Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 177

Văn bản gốc(Tây Tạng)

Trang 15 / 20 (50.000 ký tự/trang)
་པ་ཉིད་ལ་སོགས་པར་འཛིན་པ་ལྡོག་པར་འགྱུར་རོ། །གཟུགས་སྣ་ཚོགས་པ་དང་བློ་སྣ་ཚོགས་པ་དག་ཀྱང་སྐྱོན་མཚུངས་པ་ཡིན་ན་ཡང་སྟེ། བློ་གཅིག་ཏུ་འགྱུར་ཞིང་སྣ་ཚོགས་པ་དང་། དེ་བཞིན་གཟུགས་གཅིག་ཏུ་འགྱུར་ཞིང་སྣ་ཚོགས་པ་ཡིན་ཞིང་སྔར་བཤད་པའི་
རྣམ་པས་སྐྱོན་མཚུངས་པ་ཡིན་ནའོ། །དེ་ཐམས་ཅད་ཀྱིས་ནི་ཅིག་ཅར་སྣང་བར་གྱུར་པ་སྔོན་པོ་ལས་ཤེས་པའི་བདག་ཉིད་ཅན་ཅིག་ཅར་དམིགས་པའི་སྒོ་ནས་ཕན་ཚུན་ཐ་དད་པ་སྒྲུབ་པར་བྱེད་དོ། །བསྟན་བཅོས་མཛད་པ་ནི་དེ་ཉིད་བསྒྲུབ་པར་བཞེད་པ་མ་ཡིན་ནོ། །དེ་ལྟར་ན་ཕན་ཚུན་དབེན་པའི་ངོ་བོ་སྔོན་
བོ་དང་སེར་པོ་ལ་སོགས་པ་དམིགས་པ་གཅིག་ཏུ་འགྱུར་མོད་ཀྱི་འོན་ཀྱང་ཁས་བླངས་ནས་ཀྱང་འདིར་རྣམ་པ་འགའ་ཞིག་གིས་གཅིག་ཉིད་དུ་ཁས་བླངས་པར་ནུས་པ་ཉིད་ཡིན་གྱི་ཕྱིའི་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་འགལ་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་འདི་ལ་ཉེ་བར་བཀོད་པ་ཡིན་ནོ།། །།
ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་དྲུག་པ། ཤེས་པའི་བྱེ་བྲག་ཡིན་ཏེ་ཉམས་སུ་མྱོང་བའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ལ། བདག་ཉིད་དུ་གྱུར་པ་ཡང་དེའི་བདག་ཉིད་དུ་གྱུར་པ་མ་ཡིན་པ་ལས། བདག་ཉིད་གཅོད་པར་བྱེད་པ་མ་ཡིན་ནོ་ཞེས་ཁྱད་པར་བརྗོད་པ་ཡིན་ནོ། །
གཅིག་མི་སྣང་བས་ཀྱང་གཞན་ཡང་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅིག་ཅར་དམིགས་པར་གྱུར་པ་རྣམ་པར་ཤེས་པའི་བདག་ཉིད་ཅན་སྔོན་པོ་ལ་སོགས་པའི་ནང་ནས་གཅིག་མི་སྣང་བ་ན་ཡང་གཞན་མི་སྣང་བའི་ཕྱིར་རོ། །གཅིག་བསྒྲིབས་པ་ན་ཡང་ཕྱི་མ་སྣང་བ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་
ཡིན་ཏེ། འདི་ལྟར་དེའི་ཚེ་ཤེས་པ་གཞན་ཉིད་སྐྱེས་པ་ཡིན་གྱི་སྔ་མའི་ཆ་བསྒྲིབས་པ་ནི་མ་ཡིན་ཏེ་ཤེས་པ་ལུས་ཅན་མ་ཡིན་པའི་ཆ་སྒྲིབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གོ་རིམས་འདི་ནི་ཕྱི་རོལ་ཉིད་ལ་འགྱུར་ཏེ། ཡུལ་ཐ་དད་པ་ན་གནས་པ་དེ་ལ་ཡུལ་གཅིག་གིས་བསྒྲིབས་པ་སྲིད་པའི་ཕྱིར་རོ། །འགྱུར་
བར་ནི་འདོད་ན་ཤེས་པ་སྣ་ཚོགས་སུ་སྣང་བ་ཡང་རྣམ་པར་རྟོག་པ་དང་འབྲེལ་པའི་ཤེས་པ་གཞན་གྱིས་རྣམ་པར་ཕྱེ་ནས་འཛིན་པར་བྱེད་པ་ཉིད་ཡིན་ནོ། །དེ་བས་ན་གཅིག་མི་སྣང་བས་ཀྱང་གཞན་ཡང་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ལྟར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་

སོ། །ཤེས་པ་གཞན་གྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དང་རྗེས་སུ་འབྲེལ་པས་སོ། །ཤེས་པ་དེ་ཚོལ་བར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཟུགས་བརྙན་གཞན་ཉིད་ལ་དེར་སྒྲོ་འདོགས་པའི་ཕྱིར་ཏེ། དབང་པོའི་ཤེས་པ་སྣ་ཚོགས་པ་བདག་གིར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་
ནི་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་ཕྱི་མས་འདི་ནི་སྔོན་པོ་ཡིན་ནོ་ཞེས་གཟུང་བ་ཉིད་དུ་རྣམ་པར་ཕྱེ་བ་གང་ཡིན་པ་དེའི་ངོ་བོ་ཅན་ནི་དབང་པོའི་ཤེས་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཕྱེ་བ་དེ་ནི་ཤེས་པ་ཕྱི་མ་གཟུང་བའི་ཆ་ཉིད་དུ་འགྱུར་གྱི་སྔ་མ་ནི་མ་ཡིན་ཏེ། རང་རིག་པ་ཙམ་གྱི་
ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་ལ་འཇུག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཉིད་ལ་དེའི་ཤེས་པ་འཇུག་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་རང་གི་ཆ་ཉིད་ལ་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོད་པ་ཞེས་བྱ་བ་ནི་བསྒྲིབས་པའོ། །དེ་ཡང་ཕྱི་རོལ་གྱི་དོན་
ཁས་བླངས་ནས་གདོན་མི་ཟ་བར་དེ་ལྟར་ཁས་བླངས་པ་ཡིན་པའི་ཕྱིར་བརྗོད་པ་ཡིན་གྱི་དངོས་པོའི་སྟོབས་ཀྱིས་ནི་མ་ཡིན་ཏེ། ཕྱི་རོལ་དེ་ཁོ་ན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་གཅིག་གི་ངོ་བོར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། སེམས་སྣ་ཚོགས་སུ་སྣང་བ་གང་ཡིན་པ་དེ་ཉམས་སུ་
མྱོང་བའི་ངོ་བོ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཇི་སྐད་དུ་བཤད་པའི་རྣམ་པ་གཅིག་ཏུ་འགྱུར་གྱི་ཕྱི་རོལ་སྣ་ཚོགས་སུ་སྣང་བ་གང་ཡིན་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་སྣ་ཚོགས་པའི་རྣམ་པ་འཛིན་པ་བཞིན་དུ་རྣམ་པར་མི་འབྱེད་པ་མ་ཡིན་ན་ཡང་རྨ་བྱ་ལ་སོགས་པ་ཞེས་བྱ་བ་ནི། རྨ་བྱ་ལ་
སོགས་པའི་ངོ་བོ་གང་ཡིན་པ་དེ་འཛིན་པ་གང་ཡིན་པ་དེ་ནི་རྣམ་པར་འབྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བློ་སྣ་ཚོགས་པའི་རྣམ་པར་འཛིན་པ་བཞིན་དུ་ཞེས་བྱ་བ་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེ་ཡིན་ནོ། །འོ་ན་དེའི་འཛིན་པ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྣ་ཚོགས་པ་དེར་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྨ་བྱ་ལ་སོགས་པ་ལ་བརྟེན་པའི་སྣ་ཚོགས་པ་དེར་འཛིན་པ་སྟེ། རྣམ་པར་ཕྱེ་བ་དང་ལྡན་པ་ཉིད་འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་རྣམ་པར་ཕྱེ་ནས་འཛིན་པ་ཉིད་སྟོན་ཏོ། །ཕྱི་རོལ་གྱི་རས་དང་ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །འདིས་ནི་འདི་སྐད་དུ་གལ་ཏེ་ཡན་ལག་གི་

ངོ་བོ་ལ་ལྟོས་ནས་གང་སྣ་ཚོགས་པ་རྣམ་པར་ཕྱེ་བར་ནུས་པ་ཅན་དེ་ནི་ཞེས་བྱ་བ་འདི་བརྗོད་པ་དེའི་ཚེ། གྲུབ་པ་ལ་སྒྲུབ་པའམ། ཅི་སྟེ་ཡན་ལག་ཅན་གྱི་ངོ་བོ་ལ་ལྟོས་པ་དེའི་ཚེ། །གཏན་ཚིགས་ཁྱད་པར་དང་བཅས་པ་མ་གྲུབ་པ་ཡིན་ནོ་ཞེས་སྨྲའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་
སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ནོ། །སྣ་ཚོགས་པའི་ངོ་བོར་སྣང་བ་མ་ཚང་བ་མེད་པ་ཅན་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཡན་ལག་གི་གཟུགས་ཆོད་པ་ན་ཡང་ཡན་ལག་ཅན་གྱི་ངོ་བོ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བར་དགོངས་སོ། །གཞན་གྱིས་ཞེས་བྱ་བ་ལ་སོགས་པས་ནི་གསལ་བྱེད་ལ་
སོགས་པའི་གཞུང་འགོད་པར་བྱེད་དོ། །འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །སོ་སོ་ཐ་དད་པ་ལ་ཞེས་བྱ་བ་ནི་ཚོགས་པའི་གནས་སྐབས་མ་ཡིན་པ་ལ་སྟེ། སོ་སོར་ནུས་པ་མེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་སོ་སོར་སྐྱེས་ཕུལ་བྱུང་། །ཞེས་བྱ་བ་ནི་མདོ་ཡིན་ནོ། །དེ་ལ་སོ་སོའི་སྒྲ་ཟློས་
པའི་དོན་ཡིན་པར་བསྟན་པའི་ཕྱིར་ཡང་སོ་སོ་སོ་སོར་ཞེས་སྨོས་སོ། །དེའི་དོན་ནི་རེ་རེ་ཞེས་བྱ་བ་ཡིན་ཏེ། སོ་སོ་སོ་སོར་སྐྱེས་ཕུལ་བྱུང་། །ཞེས་བྱ་བ་འདི་དང་སྦྱར་རོ། །འདི་སྐད་དུ་མ་ཚོགས་པའི་གནས་ན་སོ་སོ་ནུས་པ་མེད་པ་ཡིན་ཞིང་ཚོགས་པར་གྱུར་པ་ན་ནུས་པ་སྐྱེ་སྟེ། རྡུལ་ཕྲ་རབ་རྣམས་སྐད་ཅིག་མ་ཡིན་པའི་
ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་དག་གི་ཕུལ་དུ་བྱུང་བ་ཡང་གང་ལས་ཡིན་ཞེ་ན། ཕན་ཚུན་ཉེ་བར་འགྲོ་བའི་རྐྱེན་ལས་ཞེས་བྱ་བ་སྨོས་ཏེ། ཉེ་བར་ལེན་པ་སྔ་མ་སྔ་མ་རྡུལ་ཕྲ་རབ་ཕན་ཚུན་མངོན་དུ་ཕྱོགས་པས་འགྲོ་བ་ནི་ཉེ་བར་འགྲོ་བའོ། །སོགས་པའི་སྒྲས་ནི་ཡུལ་རུང་བ་ན་གནས་པ་དང་མ་ཆོད་པའི་
རྐྱེན་དེ་ཉིད་བཟུང་སྟེ། རྡུལ་ཕྲ་རབ་གཞན་གྱིས་མ་ཆོད་པའི་ཡུལ་ལ་གནས་པ་རང་གི་ཉེ་བར་ལེན་པ་དེ་ལས་ཞེས་བྱ་བའི་དོན་ཏོ། །གཞན་དང་གཞན་ལས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ལས་ཁྱད་པར་དེ་ཡིན་ནོ་ཞེས་དེ་སྐད་དུ་སྟོན་པར་བྱེད་དོ། །རྣམ་པར་འཇོག་པར་ནུས་པའི་རྒྱུ་ཉིད་ནི་ཡུལ་ཡིན་ནོ་ཞེས་བྱ་བ་ལ།
རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་གྱི་ཤེས་པ་ཉིད་དམིགས་པ་མ་ཡིན་ནམ། ཇི་ལྟར་ན་རྡུལ་ཕྲ་རབ་རང་གི་རྣམ་པར་འཇོག་པར་ནུས་པར་འགྱུར་ཞེ་ན། འདི་ལྟར་སྔོན་པོ་ལ་སོགས་པ་ནི་རྡུལ་ཕྲ་རབ་ཀྱི་རྣམ་པ་ཡིན་གྱི་ཟླུམ་པོ་ལ་སོགས་པ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་རྣམ་

