Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 16 / 20 (50.000 ký tự/trang)
སྟེ། དེ་ཁོ་ན་ཉིད་དུ་འདོད་པའི་ཁྱད་པར་གྱི་བྱེ་བྲག་ཉེ་བར་མཚོན་པར་བྱེད་པའི་རྟགས་དངོས་པོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་
བདེ་བ་དང་སྡུག་བསྔལ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་དེའི་ཁྱད་པར་ནི་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་རྣམ་པར་ཤེས་པ་གཅིག་ལ་ཡང་གལ་ཏེ་དཔག་པར་བྱ་བ་ལ་སོགས་པའི་ཁྱད་པར་ཡོད་པར་འགྱུར་ན། བདེ་བ་ལ་སོགས་པའི་བློ་བཞིན་དུ་དུ་མ་ཉིད་དུ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །གལ་
ཏེ་ཤེས་པ་ཡོད་པའི་ཁྱད་པར་གྱི་རྣམ་པ་དང་ལྡན་པ་ཡིན་ན་ཡང་གཅིག་ཉིད་དུ་འདོད་པ་དེ་ལྟར་བདེ་བ་ལ་སོགས་པ་ལ་ཡང་གཅིག་ཉིད་དུ་འགྱུར་རོ། །དེ་ཡང་མི་འདོད་དོ་དེ་ནི་བདེ་བ་ལ་སོགས་པ་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ཉིད་ཡིན་པར་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་བློ་
གཉིས་སུ་མེད་པའི་ངོ་བོ་ལ་གཅིག་ཉིད་རིགས་པ་མ་ཡིན་ཏེ། ཇི་ལྟར་བློས་ཡོངས་སུ་གཅད་པ་དེ་ལྟར་ངོ་བོ་དེས་དེ་གཅིག་ཡིན་པར་མི་རུང་ངོ་ཞེས་དེ་སྐད་དུ་སྟོན་པར་འགྱུར་རོ། །ངོ་བོ་གཅིག་མཐོང་བ་མེད་པའི་རྒྱུའི་ཕྱིར་རོ་ཞེས་བྱ་བ་ལ་འཁྲུལ་པའི་ཕྱིར་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །འཛིན་པའི་རྣམ་པ་དེ་
ནི་དེའི་བདག་ཉིད་ཀྱི་ཕྱིར་ཡོངས་སུ་གཅོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཏེ་རང་ཉིད་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དེའི་ཕྱིར་བདག་རིག་སྟེ། འཛིན་པའི་རྣམ་པ་དེ་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བར་ཁོང་ནས་དབྱུང་ངོ་། །རྣམ་པ་འདིས་ནི་རང་རིག་པ་འབྲས་བུར་གྱུར་པ་དེ་

རྣམ་པར་འཇོག་པར་བྱེད་པ་ནི་འཛིན་པའི་རྣམ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཉམས་སུ་མྱོང་བའི་བདག་ཉིད་དེ་གསལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེའི་བདག་ཡུལ་ཅན་དཔོག་པ་ལ། །ཞེས་བྱ་བ་ལ་སོགས་པས་འདིས་བསྡུས་པའི་དོན་ནི་ཤེས་བྱ་ནང་གི་ཡིན་པའི་ཕྱོགས་
ལ། གཞལ་བྱ་འཇལ་བྱེད་འབྲས་གནས་པ། །ཞེས་བཤད་པ་གང་ཡིན་པ་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ཡང་འདོད་ཆགས་ལ་སོགས་པ་རང་རིག་པའི་མངོན་སུམ་སྔར་བཤད་པ་ལ་སྦྱར་བར་བྱ་སྟེ། རང་རིག་པའི་མངོན་སུམ་ལ་ཤེས་བྱ་ནང་གི་ཡིན་པར་སྨྲ་བ། གཞལ་བྱ་དང་འཇལ་བྱེད་དང་འབྲས་བུ་
བཞག་པ་མཚུངས་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་ནི་དེ་ལ་འདིར་རྣམ་པར་རིག་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །འགའ་ཞིག་འགའ་ཞིག་གི་ཚེ་འགལ་བ་ཡིན་ནོ་སྙམ་དུ་སེམས་པའི་ཞེས་བྱ་བ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་འདོད་ཆགས་ལ་སོགས་པ་རང་
རིག་པ་ཡིན་ནོ་ཞེས་གསུངས་པས་བྱ་བའི་མཚན་ཉིད་ཅན་གྱི་རང་རིག་པ་འབྲས་བུའི་བདག་ཉིད་ཅན་ལ་ཚད་མ་ཉིད་དུ་བཤད་དོ་ལོའོ། །ད་ནི་འཛིན་པའི་རྣམ་པ་ཞེས་བྱ་བ་རུང་བ་ཉིད་ཚད་མ་ཉིད་དུ་བཤད་པ་དེ་ལྟར་འགལ་བ་ཡིན་ནོ་སྙམ་དུ་སེམས་ཏེ། དོན་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་ཕྱིར་རོ། །རང་
རིག་པ་ཞེས་བཤད་པ་གང་ཡིན་པ་དེ་ཡང་ཞེས་བྱ་བ་ནི་སློབ་དཔོན་གྱིས་འདོད་ཆགས་ལ་སོགས་པའི་རང་རིག་པ་ནི་འབྲས་བུ་ཡིན་ནོ་ཞེས་བཤད་པ་གང་ཡིན་པའོ། །བྱེད་པ་བྱེད་པ་པོར་བྱས་ནས། །ཞེས་བྱ་བ་ནི་འཛིན་པའི་རྣམ་པའི་མཚན་ཉིད་ཀྱི་རུང་བ་ཉིད་གང་གིས་རང་ཉིད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉམས་སུ་མྱོང་བ་
དེ་རང་རིག་པ་ཡིན་པའི་ཕྱིར་ཡིན་གྱི་མྱོང་བའི་སྒྲ་དངོས་པོ་སྒྲུབ་པ་མ་ཡིན་ནོ། །ཡུལ་དག་ཡུལ་ཉིད་ཡིན་འདོད་དེ། །ཞེས་བྱ་བ་ནི་གཞན་དབང་པོ་ལ་སོགས་པ་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་མཚུངས་པ་ན་ཡང་སྔོན་པོ་ལ་སོགས་པ་ཡུལ་ཉིད་ཡིན་པར་འདོད་ཀྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །འདས་མ་ཐག་པའི་རྣམ་པས་བློ་ཚུལ་གཉིས་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་དག་ཡུལ་ཉིད་དུ་རྣམ་པར་གཞག་པས་སོ། །རྣམ་པ་མེད་པ་ཅན་གྱི་རྣམ་པར་ཤེས་པ་ལ་ཡུལ་སོ་སོར་ངེས་པའི་རྣམ་པར་གཞག་པ་ཉིད་མི་འགྱུར་རོ། །དེ་བས་ན་ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པ་དང་དེ་ལས་ཉམས་སུ་མྱོང་

བའི་རྣམ་པ་ཡིན་པ་དེ་ལྟར་ན་ཚུལ་གཉིས་པ་ཉིད་གྲུབ་པ་ཡིན་ནོ། །དེའི་ཡུལ་དུ་སྣང་བའི་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཚེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པ་འདི་ཡིན་གྱི་ཤེས་པའི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། དེའི་ཚེ་ཡུལ་འགགས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་
རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་དུས་མཚུངས་པར་འབྱུང་བའི་ངང་ཚུལ་ཅན་གྱི་རྣམ་པ་ནི་འདས་པའི་ཡུལ་གྱི་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟར་ཡུལ་གྱི་རྣམ་པར་སྣང་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་དང་དུས་མཚུངས་པ་ཉིད་ཀྱིས་ད་ལྟར་ཉིད་དུ་སྣང་བ་ནིའོ། །དོན་ལྡན་པ་ཡིན་ཞིང་
ཤེས་པ་ལ་ཡང་དོན་གྱི་རྣམ་པའི་དོགས་པ་དང་བྲལ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མིག་ལ་སོགས་པའི་ཤེས་པ་དོན་དང་ལྡན་པ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་འདི་ཉིད་ཕྱི་རོལ་གྱི་དོན་ཡིན་གྱི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་དེ་ལྟར་དོགས་པ་དེ་བཞིན་དུ། འདས་པ་ལ་དམིགས་པའི་རྣམ་པར་རྟོག་
པའི་ཤེས་པ་འདི་ལ་ཡང་དོན་གྱི་རྣམ་པའི་དོགས་པ་དང་བྲལ་བ་ཉིད་མ་ཡིན་ཏེ། ཕྱི་རོལ་ན་ཡོད་པའི་རིགས་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེ་ལྡན་མིན་ཞེས་བྱ་བ་ནི་སྔོན་པོའི་རྣམ་པ་དང་ལྡན་པ་མ་ཡིན་ནོ། །བྱ་བ་འདི་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་བྱ་བ་ལའོ། །དོན་གྱི་
ནུས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་གྱི་ནུས་པའོ། །འདས་པ་ལ་དམིགས་པའི་ཤེས་པའི་ཡུལ་གྱི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། དྲན་པའི་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཚུལ་གཉིས་པ་ཡིན་པ་ནི་བླ་སྟེ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བ་སྟེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་
ཡུལ་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཡིན། དེ་རྣམ་པ་མེད་པར་འགྱུར་བ་ཡིན་པ་དེ་ལྟར་ན་ཡང་ཡུལ་ཅན་གྱི་ཤེས་པ་ཐམས་ཅད་ཚུལ་གཉིས་པར་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་སོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དོན་གྱི་རྣམ་པ་གང་ལས་ཡིན། །ཞེས་
བྱ་བ་ནི་དྲན་པ་གང་ཡིན་པ་འདིའི་ཡུལ་མི་གསལ་བའི་རྣམ་པ་དེ་གང་ལས་ཡིན། ཡང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་དེ་ཡང་མེད་ན་ཞེས་བྱ་བ་འདིར་ཡང་གི་རྣམ་པ་གང་ཡིན་པ་དེ་གསལ་བའི་རྣམ་པས་དབེན་པའི་ཕྱིར་ཡང་ཞེས་བྱ་བ་ལ་སྦྱར་བར་བྱ་བར་རིག་པར་བྱའོ། །དེས་

ན་ངག་གི་དོན་ནི་གསལ་བའི་རྣམ་པས་དབེན་པའི་ཕྱིར་དང་དོན་མེད་པའི་ཕྱིར་ཡང་ཞེས་བྱ་བ་འདི་ཡིན་ནོ། །དོན་གྱི་རྣམ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་རྣམ་པའོ། །འདིར་བསྡུས་པའི་དོན་ནི་ཇི་ལྟར་མིག་ལ་སོགས་པའི་ཡུལ་གྱི་དོན་གྱི་ཕྱི་རོལ་གྱི་ངོ་བོ་གཅིག་གིས་རྟོགས་པའི་དུས་ན་གཞན་གྱིས་
ཀྱང་འཛིན་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་གལ་ཏེ་ཕྱི་རོལ་གྱི་ངོ་བོ་ཡིན་པ་དེའི་ཚེ་སྐྱེས་བུ་གཅིག་གིས་རྟོགས་པའི་དུས་ན་སྐྱེས་བུ་ཡུལ་མཚུངས་པ་ན་གནས་པ་གཞན་གྱིས་ཀྱང་གཞན་ལས་ཐོས་པ་མེད་པར་ཡང་བཟུང་བར་འགྱུར་ན་བཟུང་བ་ཡང་མ་ཡིན་ཏེ་རྟོགས་པ་མེད་པའི་ཕྱིར་རོ། །
དེ་ལྟར་ན་དེ་ནི་ཕྱི་རོལ་གྱི་ཉིད་ཡིན་པར་རྟོགས་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་ནི་དེ་ལ་ཆོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བརྗོད་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་བསྟན་བཅོས་མཛད་པས་གསུངས་པ་ཡིན་ནོ། །མིག་ཀྱང་ཆོད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་ལུས་ཀྱི་ནང་ན་
གནས་པའི་དངོས་པོ་འཛིན་པ་ལ་མིག་གི་དབང་པོ་རྣམ་པར་ཆོད་པ་ཡིན་པའི་ཕྱིར་རོ། །བདག་དང་འབྲེལ་པའི་ཕྱིར་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་གཞུང་གིས་ལན་ཉིད་མ་ཡིན་པར་བསྟན་པའི་ཕྱིར་རོ། །སྐྱེས་བུ་ཐམས་ཅད་ཅེས་བྱ་བ་
ལ་སོགས་པའི་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །སོ་སོ་རང་གིས་ཞེས་བྱ་བ་ནི་སོ་སོ་རང་གིས་ཡང་དག་པར་མྱོང་བ་དང་། སྐྱེས་བུ་སོ་སོ་ཐ་དད་པ་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བདག་དང་འབྲེལ་པའི་དོན་སྒྲས་བསྟན་པར་བྱ་བ་སྐྱེས་བུས་རིག་པ་ཡིན་པ་ཞེས་བྱ་བ་ནི་
གང་གི་ཚེ་ཡིད་ཀྱི་ཡུལ་གྱི་དོན་འཆད་པ་པོས་མངོན་པར་དཔྱད་ནས་གཞན་ལ་ཚིག་གིས་སྟོན་པར་བྱེད་པ་དེའི་ཚེ་འཆད་པ་པོས་དཔྱད་པའི་དོན་ཉན་པ་པོས་རྟོགས་པར་འགྱུར་མོད་ཀྱི། འོན་ཀྱང་བདག་དང་འབྲེལ་པའི་དོན་རིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བརྗོད་ཀྱང་རྟོགས་པར་མི་འགྱུར་རོ་
ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འཆད་པ་པོས་དཔྱད་པའི་དོན་ལ་ཉན་པ་པོས་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་ད་ལྟ་ཡིན་པ་ཞེས་བྱ་བ་ནི་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དོན་ཐ་དད་པ་ཉིད་དུ་འཆད་པ་པོ་དང་ཉན་པ་པོས་རྟོགས་པ་

