་ཀྱང་ཡོད་པ་མ་ཡིན་ན། གང་གིས་ན་བློ་བདག་ཉིད་ལ་ཤེས་པ་སྐྱེད་པ་དེའི་ནུས་པ་ཟད་པ་ཡིན་གྱི་དོན་གཞན་གྱི་བློ་ལ་ནི་མ་ཡིན་ནོ་ཞེས་རྟོགས་པར་འགྱུར། དེ་བས་ན་སྤྱིར་ཤེས་པ་སྐྱེད་པ་དེ་ལ་ནུས་པ་ཟད་པ་ཡིན་ནོ་ཞེས་དགོངས་སོ། །ཡུལ་གཅིག་ལ་སྐྱེས་པའི་ཤེས་པ་བརྒྱུད་པ་
ཡིན་ན་ཞེས་བྱ་བ་ནི་བློ་སྔ་མ་སྔ་མ་བློས་དམིགས་པའི་སྒོ་ནས་བློ་ཕྱི་མ་ཕྱི་མ་རྣམས་ཀྱི་བློའི་ཡུལ་ཅན་ཉིད་ཤེས་པའི་བརྒྱུད་པ་ཡིན་ནའོ། །དེ་ལ་ཆགས་པ་ཡོད་ན་ཡང་ཡུལ་གཞན་ལ་ཤེས་པ་འཇུག་པར་འགྱུར་ན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཆགས་པ་ཡོད་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་ཡོད་
པ་ཉིད་ཀྱི་ཕྱིར། ཡུལ་གཞན་ལ་ཤེས་པ་འཇུག་པར་འགྱུར་ནའོ། །དེ་ལྟར་ན། ནུས་པ་མེད་པར་བྱས་པ་ཅན། །ཀུན་གཞི་ལས་རྣམ་པར་ཤེས་པ་གཞན་འབྱུང་བ་མེད་ཅེས་བྱ་བ་ལ་སོགས་པས་ཞར་ལ་འོངས་པའི་ལན་བཏབ་ནས། དེ་དེ་ལྟར་ན་རྣམ་པར་ཤེས་པ་ནུས་པ་མེད་པ་མ་ཡིན་ན་སྔ་མ་ནི་ཞེས་བྱ་བ་ལ་
སོགས་པས་རྣལ་མ་ལ་སྦྱོར་བར་བྱེད་དོ། །མཚུངས་ཞེས་བྱ་བ་འདི་བཤད་པ་ནི་ནུས་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ནུས་པ་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཞེས་བྱ་བ་ནི་ཡིད་སྔ་མ་འདི་ལས་ཡིན་ཏེ་ནུས་པ་མེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རྐྱེན་ཇི་
ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཡུལ་ཇི་ལྟར་ཉེ་བ་བཞིན་དུའོ། །ཡིད་ཀྱི་རྣམ་པར་ཤེས་པ་དག་ནི་རིམ་བཞིན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཏེ། རྣམ་པར་རྟོག་པ་གཉིས་ནི་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །སེམས་པ་གང་ཡིན་པ་ཞེས་བྱ་བ་ནི་བྱེ་བྲག་ལ་སོགས་པའོ། །བློ་གཅིག་པོ་
སྔ་མའི་ནུས་པ་སོ་སོར་ངེས་པ་ལས་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་བློ་སྔ་མ་ནི་རིགས་མཐུན་པའི་བློ་གཅིག་སྐྱེད་པ་ལ་ནུས་པ་ངེས་པ་ལས་སོ། །སྔར་ཡང་རབ་ཏུ་བསྒྲུབས་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི། འདིར་དོན་ཀུན་དང་ཅིག་ཅར་ནི། །འདུས་ཅན་དབང་རྣམས་ཡོད་ན་

ཡང་། །ཞེས་བྱ་བ་ལ་སོགས་པའི་སྐབས་སུའོ། །གང་གི་ཚེ་ཡུལ་ཤིན་ཏུ་གསལ་བ་མ་ཡིན་པ་ཐག་ཉེ་བ་ན་ཡོད་པ་ཞེས་བྱ་བ་ནི་ཡུལ་ཤིན་ཏུ་གསལ་བ་ཐག་ཉེ་བ་ན་ཡོད་པ་ཡུལ་གྱི་སྟོབས་ལས་དབང་པོ་གཞན་དང་འབྲེལ་པའི་ཡིད་ངེས་པར་འགྱུར་རོ། །དེའི་སྒོ་ནས་སམ་ཞེས་བྱ་