པ་ཡང་ཤེས་པ་ཡིན་པ་དེ་ལྟར་ན་རྡུལ་ཕྲ་རབ་ཡུལ་ཉིད་དུ་འགྱུར་རོ་ཞེས་དགོངས་སོ། །དུ་མ་ཅིག་ཅར་འཛིན་པ་མེད་དོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་དུ་མ་ཅིག་ཅར་བཟུང་བ་མ་ཡིན་ཞེས་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་ཡན་ལག་ཁྱད་པར་དུ་གྱུར་པ་གཅིག་ཉིད་ཀྱིས་ཞེས་
བྱ་བ་ནི་གང་གི་ཚེ་ཡན་ལག་གཅིག་གིས་ཁྱད་པར་དུ་བྱས་པའི་ཡན་ལག་ཅན་ཡན་ལག་རྫོགས་པ་ཡང་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་མའི་འབྲེལ་པ་ཅིག་ཅར་ཞེས་བྱ་བ་ནི་ཁྱད་པར་དུ་མ་ཡན་ལག་ཅན་གྱི་འབྲེལ་པ་གང་ཡིན་པ་དེའི་ངེས་པ་ཅིག་ཅར་བྱེད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །
དེ་ལྟར་ན་ཁྱད་པར་ཕན་ཚུན་བྱེ་བྲག་ཏུ་གྱུར་པ་མ་ཡིན་པ་དེ་ལྟ་བུ་དག་ནི་ཅིག་ཅར་འཛིན་པ་གཞན་གྱིས་མི་འདོད་དོ། །དེ་ཉིད་ནི་དེ་ལྟར་ན་ཡན་ལག་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འགྱུར་བར་ནི་འདོད་མོད་ཀྱི་ཕན་ཚུན་ཡན་ལག་རྣམས་ཁྱད་པར་མེད་པ་ཉིད་ཡིན་ན་ཡང་། ཡན་ལག་ཅན་གཅིག་ལ་ཁྱད་
པར་ཉིད་ཁས་ལེན་པའི་ཕྱིར་འཛིན་པར་འགྱུར་རོ་ཞེ་ན། དེ་ཕྱིར་ཡན་ལག་ཅན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་གང་གི་ཚེ་ཡན་ལག་ཁྱད་པར་དུ་གྱུར་པ་གཅིག་ཉིད་ཀྱིས་ཤེས་པར་འགྱུར་བ་ཞེས་བྱ་བ་འདིའི་སྐབས་ཡིན་ནོ། །ཡན་ལག་རྣམས་ལ་ཡོན་ཏན་ལ་སོགས་པ་རྫས་ཞེས་བྱ་བ་ནི་ཡན་
ལག་རྣམས་ལ་ཡན་ལག་དང་འབྲེལ་པ་ཅན་གྱི་ཡོན་ཏན་དང་ལས་ལ་སོགས་པ་འདུ་བ་དང་ལྡན་པའོ། །ཡན་ལག་ཅན་གྱི་རྫས་ཀྱང་ཡན་ལག་རེ་རེ་ལ་ཡིན་ཏེ། འཕྲོད་པ་འདུ་བ་ཁས་ལེན་པའི་ཕྱིར་རོ། །གང་འགའ་ཞིག་གིས་འགའ་ཞིག་འཛིན་པར་འགྱུར་ཏེ་ཞེས་བྱ་བ་ནི་རྣ་བ་ལ་སོགས་པ་འདུ་བ་དང་ལྡན་པའི་
ཡོན་ཏན་གྱི་ཡན་ལག་ཅན་དུ་གཏོགས་པའི་ལས་ཀྱང་འཛིན་པར་འགྱུར་གྱི་ལས་ཀྱི་ཡོན་ཏན་ཡང་ཡིན་ནོ། །བརྒྱུད་བས་འབྲེལ་པ་རྟོགས་པ་ན། །ཞེས་བྱ་བ་ནི་འདི་ལྟར་ཡན་ལག་ཅན་གྱི་ལས་ཡན་ལག་ཅན་ལ་འདུ་བ་དང་ལྡན་པ་ཡིན་ལ། ཡན་ལག་ཅན་ཡང་ཡན་ལག་རྣམས་ལ་ཡིན་པ་དེ་ལྟར་ན་བརྒྱུད་
པས་ཡན་ལག་ཅན་ལ་གནས་པའི་ལས་ཀྱང་འདུ་བ་དང་ལྡན་པའི་འཕྲོད་པ་འདུ་བ་ལས་ཡན་ལག་ལ་འབྲེལ་པ་ཡིན་ནོ། །གང་གི་ཚེ་རྭའི་འདི་ཉིད་ཅེས་བྱ་བ་ནི་བ་ལང་ཉིད་དོ། །ཅིག་ཅར་དུ་མ་འཛིན་པའི་ཕྱོགས་ཀྱི་སྐྱོན་གཞན་ནི་གང་གི་ཚེ་ཅིག་ཅར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིག་ཅར་དུ་མ་

མི་འཛིན་པའི་ཕྱོགས་ལ་སྣམ་བུ་ལ་སོགས་པར་ཅིག་ཅར་འཛིན་པར་གཞན་མི་འདོད་པ་ཉིད་མ་ཡིན་ནམ། གཞན་དང་གཞན་མཐོང་བའི་ཡང་བུམ་པ་ལ་སོགས་པའི་དངོས་པོ་ཅིག་ཅར་ཞེས་བྱ་བ་དེ་ཅིའི་ཕྱིར་བརྗོད་ཅེ་ན། འདི་སྐད་དུ་རང་ལས་བུམ་པ་ལ་སོགས་པའི་ཐ་སྙད་པ་གཞན་མི་
འདོད་པ་དེ་བས་ན་དོན་གྱིས་གཅིག་ཉིད་དུ་འགྱུར་བའི་ཕྱིར་ཅིག་ཅར་འཛིན་པར་འགྱུར་རོ་ཞེས་དགོངས་སོ། །ཡང་ན་ཅིག་ཅར་བློ་གཅིག་འགྱུར། །ཞེས་བྱ་བ་འདི་དང་སྦྱར་རོ། །ཅིག་ཅར་སྨོས་པ་ནི་མ་ལུས་པ་མཚོན་པའི་དོན་ཡིན་ཏེ་རྫས་ཐམས་ཅད་ལ་བློ་གཅིག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་
པར་དང་ཁྱད་པར་གྱི་གཞི་དག་ཀྱང་འཛིན་པར་མི་འདོད་པ་གང་ཡིན་པ་དེ་ལ་སྐྱོན་འདི་ཡོད་པ་མ་ཡིན་ནོ། །ཡོན་ཏན་དང་སྤྱི་ལ་སོགས་པ་རྫས་ཐ་དད་པའི་འཕྲོད་པ་འདུ་བ་ཅན་ཡང་ཡིན་པ་ཞེས་བྱ་བ་ནི་གང་ལ་རྫས་ཐ་དད་པའི་འཕྲོད་པ་འདུ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ན་གཞན་ལ་ཡོན་ཏན་
ཆེན་པོ་འདུ་བ་དང་ལྡན་པ་དང་གཞན་དག་ལ་ཆུང་བ་ཡིན་ནོ། །དེ་ལྟ་བཞིན་དུ་རྫས་གཞན་ལ་བ་ལང་གི་སྤྱི་ཉིད་དང་གཞན་ལ་རྟ་ཉིད་ལ་སོགས་པ་ཡིན་ནོ། །སྒྲ་ལ་སོགས་པ་ངོ་བོ་ཉིད་གཅིག་ཏུ་འདོད་པའི་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་ཡོན་ཏན་གསུམ་ཡོངས་སུ་གྱུར་པ་ཉིད་ཡིན་ན་ཡང་བཀོད་པ་གཅིག་ཏུ་
གནས་པའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་གྲངས་ཅན་གཅིག་ཉིད་དུ་འདོད་དོ། །སྣ་ཚོགས་སྣང་བ་ཞེས་བྱ་བའི་ཚིག་དེ་ནི་མདོ་ཡིན་ནོ། །ཆོས་ཅན་གཅིག་ལ་ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེས་ནི་སྤྱི་དངོས་པོར་ཡོད་པ་བཀག་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱོད་ཡུལ་ཉིད་དུ་ཡོད་པ་ཡིན་ན་ཕྱི་
རོལ་གྱི་དོན་ཉེ་བར་མི་ལྟོས་པ་ཉིད་ཡིན་པར་སྨྲ་བས། སྤྱི་དངོས་པོ་ཉིད་མ་ཡིན་པར་བསྟན་པར་འགྱུར་རོ། །དེ་ནི་སྤྱི་ཁས་བླངས་ནས། གལ་ཏེའང་དཀར་པོ་ཉིད་ལ་སོགས། །ཞེས་བྱ་བ་སྨོས་སོ། །འདི་གཉིས་སྣང་བ་ཐ་དད་པ་ཡིན་ཞིང་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་མི་གསལ་བ་དང་གསལ་བར་སྣང་བ་
ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་རང་བཞིན་ཉིད་ལ་དེ་ལས་ཐ་དད་པ་མེད་པའི་ངོ་བོ་ཅན་གྱི་ཤེས་པར་གཟུང་བར་བྱ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཐ་དད་པའི་ངོ་བོ་ཅན་གྱི་ཤེས་པས་གཟུང་བར་བྱ་བ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་གྱི་ཡིད་ཉིད་