ཡིན་པའོ། །བདག་ཉིད་ཇི་ལྟར་འབྲེལ་པ་ཞེས་བྱ་བ་ནི་བདག་ཉིད་སོ་སོ་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །གང་ལ་དེའི་རང་བཞིན་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ལ་ཐུན་མོང་གི་རང་བཞིན་ཡོད་པ་མ་ཡིན་ནོ། །དེར་སྣང་ཅན་ནི་མ་ཡིན་པ། །ཞེས་བྱ་བ་ནི་ཡིད་ཀྱི་ཡུལ་གྱི་
རྣམ་པ་ཐུན་མོང་མ་ཡིན་པ་དེ་དང་བྲལ་བ་སྟེ། རྣམ་པ་གཅིག་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །འགྱུར་བར་ནི་འདོད་མོད་ཀྱི་ཡིད་ཀྱི་ཡུལ་གྱི་ཤེས་པའི་རྣམ་པ་ཉིད་ཕྱི་རོལ་གྱི་མ་ཡིན་པ་གང་ཡིན་པ་དེའི་ཡང་ཤེས་པའི་རྣམ་པ་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ་བཤད་པའི་འཆད་པ་པོ་དང་
ཉན་པ་པོ་དག་གི་སེམས་མཚམས་སྦྱོར་བར་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ལ་ཤེས་པའི་རྣམ་པར་སྨྲ་བ་དག་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་སྙད་འདི་ཐམས་ཅད་ནི་བློས་བསླད་པ་ཅན་གྱི་ཡིན་པ་ཞེས་བྱ་བ་ནི་རང་སྣང་བ་མེད་ན་ཡང་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་འཁྲུལ་
པས་གཅིག་ཏུ་ཞེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲས་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ལ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་དོན་ཐ་དད་པར་གྱུར་པ་དེའི་ཚེ་ཇི་ལྟར་སྐྱེས་བུ་འགའ་ཞིག་གིས་དྲན་པ་ན་དེའི་རྣམ་པ་རྟོགས་པར་འགྱུར་རོ། །དེའི་རྣམ་པ་རྟོགས་པར་འགྱུར་བ་དེ་ལྟར་
ཐ་དད་པའི་རྣམ་པ་དེ་གཞན་གྱིས་ཀྱང་རྟོགས་པར་འགྱུར་རོ་ཞེས་སྔར་བཤད་པ་དེ་ཡང་ཤེས་པའི་རྣམ་པར་སྨྲ་བ་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་བདག་ཉིད་ཇི་ལྟ་བ་བཞིན་གྱི་རྣམ་པར་ཤེས་པ་ལས་ཐ་དད་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་ཉམས་སུ་མྱོང་ཞེས་བྱ་བ་ལ་
སོགས་པས་ཚིགས་སུ་བཅད་པ་ཉེ་བར་བཀོད་ནས་ཚིགས་སུ་བཅད་པ་འབའ་ཞིག་བཤད་པ་མ་བྱས་པར་རེ་ཞིག །ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བ་ལ་སོགས་པ་ཚད་མ་ཀུན་ལས་བཏུས་པའི་གཞུང་འགྲེལ་པ་བྱེད་པ་རང་ཉིད་ཡུལ་ཤེས་པ་ནི་གཟུགས་ལ་
སོགས་པ་འཛིན་པ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཡུལ་ཤེས་པ་དང་དེ་ཤེས་པ་དག་གི་བྱེ་བྲག་ཅེས་འགྲེལ་པ་བྱེད་པ་ཁ་ཅིག་གི་ཟླས་དབྱེ་བའི་སྙིང་པོ་ཅན་གྱི་དེའི་སྐྱེས་བུའི་དྲུག་པ་ཡིན་པར་རྟོགས་སོ། །དེ་ཡང་རིགས་པ་མ་ཡིན་ཏེ་གང་གི་ཕྱིར་

རྣམ་པ་མེད་པ་ཡིན་ན་ཡང་རྣམ་པར་རྟོག་པ་དང་རྟོག་པ་མེད་པ་རང་གི་མཚན་ཉིད་ཐ་དད་པའི་སྒོ་ནས་ཡུལ་ཤེས་པ་དང་དེ་ཤེས་པ་དག་གི་བྱེ་བྲག་གཞན་གྱིས་དེའི་ཚེ་བརྗོད་པར་ནུས་པ་དེའི་ཕྱིར་བསྡུ་བ་གཞན་བསྟན་པའི་ཕྱིར་ཡུལ་ཤེས་པ་ལ་དེའི་ཤེས་པ་ནི་ཡུལ་ཤེས་པ་དེའི་ཤེས་པ་སྟེ། ཡུལ་ཤེས་པ་ལ་དེའི་ཤེས་པ་
ཞེས་བྱ་བ་ནི་སྦྱོར་བའི་བྱེ་བྲག་ལས་བདུན་པ་ཞེས་བྱ་བའི་བསྡུ་བ་ཡིན་པར་བསྟན་ཏོ། །ཡུལ་གྱི་ཤེས་པ་དམིགས་པར་གྱུར་པའི་རྣམ་པ་དེས་ཡུལ་གྱི་རྣམ་པར་བསྒྱུར་བ་ཉམས་སུ་མྱོང་བའི་ཤེས་པ་འདི་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱིས་འཇུག་པ་ཕྱིས་འབྱུང་བ་རྟོག་པ་དང་བཅས་པའི་ཤེས་པ་ནི་ཡུལ་ཤེས་
པ་དེའི་ཤེས་པ་ཞེས་བརྗོད་དོ། །དེ་ལྟར་བསྡུ་བ་ལ་བརྟེན་ནས་དེའི་སྒྲ་སྨོས་པ་འབྲས་བུ་དང་ལྡན་པར་འགྱུར་བ་སྟེ། ཡུལ་གྱི་ཤེས་པ་ཕྱིས་འབྱུང་བའི་ཤེས་པས་བཟུང་བ་ན། ཡུལ་གྱི་རྣམ་པ་དང་རྗེས་སུ་འབྲེལ་པ་ཡུལ་གྱི་ཤེས་པ་འདི་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་འཛིན་པར་བྱེད་དོ་ཞེས་དོན་དེ་བཤད་པའི་ཕྱིར་
རོ། །དེ་ལྟར་ན་ངའི་སྔོན་པོ་ཤེས་པ་དང་སེར་པོ་ཤེས་པ་འབྱུང་བ་ཡིན་ནོ་ཞེས་ཡུལ་གྱི་རྣམ་པ་དང་རྗེས་སུ་འབྲེལ་པའི་ཡུལ་གྱི་ཤེས་པ་གང་ཡིན་པ་དེ་འཛིན་པར་བྱེད་པའི་ཤེས་པས་གཟུང་བར་འགྱུར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཡུལ་གྱི་རྣམ་པ་ཤེས་པ་རྟོགས་པ་ཞེས་བྱ་བ་སྨོས་ཏེ། ཡུལ་གྱི་རྣམ་པ་ཉམས་
སུ་མྱོང་བའི་ཤེས་པ་ནི་འདི་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་རིག་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བྱེ་བྲག་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་གྱི་ཤེས་པ་སྟེ་ཤེས་པ་ཉིད་བྱེ་བྲག་ཡིན་ནོ་ཞེས་བྱ་བས་ནི་ལས་འཛིན་པ་བསྟན་ཏོ། །ཡུལ་གྱི་ཤེས་པ་ཡུལ་གྱི་རྣམ་པ་དང་རྗེས་སུ་འབྲེལ་པ་ཉིད་དུ་རང་འཛིན་པར་བྱེད་པའི་ཤེས་པས་
འཛིན་པ་གང་ཡིན་པ་དེ་ཉིད་བྱེ་བྲག་ཡིན་ཏེ། ཡུལ་ཤེས་པའི་ཤེས་པ་བཟུང་བའི་རྣམ་པ་ཉིད་དུ་ཡུལ་གྱི་ཤེས་པ་བྱེ་བྲག་ཏུ་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ཉམས་སུ་མྱོང་བའི་རྣམ་པའི་ཁྱད་པར་ལས་ཞེས་བྱ་བའི་དོན་ཏོ་ཞེས་སྨོས་ཏེ། ཡུལ་གྱི་རྣམ་པ་ཉམས་སུ་མྱོང་བའི་ཤེས་པ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་
ཤེས་པའི་ཤེས་པ་འཇུག་པ་ཡུལ་ཤེས་པའི་ཉམས་སུ་མྱོང་བའི་རྣམ་པ་འཛིན་པར་བྱེད་པ་ཞེས་བྱ་བ་དེ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་བཟུང་བ་ཉིད་ཀྱི་སྒོ་ནས་ཡུལ་གྱི་ཤེས་པ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་བས་ན་ཇི་སྲིད་དུ་ཡུལ་གྱི་རྣམ་པ་ཉིད་དུ་ཡུལ་གྱི་ཤེས་པ་རང་འཛིན་པར་བྱེད་པ་ན།

ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པ་ཡིན་པའི་ཕྱིར་ཚུལ་གཉིས་པ་ཡིན་ནོ་ཞེས་བཤད་པ་དེ་སྲིད་དུ། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བ་ཡིན་ནོ། །དེ་བས་ན་གཏན་ཚིགས་ཀྱི་དོན་ཕྱིས་གསལ་བར་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཡུལ་གྱི་ངོ་
བོ་སྒྲུབ་པས་ཤེས་པ་དེ་ཚུལ་གཉིས་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་གྱི་འཛིན་པའི་རྣམ་པ་ཡང་སྒྲུབ་པ་མ་ཡིན་ཞེ་ན། དེའི་ཕྱིར་དེ་ལ་འདིར་བློ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་བློ་ནི་ཉམས་སུ་མྱོང་བའི་རྣམ་པ་མི་འདོད་དེ། རྟོགས་པའི་ངོ་བོ་ཉིད་དུ་ཁས་མི་ལེན་ན་བློ་ཉིད་དུ་མི་འགྱུར་རོ། །དེ་ཉིད་ཀྱི་
ཕྱིར་ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པ་མཛད་པ་སྟོན་པར་བྱེད་དོ། །དོན་གྱི་རྣམ་པ་ཉིད་ཀྱིས་རང་ཉིད་རྟོགས་པའི་ངོ་བོ་རྟོགས་པར་འགྱུར་བར་སྣང་བ་དེ་ལྟར་ན་དོན་དུ་རང་སྣང་བ་ཡིན་ནོ། །དེ་ལྟར་ན་དོན་གྱི་རྣམ་པ་ཉིད་བྱ་བ་ཉིད་ཡིན་པས་ན་བསྒྲུབ་པར་བྱ་བ་བཤད་པར་འགྱུར་རོ། །དོན་དུ་སྣང་བ་དང་རང་སྣང་བ་ཞེས་
བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དོན་དུ་རང་སྣང་བ་ཞེས་བྱ་བ་ནི་དམ་བཅས་པ་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་དང་སྦྱར་རོ། །སྒྲུབ་པར་བྱེད་པའི་འབྲས་བུ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྦྱོར་བའི་དུས་ན་དམ་བཅའ་བ་སྦྱོར་བ་ཡོད་པ་མ་ཡིན་ནོ། །ཡུལ་ཤེས་པའི་ཤེས་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་ཞེས་བྱ་
བ་ཀུན་ལས་བཏུས་པའི་གཞུང་ཡིན་ནོ། །འདིའི་བཤད་པ་ནི་ཡུལ་གྱི་རྣམ་པ་འཛིན་པའི་ངང་ཚུལ་ཅན་གྱི་རྟོགས་པའོ་ཞེས་བྱ་བ་ཡིན་ཏེ། ཡུལ་གྱི་རྣམ་པ་ཉམས་སུ་མྱོང་བའི་ཤེས་པ་ཞེས་བྱ་བའི་རྣམ་པ་འདིས་འཛིན་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པ་སྣང་བ་
ཅན་ཞེས་བྱ་བ་ནི། ཡུལ་དང་རྗེས་སུ་མཐུན་པ་སྟེ། ཡུལ་གྱི་རྣམ་པས་ཉེ་བར་བསྒྱུར་བ་ཉམས་སུ་མྱོང་བའི་ཤེས་པ་ཤེས་པ་གང་ལ་སྣང་བ་སྟེ། གཟུང་བའི་རྣམ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བསྟན་ཏོ། །དེའི་བཤད་པ་ནི་ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་
ཀྱི་དོན་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ཡུལ་གྱི་རྣམ་པ་ཉམས་སུ་མྱོང་བའི་ཤེས་པ་ལ་དམིགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ཡིན་པ་དེའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་དངོས་སྟོན་པར་བྱེད་པས་ན་གཏན་ཚིགས་ཀྱི་དོན་ཏོ། །གཏན་ཚིགས་ཀྱི་དོན་ནི་དངོས་སུ་འདི་འདྲ་བ་ཡིན་པར་རིག་པར་

བྱ་སྟེ། རང་འཛིན་པར་བྱེད་པའི་ཤེས་པས་ཡུལ་གྱི་རྣམ་པ་ཉེ་བར་བསྒྱུར་བས་གཟུང་བ་ཉིད་ཀྱི་ཕྱིར་ཡུལ་གྱི་ཤེས་པ་བཟུང་བའི་རྣམ་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །སྦྱོར་བ་ནི་འཆད་པར་འགྱུར་རོ། །རང་སྣང་བ་ཞེས་བྱ་བ་ནི་ཀུན་ལས་བཏུས་པའི་གཞུང་ཡིན་ནོ། །རང་ཉིད་རྟོགས་པའི་ངོ་བོར་སྣང་བ་ཡིན་པ་དེ་ལྟར་
ན་རང་སྣང་བའོ། །དེ་ཉིད་ནི་ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྣང་བར་གྱུར་པ་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །འདིས་ཀྱང་ཤེས་པའི་ཤེས་པ་ཡང་གཟུང་བའི་རྣམ་པས་བསྒྱུར་བ་ཉིད་ཡིན་པར་གཙོར་བསྟན་ཏོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཡུལ་གྱི་ངོ་བོ་ཁོ་ན་ཤེས་པར་འགྱུར་བ་ཡིན་གྱི་
རང་གི་ངོ་བོ་མ་ཡིན་པ་ཞེས་བྱ་བའི་ཀུན་ལས་བཏུས་པའི་གཞུང་འདི་ནི་ཚུལ་གཉིས་ལས་བཟློག་པར་བྱ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཡུལ་གྱི་ངོ་བོ་ཁོ་ན་འབའ་ཞིག་ཡུལ་གྱི་ཤེས་པར་འགྱུར་བ་ཡིན་གྱི། རང་གི་ངོ་བོ་མ་ཡིན་པའམ། ཉམས་སུ་མྱོང་བའི་ཞེས་བྱ་བ་ལ་སོགས་པས་སྤེལ་ནས་འཆད་པ་
ཡིན་ནོ། །ཡུལ་གྱི་ངོ་བོ་ཁོ་ན་ཤེས་པར་འགྱུར་བ་ཡིན་གྱི་ཞེས་བྱ་བ་དེ་ནི་ཚུལ་གཉིས་ལས་བཟློག་པ་ཙམ་རབ་ཏུ་བསྟན་པའི་ཕྱིར་སྨོས་པ་ཡིན་གྱི་འགའ་ཞིག་ཀྱང་ཡུལ་གྱི་ངོ་བོ་ཉིད་ཤེས་པ་ཡིན་པར་མི་འདོད་དོ། །ཡུལ་གྱི་ངོ་བོ་ཉིད་འབའ་ཞིག་ཡིན་ན་རྟོགས་པའི་ངོ་བོར་གྱུར་པ་ཡུལ་བཞིན་དུ་ཤེས་པ་མ་ཡིན་པའི་
རང་བཞིན་དུ་ཐལ་བའི་ཕྱིར་རོ། །རང་གི་ངོ་བོ་ཞེས་བྱ་བ་ནི་བརྩད་པའི་གཞིར་གྱུར་པ་ཉིད་ཀྱིས་ཉེ་བར་བཀོད་པ་ཡིན་ནོ། །དེ་ལྟར་ནི་ཤེས་པ་རྣམ་པ་མེད་པ་ཡིན་ནོ་ཞེས་དཔྱོད་པ་པ་ལ་སོགས་པས་རྟོགས་སོ། །དེའི་ཚེ་ཤེས་པའི་ཤེས་པ་ཡང་སྟེ། ཡུལ་ཤེས་པའི་ཤེས་པ་ཡང་ཡུལ་ཤེས་པའི་ཤེས་པ་དང་བྱེ་བྲག་མེད་
པར་འགྱུར་ཏེ་ཞེས་བྱ་བ་ནི་མི་འདོད་པ་སྟོན་པ་ཡིན་ནོ། །དེ་ཡང་ཡུལ་གྱི་ཤེས་པ་ནི་ཉམས་སུ་མྱོང་བའི་བདག་ཉིད་ཡིན་གྱི་ཡུལ་གྱི་རྣམ་པ་ཅན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཁས་ལེན་པ་ལ་བལྟ་བར་བྱའོ། །བྱེ་བྲག་མེད་པར་འགྱུར་ཏེ་ཞེས་བྱ་བ་འདིའི་བཤད་པ་ནི་ཁྱད་པར་མེད་ན་ཞེས་བྱ་བ་ཡིན་ནོ། །ཡུལ་གྱི་ཤེས་པ་
དམིགས་པར་གྱུར་པས་འཛིན་པར་འདོད་པའི་ཤེས་པ་ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པར་སྣང་བ་དང་བྱེ་བྲག་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཉམས་སུ་མྱོང་བའི་རྣམ་པ་ཅན་འབའ་ཞིག་ཡུལ་ཤེས་པ་ཡིན་པ་དེའི་ཚེ་རང་འཛིན་པར་བྱེད་པའི་ཤེས་པ་ཡང་ཡུལ་ཤེས་པ་འདི་ཉམས་སུ་མྱོང་པའི་

རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་དེ་ཙམ་གྱི་སྒོ་ནས་སྐྱེ་བར་འགྱུར་གྱི། ཡུལ་གྱི་རྣམ་པ་འདི་ཉམས་སུ་མྱོང་བའི་ཤེས་པ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དམིགས་པས་བདག་ལ་མེད་པའི་རྣམ་པ་རང་འཛིན་པར་བྱེད་པ་འཁྲུལ་པ་མེད་པ་ལ་
འཇོག་པར་བྱེད་པ་མ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཡུལ་ཉམས་སུ་མྱོང་བའི་རྣམ་པའི་ཡུལ་ཅན་གྱིས་སྐྱེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་ཤེས་པའི་ཤེས་པ་གང་ལ་ཡོད་པ་ནི་ཡུལ་ཉམས་སུ་མྱོང་བའི་རྣམ་པའི་ཡུལ་ཅན་གྱིས་
སྐྱེད་པར་མི་འགྱུར་ཏེ། ཡུལ་གྱི་ཤེས་པས་སྐྱེད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གྱི་ཤེས་པ་ནི་དེའི་ཡུལ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་འགྲེལ་པ་བྱེད་པ་ཉིད་ཀྱིས་སྐྱོན་སྡུད་པར་བྱེད་དོ། ཡུལ་གྱི་ཤེས་པས་ཤེས་པ་ཡུལ་ཉམས་སུ་མྱོང་བའི་རྣམ་པར་བསྐྱེད་པར་བྱ་བ་མ་ཡིན་པ་
འབའ་ཞིག་ཏུ་མ་ཟད་ཀྱི་ཡུལ་གྱི་ཤེས་པ་དེ་ཡང་ཡུལ་གྱི་རྣམ་པ་དང་བྲལ་བ་ཉིད་ཡིན་ན་ཡུལ་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཉིད་འགྲུབ་པར་མི་འགྱུར་ཏེ་དོན་དང་འདྲ་བ་མེད་པར་ཡུལ་ཉམས་སུ་མྱོང་བར་མི་འགྱུར་རོ། །འདི་ལྟར་ཡུལ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གསལ་བར་བྱེད་དོ། །དེ་
ཤེས་པ་སྟེ་ཞེས་བྱ་བ་ནི་ཡུལ་ཤེས་པ་འཛིན་པར་བྱེད་པའི་ཤེས་པའོ། །ཡུལ་གྱི་རྣམ་པ་ཤེས་པ་འཛིན་པའི་ངང་ཚུལ་ཅན་དུ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་ཉམས་སུ་མྱོང་བའི་ཤེས་པ་ཞེས་བྱ་བ་འཛིན་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ན་དམིགས་པ་དང་རྗེས་སུ་མཐུན་པའི་
ཤེས་པ་སྐྱེ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཡུལ་གྱི་ཤེས་པ་ཡུལ་གྱི་རྣམ་པ་དང་བྲལ་བ་ཉིད་ཡིན་པར་འདོད་ན་ཤེས་པའི་ཤེས་པས་ཡུལ་གྱི་རྣམ་པ་ཉིད་ཀྱིས་ཡུལ་གྱི་རྣམ་པ་ཅན་དུ་ཡུལ་གྱི་ཤེས་པ་འཛིན་པར་མི་འགྱུར་ཏེ། སྐད་ཀྱི་དབྱིངས་ནི་དོན་དུ་མ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཡུལ་གྱི་རྣམ་པ་
མ་ཡིན་པའི་གཟུང་བ་ལ་ཡུལ་གྱི་རྣམ་པ་ཉིད་དུ་འཛིན་པ་རིགས་པ་མ་ཡིན་ནོ། །ཡང་ན་ཡུལ་གྱི་རྣམ་པ་ཉིད་ཀྱིས་ཡུལ་གྱི་ཤེས་པ་བྱེ་བྲག་ཏུ་མི་འགྱུར་བ་སྟེ། གཟུང་བའི་རྣམ་པ་ལས་ཐ་དད་པའི་གཟུང་བའི་རྣམ་པས་ཡུལ་གྱི་ཤེས་པ་ཁྱད་པར་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ལ་སོགས་

པ་ཉམས་སུ་མྱོང་བའི་ངོ་བོ་ཉིད་དེ་དེ་ཡུལ་གྱི་ཤེས་པར་མི་འགྱུར་ཏེ་དོན་དང་འདྲ་བ་མེད་པའི་ཕྱིར་རོ། །དེས་ནི་སྔར་བཤད་པའི་དོན་རྗེས་སུ་བསྟན་པ་ཡིན་ནོ། །ཐལ་བ་བཟློག་པ་བསྟན་པའི་ཕྱིར་འཛིན་པ་དང་འགྱུར་བ་ཡང་ཡིན་ཏེ། དེ་ཇི་སྐད་དུ་བཤད་པའི་རང་བཞིན་ཅན་ཡིན་པ་ཞེས་བྱ་བ་ནི་ཐལ་བ་བཟློག་པ་ཡིན་ནོ། །
ཡུལ་གྱི་རྣམ་པ་ཤེས་པ་ཉིད་དུ་ཤེས་པའི་ཤེས་པ་འཛིན་པར་བྱེད་པ་དང་། ཉམས་སུ་མྱོང་བའི་ཤེས་པར་འགྱུར་བ་དེ་ནི་ཇི་སྐད་དུ་བཤད་པའི་རང་བཞིན་ཡང་ཡིན་པ་དེ་ལྟར་ན་ཡུལ་གྱི་ཤེས་པ་དེ་ནི་སྔོན་པོ་ལ་སོགས་པའི་ཉམས་སུ་མྱོང་བའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་དེ་ལ་ཡང་སྟེ་ཉམས་སུ་མྱོང་བའི་ཤེས་
པ་ལ་ཡུལ་གྱི་རྣམ་པ་ཡོད་པ་ཡིན་ནོ། །ཆ་གཉིས་དམིགས་པ་ཅན་གྱི་ཞེས་བྱ་བ་ནི་ཤེས་པའི་ཤེས་པ་ཡུལ་གྱི་རྣམ་པས་བསྒྱུར་བ་ཉམས་སུ་མྱོང་བ་འདི་ཡིན་ནོ་ཞེས་འཇུག་པ་ན་ཡུལ་གྱི་ཤེས་པའི་གཟུང་བའི་ཆ་དང་འཛིན་པའི་ཆ་ལ་དམིགས་པ་ཡིན་གྱི་འཛིན་པའི་ཆ་འབའ་ཞིག་ལ་ནི་མ་ཡིན་ནོ། །འདི་ནི་བྱེད་པ་
པོའི་གསུམ་པ་ཡིན་ནོ། །རྣམ་པ་གཅིག་ལས་ཁྱད་པར་ཅན། །ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པ་ཡིན་ནོ། །ཉམས་སུ་མྱོང་བའི་རྣམ་པ་གཅིག་ལས་ཁྱད་པར་དུ་གྱུར་པ་ནི་ཡུལ་གྱི་རྣམ་པ་ཡིན་ཏེ་ཞེས་བྱ་བ་ནི་རེ་ཞིག་ཡུལ་ཤེས་པའི་ཉམས་སུ་མྱོང་བའི་རྣམ་པ་གཅིག་ཡིན་པར་འདོད་པ་དེ་
བཟུང་ནས་དེ་ལས་གཞན་པའི་གཟུང་བའི་རྣམ་པའི་མཚན་ཉིད་ཀྱི་རྣམ་པ་དང་རྗེས་སུ་འབྲེལ་པ་ཡིན་ཏེ། སྔོན་པོ་ལ་སོགས་པའི་ཉམས་སུ་མྱོང་བ་འདི་ཡིན་ནོ་ཞེས་དེ་ལྟར་ཡོངས་སུ་གཅོད་པའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་བརྒྱད་པ། དེ་ལ་འདིར་ཉམས་སུ་
མྱོང་བའི་ཤེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པ་སྨོས་པའོ། །དཔྱོད་པའི་ཤེས་པ་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཤེས་པ་ཡང་ངོ་། །དེའི་ཤེས་པས་ཞེས་བྱ་བ་ནི་དཔྱོད་པའི་ཤེས་པ་འཛིན་པར་བྱེད་པའི་ཤེས་པས་སོ། །ཇི་ལྟར་
བསམས་པའི་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་དང་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་བསམས་པའི་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་དཔྱོད་པའི་ཤེས་པ་ཉིད་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཉམས་སུ་མྱོང་བ་ཞེས་བརྗོད་དོ། །འདྲ་བ་ནི་ཇི་ལྟར་བསམས་པའི་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་ཞེས་བྱ་བའི་མཚན་ཉིད་དུ་སྣང་བ་

ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དཔྱོད་པའི་ཤེས་པ་འཛིན་པའི་ཤེས་པ་དཔྱོད་པའི་ཤེས་པ་ཡུལ་དུ་གྱུར་པ་དང་འདྲ་བར་འགྱུར་བས་ན་འདྲ་བར་འགྱུར་རོ། །གཞན་དག་ནི་རང་གི་ངོ་བོ་ཞེས་འདོན་པར་བྱེད་དེ། དེ་ལ་ཡང་བསམས་པའི་དོན་གྱི་རྣམ་པ་ཉམས་སུ་མྱོང་བའི་རང་གི་ངོ་བོར་སྐྱེས་
པ་དེ་ཉིད་ལ་དེའི་རང་གི་ངོ་བོ་ཡིན་པར་བལྟ་བར་བྱའོ། །རང་གི་ཡུལ་ཅན་གྱི་ཞེས་བྱ་བ་ནི་དཔྱོད་པའི་ཤེས་པའི་ཡུལ་ཅན་གྱིའོ། །དེ་བས་ན་དཔྱོད་པའི་ཤེས་པ་འཛིན་པའི་ཤེས་པ་ཡང་དཔྱད་པའི་རྣམ་པ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་བྱེ་བྲག་ཏུ་གྱུར་པ་དེ་ལྟར་ན་དཔྱོད་པའི་ཤེས་པ་ཡང་ཡུལ་གྱི་རྣམ་པ་ཅན་ཡིན་
ནོ། །ཤེས་པ་འདི་འདྲ་བའི་དོན་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ལ་དོན་དང་ལྡན་པ་ཞེས་བྱ་བ་འདིས་གཟུང་བའི་རྣམ་པ་སྟོན་པར་བྱེད་དོ། །ཤེས་པ་ཞེས་བྱ་བ་འདིས་ནི་འཛིན་པའི་རྣམ་པ་སྟོན་པར་བྱེད་དོ། །དེ་ལྟར་ན་ངའི་བསམ་པ་འདི་འདྲ་བར་གྱུར་ཏོ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་འདི་འདྲ་བ་སྟེ། འདིས་ནི་གཟུང་བའི་
རྣམ་པ་བརྗོད་དོ། །བསམ་པ་ཞེས་བྱ་བ་ནི་འཛིན་པའི་རྣམ་པ་བརྗོད་དོ། །གང་གི་ཕྱིར་འདི་ལྟར་ཡུལ་གྱི་རྣམ་པ་ཅན་ཡུལ་གྱི་ཤེས་པ་དེའི་ཤེས་པས་དམིགས་པར་འགྱུར་བ་ཞེས་བྱ་བ་ལ། དེའི་ཤེས་པས་ཡུལ་གྱི་ཤེས་པ་འཛིན་པར་བྱེད་པས་དམིགས་ཤིང་འཛིན་པར་འགྱུར་རོ། །གང་ཞེ་ན། ཡུལ་གྱི་ཤེས་པ་
དམིགས་པར་འདོད་པའོ། །ཅི་ལྟ་བུར་གྱུར་པ་ཞིག་ཅེ་ན། ཡུལ་གྱི་རྣམ་པ་ཅན་ཏེ། སྔོན་པོ་ལ་སོགས་པའི་རྣམ་པས་ཉེ་བར་བསྒྱུར་བའོ། །དེའི་ཕྱིར་དེ་ཡུལ་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གྱི་ཤེས་པའོ། །དེའི་རྣམ་པ་ཅན་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པས་འབྲས་བུའི་གཏན་ཚིགས་ཉིད་སྒྲུབ་པར་
བྱེད་དོ། །དེ་ལྟར་ན་དེའི་རྣམ་པ་ཅན་ལ་དམིགས་པའི་ཕྱིར་ཞེས་བྱ་བ་འདི་ནི་གཏན་ཚིགས་ཀྱི་དོན་ཡིན་ནོ། །དེའི་རྣམ་པ་ཅན་ལ་དམིགས་པ་ཞེས་བྱ་བའི་རྣམ་པར་གཞག་པ་འདི་ནི་རྟགས་སུ་གྱུར་པ་དོན་དེའི་རྣམ་པ་ཅན་གྱི་རྒྱུ་མཚན་ཅན་ཉིད་ཡིན་ཏེ། དོན་ལ་ཡོད་པའི་རྣམ་པས་དེ་རྣམ་པར་གཞག་པ་ཉིད་ཡིན་པའི་ཕྱིར་རོ། །
དེ་ཉིད་ནི་དོན་དེའི་རྣམ་པ་ཅན་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ། དོན་གྱི་རྣམ་པ་རྒྱུར་གྱུར་པ་བསྒྲུབ་པར་བྱ་བ་དེ་ལ་ཇི་སྐད་དུ་བཤད་པའི་ཕྱོགས་ཀྱི་ཆོས་འདི་ནི་འབྲས་བུའི་གཏན་ཚིགས་སུ་འགྱུར་རོ། །གཞན་གྱི་ཚེ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེས་བྱ་བ་ནི་གལ་ཏེ་ཇི་སྐད་དུ་བཤད་པའི་རྒྱུ་དང་འབྲས་བུ་ཉིད་དུ་