བ་ནི་ཡུལ་གྱི་སྒོ་ནས་སོ། །བདག་ཉིད་ཅེས་བྱ་བ་ནི་སྐྱེས་བུ་བདག་ཉིད་འདོད་པས་སོ། །བདག་ཡིད་དང་ནི་ལྡན་ཙམ་ལས། །སྐྱེས་རྣམས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་རྣམས་སོ། །ཡིད་ཀྱི་གོ་རིམས་ཀྱི་རྒྱུ་ཞེས་བྱ་བ་ལ་ཡིད་ཀྱི་འདི་ནི་ཡིད་ཀྱི་སྟེ། དེའི་གོ་རིམས་ཀྱི་རྒྱུ་
མེད་པའི་ཕྱིར་རོ། །དེ་ལྟར་ན་ཡིད་བདག་དང་ལྡན་པ་ཅིག་ཅར་འགྱུར་ཏེ། བདག་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །དབང་རྣམས་བཞིན་དུ་བདག་ལ་ཡང་རིམ་བཞིན་དུ་ལྡན་པ་ཁས་ལེན་པ་མ་ཡིན་ནོ། །གང་ན་ཡིད་ཀྱི་ཤེས་པ་སྐྱེ་བ་ལ་གོ་རིམས་ཀྱི་རྒྱུ་འགའ་ཞིག་ཀྱང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངག་གི་དོན་
ཡིན་ནོ། །བྱེད་པ་གཅིག་ཉིད་ཀྱིས་ཞེས་བྱ་བ་ནི་བྱེད་པ་པོ་བདག་ཉིད་ལ་ལྟོས་ནས་བྱེད་པའི་ཐ་སྙད་ཡིན་ནོ། །ཅི་ཕྱིར་མར་མེ་དུ་མས་མཐོང་། །ཞེས་བྱ་བ་ནི་འདིས་གཟུགས་ལ་སོགས་པ་མཐོང་བས་ན་མཐོང་བའོ། །ལྟ་བ་པོ་དུ་མའི་མཐོང་བའི་རྣམ་པར་ཤེས་པ་སྐྱེས་པ་ན་ཅི་ལྟར་བྱེད་པ་ཡིན་ཞེས་བྱ་བའི་
དོན་ཏོ། །མར་མེ་སྐྱེས་བུ་དུ་མས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཅི་སྟེ་ཡང་ལྟ་བ་པོ་དུ་མའི་དབང་གིས་ཞེས་བྱ་བ་ལ་འདི་སྙམ་དུ་བྱེད་པ་དག་གི་བྱ་བ་བསྒྲུབ་པ་ལ་རང་རྒྱུད་དུ་ཡོད་པ་མ་ཡིན་གྱི། དེ་དག་ནི་བྱེད་པ་པོའི་དབང་གིས་འཇུག་པར་འགྱུར་རོ། །དེ་བས་ན་གང་ལ་བྱེད་པ་པོ་གཅིག་ཡིན་པ་དེ་ལ་
བྱ་བ་གཅིག་སྐྱེད་པར་འགྱུར་ཞིང་གང་ལ་བྱེད་པ་པོ་དུ་མ་ཡིན་པ་དེ་ལ་བྱེད་པ་གཅིག་གིས་ཀྱང་བྱ་བ་དུ་མ་སྐྱེད་པར་བྱེད་དོ་ཞེས་བསམས་པའོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། འདི་སྙམ་དུ་གལ་ཏེ་བྱེད་པ་པོའི་དབང་གིས་བྱ་བ་ཡིན་པ་དེའི་ཚེ། ལྟ་བ་པོའི་མིང་ཅན་རྣམ་
པར་ཤེས་པ་སྔ་མའི་རྒྱུད་ཁྱད་པར་ཅན་གྱི་ནུས་པ་དང་འབྲེལ་པ་མཐོང་བར་ནུས་པ་ཅན་ལས་རྣམ་པར་ཤེས་པ་རྣམས་རིམ་གྱིས་སྐྱེ་བར་འགྱུར་བ་ཡིན་ན་ནུས་པ་མཐོང་བ་མེད་པ་ཅན་གྱི་ཡིད་ཙམ་གྱིས་ཅི་ཞིག་བྱ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ནི་འོན་ཀྱང་རྣམ་པར་ཤེས་པ་རྣམས་བདག་ཉིད་ཅེས་བྱ་བ་ལ་སོགས་

པ་སྨོས་ཏེ་རྣམ་པར་ཤེས་པའི་རྒྱུད་མ་གཏོགས་པར་ལྟ་བ་པོ་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་སེམས་ཉིད་མ་ཡིན་ན་གཟུགས་ལ་སོགས་པ་བཞིན་དུ་ལྟ་བ་པོ་ཉིད་མ་ཡིན་ནོ། །རྣམ་པར་ཤེས་པ་དང་འབྲེལ་པ་ཡིན་ན་ཡང་ཕུལ་དུ་དབྱུང་བར་བྱར་མེད་པ་ནི་ལྟ་བ་པོ་ཉིད་དུ་མི་རུང་བའི་ཕྱིར་རོ། །བདག་ཉིད་སེམས་