ཡིན་པ་ཞེས་བྱ་བ་ནི་ཡིད་ཀྱི་བློ་ནི་ཡིད་ཀྱི་རྟེན་ཡིན་ནོ། །རྣམ་པ་འགའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་ལ། འདི་ལྟར་སྔོན་པོ་ལ་སོགས་པའི་སྒྲ་ལས་ཤེས་པ་མི་གསལ་བ་སྐྱེ་བ་ན་ཡང་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་དང་འདྲ་བའི་རྗེས་སུ་བྱེད་པ་ཅན་སྐྱེ་བར་འགྱུར་རོ། །གཞན་ནི་སྒྲ་ལས་འབྱུང་བ་
ཡིན་ཏེ་ཞེས་བྱ་བ་ནི་ངོ་བོ་མི་གསལ་བའོ། །གལ་ཏེ་སྒྲ་ལས་བྱུང་བ་དང་དབང་པོའི་ཤེས་པ་དག་གིས་ཞེས་བྱ་བ་ནི་གཞན་གྱི་ཡིན་ཏེ། རྭ་ལ་སོགས་པ་དང་ལྡན་པའི་དོན་གང་ཡིན་པ་དེ་བ་ལང་ཞེས་བྱ་བ་དེ་ལྟར་སྒྲ་ལས་བྱུང་བའི་ཤེས་པས་རྟོགས་པ་པོ་གང་ཡིན་པས་དེ་ལྟ་བུར་གྱུར་པའི་བསྟན་པ་ལས་གང་
གི་ཚེ་རྟོགས་པ་དེ་ཉིད་སྒྲ་ལས་བྱུང་བའི་རྟོག་པ་བསལ་བའི་བྱེ་བྲག་མཐོང་བ་དང་ལྡན་པ་སྐྱེས་བུ་དེའི་མིག་གིས་མཐོང་བར་འགྱུར་རོ། །མཐོང་བ་ལས་ནི་བཟློག་པ་ཡིན། །མཐོང་བའི་རང་བཞིན་ལས་ངོ་ཤེས་པ་ཐ་དད་པར་བྱས་པ་ཡིན་ཏེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་བདག་ཉིད་ཉིད་དུ་སྔར་བསྟན་
ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །མཐོང་བས་དེ་ལྟར་ཤེས་པར་འགྱུར། །ཞེས་བྱ་བ་ནི་དོན་ཐོས་པ་དང་མཐོང་བས་ཞེས་བྱ་བ་དེ་ལྟར་གང་ལས་ཤེས་པར་གྱུར། མ་ཡིན་པ་ཁོ་ན་སྟེ། སྒྲས་རང་གི་མཚན་ཉིད་ལ་རེག་པ་མེད་པའི་ཕྱིར་རོ། །ཅི་སྒྲས་དོན་དེ་ཞེས་བྱ་བ་ནི་དབང་པོའི་ཡུལ་གྱི་དོན་ཡིན་ཏེ། སྟོན་པར་མི་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །སྒྲས་བསྟེན་པར་གྱུར་པའི་དོན་ཞེས་བྱ་བ་ནི་ཅི་དབང་པོའི་ཡུལ་དུ་གྱུར་པ་ངོ་ཤེས་པའི་རྗེས་སུ་བྱེད་པར་འགྱུར་རམ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་བྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དོན་ཡོད་པ་སྒྲ་ཉིད་ཀྱིས་མ་བསྟན་པ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་
རྗོད་པའི་སྤྱི་ཡུལ་ཡིན་པར་ཁས་བླངས་ནས་དེ་དབང་པོའི་ཡུལ་ཉིད་ཡིན་པ་བཀག་ནས། དེ་ནི་དེ་ཉིད་བསལ་བའི་ཕྱིར་རྗེས་སུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་དེ་དང་དེ་ཤེས་པར་འགྱུར་རོ་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། སྒྲ་དང་དྲི་ལ་སོགས་པའི་ཡུལ་དེ་དང་
དེ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དབང་པོའི་ཤེས་པའི་ཡུལ་གྱི་དོན་དང་དུས་མཚུངས་པར་འབྱུང་བ་ཅན་ནམ་ཞེས་བྱ་བ་ནི་རང་ཉིད་འཛིན་པར་བྱེད་པའི་ཤེས་པ་དང་དུས་མཚུངས་པར་འབྱུང་བ་ཅན་ནོ། །དེ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་གི་རྗེས་སུ་འབྲངས་ནས་བརྗོད་དོ། །དུས་སྔར་འབྱུང་བའི་

ངང་ཚུལ་ཅན་ཡིན་པར་ཞེས་བྱ་བ་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་དུས་སྔར་འབྱུང་བའི་ངང་ཚུལ་ཅན་ཡིན་པར་རོ། །དེ་ནི་མདོ་སྡེའི་གཞུང་གི་རྗེས་སུ་འབྲངས་ནས་བརྗོད་པ་ཡིན་ཏེ། དེ་དག་ནི་འདི་སྐད་དུ་སྔར་མིག་དང་གཟུགས་དང་ཕྱིས་མིག་གི་རྣམ་པར་ཤེས་པ་ཡིན་ནོ་ཞེས་
ཁས་ལེན་ཏོ། །རྣམ་པ་གཉི་ག་ཡང་བསྐལ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རེ་ཞིག་གང་གི་ཚེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་སྔར་གཟུགས་ལ་སོགས་པ་ཡིན་ཞིང་སྐད་ཅིག་མ་ཡིན་པ་དེའི་ཚེ་སྐད་ཅིག་མ་དང་པོར་གཟུགས་ལ་སོགས་པ་དང་གཉིས་པར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་གསུམ་
པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་དེ་ལྟར་ན་སྐད་ཅིག་མ་གཉིས་པ་འདས་པ་ཉིད་ཀྱི་ཕྱིར་དབང་པོའི་ཡུལ་གྱི་དོན་བསྐལ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལ་སྐད་ཅིག་མ་དང་པོ་ལ་མིག་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པ་ཉིད་ཡིན་ལ། གཉིས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་དེ་
ལྟར་ན་ཡང་སྐད་ཅིག་མ་གཅིག་འདས་པ་ཉིད་ཡིན་པའི་ཕྱིར་དབང་པོའི་ཡུལ་བསྐལ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལ་དབང་པོའི་ཡུལ་འགགས་པར་གྱུར་བ་རང་གི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་བསྐྱེད་ནས་འགག་པར་འགྱུར་བ་དེ་བས་ན་ཤེས་པ་ལ་རྣམ་པར་འཇོག་པར་ནུས་པའི་རྒྱུ་ཉིད་
ཀྱིས་ཡུལ་ཉིད་རིགས་པ་མ་ཡིན་ནམ་ཞེ་ན་དེ་ནི་བདེན་ཏེ། འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་དེ་ནི་དེ་ལྟར་མི་འདོད་དོ། །ཁས་ལེན་ན་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་ཡང་དེ་ལྟར་འགྱུར་ན་ཕྱེད་རྒས་པའི་ཚུལ་དུ་འདིས་ཐོབ་པ་མ་ཡིན་ནོ། །བྱ་བ་སྒྲུབ་པར་བྱེད་པ་ལ་ཁྱད་པར་དུ་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་
ལ་དེ་དང་འགལ་བ་ཡང་ཁྱད་པར་དུ་མི་བྱེད་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བརྟན་པའི་དངོས་པོ་དེ་ལས་ཞེས་བྱ་བ་ནི་སྐད་ཅིག་མ་ཡིན་པ་ལས་སོ། །དེ་ཡང་རེས་འགའ་བ་ཡིན་པ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །གང་ལ་འབྲས་བུ་མ་ཡིན་ཏེ། བྱ་བར་མི་ནུས་པའི་ཁྱད་
པར་ཕུལ་དུ་བྱུང་བའི་ནུས་པའི་མཚན་ཉིད་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཕུལ་དུ་བྱུང་བར་བྱར་མེད་པའོ་ཞེས་བཤད་དོ། །དེས་ནི་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་གྱི་ཚིག་གིས་སོ། །དེའི་ཞེས་བྱ་བ་ནི་དབང་པོའི་ཤེས་པའི་དམིགས་པའི་རྐྱེན་ཉིད་ཡིན་པ་བསལ་ལོ། །དེའི་རྐྱེན་གྱིས་ཀྱང་ཞེས་བྱ་

བ་ནི་དབང་པོའི་རྣམ་པར་ཤེས་པ་དེ་མ་ཐག་པའི་རྐྱེན་གྱིས་སོ། །དབང་པོའི་རྣམ་པར་ཤེས་པའི་ཡུལ་ལས་ཡུལ་གཞན་ཉིད་ཅེས་བྱ་བ་ནི་དབང་པོའི་དོན་གྱི་དེ་མ་ཐག་ཏུ་འབྱུང་བའི་ངང་ཚུལ་ཅན་གྱི་གཟུགས་ལ་སོགས་པའོ། །དེ་ལྟར་འདིར་ཡང་འདིའི་དོན་རྟོགས་པའི་དོན་ནི་དབང་པོའི་ཤེས་པ་ཡིན་ནོ་ཞེས་བྱ་
བ་ནི་གཟུགས་ལ་སོགས་པའི་སྐད་ཅིག་མ་གཉིས་པའི་ཡུལ་ཅན་གྱི་ཡིད་དེའི་རྟེན་ནི་དབང་པོའི་ཤེས་པ་ཡིན་ནོ། །དེ་ཡང་ལོང་བ་ལ་སོགས་པ་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར་རྒྱུ་མ་ཚང་བ་ལས་ལོང་བ་ལ་སོགས་པ་ལ་དེ་འདྲ་བའི་ཡིད་སྐྱེ་བ་མེད་དོ། །དེ་བས་ན་དེ་དག་གིས་གཟུགས་ལ་སོགས་པ་མཐོང་བར་
ཐལ་བའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །གལ་ཏེ་དབང་པོ་ཉིད་སེམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་ཕྱོགས་སྔ་མའོ། །དབང་པོའི་ཤེས་པའི་ངོ་བོ་གང་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དབང་པོ་དང་དོན་གྱི་སྐད་ཅིག་མ་དང་པོ་དུས་
མཚུངས་པ་ཅན་ཉིད་ཡིན་པའི་ཕྱིར་སྐད་ཅིག་མ་དང་པོ་ལ་དབང་པོའི་རྣམ་པར་ཤེས་པ་དང་། སྐད་ཅིག་མ་གཉིས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དོན་གྱི་སྐད་ཅིག་མ་དང་། དེ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དབང་པོའི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་དང་བྱེད་པའི་དུས་
མཚུངས་པ་མེད་པ་ཅན་ནོ། །དུས་མཚུངས་པ་མེད་པ་ཉིད་བསྟན་པའི་ཕྱིར་རང་ཤེས་དུས་ཅན་ཞེས་བྱ་བ་སྨོས་ཏེ། རང་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ནི་དུས་ཀྱི་སྐད་ཅིག་མ་གཉིས་པའོ། །གང་ལ་དེར་འབྱུང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐད་ཅིག་མ་གཉིས་པ་ལ་བྱུང་བའི་ངང་ཚུལ་ཅན་ཞེས་བྱ་
བའི་དོན་ཏོ། །འདི་ནི་དབང་པོའི་རྣམ་པར་ཤེས་པའི་དུས་ན་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གྱི་དོན་ཏོ། །འགག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གྱི་དུས་ན་དབང་པོའི་རྣམ་པར་ཤེས་པ་ཞིག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དབང་པོའི་
རྣམ་པར་ཤེས་པ་དང་དོན་ནི་རྒྱུ་ཡིན་པའི་ཕྱིར་སྔར་ཡོད་པ་ཡིན་ལ་ཞེས་བྱ་བ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། དབང་པོའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དོན་དེ་དབང་པོའི་རྣམ་པར་ཤེས་པ་དང་དོན་དེ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་སྔར་ཡོད་པ་ཡིན་ནོ། །དེ་སྐད་