མི་འདོད་པ་དེའི་ཚེ་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ཏེ། དེའི་རྣམ་པ་ཅན་གྱི་ཤེས་པས་དམིགས་པ་ལྟར་ན་དེའི་རྣམ་པ་ཅན་ཉིད་དུ་རྣམ་པར་གཞག་པ་ནི་དེ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་ཡང་འགྱུར་བ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་འདྲི་བ་འགོད་པས་བཟློག་ན་གནོད་པ་
ཅན་གྱི་ཚད་མ་བསྟན་པས་གཏན་ཚིགས་ཀྱི་ཁྱབ་པ་ཉིད་སྒྲུབ་པར་བྱེད་དོ། །དེའི་ཚེ་དེ་མི་འདོད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཤེས་པའི་ཕྱི་མ་ཕྱི་མ་ཞེས་བྱ་བ་ལ་སོགས་པ་ནི་ཚད་མ་ཀུན་ལས་བཏུས་པ་མཛད་པས་བསྟན་པ་ཡིན་ནོ། །ཤེས་པ་ཕྱི་མ་ཕྱི་མ་ཞེས་བྱ་བ་ལ་སོགས་པ་ནི་ཐལ་བའི་གཞུང་
ཡིན་ཏེ། གལ་ཏེ་ཡུལ་གྱི་རྣམ་པ་དང་བྲལ་བ་འདི་ཡུལ་གྱི་ཤེས་པ་ཡིན་པར་འགྱུར་བ་འདིའི་ཚེ། ཤེས་པའི་ཤེས་པ་ཡུལ་ཤེས་པས་བྱེ་བྲག་ཏུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་འདི་འབའ་ཞིག་ཏུ་འགྱུར་བར་མ་ཟད་ཀྱི། འོན་ཀྱང་སྐྱོན་གཞན་འདི་ཡང་ཡོད་པ་ཡིན་ཏེ། ཤེས་པ་ཕྱི་མ་ཕྱི་མ་སྐྱེས་པར་གྱུར་
པ་ཡུལ་སྔ་མ་བསྐལ་པར་སྣང་བ་ཅན་དུ་མི་འགྱུར་ཞིང་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཕྱི་མ་ཕྱི་མ་སྟེ། ཉམས་སུ་མྱོང་བའི་ཤེས་པ་ལ་དེའི་ཤེས་པ་ལ་སོགས་པ་ཕྱི་མ་སྐྱེ་བར་མི་འགྱུར་རོ། །ཅི་ལྟར་ན་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །ཕྱི་མ་ཕྱི་མ་སྟེ་ཞེས་བྱ་བ་ནི་བཤད་པར་
བྱ་བའི་གཞུང་ཉེ་བར་འགོད་པའོ། །འདིའི་བཤད་པ་ནི་ཉམས་སུ་མྱོང་བའི་ཤེས་པ་ལ་དེའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཉམས་སུ་མྱོང་བའི་ཤེས་པ་ལ་དེའི་ཤེས་པ་ཞེས་བདུན་པའི་བསྡུ་བ་ཡིན་གྱི་འདི་ཟླས་དབྱེ་བ་ནི་མ་ཡིན་ཏེ། ཉམས་སུ་མྱོང་བའི་ཤེས་པ་ནི་ཕྱི་མ་ཉིད་དུ་བརྗོད་པར་འདོད་པ་མ་ཡིན་
པའི་ཕྱིར་རོ། །ཤེས་པའི་ཤེས་པ་ཕྱི་མ་ཡིན་ནོ། །ཤེས་པ་སྔ་མའི་ཡུལ་ཞེས་བྱ་བ་ནི་ཤེས་པ་དང་པོ་འབྱུང་བའི་ཡུལ་སྔོན་པོ་ལ་སོགས་པ་ནི། ཤེས་པ་ཕྱི་མ་ལ་ལྟོས་ནས་བསྐལ་པ་ལའོ། །ཕྱི་མ་ཕྱི་མ་འཛིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་བསྐལ་པའི་ཡུལ་ལ་ཆའི་རྗེས་སུ་འབྲང་བ་ཅན་དུ་མི་འགྱུར་ཞེས་བྱ་བའི་དོན་
ཏོ། །བསྐལ་པའི་ཡུལ་ལ་དེ་འཛིན་པར་འདོད་པ་མ་ཡིན་ཏེ། དེ་དག་ནི་དེ་མ་ཐག་པའི་ཤེས་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཀུན་ལས་བཏུས་པའི་གཞུང་དེའི་བཤད་པ་ནི་དོན་སྔ་མ་དེ་ནི་ཤེས་པ་ཕྱི་མ་ཕྱི་མའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་

ཕྱི་རོལ་གྱི་ཡུལ་གྱི་སྟོབས་ཀྱིས་ཤེས་པའི་ཤེས་པ་ལ་བསྐལ་པའི་ཡུལ་སྣང་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཐལ་བ་བཟློག་པ་སྟོན་པར་བྱེད་པ་ཡིན་ནོ། །དེ་བས་ན་ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པ་ཡིན་པར་འདོད་པར་བྱའོ། །གང་ལ་དམིགས་
པར་བྱེད་པའི་ཤེས་པ་དག་ལ་སྔ་མ་བསྐལ་པའི་ཡུལ་སྣང་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡུལ་གྱི་ཤེས་པ་ལས་བྱུང་བའི་ཡུལ་གྱི་རྣམ་པའི་སྟོབས་ཉིད་ཀྱིས་ཤེས་པའི་ཤེས་པ་བསྐལ་པའི་ཡུལ་དུ་སྣང་བར་རིག་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །རྣམ་པ་རེ་རེས་ལྷག་པ་ཞེས་བྱ་བ་ནི་དེ་མ་ཐག་པ་ཉིད་གསལ་
བར་བྱེད་དོ། །ཐལ་བ་བཟློག་པ་བསྟན་ཏོ་ཞེས་བྱ་བ་ནི་འདི་ལྟར་ཡུལ་སྔ་མ་ཞེས་བྱ་བ་ལས་བརྩམས་ནས་བཟློག་པ་སྟོན་པ་ཡིན་ནོ། །བུམ་པ་ཉམས་སུ་མྱོང་བའི་ཤེས་པའི་ཤེས་པས་ཞེས་བྱ་བ་ནི་བུམ་པའི་རྣམ་པ་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པ་དེ་དམིགས་པར་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ། །
བུམ་པ་ཉམས་སུ་མྱོང་བའི་ཤེས་པ་ཞེས་བརྗོད་པས་ཤེས་པ་དང་པོས་བུམ་པའི་རྣམ་པ་གཅིག་གཟུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བུམ་པའི་རྣམ་པ་ཅན་གྱི་ཤེས་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི། བུམ་པའི་རྣམ་པ་ཅན་གྱི་ཞེས་རྟོགས་པར་འགྱུར་ཞིང་ཤེས་པ་ཡིན་ནོ་ཞེས་
རྟོགས་པར་འགྱུར་རོ། །དེ་བས་ན་ཤེས་པ་དང་པོའི་གཟུང་བ་དང་འཛིན་པའི་རྣམ་པ་གང་ཡིན་པ་དེ་དག་ཤེས་པ་གཉིས་པའི་གཟུང་བའི་རྣམ་པ་ཡིན་པར་འདོད་པ་དེ་ལྟར་ན་དང་པོའི་ཤེས་པ་ལས་ཤེས་པ་གཉིས་པ་རྣམ་པ་གཅིག་གིས་ལྷག་པ་ཡིན་ནོ། །དེ་ཤེས་པའི་ཤེས་པས་བུམ་པ་ཉམས་སུ་མྱོང་བ་དེའི་ཤེས་
པ་གང་ཡིན་པ་དེའི་ཤེས་པ་སྟེ་གསུམ་པས་སོ། །བུམ་པའི་ཤེས་པའི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་བུམ་པའི་ཤེས་པ་གང་ཡིན་པ་དེའི་ཤེས་པར་གྱུར་པ་ཡིན་ནོ། །དེ་བས་ན་བུམ་པའི་རྣམ་པ་དང་བུམ་པའི་རྣམ་པ་ཤེས་པའི་རྣམ་པ་དང་། བུམ་པའི་ཤེས་པ་ཤེས་པའི་རྣམ་པ་སྟེ། གསུམ་པོ་དེ་དག་ནི་ཤེས་པ་
གསུམ་པའི་གཟུང་བར་འགྱུར་རོ། །དེ་ཉིད་ནི་བུམ་པའི་རྣམ་པ་དང་བཅས་པར་བུམ་པའི་ཤེས་པའི་ཤེས་པ་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་གཞན་དག་ལ་ཡང་ཞེས་བྱ་བ་ནི་ཤེས་པ་བཞི་པ་ལ་སོགས་པ་ལ་ཡང་རྣམ་པ་རེ་རེས་ལྷག་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

བས་ན་རྣམ་པ་གང་དང་གང་གིས་ཤེས་པ་ཕྱི་མ་ཕྱི་མའི་ཤེས་པ་སྔ་མ་སྔ་མ་འཛིན་པར་བྱེད་པའི་རྣམ་པ་དེས་དེ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་ལྟ་བུའི་ངོ་བོ་མ་ཡིན་པའི་ཤེས་པ་སྐྱེ་བར་འགྱུར། དེ་ལྟར་ན་བཟློག་ན་གནོད་པ་ཅན་གྱི་ཚད་མ་མཐོང་བའི་ཕྱིར་ཁྱབ་པ་གྲུབ་པ་
ཡིན་ནོ། །བསམས་པ་འདི་ཉིད་ཀྱི་མདོ་མཛད་པས་གཏན་ཚིགས་ཀྱི་ཁྱབ་པ་བསྟན་ཏོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །ཤེས་པ་གཉིས་པ་དེ་ནི་ཡུལ་ཤེས་པ་འཛིན་པའི་ཤེས་པ་ནིའོ། །དོན་གྱི་ངོ་བོས་ཞེས་བྱ་བ་ནི་གཟུང་བ་ཉིད་ཀྱིས་སོ། །དེ་ལྟར་ན་ཡུལ་ཤེས་པ་ལ་ཡོད་པའི་གཟུང་བ་དང་འཛིན་པའི་རྣམ་
པ་གཉིས་དག་ཀྱང་ཤེས་པ་འཛིན་པའི་ཤེས་པའི་གཟུང་བའི་རྣམ་པར་འགྱུར་ཏེ། དེ་ལ་དེ་དག་གཟུང་བ་ཉིད་དུ་སྣང་བའི་ཕྱིར་རོ། །དེའི་སྒོ་ནས་འོངས་པ་ཞེས་བྱ་བ་ནི་དམིགས་པར་གྱུར་པ་ཡུལ་ཤེས་པའི་སྒོ་ནས་འོངས་པའོ། །ཡུལ་དུ་སྣང་བ་དང་རང་སྣང་བའི་མཚན་ཉིད་ཅན་དག་ནི་ཞེས་བྱ་བ་ན་གཟུང་བ་དང་འཛིན་
པའི་རྣམ་པའི་མཚན་ཉིད་ཅན་དག་གོ། །ཡུལ་ཉིད་དུ་སྟེ་གཟུང་བ་ཉིད་དུའོ། །དོན་གྱི་ངོ་བོས་ཞེས་བྱ་བ་འདིའི་འགྲེལ་པ་ཡིན་ནོ། །གསུམ་པས་སོ་ཞེས་བྱ་བ་ནི་ཤེས་པའི་ཤེས་པ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པའོ། །དེ་ལྟར་ན་ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པར་སྣང་བ་འདི་ཤེས་པ་གསུམ་པར་ཡུལ་ཤེས་པ་འཛིན་
པའི་ངང་ཚུལ་ཅན་གྱི་ཤེས་པ་གཟུང་བར་བྱ་བ་ཡོངས་སུ་གཅོད་པར་འགྱུར་རོ། །དེ་ལ་ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པར་སྣང་བ་ཞེས་བྱ་བ་འདིས་ནི་འཛིན་པའི་རྣམ་པ་དང་རྗེས་སུ་འབྲེལ་པ་ཡོངས་སུ་གཅོད་པར་འགྱུར་རོ། །ཤེས་པ་ཞེས་བྱ་བ་འདིས་ནི་རང་སྣང་བ་ཉིད་ཡིན་ནོ། །གལ་ཏེ་ཡུལ་གྱི་རྣམ་པ་ཅན་ཞེས་བྱ་བ་ལ་
སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །སྐྱེས་བུ་དོན་དེས་རྣམ་པ་དང་ལྡན་པར་སྲེ་བར་བྱེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་དོན་རྒྱུར་གྱུར་པའི་རྣམ་པ་དེས་རྣམ་པ་དང་ལྡན་པར་སྲེ་བར་བྱེད་པ་ཡིན་ཏེ། ཤེས་པ་རྣམ་པ་མེད་པ་ཡིན་ན་ཡང་རྣམ་པ་དང་ལྡན་པར་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྒྲོན་མ་
ཡིད་བྱེད་ཅེས་བྱ་བ་ནི་སྣང་བ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་དེར་ཏེ་དྲན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དོ། །ཡུལ་ལ་ཉེ་བར་སྦྱོང་བ་ལ་རེག་པ་མེད་པར་ཞེས་བྱ་བ་ནི་ཡུལ་ལ་ཉེ་བར་སྦྱོར་བ་རྣམ་པར་ཤེས་པ་ལ་རང་གི་རྣམ་པ་འཇོག་པ་དེ་ལ་རེག་པ་མེད་

པར་ཏེ། རྣམ་པ་འཇོག་པར་བྱེད་པ་མེད་པའི་ཤེས་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཤེས་པ་རྣམ་པ་མེད་པ་ཉིད་ཡིན་ན། ཡུལ་ཡང་རྣམ་པ་འཇོག་པར་བྱེད་པར་མི་འགྱུར་རོ། །དེ་ལྟ་ཡིན་ན་ཡང་ཡུལ་དང་སྣང་བ་ལ་སོགས་པ་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཉམས་སུ་
མྱོང་བར་ངེས་པའི་རྣམ་པར་ཤེས་པ་ལ་རྒྱུའི་ངོ་བོ་གང་ལ་ཡོད་པ་དེ་ནི་ཉམས་སུ་མྱོང་བའི་རྣམ་པར་ཤེས་པའི་རྒྱུའི་ངོ་བོར་གྱུར་པ་ཅན་ནོ། །དོན་གྱི་རྣམ་པར་ཞེན་པ་ཅན་གྱི་ཤེས་པ་ལ་ཞེས་བྱ་བ་ནི། དོན་གྱི་རྣམ་པ་མེད་པ་ཕྱིས་འབྱུང་བའི་ཤེས་པས་ཞེན་ཅིང་སྒྲོ་འདོགས་པ་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ། །ཡང་ན་དོན་གྱི་རྣམ་པར་ཞེན་པ་འཁྲུལ་པས་སྦྱར་བ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དང་པོ་ཉམས་སུ་མྱོང་བའི་ཤེས་པ་ནི་མིག་ལ་སོགས་པའི་ཡུལ་ལའོ། །ཡུལ་དང་ཉམས་སུ་མྱོང་བའི་རྣམ་པ་དག་གཉིས་མེད་དངོས་ཡིན་ན་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དག་ཅེས་བྱ་བའི་དོན་ཏོ། །གལ་
ཏེ་དེ་ཉམས་སུ་མྱོང་བའི་ངོ་བོ་ཉིད་འབའ་ཞིག་ཏུ་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་དང་པོ་འཛིན་པར་བྱེད་པའོ། །ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ངོ་བོ་གཅིག་ཏུ་གནས་པར་འགྱུར་བ་སྟེ། རང་སྣང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་དང་པོའི་ཤེས་
པ་རྣམ་པ་མེད་པ་ཡིན་ན་དེ་བཞིན་དུ་ཕྱིས་ཀྱི་ཡང་ཡིན་ན་ཕྱིས་རྒས་པའི་ཚུལ་ཐོབ་པ་མ་ཡིན་ནོ་ཞེས་དགོངས་སོ། །ཡུལ་དང་རྗེས་སུ་མཐུན་པའི་ཤེས་པའི་སྣང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་དང་རྗེས་སུ་མཐུན་པའི་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པ་དེར་སྣང་བར་མི་འགྱུར་ཏེ། ཉམས་སུ་མྱོང་བ་ལ་ཡོད་པའི་ཤེས་
པ་ལ་ཡོད་པའི་གཟུང་བ་དང་འཛིན་པ་གང་ཡིན་པ་དེ་དག་ནི་དེ་ལ་གཟུང་བའི་རྣམ་པ་ཉིད་དུ་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་འབྱེད་པ་མ་ཡིན་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི། ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པ་ལ་སྣང་བ་ཅན་ཐ་དད་པར་འཛིན་པ་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །ཡུལ་གྱི་རྣམ་པ་ཅན་
ཉམས་སུ་མྱོང་བའི་ཤེས་པ་ཞེས་བྱ་བ་དེ་ལྟར་སྣང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐ་དད་པར་ཞེས་བྱ་བ་ནི་འཛིན་པའི་རྣམ་པ་ལས་ཐ་དད་པར་རོ། །འདི་ནི་འཛིན་པའི་རྣམ་པ་ཉིད་འབའ་ཞིག་འཛིན་པ་དེ་ཙམ་འཛིན་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་རང་ཉིད་སྣང་བའི་