ཡོད་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་ན་ནི་རྣམ་པར་ཤེས་པ་ཉིད་ལྟ་བ་པོ་ཉིད་ཡིན་པ་ཐོབ་པར་འགྱུར་རོ། །འབྲས་བུ་སྐྱེད་པར་ནུས་པའི་བདག་ཉིད་ཀྱི་ཁྱད་པར་ཉིད་བག་ཆགས་ཡོངས་སུ་སྨིན་པ་སྟེ། འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་བག་ཆགས་དེའི་ཁྱད་པར་དེའི་ངོ་བོ་རྣམ་པར་ཤེས་པའི་ངོ་བོ་གང་ལ་ཡོད་པ་དེ་
ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ན་དེ་ཞེས་བྱ་བ་ནི་ཡིད་ཙམ་མོ། །ཡིད་ཀྱི་རྟགས་ནི་ཅིག་ཅར་ཤེས་པ་མི་སྐྱེ་བ་ཡིན་པར་བརྗོད་དོ། །གང་གི་ཚེ་རང་གི་ཉེ་བར་ལེན་པ་ཉིད་ལས་རྣམ་པར་ཤེས་པ་སྔ་མ་རྣམས་མི་སྐྱེ་བ་དེའི་ཚེ། འདིས་ཡིད་ཙམ་རྗེས་སུ་དཔག་པར་བྱ་བ་ཙམ་མ་ཡིན་ནོ། །གནས་པ་ཡོད་
ན་ཞེས་བྱ་བ་ནི་སྐད་ཅིག་མ་དག་གོ། །སྐྱེས་བུ་བདག་ཉིད་ལ་གནས་པ་ཡོད་ན་ཞེས་བྱ་བ་འདུ་བྱེད་གནས་པ་ཡོད་ནའོ། །དེ་ཡོད་ན་འབྱུང་བའི་ངང་ཚུལ་ཅན་གྱི་ཞེས་པ་ནི་འདུ་བྱེད་ཀྱི་རྒྱུ་ཅན་རྣམས་དེ་ལ་བློ་ཞེས་བྱ་བ་ནི་བློ་ལས་འདུ་བྱེད་གང་ཡིན་པ་འབྱུང་ཞིང་འདུ་བྱེད་དེ་ལས་བློ་ཡིན་ནོ། །དེ་ལྟར་ནི་འགྱུར་
མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཕྱིས་འབྱུང་བའི་བློ་ལ་ཉེ་བར་ལེན་པའི་ངོ་བོ་ཙམ་བློ་སྔ་མ་ཡིན་པ་ནི་བློ་སྟེ། གཞན་གཟུང་བ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ཕྱིས་འབྱུང་བའི་བློ་ལ་བློ་སྔ་མ་ཆོས་གཞན་གཟུང་བ་ཉིད་དུ་མི་འགྱུར་རོ། །གཟུང་བའི་མཚན་ཉིད་ཀྱི་དངོས་པོས་ཞེས་བྱ་བ་ལ་སོགས་
པ་ལ་འཛིན་པའི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ཉིད་གཟུང་བའི་མཚན་ཉིད་ཀྱི་གཟུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུང་བའི་མཚན་ཉིད་ཀྱིས་སྐྱེད་པར་འགྱུར་བ་གཟུང་བ་ཉིད་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་དངོས་པོས་རྣམ་པར་
ཤེས་པ་སྐྱེད་པར་འགྱུར་བ་ནི་གཟུང་བ་ཉིད་ཡིན་ནོ། །འཛིན་པའི་ཉེ་བར་ལེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕྱིས་འབྱུང་བའི་རྣམ་པར་ཤེས་པ་སྐྱེད་པ་ལ་ཉེ་བར་ལེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རིང་པོར་གནས་པ་དང་ཆོད་པ་ལ་སོགས་པ་དང་ལྡན་པ་ལ་ཉེ་བར་ལེན་པའི་ངོ་བོ་སྲིད་པ་མ་ཡིན་ནོ། །བདག་ཉིད་ཇི་

ལྟ་བ་བཞིན་དུ་འཛིན་པ་དག་གིས་གཟུགས་ཤེས་པ་ལ་སོགས་པ་གཟུང་བའི་མཚན་ཉིད་ཡིན་ན། གཟུང་བ་ཉིད་ལས་སྐྱེད་བྱེད་ནི། །གཞན་མིན་ཞེ