དུ་སྐད་ཅིག་མ་དང་པོ་ལ་མིག་དང་གཟུགས་དང་། གཉིས་པ་ལ་མིག་གི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དོན་ཡིན་པ་དེ་བས་ན་དབང་པོའི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་དུས་མཚུངས་པ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པ་ཉིད་དུ་རིགས་པ་ཡིན་ནོ་ཞེས་
བསྟན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་རྒྱུར་མི་འགྱུར་ཞིང་ཞེས་བྱ་བ་ནི་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དོན་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དང་དུས་མཚུངས་པར་འགྱུར་བ་དེའི་ཚེ་རྒྱུར་མི་འགྱུར་རོ། །དེའི་ཕྱིར་དེ་ཡུལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་ཉིད་མ་ཡིན་པའི་ཕྱིར། དེ་ཡུལ་དུ་ཡང་མི་འགྱུར་རོ་ཞེས་
བྱ་བའི་དོན་ཏོ། །ཇི་ལྟར་དུས་མཚུངས་པ་རྒྱུ་ཉིད་དུ་མི་འཐད་པ་དེ་ལྟར་བསྟན་པའི་ཕྱིར་དེ་ལྟར་ན་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་ཡང་དེ་དང་མཚུངས་པར་ཞེས་བྱ་བ་ནི་རྒྱུ་དེ་དང་ཅིག་ཅར་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པར་སྐྱེས་པ་ཉིད་དོན་གཟུང་བར་བྱ་བ་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་
བའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་མེད་པའམ་བདེ་བ་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་ཐ་དད་པ་ཉིད་མ་ཡིན་པའི་ཕྱིར་གཅིག་འགགས་པ་ན་གཉི་ག་ཡང་འགགས་པའི་ཕྱིར་རོ། །དོན་དང་ལྷན་ཅིག་འཇུག་པ་ན། །དོན་བཅས་དང་ནི་འཇུག་པ་སྟེ། །དོན་དང་བཅས་པའི་དབང་པོ་རུང་
བ་ཉིད་ཡོད་ན་ཞེས་བྱ་བའི་དོན་ཏོ། །འདུས་བྱས་པ་ལ་སོགས་པ་ངེས་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་ལས་སྐྱེས་པ་དང་ཤེས་པའི་རྒྱུ་སྟེ་བདག་གི་ཡོན་ཏན་འདུས་བྱས་པའོ། །སོགས་པ་སྨོས་པས་ནི་འབད་རྩོལ་དང་ཆོས་ཡིན་པ་ལ་སོགས་པ་བཟུང་ངོ་། །ཕན་ཚུན་བདེ་བ་ལ་སོགས་
པ་དེ་དག་རང་བཞིན་ཐ་དད་པ་གང་ཡིན་པ་དེ་ཐ་དད་པར་མི་འགྱུར་རོ་ཞེས་བྱ་བ་ལ། ཕན་ཚུན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། སེམས་ལས་ཀྱང་ཁྱད་པར་དུ་མི་འགྱུར་རོ་སྙམ་དུ་སེམས་སོ། །རང་བཞིན་གང་གིས་ཚོགས་པ་དེས་སེམས་དང་སེམས་ལས་བྱུང་བ་གཅིག་སྐྱེད་པར་བྱེད་པ་དེ་ཉིད་
ཀྱིས་སེམས་གཞན་དག་ཀྱང་ཡིན་ནོ། །གང་གི་ཕྱིར་དངོས་པོ་ལ་ཅིག་ཅར་རང་བཞིན་གཉིས་ཡོད་པ་མ་ཡིན་པ་གང་གིས་ཅིག་ཅར་རང་བཞིན་གཅིག་གིས་སྐྱེད་པར་འགྱུར་ཞིང་གཞན་གཞན་གྱིས་ཡིན། དེ་བས་ན་རྒྱུ་ཐ་དད་པ་ལས་འབྲས་བུ་རྣམས་ཐ་དད་པ་ཡིན་ནོ། །གལ་ཏེ་རྒྱུ་ཐ་དད་པ་མེད་ན་ཡང་

འབྲས་བུ་ཐ་དད་པར་འགྱུར་ན་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །ཇི་ལྟར་བདེ་བ་དང་སྡུག་བསྔལ་གྱི་ངོ་བོའམ་སེམས་དང་སེམས་ལས་བྱུང་བ་ཐ་དད་པར་འདོད་པ་དེ་ལྟར་རྟོགས་པ་དང་རྟོགས་པ་མ་ཡིན་པས་བྱས་པ་ཡང་ཐ་དད་པར་འདོད་པར་འགྱུར་རོ་ཞེ་ན། ནང་གི་རྒྱུའི་ཁྱད་པར་གྱིས་ཞེས་བྱ་བ་ནི་དབང་པོ་དང་ཡུལ་
དང་ཡིད་ལ་བྱེད་པའི་བདག་ཉིད་དུ་གྱུར་པ་ཉིད་ལས་ཕུལ་དུ་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བདག་ཕུལ་དུ་བྱུང་བ་གང་གིས་ཚོགས་པས་བདེ་བའི་བདག་ཉིད་ཅན་གྱི་རྟོགས་པ་སྐྱེད་པ་དེ་ལས་ཕུལ་དུ་བྱུང་བ་གཞན་གྱིས་སྐད་ཅིག་མ་གཞན་དུ་རྣམ་པར་གནས་པས་སྡུག་བསྔལ་གྱི་བདག་ཉིད་སྐྱེད་པ་
དེ་ལྟར་རྟོགས་པ་གཞན་ཡིན་ཏེ། སྐད་ཅིག་མ་རེ་རེར་རང་བཞིན་ཐ་དད་པར་གནས་པ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་མ་རེ་རེ་ལ་ཐ་དད་པ་ཡིན་ན་ཡང་རྟོགས་པ་སྐྱེད་པའི་ཐུན་མོང་གི་ནུས་པ་ལས་མ་འདས་པར་འཇུག་པས་འབྲས་བུ་ཐ་དད་པ་ཡང་སྐྱེད་པར་བྱེད་པ་ན་རྟོགས་པའི་ངོ་བོ་ཉིད་སྐྱེད་པར་བྱེད་ཀྱི་རྟོགས་པའི་ངོ་བོ་མ་
ཡིན་པ་དག་ནི་མ་ཡིན་ཏེ། དཔེར་ན་སཱ་ལུའི་ས་བོན་ཞིང་ལ་སོགས་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བ་དང་ལྡན་པས་ཕུལ་དུ་བྱུང་བ་དང་བཅས་པའི་མྱུ་གུ་སྐྱེད་པར་བྱེད་པ་ན་ཡང་སཱ་ལུའི་མྱུ་གུ་ཉིད་སྐྱེད་པར་བྱེད་ཀྱི་ནས་ཀྱི་མྱུ་གུ་ནི་མ་ཡིན་ཏེ། ནུས་པ་མཚུངས་པ་ལས་མ་འདས་པར་འཇུག་པའི་ཕྱིར་རོ་ཞེས་བསྟན་པར་
འགྱུར་རོ། །དེ་ཉིད་སྟོན་པར་བྱེད་པ་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པས་དཔེ་འགོད་པར་བྱེད་པ་ཡིན་ནོ། །གལ་ཏེ་དུས་ཐ་དད་པ་ཅན་གྱི་བདེ་བ་ལ་སོགས་པ་ལ་འདི་ལན་ཡིན་པ་ནི་བླ་སྟེ། འོན་ཀྱང་དུས་གཅིག་ལ་གནས་པའི་ངང་ཚུལ་ཅན་གྱི་སེམས་དང་སེམས་ལས་བྱུང་བ་གང་ཡིན་པ་དེ་དག་ཅི་ལྟར་ཕན་ཚུན་
ཐ་དད་པ་ཡིན་ཞེ་ན་འདི་ཡང་བརྗོད་བར་བྱ་སྟེ། ཚོགས་པ་དེ་ཉིད་ནི་ནང་གི་ཁྱད་པར་གྱིས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཚོགས་པ་རང་བཞིན་ཐ་དད་པ་སྐྱེད་པར་བྱེད་པ་ངེས་པའི་བདག་ཉིད་ཀྱིས་ཁྱད་པར་དང་ལྡན་པ་དེ་ལས་རྟོགས་པ་ཐ་དད་པ་སྐྱེད་པར་འགྱུར་བ་དེ་ལྟར་ན་འགལ་བ་ཅི་ཞིག་ཡོད། རྒྱུ་འབྲས་བུ་དུ་མ་ལས་
སོ་སོར་ངེས་པའི་རང་བཞིན་ཅན་འབྲས་བུ་སོ་སོ་ལ་ཐ་དད་པའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །འདི་ལྟར་རྒྱུ་རང་གི་རང་བཞིན་འཕོ་བ་ནས་འབྲས་བུ་སྐྱེད་པ་མ་ཡིན་ནོ། །གལ་ཏེ་རྒྱུའི་རང་བཞིན་དོར་བ་འབྲས་བུར་འགྱུར་བ་དེའི་ཚེ་ཅི་ལྟར་ན་རང་བཞིན་གཅིག་གིས་དུ་མ་སྐྱེད་པར་འགྱུར་ཞེས་བྱ་བའི་བརྒལ་བ་དེར་འགྱུར།