ངོ་བོ་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དོན་གྱི་རྣམ་པ་འཛིན་པ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་ཡོངས་སུ་གཅོད་པ་སྟེ། བློ་གཉིས་པ་ནི་དོན་གྱི་རྣམ་པ་ཡོངས་སུ་གཅོད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དོན་གྱི་རྣམ་པའི་འཛིན་པ་ནི་དོན་གྱི་རྣམ་པར་འཛིན་པ་སྟེ། ཉམས་སུ་
མྱོང་བའི་ཤེས་པ་ཡིན་ནོ། །དེ་ཉིད་ནི་འབྲེལ་ཞིང་ལྡན་པ་སྟེ་གཟུང་བའི་རྣམ་པ་ཡིན་ཏེ། འབྲེལ་ཞིང་ཡང་དག་པར་སྦྱོར་བར་བྱེད་པའི་ཕྱིར་རོ། །བློ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡུལ་གྱི་རྣམ་པས་བསྒྱུར་བའི་ཉམས་སུ་མྱོང་བའི་ཤེས་པ་ཤེས་པའི་ཤེས་པ་ལ་གཟུང་བའི་རྣམ་པ་ཉིད་དུ་སྣང་བར་
འགྱུར་རོ། །དུས་ཕྱིས་འབྱུང་བ་ཅན་གྱི་ཤེས་པ་ལ་སོགས་པ་དང་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པའི་ཤེས་པ་འཛིན་པའི་ངང་ཚུལ་ཅན་ཤེས་པ་གསུམ་པ་ལ་སོགས་པའི་ཞེས་བྱ་བའི་ཐ་ཚིག་གོ། །རང་དང་འབྲེལ་པ་ཅན་དེ་དང་སྦྱོར་བར་བྱེད་ཀྱི་ཞེས་བྱ་བ་ནི་དོན་རྒྱུར་གྱུར་པ་དང་ངོ་། །ཡུལ་དང་ཤེས་པའི་
རྣམ་པ་ཡང་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་དང་ཤེས་པའི་རྣམ་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ཡང་ཞེས་བྱ་བ་ལ་སོགས་པ་ལ་གཅིག་ཏུ་ངེས་པར་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་དོན་ཅི་འདྲ་བ་ཇི་ལྟར་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཉིད་ལ་སོགས་པར་མི་འགྱུར་བ་དེ་ལྟར་ཁོ་བོ་ཅག་
གིས་སྔར་བསྟན་པ་དེ་ལྟར་ན་ཡང་མ་བཤད་དོ། །བསྟན་བཅོས་མཛད་པས་ཀྱང་རབ་ཏུ་བྱེད་པ་གཞན་དུ་ཁྱབ་པ་བསྟན་པས་ན། དེ་ནི་ཁྱབ་པ་ཡང་ཚད་མ་རྣམ་པར་ངེས་པ་ལས་ཞེས་བྱ་བ་སྨོས་སོ། །དོན་དུ་སྣང་བ་ཅན་གྱི་བློ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པས་སྟོང་པའི་ས་ཕྱོགས་སུ་ཞེས་བྱ་བར་
དགོངས་སོ། །མངོན་པར་འདོད་པའི་དོན་སྣང་བ་ཅན་མིག་ལ་སོགས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེའི་སྐྱེ་བ་གང་ཡིན་པ་དེའི་བག་ཆགས་ཡོངས་སུ་སྨིན་པ་སྟེ། འབྲས་བུ་སྐྱེ་བ་ལ་ནུས་པ་ཡོད་པའོ། །ཐམས་ཅད་ལ་དྲུག་པའི་བསྡུ་བ་བྱའོ། །ཡོངས་སུ་སྨིན་པ་དེ་ཉིད་སྙིང་པོ་སྟེ། ནང་གི་ས་བོན་ཡིད་ལ་
བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཡིད་ལ་བྱེད་པའི་སྒྲ་དང་ལས་འཛིན་པ་བྱའོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི་མིག་ལ་སོགས་པ་ལས་ཐ་དད་པའི་རྒྱུ་གང་ཡང་རུང་བ་ཡོད་དོ། །དེ་ལྟ་མ་ཡིན་ན་མ་གྲུབ་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྒྱུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ལ་ཐེ་ཚོམ་ཟ་བའི་མ་གྲུབ་པ་

ཡིན་ནོ། །གལ་ཏེ་ཡང་གང་གི་ཚེ་ཕྱི་རོལ་གྱི་དོན་མེད་པ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ཏེ། རྣམ་པར་ཤེས་པ་དམིགས་པ་མེད་པར་སྨྲ་བའི་ས་བོན་དང་མྱུ་གུ་དོན་དམ་པར་ཡོད་པ་མ་ཡིན་གྱི་འོན་ཀྱང་ས་བོན་དང་མྱུ་གུར་སྣང་བའི་བློའི་གཟུང་བའི་རྣམ་པ་
ལས་ས་བོན་དང་མྱུ་གུ་རྣམ་པར་གཞག་པ་ཡིན་ནོ། །བློའི་གཟུང་བའི་རྣམ་པ་ཡང་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ། །དེ་ཉིད་ནི་བློ་ས་བོན་ལས་མྱུ་གུར་སྣང་བ་འཁྲུལ་པ་ཉིད་ཡིན་པས་ན་མེད་པ་ཉིད་ཡིན་པའི་ཕྱིར་ཞེས་སྨོས་ཏེ། བློའི་ས་བོན་དང་མྱུ་གུར་སྣང་བ་གང་ཡིན་པ་དེ་འཁྲུལ་པ་ཉིད་ཡིན་པས་ན་མེད་པ་
ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ལྟར་ས་བོན་ལས་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ལ་མྱུ་གུ་སྐྱེ་བ་ཞེས་བྱ་བ་ནི་བྱེད་པ་པོའི་རྣམ་པར་གཞག་པ་དེ་ལྟ་བུའི་མཚན་ཉིད་ཅན་དེ་ཅི་ལྟར་ཞེས་བྱ་བར་སྦྱར་རོ། །གལ་ཏེ་དེ་ཅི་ལྟར་ན་མི་འགྱུར་ཞེ་ན། ས་བོན་དང་མྱུ་གུར་སྣང་བ་དག་ལ་ནི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ས་བོན་དུ་སྣང་བ་རྒྱུ་མ་ཡིན་ཞིང་མྱུ་གུར་སྣང་བ་འབྲས་བུ་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །དུ་བ་རྟོགས་པའི་དུས་ན་མེ་ཡོད་པ་དེ་མ་ཡིན་པ་ཞེས་བྱ་བ་ནི་རྟགས་སུ་གྱུར་པའི་དུ་བ་སྣང་བའི་དུས་ན་ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་དུ་བར་སྣང་བའི་བློ་དུ་བ་ཡིན་ལ། དེ་ཉིད་སྐྱེ་བར་འགྱུར་བ་དེའི་གནས་
སྐབས་ན་ཕྱི་རོལ་གྱི་མེ་ཡོད་པ་མ་ཡིན་ཏེ། དེ་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཚེ་མེར་སྣང་བའི་བློ་ཡང་མྱོང་བ་མ་ཡིན་ཏེ། དེ་ནི་ཕྱིས་འབྱུང་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་རྟོགས་པ་ལ་བརྟེན་ནས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་མེད་ན་ཡང་དངོས་པོར་སྣང་བའི་བློ་དངོས་པོར་རྟོགས་པ་ཡིན་ཞིང་དེ་
ལ་བརྟེན་ནས་སོ། །དེ་ཉིད་ནི་ཚིགས་སུ་བཅད་པ་བཤད་པའི་སྒོ་ནས་བསྟན་པའི་ཕྱིར། དེའི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ས་བོན་ལ་སོགས་པ་བྱེ་བྲག་ཏུ་སྣང་བའི་བློ་ལ་དེ་མ་ཐག་ཏུ་འབྱུང་ཞིང་སྐྱེ་བའི་ཞེས་བྱ་བ་འདིས་ནི་ས་བོན་དང་མྱུ་གུར་སྣང་བ་དང་འབྲེལ་པ་ཅན་གྱི་བློ་རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་
པར་བྱེད་པའི་མངོན་སུམ་དང་མི་དམིགས་པ་བསྟན་ཏོ། །བློ་རང་རིག་པའི་མཚན་ཉིད་ཅན་དག་ཀྱང་དངོས་པོ་ཉིད་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་འགལ་བ་མེད་དོ་སྙམ་དུ་དགོངས་སོ། །ཅི་ལྟར་ས་བོན་ལས་མྱུ་གུ་ཞེས་བྱ་བ་སྐྱེ་བ་དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་ལ་མྱུ་གུ་ཞེས་བྱ་བའི་དངོས་པོ་སྐྱེ་བར་འགྱུར་རོ་

ཞེས་སྦྱར་རོ། །སོ་སོར་ངེས་པའི་ཕྱིར་ཞེས་བྱ་བ་ནི་དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་དཔེས་བསྟན་པའི་དོན་འགོད་པ་ཡིན་ཏེ། ས་བོན་དུ་སྣང་བ་ཅན་གྱི་བློ་རྒྱུར་གྱུར་པ་ཡོད་ན་ཞེས་བྱ་བ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་ཏོ། །མྱུ་གུར་སྣང་བ་
ཅན་གྱི་ཤེས་པ་འབྱུང་བར་འགྱུར་བར་རྟོག་པ་ན་ཞེས་བྱ་བ་ནི་འབྲས་བུ་ཉིད་དུ་རྣམ་པར་གཞག་པ་ལའོ། །འགལ་བ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་གནོད་པ་ཅན་གྱི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང་འོན་ཀྱང་སྒྲུབ་པར་བྱེད་པ་ནི་ཡོད་དེ་བློ་ནི་མངོན་སུམ་གྱི་ཚད་མས་སྒྲུབ་པར་བྱེད་དོ། །དོན་མ་གྲུབ་པའི་ཕྱིར་རོ་
ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཕྱི་རོལ་གྱི་དོན་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་དེ་སྔར་བསྟན་ཟིན་ཏོ། །རྣམ་པར་གཞག་པ་གཅིག་བོར་ནས་ཞེས་བྱ་བ་ལ་སོགས་པ་ལ་ཅི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་རྣམ་པར་ཤེས་པའི་རྣམ་པར་གཞག་པ་བོར་ནས་གཞན་ཕྱི་རོལ་གྱི་དོན་རྣམ་པར་གཞག་པ་
ལ་བརྟེན་ནས་ཕྱི་རོལ་གྱི་དོན་མ་གྲུབ་པའི་མཚན་ཉིད་ཀྱི་སྐྱོན་ཡོད་པ་དེ་ལྟར་ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ཡང་རྣམ་པར་གཞག་པ་གཅིག་བོར་ནས་ཏེ། ཕྱི་རོལ་གྱི་དོན་དུ་རྣམ་པར་གཞག་པ་ཡོངས་སུ་བཏང་ནས་རྣམ་པར་གཞག་པ་གཞན་ལ་བརྟེན་པ་ལས་འབྱུང་བ་ཅན་རྣམ་པར་ཤེས་པ་ཙམ་དུ་རྣམ་པར་གཞག་པ་ལ་བརྟེན་པ་
ལས་འབྱུང་བ་ཅན་ཡུལ་དང་དུས་ངེས་པ་མེད་པའི་མཚན་ཉིད་ཅན་གྱིས་ཉེས་པ་འདི་ལ་འཇུག་པ་མ་ཡིན་ཏེ། སྐྱོན་སེལ་བ་ནི་རབ་ཏུ་བྱེད་པ་གཞན་ལ་བརྗོད་པ་ཉིད་ཀྱི་ཕྱིར་དང་། འདི་ལ་ཡང་སྔར་བཤད་ཟིན་པའི་ཕྱིར་རོ། །དུ་བར་སྣང་བ་ཅན་གྱི་ཤེས་པ་སྔར་འབྱུང་བར་འགྱུར་ཏེ། དང་པོར་རྟགས་ཡོངས་སུ་གཅོད་
པའི་ཕྱིར་རོ། །ཕྱིས་རྟགས་ཀྱི་རྗེས་སུ་འབྲངས་ནས་འཇུག་པའི་མེར་སྣང་བ་ཅན་གྱི་ཤེས་པ་འབྱུང་བར་འགྱུར་བ་དེ་ལྟར་ན་དང་པོར་འབྲས་བུ་ཉིད་ཐོབ་པ་ཡིན་ཏེ། དུ་བར་སྣང་བ་ཅན་གྱི་ཤེས་པ་ནི་དང་པོར་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །ཕྱིས་རྒྱུ་ཡིན་ཏེ་མེར་སྣང་བ་ཅན་གྱི་ཤེས་པ་རྒྱུ་ཉིད་དུ་གཞན་དུ་ཁས་བླངས་པའི་
ཕྱིར་རོ། །དེ་ནི་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་སྔ་མ་ནི་འབྲས་བུ་མ་ཡིན་ཞིང་ཞེས་བྱ་བའི་ལན་སྨོས་སོ། །དེའི་ཚེ་ཞེས་བྱ་བ་ནི་རྟགས་སུ་གྱུར་པ་དུ་བ་རྟོགས་པའི་དུས་ནའོ། །གང་ལས་དུ་བར་སྣང་བ་ཅན་གྱི་ཤེས་པ་འབྲས་བུར་རྟོགས་པར་འགྱུར་ཞེས་བྱ་བ་ལ་གལ་ཏེ་རྟགས་སུ་གྱུར་པ་རྟོགས་པ་ཉིད་ལས་སྔར་