རང་བཞིན་གཅིག་འབྲས་བུ་གཅིག་ལ་འཕོས་པ་གང་ཡིན་པ་དེའི་རང་བཞིན་གཅིག་པོ་ཅི་ལྟར་འབྲས་བུ་གཞན་ལས་འཕོ་བར་འགྱུར། འཕོ་བ་ཉིད་ཡིན་ན་འབྲས་བུ་རང་བཞིན་གཅིག་པ་ཅན་དུ་འགྱུར་རོ། །གང་གི་ཚེ་རྒྱུ་འབྲས་བུ་གཅིག་ཀྱང་སྐྱེད་པར་གྱུར་ན་དེ་སྐྱེད་བར་བྱེད་པའི་རང་བཞིན་ཉེ་
བ་ཙམ་གྱིས་སྐྱེད་པར་བྱེད་པ་ཡིན་པ་དེའི་ཚེ་འབྲས་བུ་དུ་མ་སྐྱེད་པར་བྱེད་པའི་ངེས་པའི་རང་བཞིན་ཉེ་བ་ཙམ་གྱིས་འབྲས་བུ་དུ་མ་སྐྱེད་པར་འགྱུར་བ་གང་གིས་བཟློག་པར་འགྱུར། རྒྱུའི་རང་བཞིན་ཐ་དད་པ་དང་ཐ་དད་པ་མེད་པ་དག་གི་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མེད་པ་གང་ཡིན་པ་འདི་ཉིད་ཐ་དད་པ་དང་ཐ་དད་པ་མེད་
པ་སྐྱེད་པར་བྱེད་པའི་ངེས་པའི་རང་བཞིན་ལས་འབྲས་བུ་ཐ་དད་པ་དང་ཐ་དད་པ་མེད་པའི་རང་བཞིན་སྐྱེ་བར་འགྱུར་རོ། །གལ་ཏེ་ཐ་དད་པ་སྐྱེད་པར་བྱེད་པའི་ངེས་པའི་རང་བཞིན་ལས་ཐ་དད་པ་མེད་པའི་སྐྱེ་བ་དེའི་ཚེ་རྒྱུ་མེད་པར་འགྱུར་རོ། །གལ་ཏེ་རང་བཞིན་གཅིག་ཅི་ལྟར་དུ་མ་སྐྱེད་པར་བྱེད་པ་ཡིན་ཞེ་ན། དེ་ནི་འདི་ལྟ་བུར་
གྱུར་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཅིག་ཀྱང་ཅི་ལྟར་སྐྱེ་བར་འགྱུར་འདིར་ཡང་ཅི་ལྟར་ན་རང་བཞིན་འཕོས་ནས་རྒྱུ་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ཞེས་བཤད་ཟིན་ཏོ། །གལ་ཏེ་འོ་ན་རྟོགས་པ་དང་རྟོགས་པ་མ་ཡིན་བའི་རང་བཞིན་ཅིའི་ཕྱིར་ཚོགས་པས་སྐྱེད་པ་མ་ཡིན་ཞེ་ན། མ་ཡིན་ཏེ་དེ་ནི་
རྟོགས་པ་སྐྱེད་པར་ངེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུར་གྱུར་པའི་རང་བཞིན་ཉིད་གང་ལས་ཡིན་ཞེ་ན་རང་གི་རྒྱུ་ལས་ཡིན་ནོ། །དེའི་ཡང་རང་གི་རྒྱུ་གཞན་ལས་ཡིན་པ་དེ་ལྟར་ན་རྒྱུའི་བརྒྱུད་པ་ཐོག་མ་མེད་པ་ཅན་ཡིན་ནོ། །དེ་བས་ན་རྟོགས་པ་སྐྱེད་པར་བྱེད་པའི་ངེས་པ་ཡོད་ན་རྟོགས་པ་ཐ་དད་
པར་སྐྱེད་པའི་རང་བཞིན་གྱི་མཚན་ཉིད་གཞན་གྱི་ཁྱད་པར་དང་ལྡན་པས་རྟོགས་པ་ཐ་དད་པ་ཉིད་སྐྱེ་བར་བྱེད་ཀྱི། རྟོགས་པ་དང་རྟོགས་པ་མ་ཡིན་པའི་རང་བཞིན་མ་ཡིན་པ་དེ་ལྟར་ན་ངེས་པ་ཉིད་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ། །བློ་དང་ནི། བདེ་སོགས་དེ་ཉིད་སྐྱེད་ཡིན་ན། །ཞེས་བྱ་བ་ལ་བློ་དང་བདེ་བ་ལ་སོགས་
པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །རིམ་གྱིས་འཛིན་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་བློས་གཟུགས་མངོན་སུམ་དུ་བྱེད་པ་དེ་ལས་དུས་ཕྱིས་ཡིད་ཀྱི་ཤེས་པས་བདེ་བ་ལ་སོགས་པ་ཡོངས་སུ་གཅོད་པར་བྱེད་པ་དེ་ལྟར་ན་རིམ་གྱིས་འཛིན་པ་ཞེས་བྱ་བ་འདིས་རིམ་གྱིས་འཛིན་ཞེས་བྱ་བའི་མདོའི་ཚིག་

བཤད་པ་ཡིན་ནོ། །རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཀྱིས་རྣམ་པར་ཤེས་པ་སྐྱེད་པ་ལ་བདེ་བ་ལ་སོགས་པ་ནུས་པ་ཉིད་ཡིན་ནོ། །དེ་བས་ན་ཡུལ་ཉིད་དུ་ཡང་
འགྱུར་བ་མ་ཡིན་པ་དེའི་ཕྱིར་ལྡོག་པ་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། དེ་མེད་ན་ངེས་པར་མེད་པ་ནི་ལྡོག་པ་ཡིན་ནོ། །ཡུལ་འཛིན་པ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་སྔོ་སོགས་བཞིན། དབང་པོའི་རྣམ་པར་ཤེས་པ་སྐྱེད་པ་ལ་བདེ་བ་ལ་སོགས་པ་ནུས་པ་ཉིད་དུ་འགྱུར་བ་དེའི་ཚེ་ཇི་ལྟར་བདེ་བ་ལ་སོགས་
པ་མྱོང་བ་མེད་པ་ལ་སྔོན་པོ་ལ་སོགས་པ་འབའ་ཞིག་གནས་སྐབས་འགའ་ཞིག་ཏུ་མྱོང་བར་འགྱུར་བ་དེ་བཞིན་དུ་དབང་པོ་དང་ཡུལ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་འབའ་ཞིག་ཀྱང་རྣམ་པར་ཤེས་པས་མྱོང་བར་འགྱུར་རོ། །དེ་ལྟར་ན་སྔོན་པོ་ལ་སོགས་པ་ལས་བདེ་བ་ལ་སོགས་པའི་ནུས་པ་ཐ་དད་པར་རྟོགས་
པར་འགྱུར་རོ། །ནུས་པ་ཐ་དད་པ་ངེས་པ་ན་ཡང་ཡུལ་དང་ལྷན་ཅིག་པའི་ནུས་པ་རྟོག་པར་བྱེད་པ་ན་ཡང་འགལ་བ་མེད་དོ། །སྔོན་པོ་དང་སེར་པོ་ལ་སོགས་པ་སོ་སོ་ལ་ཡང་ནུས་པ་དམིགས་པའི་ཕྱིར་ཚོགས་པ་ལ་ཡང་ནུས་པ་འགལ་བར་མི་འགྱུར་རོ། །དེ་ཉིད་ནི་སྔོན་པོ་ལ་སོགས་པ་རེ་རེ་ལ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །གལ་ཏེ་བདེ་བ་ལ་སོགས་པ་འབའ་ཞིག་མྱོང་བ་ཁས་བླངས་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་ཁས་བླངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོགས་པ་མེད་པར་ཞེས་བྱ་བ་ནི་གཟུང་བ་མེད་པར་རོ། །དེ་ལྟར་ན་ཡང་འདི་ལས་བདེ་བ་ལ་སོགས་པ་ཞེས་བྱ་བ་ནི་དོན་འདི་ལས་བདེ་བ་ལ་
སོགས་པ་འདིའོ། །དབང་པོའི་དོན་རྟོགས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དབང་པོས་བདེ་བ་ལ་སོགས་པ་རྟོགས་པར་མི་འགྱུར་ན་དབང་པོའི་དོན་རྟོགས་པའི་དུས་ན་བདེ་བ་ལ་སོགས་པ་རྟོགས་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ཡང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །བདག་དང་
ཡིད་ལྡན་པ་ལས་འབྱུང་བའི་ངང་ཚུལ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པས་ཞེས་བྱ་བའི་དོན་ཏོ། །དབང་པོའི་ཡུལ་ཉིད་ལས་སྐྱེས་པའི་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་སྟོབས་ཀྱིས་སྐྱེད་པ་དབང་པོའི་རྣམ་པར་ཤེས་པ་དང་དུས་མཚུངས་པར་འབྱུང་བའི་ངང་ཚུལ་ཅན་ནོ། །དེ་ལྟར་ན་ཡུལ་ལ་དམིགས་

པ་ཡང་བདག་དང་ཡུལ་དང་དབང་པོའི་ཕྲད་པ་ལས་བྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་མེད་པར་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་དེ་ཡང་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པའོ། །ཡིད་གཉིས་པ་ནི་ཡོད་པ་མ་ཡིན་ན་ཞེས་བྱ་བ་ནི་
དབང་པོའི་རྣམ་པར་ཤེས་པ་དང་དུས་མཚུངས་པ་དག་དང་ཡིད་ལྡན་པ་ལས་འབྱུང་བའི་ངང་ཚུལ་ཅན་གྱི་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བ་ཁས་མི་ལེན་པའི་ཕྱིར་རོ། །དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཡོད་པའི་དུས་ན་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་འཛིན་པར་འདོད་པའི་རྣམ་པར་ཤེས་
པ་ཡོད་པའི་དུས་ནའོ། །བདེ་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ་དབང་པོའི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་པའི་ཕྱིར་རོ། །དེ་དག་ལས་གཅིག་ནི་ཞེས་བྱ་བ་ལ་དེ་དག་ལས་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དྲུག་པའོ། །གཅིག་ནི་དོན་འཛིན་པའི་དབང་པོའི་བློས་སོ། །གཞན་ནི་བདེ་བ་ལ་སོགས་པ་
མྱོང་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཡིད་ཀྱི་བློས་སོ། །གང་ཞིག་གང་དང་རིགས་མཐུན་པ་དེ་ནི་དེའི་ཉེ་བར་ལེན་པ་ཡིན་ན་ཞེས་བྱ་བ་དེ་ཡང་འཇིག་རྟེན་ཕ་རོལ་སྒྲུབ་པའི་སྐབས་སུ་བསྟན་ཟིན་ཏོ། །དེ་མྱོང་ཕྱིར་ན་དོན་ཡང་དག་པར་མྱོང་བ་ཡིན་ནོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་བདག་ཉིད་དུ་གྱུར་པའི་དོན་དང་འདྲ་བ་མྱོང་
བའི་ཕྱིར་རོ། །འདིས་ནི་བདེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་ཉམས་སུ་མྱོང་བའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་དེ་བསྟན་ཏོ། །དེ་ནི་ཕྱི་རོལ་དུ་གྱུར་པའི་དོན་དག་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བདག་ཉིད་ནི་ཉམས་སུ་མྱོང་བ་དག་ལས་ཐ་དད་པའི་དོན་དག་ལ་ཡོད་པ་མ་ཡིན་ནོ། །དེ་མྱོང་བ་ལ་ཡང་
ཞེས་བྱ་བ་ནི་དོན་གཞན་དུ་གྱུར་པ་མྱོང་བར་ཁས་ལེན་པ་ན་མྱོང་བའི་མཚན་ཉིད་འཐད་པ་མ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། ཉམས་སུ་མྱོང་བ་ནི་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རང་རིག་པའི་བདག་ཉིད་མ་གཏོགས་པར་ཉམས་སུ་མྱོང་བའི་བདག་ཉིད་གཞན་ནི་བརྗོད་པར་མི་ནུས་ཏེ།
དེ་རྟོགས་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་དང་། རྟོག་པ་ཡང་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཞན་མྱོང་བ་ཡིན་ན་ནི་བདག་མྱོང་བར་མི་འགྱུར་རོ། །གཞན་མྱོང་བ་ཉིད་ནི་བདག་མྱོང་བ་མ་ཡིན་ཏེ། རང་དང་གཞན་ཐ་དད་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རང་དང་གཞན་