མེར་སྣང་བའི་ཤེས་པ་ནང་ན་མྱོང་བར་འགྱུར་བ་དེའི་ཚེ་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་དུ་བར་སྣང་བའི་ཤེས་པའི་རྒྱུར་རྟོགས་པར་འགྱུར་རོ། །བག་ཆགས་ནི་ནང་གི་ཉེ་བར་ལེན་པ་ཤེས་པ་སྔ་མའི་བདག་ཉིད་དུ་ཕུལ་དུ་བྱུང་བའི་མཚན་ཉིད་ཡིན་ཞིང་གསལ་བ་ནི་ནུས་པ་ཡིན་ལ་སད་པ་སྟེ། སྐྱེ་བ་བློ་
གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་བསྡུས་པའི་དོན་ནི་དུ་བར་སྣང་བ་ཅན་གྱི་བློ་ནི་ཤེས་པ་ཐམས་ཅད་ལས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་རྣམ་པར་ཤེས་པ་མེར་སྣང་བའི་བློ་རྒྱུན་ཡོངས་སུ་གྱུར་པས་སྐྱེད་པར་ནུས་པ་གང་ཡིན་པ་དེ་ཉིད་དུ་བར་སྣང་བའི་རྒྱུ་ཡིན་ནོ། །མེར་སྣང་བའི་བློས་རྣམ་པར་ཤེས་པ་རྒྱུར་གྱུར་པ་
མ་ཡིན་པ་ནི་ལ་ལར་དུ་བར་སྣང་བའི་ཤེས་པའི་རྒྱུ་ཉིད་དུ་དམིགས་པར་མི་འགྱུར་ཏེ། ཚང་མང་ལ་སོགས་པ་མེར་སྣང་བའི་བློ་དང་བཅས་པར་དུ་བར་སྣང་བའི་བློ་ཡང་དག་པར་དམིགས་པའི་ཕྱིར་རོ། །གལ་ཏེ་འོ་ན་མེར་སྣང་བའི་བློ་ཉིད་དུ་བར་སྣང་བའི་རྒྱུ་ཡིན་པ་ནི་བླ་སྟེ། མེར་སྣང་བ་སྐྱེད་པར་ནུས་པ་བློའི་ཁྱད་པར་
གཞན་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་རྟགས་སུ་གྱུར་པ་དུ་བར་སྣང་བའི་བློ་ནི་སྔར་འབྱུང་བའི་ངང་ཚུལ་ཅན་མེར་སྣང་བའི་བློ་མེད་པར་ཡང་འབྱུང་བའི་ཕྱིར་རོ། །དེ་བས་ན་གང་གི་ཚེ་ཡང་མེར་སྣང་བ་དེ་མ་ཐག་དུ་བར་སྣང་བའི་བློ་རིག་པ་ཡིན་པ་དེའི་ཚེ་ཡང་མེར་སྣང་བའི་བློ་བསྐྱེད་པར་ནུས་པ་ཀུན་གཞི་རྣམ་པར་ཤེས་
པ་ཞེས་བྱ་བའི་བློ་དུ་བའི་རྒྱུ་ཡིན་ནོ། །དེ་བས་ན་རྒྱུད་གཞན་གྱུར་པའི་སྒོ་ནས་མེར་སྣང་བ་སྐྱེད་པར་ནུས་པའི་རྒྱུན་གྱི་རྣམ་པར་ཤེས་པ་ལས་དུ་བར་སྣང་བའི་བློ་འབྱུང་བར་རྒྱུན་གྱི་རྣམ་པར་ཤེས་པ་རྒྱུར་གྱུར་པ་མེར་སྣང་བ་སྐྱེད་པར་བྱེད་པའི་ནུས་པ་རྗེས་སུ་དཔོག་པར་བྱེད་དོ། །དེ་ལྟར་ན་འབྲས་བུ་ལས་རྒྱུ་ཉིད་དཔོག་པར་འགྱུར་
རོ། །མེར་སྣང་བའི་བློས་རང་གི་ཉེ་བར་ལེན་པ་རྣམ་པར་ཤེས་པ་སྔ་མ་མེར་སྣང་བའི་བློ་སྐྱེད་པར་བྱེད་པའི་ནུས་པ་དཔོག་པར་བྱེད་པའི་དོན་གྱིས་འབྱུང་བར་འགྱུར་བའི་མེ་སྣང་བའི་བློ་རྗེས་སུ་དཔོག་པར་འགྱུར་ཏེ། དུ་བར་སྣང་བའི་བློའི་རྒྱུར་གྱུར་པ་རྒྱུན་གྱི་རྣམ་པར་ཤེས་པ་སྐད་ཅིག་མ་ཕྱི་མ་ཕྱི་མར་གྱུར་པས་མེར་སྣང་བའི་བློའི་
རྒྱུ་ཡིན་ནོ་ཞེས་དེ་ལྟར་རྗེས་སུ་དཔོག་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། བག་ཆགས་གསལ་བར་སད་པ་ཅན། །བློ་ཉིད་ཀྱི་གོ་བར་བྱེད་པས་ཞེས་བྱ་བ་སྨོས་ཏེ། དུ་བར་སྣང་བའི་བློའི་རྒྱུ་མེར་སྣང་བའི་བག་ཆགས་གསལ་བར་སད་པ་ཅན་དེ་དང་རྗེས་སུ་འབྲེལ་པ་སྐད་ཅིག་མ་གཞན་དུ་ཡོངས་སུ་གྱུར་

པས་མེར་སྣང་བའི་བློ་སྲེག་པ་དང་འཚེད་པ་ལ་སོགས་པར་སྣང་བའི་ཤེས་པ་སྐྱེད་པར་བྱེད་པར་ནུས་པ་སྐྱེད་པར་འགྱུར་རོ་ཞེས་རྗེས་སུ་དཔོག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་བྱེད་པས་འགྱུར་གྱི་ཞེས་བྱེ་བྲག་ཏུ་སྨོས་སོ། །དེ་ལྟར་ན་དོན་བྱེད་པ་དོན་དུ་གཉེར་བའི་ཡང་འཇུག་པ་འགལ་བ་མེད་པ་ཡིན་ཏེ། གགས་
བྱེད་པ་མེད་པ་ན་འདི་ན་སྲེག་པ་དང་འཚེད་པ་ལ་སོགས་པར་སྣང་བའི་རྒྱུ་མེར་སྣང་བའི་བློར་འགྱུར་རོ་ཞེས་བྱ་བའི་དེ་ལྟ་བུའི་བསམ་པ་ཅན་འཇུག་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ཡང་དེ་མཚུངས་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་མེ་གང་གིས་དུ་བ་སྐྱེད་པ་འབྲས་བུར་གྱུར་པའི་དུ་བས་དཔོག་པར་བྱེད་པ་གང་
ཡིན་པ་དེ་འདས་པ་ཉིད་ཡིན་པའི་ཕྱིར་སྲེག་པ་དང་འཚེད་པ་ལ་སོགས་པའི་ནུས་པ་ཉིད་དུ་མི་འགྱུར་རོ། །འབྱུང་བར་འགྱུར་བ་གང་ཡིན་པ་དེས་ནི་དུ་བ་སྐྱེད་པ་མ་ཡིན་པ་དེ་ལྟར་ན་ཅི་ལྟར་དོན་བྱེད་པ་དོན་དུ་གཉེར་བ་འཇུག་པར་འགྱུར། དེ་བས་ན་དེས་ཀྱང་འདི་སྐད་དུ་འབྲས་བུར་གྱུར་པའི་དུ་བ་ལས་རྒྱུར་འདོད་པའི་མེ་
དོན་བྱེད་པ་དོན་དུ་གཉེར་བ་དག་གིས་དཔོག་པར་བྱེད་པ་ན་འདི་ལྟར་དཔོག་པར་བྱའོ། །དུ་བའི་རྒྱུ་མེ་གང་ཡིན་པ་དེ་གགས་བྱེད་པ་མེད་ན་མེ་སྐྱེད་པར་ནུས་པ་ཡིན་པ་དེ་བས་ན་དེ་ལས་སྲེག་པ་དང་འཚེད་པར་ནུས་པའི་མེ་འབྱུང་བར་འགྱུར་རོ་ཞེས་དེ་ལྟར་རྟོག་པ་དང་ལྡན་པ་འཇུག་པར་འགྱུར་བས་ན་གནོད་པ་ཡོད་པ་མ་ཡིན་ནོ་
ཞེས་བརྗོད་པར་བྱའོ། །མེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་མེའི་གོ་བར་བྱེད་པ་མ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པ་ལ་ཐ་དད་པར་མ་གྲུབ་པའི་ཕྱིར་རོ། །མེར་སྣང་བ་ཅན་གྱི་ད་ལྟར་བློ། །ཞེས་བྱ་བ་ནི་གསལ་བར་སྣང་བ་ཅན་སྲེག་པ་དང་འཚེད་པར་ནུས་པའི་བློ་ད་ལྟར་གྱི་སྟེ། དུ་བར་སྣང་བ་དང་དུས་མཚུངས་པ་ཅན་དེ་
ནི་དེའི་ཚེ་མེད་པའི་ཕྱིར་རོ། །འོན་ཀྱང་ཇི་སྐད་དུ་བཤད་པའི་རྣམ་པས་རང་གི་ཉེ་བར་ལེན་པར་གྱུར་པ་སེམས་ཀྱི་རྒྱུན་མེར་སྣང་བའི་བློ་བསྐྱེད་པར་ནུས་པ་ཉིད་ཀྱི་གོ་བར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །མེར་སྣང་བའི་བློ་སྐྱེད་པར་ནུས་པའི་རྣམ་པར་ཤེས་པ་ཉིད་ལ་སྐྱེས་པ་དུ་བར་སྣང་བའི་བློ་མེ་ལས་སྐྱེས་པ་ཡིན་
ནོ་ཞེས་བརྗོད་ཀྱི་ཕྱི་རོལ་གྱི་མེ་ལས་ཀྱང་མ་ཡིན་ལ། མེར་སྣང་བའི་བློ་འོངས་ཀྱང་འབྱུང་བའི་ཕྱིར་ཡང་མ་ཡིན་ནོ། །གང་གིས་ན་དེའི་ཚེ་ཞེས་བྱ་བ་ནི་རྟགས་རྟོགས་པའི་དུས་ནའོ། །དུ་བར་སྣང་བ་ཅན་གྱི་ཤེས་པ་སྟེ་དམིགས་པར་གྱུར་པ་ནའོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་བློ་ནི་མེར་སྣང་བའོ། །བློ་མེད་པའི་ཕྱིར་སེམས་

བསྐྱེད་པར་བྱ་བ་ཉིད་མ་ཡིན་པར་འགྱུར་ཏེ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་མེར་སྣང་བའི་བློ་ལས་དུ་བར་སྣང་བའི་བློ་སྐྱེ་བར་འདོད་པར་འགྱུར་བ་དེའི་ཚེ་སྐྱོན་འདིར་འགྱུར་རོ། །མེར་སྣང་བ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པ་ཉིད་ཀྱི་སེམས་ཀྱི་རྒྱུན་གྱིས་དུ་བར་སྣང་བའི་བློ་སྐྱེད་པར་བྱེད་པ་ཡིན་གྱི་
ཐམས་ཅད་ནི་མ་ཡིན་ནོ་ཞེ་ན། བསྟན་པའི་ཕྱིར་དེ་ལྟ་ན། དེ་རུང་བག་ཆགས་སྙིང་པོ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་པོའི་སྒྲ་ནི་རྣམ་པར་འགྲེལ་པ་སྐྱེ་བའི་རྒྱུ་དང་རྟེན་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །མེར་སྣང་བ་སྐྱེད་པར་རུང་བའི་བག་ཆགས་སེམས་ཀྱི་བདག་ཉིད་ཕུལ་དུ་བྱུང་བའི་བདག་ཉིད་ཅན་གྱི་སྙིང་པོ་
སྐྱེ་བའི་རྒྱུ་དང་རྐྱེན་སྐད་ཅིག་མ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐད་ཅིག་མ་ཕྱི་མ་ཕྱི་མ་གྱུར་པས་མེར་སྣང་བ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པའི་རྒྱུན་གྱིས་དུ་བར་སྣང་བའི་ཤེས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དེའི་ཕྱིར་མེ་ལས་དུ་བ་ཡིན། །མེ་ལས་ཞེས་བྱ་བ་ནི་མེར་
སྣང་བ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པའི་ལེན་པའི་རྣམ་པར་ཤེས་པ་ཉིད་མེ་ཡིན་ཏེ། དེ་ལས་བྱུང་བ་ན་དུ་བར་སྣང་བ་ཅན་གྱི་བློ་མེ་ལས་འབྱུང་བ་ཡིན་ནོ་ཞེས་བརྗོད་ཀྱི་ཕྱི་རོལ་གྱི་མེའམ་མེར་སྣང་བའི་བློ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དུ་བར་སྣང་བའི་བློ་དང་ལྷན་ཅིག་ཚོགས་པ་གཅིག་ལ་རག་ལས་
པས་དེའི་ཕྱིར་རང་གི་རྒྱུ་ཉིད་ཀྱི་མེར་སྣང་བ་ཅན་གྱི་ཤེས་པ་སྐྱེད་པར་རུང་བ་ཉིད་ཀྱི་ཆོས་རྗེས་སུ་དཔོག་པར་བྱེད་པ་དེ་བས་ན་འབྲས་བུ་ཉིད་ལས་རྒྱུ་རྗེས་སུ་དཔག་པ་ཡིན་གྱི། རྒྱུ་ལས་འབྲས་བུ་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །བག་ཆགས་གསལ་བར་སད་པའི་སྙིང་པོ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་
མིར་སྣང་བའི་བློས་རྒྱུ་ཐག་ཉེ་བ་ཉིད་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཚོགས་པ་གཅིག་ལ་རག་ལས་པ་གཟུགས་ལ་སོགས་པ་རོས་ཏེ། རྒྱུས་རྟོགས་པ་རྒྱུ་ཆོས་རྗེས་སུ་དཔག་པ་སྟེ་ཞེས་བྱ་བ་དེ་དང་འདྲ་བར་འདིར་ཡང་ངོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །མཁས་རྣམས་ཞེས་བྱ་བ་འདིས་ནི་
ཡང་དག་པའི་གཞུང་གི་རྗེས་སུ་འབྲང་བ་ཅན་རྣམ་པར་ཤེས་པར་སྨྲ་བར་སྟོན་པར་བྱེད་དོ། །ཡང་དག་པའི་རྩོད་པ་ལ་ལྟོས་པ་མེད་པར་ཞེས་བྱ་བ་ནི་ཡང་དག་པར་བརྩད་པ་ནི་ཡང་དག་པར་རྩོད་པ་སྟེ། ཚད་མའི་གྲོགས་ཅན་ཉིད་ཡིན་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་སྨྲ་བ་སྟེ། དེ་ལ་ལྟོས་པ་མེད་པར་རྔམས་ཏེ་སྨྲ་བས་ཕྱི་རོལ་

གྱི་དོན་ལ་བརྟེན་ནས་བརྗོད་པ་ཡིན་ནོ། །བརྟེན་ནས་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་ཁས་བླངས་ནས་ཞེས་བྱ་བ་ཡིན་ནོ། །སོགས་པ་སྨོས་པས་ནི་ཞེས་བྱ་བ་ནི་གསལ་བ་མི་གསལ་བ་འདྲེན་མ་ལ་སོགས་པ་ཞེས་བྱ་བ་འདི་ལས་སོ། །ཕྱིན་ཅི་ལོག་པའི་ཁ་དོག་ཏུ་སྣང་བའི་ཁྱད་པར་ཞེས་བྱ་བ་ནི་དུང་དཀར་པོ་ལ་
སོགས་པ་ཅི་ལྟར་སྣང་བ་བཞིན་གྱི་ཁ་དོག་དཀར་པོ་ལས་ཕྱིན་ཅི་ལོག་ལ་སོགས་པར་སྣང་བར་མིག་སེར་ཅན་དག་གི་ཤེས་པས་རྗེས་སུ་རྟོགས་པའི་ཕྱིར་རོ། །གསལ་བ་མི་གསལ་བ་དང་འདྲེན་མ་ལ་སོགས་པའི་ཁྱད་པར་ཁ་དོག་མཚུངས་པ་ཉིད་ལ་བརྗོད་པ་ཡིན་ནོ། །སོགས་པའི་སྒྲས་ནི་ཁ་དོག་གཞན་བཟུང་བ་ཡིན་ནོ་
ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །དོན་དམ་པར་གཅིག་པ་ཉིད་ཁས་བླང་བར་བྱ་བ་ཡིན་པ་དེ་ཡང་ལྷག་མ་རྣམ་པར་ཤེས་པའི་རྣམ་པ་ཡིན་པ་དེ་ལྟར་ན་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་གྲུབ་པ་ཡིན་ནོ། །དེ་བས་ན་རང་ལས་རྟོགས་པའི་ངོ་བོའི་འཛིན་པའི་ཚུལ་གཉིས་པ་ཅན་ཉིད་གྲུབ་པ་ཡིན་ནོ། །དེ་ནི་ཆ་འགའ་ཞིག་གིས་
ནི་ཞེས་བྱ་བ་ནི་དབྱིབས་ལ་སོགས་པ་ལས་སོ། །དེ་ལས་གཞན་པའི་རྒྱུ་ཡོད་ན་ཡང་མི་འགྱུར་བ་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་རྒྱུ་མེད་ན་ཞེས་བྱ་བར་བལྟ་བར་བྱའོ། །དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པས་བུམ་པ་ལ་སོགས་པས་སྟོང་པའི་ཡུལ་ས་ཕྱོགས་འབའ་ཞིག་ལ་དམིགས་པའི་ཤེས་པ་བུམ་པ་ལ་སོགས་
པ་ལ་མེད་པར་སྐྱེད་པར་བྱེད་དོ། །དེ་བཞིན་དུ་བུམ་པ་ལ་སོགས་པའི་ཤེས་པ་ལ་ཡང་གལ་ཏེ་དེ་ལ་ལྟོས་པ་མེད་པར་ནུས་པར་འགྱུར་བ་དེའི་ཚེ་བུམ་པ་ལ་སོགས་པའི་ཤེས་པ་དེ་ཡང་བུམ་པས་སྟོང་པའི་ས་ཕྱོགས་ལ་ཅིའི་ཕྱིར་སྐྱེད་པར་མི་འགྱུར། དེ་ལྟར་ན་དེ་ལ་ལྟོས་པ་མེད་པ་དག་གི་ཤེས་པ་གཞན་ལ་ནུས་ཉིད་མཐོང་
བ་གལ་ཏེ་དེ་དག་རྣམ་པ་ཐམས་ཅད་དུ་ཤེས་པ་སྐྱེད་པའི་ནུས་པས་སྟོང་པ་ཉིད་དུ་འགྱུར་བ་དེའི་ཚེ་རྒྱུ་གཞན་གྱི་ནུས་པ་ཉིད་ཡོད་པར་མི་འགྱུར་རོ། །གང་གི་ཕྱིར་བུམ་པས་སྟོང་པའི་ས་ཕྱོགས་ལ་བུམ་པའི་ཤེས་པ་སྐྱེད་པར་མི་བྱེད་ཅིང་དེ་དང་ལྡན་པའི་ས་ཕྱོགས་ལ་སྐྱེད་པར་བྱེད་པ་དེའི་ཕྱིར་བུམ་པ་ལ་སོགས་པ་ལྷན་ཅིག་
པ་དེ་དག་ཉིད་ཀྱི་ནུས་པ་ཉིད་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །ལྟོས་པར་བྱ་བ་དང་བཅས་པ་དང་ཉེ་བ་དག་གིས་དེ་ཙམ་གྱི་རྒྱུ་ཅན་ཡིན་པར་ཞེས་བྱ་བ་ནི་གང་མེད་ན་གཞན་དག་ཉེ་བ་ན་ཡོད་ན་ཡང་འབྲས་བུ་མི་སྐྱེ་བ་ནི་གང་གི་ཚེ་ལྟོས་པར་བྱ་བ་གཞན་དེ་དང་བཅས་པ་སྟེ། དེ་ལས་གཞན་པའི་རྒྱུ་ཉེ་བར་འགྱུར་བ་དེ་དང་

ལྡན་པ་དེ་ཙམ་གྱི་རྒྱུ་ཅན་གྱི་འབྲས་བུ་ཡིན་ཏེ། གཞན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་མ་མཐོང་བའི་ཕྱིར་རོ། །ཟླ་བ་ལ་སོགས་པ་མེད་ན་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་དུ་སྣང་བ་ལ་གྲགས་པའི་ཟླ་བ་ལ་སོགས་པའོ། །ཅི་ལྟར་འདི་ནི་འབྲས་བུ་ལྡོག་པའི་ཕྱིར་མཐོང་བར་ནུས་པ་ཅན་ཉིད་ཡིན་
པ་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་བདེན་པའོ། །འབྲས་བུ་ལྡོག་པ་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པས་སྟོང་པའི་ས་ཕྱོགས་ན་དེ་ལས་གཞན་པའི་རྒྱུ་དག་ཡོད་ན་ཡང་འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་དཀྱིལ་འཁོར་ལ་སོགས་པ་ནི་ཞེས་བྱ་བ་ནི་མར་མེ་ལས་གཞན་པ་ནིའོ། །གལ་ཏེ་
མར་མེ་ཡོད་ན་ཡང་མིག་མི་གསལ་བ་ལ་སོགས་པ་དག་ལ་དཀྱིལ་འཁོར་དུ་སྣང་བ་ཅན་གྱི་ཤེས་པ་སྐྱེ་བར་མི་འགྱུར་བ་དེའི་ཚེ་མཐོང་བར་ནུས་པ་ཉིད་ཡིན་པར་འགྱུར་རོ། །མར་མེ་ཙམ་གྱི་བློ་ཡོད་ཕྱིར། །གཉི་ག་དག་ཀྱང་རྒྱུར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྔོན་པོ་དང་སེར་པོ་མཐོང་བ་བཞིན་ནོ་ཞེས་བྱ་བ་ནི་
སྔོན་པོ་དང་སེར་པོ་ལྷན་ཅིག་མཐོང་བ་སྟེ། སྔོན་པོ་དང་སེར་པོ་འབའ་ཞིག་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གཉི་ག་དག་གི་ཡང་ངོ་། །གཅིག་ཉིད་ཀྱི་ཞེས་བྱ་བ་འདི་ཉིད་ཀྱི་ཕྱི་མ་ཐ་དད་པ་མེད་པ་ཡིན་པ་ཞེས་བྱ་བ་བཤད་པ་ཡིན་ནོ། །གནོད་པ་མ་བྱས་པར་མཚུངས་པའི་
དབང་པོ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་ལ་མཚུངས་པ་ཡང་དེ་ཡིན་ལ། དབང་པོ་ལ་སོགས་པ་དང་ལྡན་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའོ། །ཡང་གནོད་པ་མ་བྱས་པའི་སྒྲ་དང་ལས་འཛིན་པ་ཉིད་བྱའོ། །དེ་ནས་སྐྱེས་བུ་གང་དག་ལ་དེ་ཡོད་པ་ཞེས་བྱ་བ་ལྡན་པའི་དོན་ཅན་བྱའོ། །ཉེ་བ་དང་ཤིན་
ཏུ་ཉེ་བར་གནས་པ་དག་ལ་ཞེས་བྱ་བ་ནི་ཐག་ཉེ་བར་གནས་པས་ཉེ་བ་དང་ཤིན་ཏུ་ཉེ་བར་གནས་པ་དག་ལ་སྟེ། ཉེ་བ་དང་ཆེས་ཤིན་ཏུ་ཉེ་བར་གནས་པ་དག་ལ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ནོ། །དེ་ལྟར་ན་གནས་པ་ཆེས་ཤིན་ཏུ་རིང་བར་གནས་པ་དག་ལ་ཞེས་བྱ་བ་ལ་ཡང་བལྟ་བར་བྱའོ། །དེ་ལྟར་
ན་མདོ་མཛད་པས་ཉེ་བ་དང་རིང་བའི་ཁྱད་པར་གྱིས་ཡང་སྦྱར་བར་བྱ་བའི་ཕྱིར་དོན་འདི་བརྗོད་པར་བཞེད་པ་ཡིན་ནོ། །གསལ་བ་དང་མི་གསལ་བ་དང་ཆེས་གསལ་བ་དང་མི་གསལ་བས་ཞེས་བྱ་བ་དག་གིས་ཆེས་གསལ་བ་དང་ཆེས་ཤིན་ཏུ་གསལ་བ་ཞེས་བྱ་བར་བལྟ་བར་བྱའོ། །འདི་ལྟར་འདི་ཐག་རིང་པོར་གནས་པས་མི་

གསལ་བ་དང་། ཆེས་རིང་པོར་གནས་པས་ཆེས་མི་གསལ་བ་དང་། ཆེས་ཤིན་ཏུ་རིང་པོར་གནས་པས་ཆེས་ཤིན་ཏུ་མི་གསལ་བར་ཞེས་བྱ་བར་སྦྱར་བར་བྱའོ། །དེ་བཞིན་དུ་ཐག་ཉེ་བ་ན་གནས་པས་གསལ་བ་དང་ཤིན་ཏུ་ཉེ་བ་ན་གནས་པས་ཤིན་ཏུ་གསལ་བ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་ཆོད་མ་
ཆོད་པ་ཡིན་ན། །ཞེས་བྱ་བ་ནི་ངེས་པར་གཟུང་བའི་རྣམ་པར་དབྱེ་བ་སྟེ། རེ་ཞིག་དེ་དག་གི་ནང་ནས་ཀྱང་མ་ཆོད་པའི་ཕྱོགས་ཀྱི་སྐྱོན་བསྟན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །སྣང་བ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་སྣང་བ་ཞེས་བྱ་བ་ཡིན་ནོ། །དོན་བཞིན་དུ་ཐ་དད་པ་རྙེད་པར་དཀའ་བ་ཡིན་ནོ་ཞེས་བྱ་བ་ནི་
གལ་ཏེ་སྣང་བ་ཡང་གཅིག་ཡིན་པ་དེའི་ཚེ་གསལ་བ་དང་མི་གསལ་བའི་བདག་ཉིད་མི་རུང་ངོ་། །ཅི་སྟེ་དུ་མ་ཉིད་ཡིན་པ་དེ་ལྟ་ན་ཡང་རྡུལ་ཕྲན་ཐ་དད་པ་ཉིད་ཀྱི་བྱེ་བྲག་མེད་པའི་ཕྱིར་གང་ལས་ཐག་རིང་པོ་ན་གནས་པའི་ལྟ་བ་པོའི་གསལ་བ་དང་མི་གསལ་བ་དག་ཡིན། སྣང་བ་ལ་ཡང་དེ་ཡོད། ཉེ་བ་ན་སྲབ་པ་ཉིད་ཡོད་
པ་ཞེས་བྱ་བ་ལ། འདི་ལྟར་སྣང་བའི་དོན་ཉེ་བའི་སྣང་བ་ཆུང་བ་ལ་ཆུང་བ་ཉིད་ཀྱིས་སྲབ་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་རྡུལ་ལ་སོགས་པ་ཡང་ཉེ་བ་ན་ཡོད་པ་ཇི་ལྟར་ན་སྲབ་པ་ཉིད་ཡིན་པར་འགྱུར། ཐག་རིང་པོ་བཞིན་དུ་ཉེ་བ་ལ་ཡང་སྒྲིབ་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་སྣང་བ་སྲབ་པ་སྒྲིབ་པར་བྱེད་པའི་རྒྱུ་
ཡིན་པས་ན་སྒྲིབ་པར་འགྱུར་རོ། །གཞན་ལའང་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་སྣང་བ་ལ་ཞེས་བྱ་བ་ཡིན་ཏེ། སྒྲིབ་པར་བྱེད་པ་དག་ལས་དེ་གཞན་ཉིད་ཡིན་པའི་ཕྱིར་རོ། །སྲབ་པ་མེད་ཅེས་བྱ་བ་ནི་ཕལ་ཆེར་སྲབ་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་པ་ཞེས་བྱ་བ་ནི་ཉེ་བ་དང་རིང་བ་ལ་སོགས་
པའི་ལྟ་བ་པོའི་ཁྱད་པར་གྱིས་ཐ་དད་པ་རྣམས་སོ། །དེ་ལྟར་ན་ཆོས་དང་ཆོས་མ་ཡིན་པ་སྟོན་པར་བྱེད་པའམ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཡིད་བདེ་བ་སྐྱེད་པར་བྱེད་པའི་སྒོ་ནས་ཕན་འདོགས་པ་གང་ཡིན་པའི་དོན་དེ་ནི་ཆོས་སུ་སྟོན་པར་བྱེད་དོ། །ཡིད་མི་བདེ་བ་སྐྱེད་པའི་སྒོ་ནས་གནོད་པ་བྱེད་པ་གང་ཡིན་པ་དེ་ནི་རྩ་བར་བྱ་བ་
ཡིན་པ་དེ་ལྟར་ན་ཟློག་པས་ཆོས་མ་ཡིན་པར་སྦྱར་བར་བྱའོ། །དེ་དག་ནི་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཆོས་དང་ཆོས་མ་ཡིན་པ་ཕན་འདོགས་པ་དང་གནོད་པ་བྱེད་པའི་མཚན་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་གནོད་པ་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པར་བྱེད་ཅིང་སྐྱེད་པར་