གྱི་བདག་ཉིད་རིག་པ་འགལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཤེས་པ་ལ་རང་རིག་པ་དང་གཞན་རིག་པའི་ཁྱད་པར་གྱིས་ངོ་བོ་གཉིས་ཡོད་པ་མ་ཡིན་ཏེ། ཤེས་པ་ནི་གཅིག་གི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཞན་མྱོང་བར་ཁས་ལེན་ན་རང་རིག་པའི་ངོ་བོར་མི་འགྱུར་ཞིང་དེ་ཁས་ལེན་པར་བྱེད་ན་གཞན་མྱོང་
བ་ཡོད་པ་མ་ཡིན་ནོ། །གལ་ཏེ་འོན་ཀྱང་ཤེས་པ་གཞན་རིག་པའི་བདག་ཉིད་ཅན་ཉིད་དུ་ཡོད་པ་ཡིན་ནོ་ཞེ་ན། རང་རིག་པ་ཡང་གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཉམས་སུ་མྱོང་བ་ཉིད་ནི་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པའི་དམིགས་པ་ཅན་གྱི་དོན་མཐོང་བ་མི་སྲིད་པའི་ཕྱིར་རོ་
ཞེས་བྱ་བར་དགོངས་སོ། །འགྱུར་བར་ནི་འདོད་མོད་ཀྱི་བདེ་བ་ལ་སོགས་པ་གཟུང་བ་དང་འཛིན་པའི་རྣམ་པ་དག་གིས་ཤེས་པ་བཞིན་དུ་ཐ་དད་པར་སྣང་བར་འདོད་དོ། །དེ་བས་ན་གཅིག་པ་ཐ་དད་པར་སྣང་བའི་གཟུང་བ་ཉིད་གནས་པའི་ཕྱིར་མ་ངེས་པ་ཡིན་ནོ་ཞེ་ན། བདེ་བ་ལ་སོགས་པ་ཡང་ཡུལ་དང་ཞེས་བྱ་བ་ལ་སོགས་
པ་སྨོས་པ་ལ། ཡུལ་གྱི་རྣམ་པ་ནི་གཟུང་བའི་རྣམ་པའོ། །རབ་ཏུ་དགའ་བའི་རྣམ་པ་ནི་འཛིན་པའི་རྣམ་པའོ། །ཁོ་བོ་ཅག་གིས་རྣམ་པ་དེ་དག་ནི་དོན་དམ་པ་ཡིན་ནོ་ཞེས་བྱ་བ་ལ་གཉིས་མེད་པར་བསྒྲུབ་པ་དེ་ཡང་རྒྱས་པར་བསྟན་པ་ཡིན་ནོ། །འདོད་པ་ནི་མངོན་པར་འདོད་པའོ། །མི་འདོད་པ་ནི་རྒྱབ་ཀྱིས་ཕྱོགས་
པའོ། །བཏང་སྙོམས་སུ་གནས་པ་ནི་བར་མར་གནས་པའོ། །འདོད་པ་དང་མི་འདོད་པའི་བྱེ་བྲག་དང་བཏང་སྙོམས་སུ་གནས་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་དག་ཉིད་ནི་སེམས་ཅན་རྣམས་ཀྱི་རང་བཞིན་ཡིན་ལ། གོམས་པ་གང་ལ་རང་བཞིན་དེ་ཉིད་ཀྱི་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེར་སྣང་བ་ཅན་
མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱི་རོལ་ཁྱད་པར་ཅན་མ་ཡིན་པར་སྣང་བ་ཅན་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་རོལ་ཉིད་དང་དེ་ལས་ཁྱད་པར་མེད་པར་སྣང་བ་ཅན་ཉིད་ལ་ཕྱི་རོལ་ཁྱད་པར་མེད་ན་སྒོམ་པ་ཁྱད་པར་ཅན་ཡིན་ན་ཡང་ཁྱད་པར་ཅན་ཉིད་མ་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཁྱད་པར་ཅན་ཉིད་ཡིན་པ་
དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ལ་ཡོན་ཏན་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེས་བུ་དེའི་སེམས་ཀྱི་ངོ་བོ་བདེ་བ་ལ་སོགས་པའི་ཡོན་ཏན་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་ལས་ཡུལ་གྱི་རྣམ་པ་ཅན་དུ་འཇུག་པའི་བདག་ཉིད་དུ་གྱུར་པའི་བློར་འགྱུར་རོ། །དེ་བས་ན་བློ་

ནི་འབྲས་བུ་ཡིན་ལ་ཡུལ་ནི་རྒྱུ་ཡིན་ནོ། །དེ་ནི་སྐྱེས་བུ་ལ་ཡང་ཡོད་པ་ཡིན་པ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པར་འབྱུང་བའོ། །དེ་ལྟར་ན་བློ་ལ་གནས་པའི་ཡུལ་གྱི་རྣམ་པ་སྐྱེས་བུ་ལ་འཇོག་པར་བྱེད་དོ། །དེ་བས་ན་དེ་ནི་ཟ་བ་པོ་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་སྐྱེས་བུས་བློ་ངེས་པར་བྱས་པའི་དོན་ཤེས་པར་
འགྱུར་རོ་ཞེས་བསྟན་ཏོ། །དེ་བས་ན་སྐྱེས་བུ་ཡང་བློ་དང་འདྲ་བར་ཡུལ་ཡུལ་རྣམས་ཀྱི་འབྲས་བུ་ཡིན་ཞིང་དེ་དག་ལས་ཀྱང་རིགས་མི་མཐུན་པ་ཡིན་པ་དེ་ལྟར་ན་མ་ངེས་པ་ཡིན་ནོ། །གལ་ཏེ་དེ་རང་བཞིན་མིན་ལ། ཉམས་སུ་མྱོང་བ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མ་ཡིན་པའི་རང་བཞིན་ཅན་གྱི་སེམས་ཉིད་དོ། །
ཡུལ་དང་སེམས་དག་གི་བར་ན་ཡུལ་གྱི་རྣམ་པ་ཅན་གྱི་དོན་སེམས་མ་ཡིན་པ་ནི་བློ་ཡིན་ཏེ་དེའི་འདི་ནི་བློ་གནས་སོ། །དེ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །བདེ་བ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་དོ། །བློ་དང་སེམས་དག་ལ་ཡང་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེ་ན། མངོན་སུམ་
དྲན་པའི་རྣམ་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མངོན་སུམ་དྲན་པའི་རྣམ་པ་ཅན་ཞེས་བྱ་བ་ནི་མངོན་སུམ་གྱི་རྣམ་པ་ཅན་དང་དྲན་པའི་རྣམ་པ་ཅན་ཞེས་བྱ་བའི་དོན་ཏོ། །གསལ་བར་སྣང་བའི་ངང་ཚུལ་ཅན་ནི་མངོན་སུམ་གྱི་རྣམ་པ་ཡིན་ལ། རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་པ་ནི་དྲན་པའི་རྣམ་
པར་རྟོག་པ་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་ཐམས་ཅད་ནི་དྲན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དགའ་བ་དང་མི་དགའ་བ་ལ་སོགས་པའི་རྣམ་པ་ཅན་གྱི་ཞེས་བྱ་བ་འདིས་ནི་མངོན་སུམ་གྱི་རྣམ་པ་ཅན་བཤད་དོ། །དྲན་པའི་རྣམ་པ་ཅན་ཏེ་ཞེས་བྱ་བ་མྱོང་བ་མྱོང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་དྲན་པའི་རྣམ་
པ་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །ཇི་ལྟར་བདེ་བ་ལ་སོགས་པ་མྱོང་བ་ཞེས་བྱ་བ་ལ་སོགས་པས་དྲན་པའི་རྣམ་པ་ཅན་དང་མངོན་སུམ་གྱི་རྣམ་པ་ཅན་ངོ་བོ་ཉིད་ཀྱིས་མྱོང་བ་འཇུག་པ་བསྡུས་ནས་གཉིས་ཉིད་དུ་སྟོན་པར་བྱེད་དོ། །ཡིད་བདེ་བ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་རྣམ་པ་ཅན་གྱི་མཇུག་
སྡུད་པ་ཡིན་ནོ། །བདེ་བ་ཁོ་ན་ལ་ཡིད་བདེ་བའི་སྒྲས་བསྟན་ཏེ། བདེ་བ་ལུས་ཀྱི་རྣམ་པར་ཤེས་པས་རྣམ་པར་གཞག་པ་ཉིད་ཀྱིས་རྟོགས་པ་མེད་པའི་མངོན་སུམ་གྱི་རྣམ་པ་ཅན་ཉིད་ཡོད་པའི་ཕྱིར་རོ། །ལྕགས་གོང་དང་ནི་མེ་བཞིན་ནོ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །ལྕགས་ཤིན་ཏུ་འབར་བའི་གཟུགས་ལ་ནག་པོ་

ཡོད་པ་ཉིད་ཡིན་ནོ། །མ་ངེས་པ་ཡིན་པར་སྨྲའོ་ཞེས་བྱ་བ་ནི་མེ་ལས་ཐ་དད་པ་དམིགས་པའི་ལྕགས་གོང་གི་ངོ་བོ་ཡང་ཡོད་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་པ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །ལྕགས་གོང་ལ་ཡང་མེ་དང་འབྲེལ་བ་ལས་མདོག་ནག་པོ་ཞིག་ནས་གཟུགས་གཞན་དུ་
སྣང་བར་འགྱུར་བ་ན། དེ་ལ་མདོག་ནག་པོ་ཡང་མེད་ཅིང་ཡོད་ན་ཡང་འདྲེས་པའི་ཕྱིར་མ་དམིགས་པ་ཡིན་ནོ་ཞེས་དགོངས་སོ། །ཅིག་ཅར་སེམས་ལས་བྱུང་བ་མང་པོ་ཞེས་བྱ་བ་ནི། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཞེས་བྱ་བ་ལ་སོགས་པ་ཅིག་ཅར་སྐྱེ་བར་ཁས་ལེན་
པའི་ཕྱིར་རོ། །ཉི་མས་ཞེས་བྱ་བ་ནི་འོད་ཟེར་སྟོང་ལྡན་གྱིས་སོ། །རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་གང་གི་རྐྱེན་ཡུལ་ལ་སོགས་པའི་མཚན་ཉིད་འདོད་པ་དང་མི་འདོད་པའོ། །སྟོན་ཀའི་མར་ངོའི་མཚན་ཕྱེད་ཀྱི། །ཞེས་བྱ་བ་ནི་སྟོན་ཀའི་མཚན་གྱི་ཆ་ཕྱི་མ་ཞེས་བྱ་བའི་དོན་ཏོ། །དེའི་
ཚེ་སྐར་མའི་ཁྱད་པར་གསལ་བར་རྟོགས་པར་འགྱུར་རོ། །དུ་མ་ཉིད་དུ་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་འདི་ལྟར་སེམས་མངོན་པར་འདུ་བྱེད་པའི་དུས་ན་སེམས་པས་རིག་པ་ཡིན་ནོ། །འགའ་ཞིག་གི་ཚེ་དམིགས་པ་བརྟན་པོར་འཛིན་པའི་མཚན་ཉིད་ཅན་ནི་མོས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་རིག་པ་
ཅི་རིགས་པར་བརྗོད་པར་བྱའོ། །གཅིག་ཚེ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་ཟིལ་གྱིས་གནོན་པའི་དུས་ན་ཞེས་བྱ་བ་ཡིན་ཏེ། དེ་བས་ན་གཅིག་ཚེ་གསལ་བས་བསྒྲིབས་པ་ཡང་ཟིལ་གྱིས་གནོན་པའི་དུས་ན། བདེ་བ་ལ་སོགས་པའི་ཐ་དད་རྣམ་གཞག་གྲུབ་པ་ཡིན་ཞེས་དང་ཞེས་བྱ་བ་འཆད་པར་འགྱུར་བ་དང་
སྦྱར་རོ། །སོགས་པ་སྨོས་པས་ནི་མྱུར་དུ་བསྐོར་བ་དང་། འཆི་ལྟས་ལ་སོགས་པ་བཟུང་ངོ་ཞེས་བྱ་བ་ལ། འདི་ལྟར་འཁོར་ལོ་བཞིན་དུ་ལུས་མྱུར་དུ་བསྐོར་བ་ལས་དངོས་པོ་གཡོ་བ་མེད་པ་ཡང་གཡོ་བ་བཞིན་དུ་གསལ་བར་དམིགས་པར་འགྱུར་བའང་འཆི་བའི་དུས་ན་ལུས་དང་སེམས་ཀྱི་གནས་སྐབས་འགའ་
ཞིག་འཆི་ལྟས་ཀྱི་མིང་ཅན་དངོས་པོ་ཡང་དག་པ་མ་ཡིན་པ་མཐོང་བར་འགྱུར་རོ། །དེ་དང་རྗེས་སུ་མཐུན་པར་སྒྲུབ་པ་ལ་ཞེས་བྱ་བ་ནི་རྣམ་པར་གསལ་བ་དང་རྗེས་སུ་མཐུན་པའི་རྩོམ་པ་དང་། དགའ་བ་དང་མི་དགའ་བའི་མཚན་ཉིད་ལའོ། །བརྡའི་རྟེན་ཅན་ནི་རྣམ་པར་རྟོག་པ་ཡིན་ལ་ཞེས་བྱ་བ་ནི་བརྡ་ལ་མ་བྱང་བའི་རྣམ་

པར་རྟོག་པ་ནི་བརྡའི་རྟེན་ཅན་ཡིན་ནོ། །དེ་ལྟར་སྤྱིའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ལ་གནས་པ་བརྡ་བྱེད་པ་ཡིན་ནོ། །བརྡའི་དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་རྣམ་པར་རྟོག་པ་བརྡ་ལ་བྱང་བ་དག་གི་ནི་འདི་ལ་བརྡའི་རྟེན་ཡོད་བས་ན་བརྡའི་རྟེན་ཅན་ནོ། །དོན་གཉིས་པོ་དེ་ཡང་
བཟླས་པས་ཡིན་པར་བལྟ་བར་བྱའོ། །རྨི་ལམ་ན་ཡང་དྲན་པ་དྲན། །དེ་ནི་དེ་འདྲའི་དོན་ལྡན་མིན། །རྨི་ལམ་གྱི་གནས་སྐབས་ན་ཡང་དྲན་པའི་ཤེས་པ་བྱུང་བ་གང་ཡིན་པ་དེ་སད་པས་དྲན་པར་འགྱུར་རོ། །དྲན་པ་དེ་ཡང་རྨི་ལམ་གྱི་གནས་སྐབས་ན་གསལ་བར་སྣང་བའི་ཤེས་པ་སྐྱེ་བ་དོན་དང་ལྡན་པར་
དྲན་པ་ཇི་འདྲ་བ་དེ་འདྲ་བའི་དོན་དང་ལྡན་པ་དྲན་པར་མི་འགྱུར་ཏེ། གསལ་བར་སྣང་བ་དྲན་པ་མེད། །ཅེས་བྱ་བའི་ཐ་ཚིག་གོ། །རྨི་ལམ་ན་ཡང་ཞེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་དེ། རྨི་ལམ་ན་དམིགས་པ་ཡང་དེ་ཡིན་ལ། གསལ་བར་སྣང་བའི་ཤེས་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་
གྱི་བསྡུ་བའོ། །དེ་དང་མཚུངས་པར་སྣང་བ་དྲན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པ་མ་ཡིན་པའི་དོན་གོམས་པ་ལས་སྐྱེས་པ་ཞེས་བྱ་བ་ནི་རུས་གོང་གི་རྣམ་པ་ལ་སོགས་པ་བསྒོམས་པ་ལས་སྐྱེས་པ་མི་གཙང་བ་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གོམས་པ་ལས་བྱུང་
བ་ཟད་པར་ས་ལ་སོགས་པའི་མིང་ཅན་ནོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མ་ཡིན་བའི་ཕྱིར། ཁྱེད་ཅག་གི་གྲུབ་པ་ལ་སོགས་པའི་མཐའ་ལས་གསལ་བར་སྣང་བ་མ་ཡིན་པ་དང་། རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་གཞན་གྱི་དོགས་པ་ཡིན་ནོ། །གང་ལ་འབྲས་བུ་དེ་ཡོད་པར་
ཞེས་བྱ་བ་ནི། སྒོམ་པ་གཞན་གྱི་ཚིག་ཅན་ཉིད་དུ་བསྟན་པ་ཡིན་ནོ། །འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་ཚད་མ་ཀུན་ལས་བཏུས་པ་ལས་བཤད་པའི་མངོན་སུམ་ལྟར་སྣང་བ་དེ་ནི། མངོན་སུམ་ལྟར་སྣང་བ་ཞེས་བྱ་བ་ལ་སོགས་པས་འཆད་པར་
བྱེད་དོ། །དེ་བཞིན་དུ་མང་པོ་རྣམ་པར་གཅོད་པའི་འབྲས་བུ་ཅན་ལ་བརྟེན་ནས་ཞེས་བྱ་བ་ལ། མང་པོ་ནི་དུ་མ་ཉིད་དོ། །དེ་རྣམ་པར་གཅོད་པའི་འབྲས་བུ་དེ་ཉིད་གཅིག་ཅེས་བྱ་བའི་སྒྲ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཅིག་ཏུ་མངོན་པར་ཞེན་པ་ཅན། །ཞེས་བྱ་བ་རྣམ་པར་རྟོག་པ་འཇུག་པར་འགྱུར་རོ་ཞེས་བྱ་

བའི་སྐབས་དང་སྦྱར་རོ། །དེ་ལྟ་བུར་གྱུར་པ་མ་ཡིན་པར་རྣམ་པར་གཅོད་པ་ལ་བརྡར་བྱས་པ་ལ་ཞེས་བྱ་བ་ནི་སྟེང་དུ་སྐྱེ་བའི་ཆོས་ཅན་མ་ཡིན་པ་རྣམ་པར་གཅོད་བ་ལ་བརྡར་བྱས་པའོ། །ཡོད་པ་ཉིད་དུ་སྟོན་པར་བྱེད་པའི་རྣམ་པར་རྟོག་པ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་རབ་ཏུ་ཕྱེ་བ་ལས་བརྡའི་
རྟེན་ཅན་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་སྒྲའི་རྣམ་པར་རྟོག་པ་མ་གཏོགས་པར་རྣམ་པར་རྟོག་པའི་ཤེས་པ་གཞན་གསུམ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་སྒྲའི་རྟོག་པ་ཉིད་རྣམ་པ་འགའ་ཞིག་གིས་ཕྱེ་བ་ན་རྣམ་པ་གསུམ་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་བསྟན་ཏོ། །ཆུ་མ་ཡིན་པ་རྣམ་པར་
གཅད་ན་ཆུ་ལ་བརྡར་བྱས་པ་ལ་བརྟེན་ནས་ཞེས་བྱ་བ་ནི་བརྡའི་རྟེན་ཅན་གྱི་རྫས་གང་ལ་ཆུ་ལ་སོགས་པའི་བརྡ་བྱས་པ་ཉིད་ལ་བུམ་པ་ལ་སོགས་པའི་རྟོག་པ་བཞིན་དུ་དེ་རྟོགས་པར་འགྱུར་ཞིང་། སྨིག་རྒྱུ་ལ་སོགས་པ་འབྱུང་བ་འདུས་པ་གཞན་ལ་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་
ཆུ་ལ་བརྟེན་ནས་འབྱུང་བ་འདུས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་བརྡ་ལ་བརྟེན་ནས་ཞེས་བྱ་བ་ནི། བདེན་པའི་ཆུ་ལ་ཆུའི་སྒྲའི་བརྡ་གང་ཡིན་པ་དེ་ལ་བརྟེན་ནས་སོ། །འབྱུང་བ་འདུས་པ་དེ་ལ་ཞེས་བྱ་བ་ནི་ཆུའི་བརྡའི་རྟེན་མ་ཡིན་པ་སྨིག་རྒྱུ་ལ་སོགས་པ་ལའོ། །དེ་ལྟར་ན་སྔོན་ཉམས་སུ་མྱོང་བའི་
ཆུ་དྲན་པ་སྔོན་དུ་སོང་བ་ཅན་དེ་ལ་འཁྲུལ་པ་འཇུག་པར་འགྱུར་རོ། །གཞན་དག་ནི་འདི་སྐད་དུ་འཆད་དེ། འདི་ལ་ཆུའི་སྒྲའི་བརྡར་བྱེད་པས་ན་བདེན་པའི་ཆུའི་བརྡའོ། །དེ་དང་མཚུངས་པ་ནི་འབྱུང་བ་འདུས་པ་ཡིན་པ་དེ་ལྟར་ན་དེ་ལ་བརྟེན་པས་བཟུང་ནས་སོ། །བརྡ་ལ་བརྟེན་པ་དེ་ལས་ཆུ་ལ་སོགས་པ་དང་ཆོས་
མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་གི་དོན་ཡིན་ནོ། །ཚུལ་གསུམ་པའི་རྟགས་ཤེས་པ་ནི་རྗེས་སུ་དཔག་པ་དང་རྟགས་ཅན་གྱི་ཤེས་པ་ལ་ནི་རྗེས་སུ་དཔག་པ་ལ་འབྱུང་བ་ཞེས་བཤད་དོ། །ལྐོག་ཏུ་གྱུར་པའི་དོན་སྔར་མཐོང་བ་ལ་ཞེས་བྱ་བ་ནི་འབྲེལ་པ་འཛིན་པའི་དུས་ན་དོན་མཐོང་བའི་སྒོ་ནས་གཅིག་ཏུ་སྒྲོ་
འདོགས་པ་ལ་འཇུག་པའི་ཕྱིར་དེ་སྐད་དུ་ཐ་སྙད་གདགས་སོ། །རྗེས་སུ་དཔག་པའི་ཤེས་པ་དང་དེའི་འབྲས་བུ་ཤེས་པའོ། །ཅིའི་ཕྱིར་སྒྲའི་རྟགས་པ་ཁོ་ན་རྣམ་པ་གསུམ་དུ་རྣམ་པར་ཕྱེ་ཞེ་ན། དེའི་ཕྱིར་དེ་ལ། དབང་སྐྱེས་མིན་པ་བསྒྲུབ་དོན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྔ་མ་གཉིས་པོ་ལས་