བྱེད་པས་ན་སྒྲུབ་པར་བྱེད་པ་ཅན་ཏེ་འབྲས་བུའོ། །ལས་གང་ལ་ཕན་པ་དང་གནོད་པ་བྱེད་པའི་འབྲས་བུ་འགྲུབ་པ་བྱེད་པ་ཡོད་པའམ། ལས་གང་ལ་སེམས་ཅན་ལ་ཕན་པ་དང་གནོད་པ་སྒྲུབ་པར་བྱེད་ཅིང་སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་
གནོད་པ་སྒྲུབ་པར་བྱེད་པ་ཅན་གྱི་ལས་གང་ཡིན་པ་དེ་བདག་པོར་བྱས་པ་ལས་བྱུང་བའི་རྟའི་ཁའི་མེ་ཡིན་ཏེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ལ་གནོད་པར་བྱེད་པའམ་ཕན་འདོགས་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། ཡུལ་
བསྐལ་པ་ན་གནས་པ་དག་ལ་གཉི་ག་མེད་པའི་ཕྱིར་རོ། །དེ་བས་ན་ཆོས་དང་ཆོས་མ་ཡིན་པ་དག་གནོད་པ་བྱེད་པ་དང་ཕན་འདོགས་པར་བྱེད་པ་སྟོན་པར་བྱེད་པ་དག་ཡིན་པ་དེ་ལྟར་ན་འདི་ངེས་པ་མ་ཡིན་ནོ་སྙམ་དུ་སེམས་སོ། །འདིར་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །རིམ་གྱིས་བྱེད་པ་
ཡིན་པ་ཞེས་བྱ་བ་ནི་གནོད་པ་བྱེད་པ་དང་ཕན་འདོགས་པར་བྱེད་པ་སྟེ། གང་གི་ཚེ་སྐྱེ་བ་བརྒྱུད་པས་རིང་པོར་གནས་པ་ཡིན་ན་ཡང་དེ་ཡུལ་རུང་བ་ན་གནས་པར་འགྱུར་བ་དེའི་ཚེ་གནོད་པ་བྱེད་པ་དང་ཕན་འདོགས་པར་བྱེད་པ་ཡོད་པའི་ཕྱིར་རོ། །སྣང་བ་ཐ་དད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ནི་
ཆོས་དང་ཆོས་མ་ཡིན་པ་བཟུང་ངོ་། །མངོན་སུམ་དང་མངོན་སུམ་མ་ཡིན་པ་ཞེས་བྱ་བ་ནི་གང་གི་ཚེ་རང་གི་ངོ་བོ་ཤེས་པ་སྐྱེད་པར་བྱེད་པ་དེའི་ཚེ། མངོན་སུམ་གྱི་ཡིན་ཞིང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་སྐྱེད་པ་ན་མངོན་སུམ་མ་ཡིན་པའི་ཡིན་ནོ། །ཤེས་པ་དང་སྒྲ་དང་མར་མེ་སྨོས་པ་ནི་དེ་རྣམས་ནི་གཞན་དག་
ཀྱང་སྐད་ཅིག་མ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དུས་མཚུངས་པ་ཅན་ནི་འབྲས་བུ་བསྒྲུབ་པ་ལ་ནུས་པ་མེད་པས་ཞེས་བྱ་བ་ནི་གང་གི་ཚེ་འབྲས་བུ་དང་རྒྱུ་དུས་མཚུངས་པ་ཅན་ཡིན་པ་དེའི་ཚེ། རྒྱུའི་དུས་ན་འབྲས་བུ་ཡང་གྲུབ་པ་དེ་ལྟར་ན་རྒྱུ་ནུས་པ་མེད་པ་ཉིད་ཡིན་ནོ། །གང་ཕྱིར་ཤེས་ལས་མེད་གསལ་ཡིན། །ཞེས་བྱ་
བ་ནི་གང་གི་ཕྱིར་ཤེས་པ་ལས་ཡུལ་མེད་པ་གསལ་བ་སྟེ་རབ་ཏུ་གསལ་བ་ཡིན་པར་འགྱུར། དེ་བས་ན་སྒྲ་ལ་སོགས་པའི་དེ་མ་ཐག་པའི་ཞེས་བྱ་བ་ལ། སྒྲ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པའི་རྒྱུར་གྱུར་པ་སྒྲ་ལ་སོགས་པའི་སྐད་ཅིག་མ་སྔ་མ་གང་ཡིན་པ་དེས་བསྐྱེད་པའོ། །གང་

གི་རྒྱུས་བསྐྱེད་པ་དེ་དང་རིགས་མཐུན་པ་ཉིད་གསལ་བར་འགྱུར་རོ་ཞེས་བྱ་བ་ནི་ཤེས་པའི་རྒྱུ་གང་ཡིན་པ་དེས་བསྐྱེད་པའི་ཤེས་པའི་རྒྱུ་དེ་ཉིད་དང་རིགས་མཐུན་པ་དེ་ཉིད་གསལ་བར་འགྱུར་རོ། །དེའི་རྒྱུའི་དེ་མ་ཐག་ཏུ་ཡོད་པ་དོན་དང་ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཞེས་བྱ་བ་ནི་ཤེས་པ་དེའི་རྒྱུ་སྐད་ཅིག་
མ་སྔ་མར་འབྱུང་བའི་ངང་ཚུལ་ཅན་གྱི་དོན་དེ་མ་ཐག་ཏུ་འབྱུང་བའི་ངང་ཚུལ་དེ་དང་རིགས་མཐུན་པའི་སྐད་ཅིག་མ་གཉིས་པས་བསྡུས་པའི་དོན་ཏེ། དེ་དང་ལྷན་ཅིག་འབྱུང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལྟར་ལྷན་ཅིག་སྐྱེས་པའི་དོན། །ཞེས་བྱ་བ་ནི་ཤེས་པ་དང་དུས་མཚུངས་པར་འབྱུང་
བ་སྐད་ཅིག་མ་གཉིས་པར་འབྱུང་བའི་ངང་ཚུལ་ཅན་གྱི་དོན་ཏོ། །རྒྱུ་གཅིག་པ་ཅན་གྱིས་ཀྱང་ཞེས་བྱ་བ་ནི་ཤེས་པ་དང་རྒྱུ་མཚུངས་པས་སོ། །དུས་སྔར་གྱི་སྐད་ཅིག་མ་ལས་སྐད་ཅིག་མ་གཉིས་པར་འབྱུང་བའི་ངང་ཚུལ་ཅན་གྱི་དོན་སྐྱེས་པ་དང་ཤེས་པ་འདྲ་བ་སྐད་ཅིག་མ་གསུམ་པར་བྱེད་པ་གང་ཡིན་པ་དེ་བས་ན་
དུས་སྔ་མ་སྐད་ཅིག་མ་གཉིས་པ་བསྡུས་པའི་དོན་དང་དུས་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་མ་དང་པོར་འབྱུང་བའི་ངང་ཚུལ་ཅན་གྱི་དོན་ཉིད་ལས་འདྲ་བ་ཉིད་སྐྱེས་པ་ཡིན་པའི་ཕྱིར་རོ། །ཊཱི་ཀཱ་བྱེད་པ་ཁ་ཅིག་ནི་འདི་ལྟར་ཁས་ལེན་ཏེ། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ཞེས་བྱ་
བའི་རིགས་པ་འདིས་ཡུལ་དུ་སྣང་བ་དང་རང་སྣང་བ་དག་གིས་ཚུལ་གཉིས་ཉིད་གྲུབ་པ་ཡིན་ཞིང་། དུས་ཕྱིས་དྲན་པ་ལས་ཀྱང་ཡིན། །ཞེས་བྱ་བ་འདིས་རང་རིག་པའི་བདག་ཉིད་དུ་ཤེས་པ་དེ་ཉིད་མྱོང་བ་དང་མྱོང་བར་བྱེད་པ་དེ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་རྟོགས་སོ། །དེ་གསལ་བར་བྱ་བའི་ཕྱིར་རིགས་པ་འདིས་ནི་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུས་ཕྱིས་དྲན་པ་ལས་ཀྱང་ཡིན། །ཚུལ་གཉིས་པ་ཉིད་ཡིན་ནོ་ཞེས་སྦྱོར་བར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པ་མཛད་པས་སོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་གཅིག་ལ་ལྟོས་ནས་གཏན་ཚིགས་གཞན་སྡུད་པ་འཐད་པ་ཡིན་ནོ་ཞེས་དགོངས་སོ། །དེ་ཡང་ཡུལ་
དུ་སྣང་བས་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་རྣམ་པ་མི་འདོད་པ་དེ་ལྟར་ན་དེས་ཚུལ་གཉིས་པ་ཉིད་རབ་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་པའི་ཕྱིར་རོ། །སྤྱིར་བཤད་པ་སྔར་ཡང་ཡོད་པ་ཞེས་བྱ་བ་ནི། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་

ཉིད། །ཅེས་བཤད་པ་འདིར་ཚུལ་གཉིས་པའི་སྒྲ་ནི་སྤྱིའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཞར་ལ་འོངས་པའི་ངོ་བོ་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པའི་ངོ་བོའོ། །དེ་ལྟར་ནི་དེ་བས་ན་ཤེས་པའི་ཚུལ་གཉིས་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེས་གཙོ་བོ་བསྟན་ནས་རང་རིག་པ་ཉིད་ནི་ཚུལ་གཉིས་པ་ཉིད་ཀྱི་ཞར་ལ་
འོངས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་གཞན་ཉིད་ཡིན་ན་ནི་བཤད་པ་རིགས་པ་མ་ཡིན་ཏེ། གལ་ཏེ་མྱོང་བ་དང་མྱོང་བར་བྱེད་པའི་ཚུལ་གྱིས་ཚུལ་གཉིས་པ་ཉིད་བཞེད་པ་དེའི་ཚེ། དེའི་ཕྱིར་ཚུལ་གཉིས་པ་ཉིད་ཡོད་པ་མ་ཡིན་ན་ཞེས་བྱ་བ་འདིས་རང་རིག་པ་བཤད་པར་འགྱུར་
བ་དེ་ལྟར་ན་བསྒྲུབ་པར་བྱ་བ་གཞན་ཡིན་པར་མི་འགྱུར་རོ། །མྱོང་མེད་པར་ནི་དེ་མ་ཡིན། །ཞེས་བྱ་བ་སྒྲུབ་པར་བྱེད་པ་གཞན་འཆད་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་རང་རིག་པ་ཉིད་བསྒྲུབ་པར་བྱ་བ་གཞན་ཉིད་ཡིན་པར་འགྱུར་བ་དེའི་ཚེ། དེའི་ཚུལ་གཉིས་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་དག་
གི་དོན་གྱིས་གྲུབ་པ་ཉིད་བསྟན་ནས། ཡང་རང་དབང་དུ་སྒྲུབ་པར་བྱེད་པའི་སྒྲུབ་པར་བྱེད་པ་གཞན་བརྗོད་པ་ཡིན་ན་མཛེས་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་དགུ་པ། ཡུལ་གྱི་རྣམ་པ་འཛིན་པའི་ངོ་བོ་ཅན་གྱི་ཁྱད་པར་གྱི་ཞེས་བྱ་བ་ནི་འཛིན་པའི་
རྣམ་པ་ལས་བྱེ་བྲག་ཏུ་གྱུར་པས་ན་ཁྱད་པར་རོ། །ཡུལ་གྱི་རྣམ་པ་འཛིན་པ་ནི་བྲིས་པའོ། །དེ་ཉིད་ཀྱི་ངོ་བོ་སྟེ་རང་བཞིན་ཁྱད་པར་གང་ལ་ཡོད་པ་དེའི་ཁྱད་པར་དེས་སོ། །ཕན་ཚུན་ཐ་དད་པར་ཞེས་བྱ་བ་ནི་སྔོན་པོའི་ཤེས་པ་དང་སེར་པོའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ཐ་དད་པར་རོ། །དེ་ལྟར་ཡིན་གྱི་དེ་ལྟ་མིན། །
ཞེས་བྱ་བ་ནི་སྔོན་པོའི་ཤེས་པ་ཡིན་གྱི་སེར་པོའི་ཤེས་པ་མ་ཡིན་ནོ་ཞེའོ། །དེ་ལྟ་ན་ཡང་ཐ་དད་པར། །ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེར་རོ། །རང་རིག་པ་ཉིད་ཅེས་བྱ་བ་དེ་བཤད་པར་བཞེད་པ་དེ་ཉིད་ཀྱི་ཕྱིར་བཤད་མ་ཐག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངོ་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཞེས་བྱ་བ་
ནི། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ཤེས་བྱ་བ་དེ། །ངོ་ཤེས་པ་ཡི་སྒྲ་བཤད་དོ། །དེ་ལྟར་ན་ཡུལ་ཤེས་པའི་ཡུལ་གྱི་རྣམ་པ་ཉིད་ཀྱི་ཤེས་པའི་ཤེས་པས་ངོ་ཤེས་པ་ཡིན་ནོ། །སོགས་པའི་སྒྲས་ནི་དུས་ཕྱིས་དྲན་པ་ལས་ཡིན་ཞེས་བྱ་བ་འདི་བཟུང་ངོ་། །དེ་ཡང་མྱོང་བ་ཡིན་པ་ཞེས་བྱ་བ་ནི་དོན་དང་

འདྲ་བའོ། །ཡུལ་གྱི་རྣམ་པ་མྱོང་བར་འགའ་ཞིག་ཀྱང་མི་འདོད་པ་མ་ཡིན་ནོ། །གལ་ཏེ་ཤེས་པའི་བདག་ཉིད་དུ་གྱུར་པ་དོན་དང་འདྲ་བ་མྱོང་བ་ཡིན་པ་དེ་བས་ན་ཤེས་པ་ཡང་མྱོང་བ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ངེས་མེད་པར་ནི་ངེས་མ་ཡིན། །ཞེས་བྱ་བའི་མདོའི་ཚིག་དེ་ཡང་
ཉམས་སུ་མྱོང་བ་མེད་པ་ལ་དྲན་པ་མེད་དོ་ཞེས་བྱ་བ་ལ་སོགས་པའི་འགྲེལ་པའི་གཞུང་གིས་བཤད་ཅིང་ཀུན་ལས་བཏུས་པ་མཛད་པས། ཤེས་པ་གཞན་ཉིད་ཉམས་སུ་མྱོང་བ་དགག་པ་གསུངས་སོ། །གང་གི་ཚེ་དོན་དང་འདྲ་བའི་བདག་ཉིད་དུ་གྱུར་པའི་ཚུལ་གཉིས་པའི་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་ཤེས་པའི་
ཚུལ་གཉིས་གྲུབ་པ་དེའི་ཚེ་རང་གི་ངོ་བོར་གྱུར་པའི་སྣང་བ་ཉམས་སུ་མྱོང་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །རང་གི་ངོ་བོར་གྱུར་པ་ཡང་དེ་ཡིན་ལ་སྣང་བ་ཡང་དེ་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པའི་ཡུལ་གྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་དོན་དང་
འདྲ་བའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བས་འཆད་པར་བྱེད་དོ། །གལ་ཏེ་རེ་ཞིག་ཡུལ་གྱི་རྣམ་པར་ཤེས་པས་མྱོང་བ་དེ་བདག་ཉིད་དུ་གྱུར་པ་དེའི་ཚེ་ཤེས་པའི་རང་རིག་པ་གྲུབ་པ་ཡིན་ནོ། །ཡུལ་གྱི་རྣམ་པ་ཅན་གྱི་བདག་ཉིད་ཅེས་བྱ་བ་ནི་ཤེས་པས་བདག་ཉིད་ཀྱི་རང་གི་ངོ་བོ་ཡུལ་གྱི་རྣམ་པས་ཉེ་བར་བསྒྱུར་བ་ཉམས་སུ་མྱོང་བ་མ་
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གྱི་བློ་ཞེས་བྱ་བ་ནི་ཕྱིས་འབྱུང་བའི་བློའི་གཟུང་བ་ཉིད་དུ་འདོད་པ་སྔར་བྱུང་བའི་བློ་འགྱུར་བ་ནི་འདོད་མོད་ཀྱི། ཤེས་པ་སྔ་མ་འགགས་པ་ཉིད་ཀྱི་ཕྱིར་མངོན་སུམ་དུ་ཤེས་པ་གཞན་གྱིས་མྱོང་བར་མི་འགྱུར་མོད་ཀྱི། དེ་ལས་མ་འོངས་པའི་གཟུང་བའི་རྣམ་པར་གྱུར་པའི་འདྲ་བ་གང་ཡིན་
པ་དེ་ཕྱིས་འབྱུང་བས་མྱོང་བ་ཉིད་ཡིན་ཞིང་དེ་མྱོང་བའི་ཕྱིར་རོ། །དོན་ཡང་མྱོང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་བདག་ཉིད་བདག་ཉིད་ཀྱིས་ཉམས་སུ་མྱོང་བར་ཁས་མི་ལེན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་གང་ལ་ཉམས་སུ་མྱོང་བ་མེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དོན་དུ་སྣང་བ་འདི་ལ་ཡོད་
པས་ན་དོན་དུ་སྣང་བ་དང་ལྡན་པའོ། །གཞན་ལ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །ཕྱི་རོལ་དུ་མངོན་དུ་ཕྱོགས་པ་སྟེ་གཟུང་བ་ཉིད་དུ་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་དམིགས་པ