ཞེས་བྱ་བ་ནི་བརྡ་ལ་བརྟེན་པའི་རྣམ་པར་རྟོག་པའི་ཤེས་པ་དང་དོན་གཞན་དུ་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་ཤེས་པའོ། །དེ་ཉིད་རྣམ་པར་གཅོད་པའི་ཕྱིར། །ཞེས་བྱ་བ་ནི་སྨིག་རྒྱུའི་ཤེས་པ་རྣམ་པར་གཅོད་པའི་ཕྱིར་རོ། །མངོན་སུམ་གྱི་མཚན་ཉིད་ཀྱི་ཁྱད་པར་འཁྲུལ་པ་མེད་པ་ཅན་ཞེས་བརྗོད་དོ་ཞེས་
བྱ་བ་ནི་དབང་པོ་དང་དོན་ཕྲད་པ་ལས་བྱུང་བའི་ཤེས་པ་ལས་མངོན་སུམ་བསྟན་དུ་མེད་པ་འཁྲུལ་པ་མེད་པ་ཅན་རྟོགས་པའི་བདག་ཉིད་ཡིན་ནོ་ཞེས་བྱ་བར་རོ། །འོ་ན་ལྐོག་ཏུ་གྱུར་པའི་དོན་ལ་རྟོག་པའི་ཤེས་པ་རྗེས་སུ་དཔག་པ་ལ་སོགས་པ་གསུམ་ཅིའི་ཕྱིར་བཤད་ཅེ་ན། དེའི་ཕྱིར་རྗེས་སུ་དཔག་པ་ལ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །ཉིད་ནི་རིམ་པ་གཞན་དུ་སྦྱར་བའོ་ཞེས་བྱ་བ་ནི་སྒྲུབ་ཕྱིར་ཞེས་པའི་མདོའི་ཆ་དེ་ལས་དྲངས་ལ། སྔ་མ་གཉིས་ཉིད་ཅེས་བྱ་བ་འདིར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲན་པ་ལ་སོགས་པ་ཞེས་བྱ་བའི་འགྲེལ་པ་ནི་ངོ་བོ་སྟེ། དྲན་པ་ལ་སོགས་པའི་བདག་ཉིད་དོ། །སོགས་པའི་སྒྲས་ནི་མངོན་
པར་འདོད་པ་ལ་སོགས་པའི་ངོ་བོ་གཟུང་ངོ་། །བརྡ་དྲན་པའི་བུམ་པ་ལ་སོགས་པའི་ཤེས་པ་རྒྱུ་མཚན་ཡིན་པར་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་ཤེས་པའི་རྒྱུ་མཚན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །མངོན་སུམ་དང་འགལ་བ་ནི་མངོན་སུམ་མ་ཡིན་པ་ཉིད་ཡིན་ལ། དེས་ཁྱབ་པ་ནི་སྔོན་ཉམས་སུ་མྱོང་བའི་དྲན་
པའི་སྟོབས་ཀྱིས་འབྱུང་བ་ཡིན་བ་དེ་ལྟར་ན་འགལ་བས་ཁྱབ་པ་དམིགས་པའོ། །དམིགས་ཀྱིས་བཀར་བ་ཡིན་པར་རིག་པར་བྱ་བའམ་ཞེས་བྱ་བ་ནི། མངོན་སུམ་རྟོག་པ་དང་བྲལ་བ་ཞེས་བྱ་བ་སྤྱིར་བཏང་བ་འདི་ལ་དམིགས་ཀྱིས་བཀར་བ་དེ་བྱས་ཤིང་ཡུལ་དེ་ཡོངས་སུ་སྤངས་པས་སྤྱིར་བཏང་བ་འཇུག་པས་རྟོགས་པ་
དང་བྲལ་ཞིང་འཁྲུལ་པ་མེད་པའི་ཤེས་པ་ནི་མངོན་སུམ་མོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །དགོངས་པ་འདི་ཉིད་ཀྱིས་མཚན་ཉིད་ལྷག་མ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །དབང་པོ་ལས་སྐྱེས་པ་མ་ཡིན་གྱི་འོན་ཀྱང་ཡིད་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་
ན་རྟོག་པ་དང་བྲལ་བ་སྨོས་པ་ཉིད་ཀྱིས་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་གསལ་བ་ཉིད་ཀྱི་ཕྱིར་དམིགས་ཀྱིས་བཀར་བའི་ཚིག་ནི་ཅིར་ཡང་མི་རུང་ངོ་། །ཅི་སྣང་བ་གང་ལ་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ། །དེ་དག་ནི་དེ་ལ་སྐབས་སུ་བབ་པ་ཡིན་ནོ། །གང་གིས་ན་དབང་པོ་ལ་བརྟེན་པ་བརྗོད་པས་

འགལ་བར་འགྱུར་ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པར་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་དབང་པོ་ཉིད་ལ་བརྟེན་པ་བརྗོད་པ་སྟེ། དབང་པོ་ལ་བརྟེན་པ་ཉིད་དུ་བརྗོད་པས་འདིར་ཡིད་ཉིད་དུ་དམ་བཅས་པ་དང་འགལ་བ་ཡིན།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་
བདུན་པ། དེ་ལྟ་མ་ཡིན་ན་འདིར་བཞི་པ་ནི་དམིགས་ཀྱིས་བཀར་ཞེས་བྱ་བ་ལ་འདི་ལ་ལོག་པར་རྟོགས་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ཡིད་ཉིད་ཡིན་ན་ཡང་རྟོག་པ་མེད་པ་ཉིད་དུ་འདོད་པ་དེའི་ཚེ་མངོན་སུམ་རྟོག་པ་དང་བྲལ་བ་ཅན་ཞེས་བྱ་བའི་མཚན་ཉིད་འདི་ཙམ་
གྱིས་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་མ་བཀག་པའི་ཕྱིར། འདིར་བཞི་པ་ནི་དམིགས་ཀྱིས་བཀར་ཞེས་བྱ་བའི་ཚིག་དེ་གཞན་གྱིས་ཀྱང་ཁས་བླང་བར་བྱ་བ་ཡིན་པ་དེ་ལྟར་ན་གང་ལས་ལོག་པར་རྟོགས་པ་ཡིན། དེ་ཉིད་ཀྱི་ཕྱིར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་
བྱུང་། །ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བས་རྣམ་པར་བཅད་ནས་ཞེས་བྱ་བ་ནི་དྲན་འབྱུང་བརྗོད་པ་ལས་འབྱུང་ཞེས་བྱ་བ་དང་། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་བྱ་བའི་སྒྲ་འདིས་སོ། །བྱ་བ་དང་ནི་སྒྲུབ་བྱེད་ཅེས་བྱ་བ་ལ། བྱ་བ་ཞེས་བྱ་བ་ཉིད་དང་། སྒྲུབ་པར་བྱེད་པ་ཞེས་བྱ་བ་ཉིད་ཅེས་བྱ་བའི་དོན་ཏོ། །
ལས་ཀུན་གྱིས་ནི་ཞེས་བྱ་བ་འདིའི་འགྲེལ་པ་ནི་བྱ་བ་ཐམས་ཅད་ཀྱིས་ཞེས་བྱ་བ་ཡིན་ཏེ། མདོའི་ལས་ཀྱི་སྒྲ་བྱ་བའི་ཚིག་ཏུ་བརྗོད་པར་བྱའོ་ཞེས་སྟོན་ཏོ། །ཐ་སྙད་ལ་བརྟེན་པའི་སྒོ་ནས་ཞེས་བྱ་བ་ནི་དོན་འདིའི་རྟོགས་པ་འདི་ཡིན་ནོ་ཞེས་ཡུལ་སོ་སོའི་རྣམ་པར་གཞག་པ་གང་ཡིན་པ་དེ་ལ་བརྟེན་པའི་སྒོ་ནས་ཡིན་གྱི།
བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོས་མ་ཡིན་ཏེ་མི་རུང་བའི་ཕྱིར་རོ། །དེའི་བྱ་བ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཅི་ལྟར་བྱ་བ་དེ་སྒྲུབ་བར་བྱེད་པ་དེ་ཉིད་ཡིན་ཏེ། གང་ལས་ཆོད་པ་མེད་པར་གྲུབ་པར་འགྱུར་བ་དེ་ལྟར་སྒྲུབ་པར་བྱེད་པ་དེ་ཉིད་ཀྱི་ཡང་བྱ་བ་དེ་ཉིད་ཡིན་ཏེ་དེ་ཉིད་ལས་རྣམ་པར་གཞག་པ་ཐོབ་པ་ཡིན་
ནོ། །ཡུལ་རྣམ་པར་གཞག་པའི་རྟེན་གཞན་ལ་ལྟོས་པར་འགྱུར་བ་ཞེས་བྱ་བ་ནི་དོན་དང་འདྲ་བ་ལ་ལྟོས་པར་འགྱུར་བའོ། །དེས་བྱས་པའི་ཤེས་པ་ཐ་དད་པ་ནི་ཞེས་བྱ་བ་ནི། དབང་པོ་ལ་རྟོགས་པས་བྱས་པའི་ཤེས་པ་ཐ་དད་པའི་རྟོག་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་དག་དང་

ཐུན་མོང་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་མཐོང་བའི་ཤེས་པ་དང་། དབང་པོ་དང་དོན་ཕྲད་པ་དང་། ཁྱད་པར་ཤེས་པ་དག་གཞན་གྱི་ཚད་མ་ཉིད་དུ་འདོད་པ་དེ་བསལ་བའི་ཕྱིར། གང་གི་ཕྱིར་ད་ལྟར་ན་གཞལ་བྱའི་ངོ་བོ་ཉིད་བོར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་པ་གཉིས་
པོ་དེ་དག་ཅེས་བྱ་བ་ནི་ཁྱད་པར་དང་ཁྱད་པར་གྱི་གཞི་ཤེས་པ་དག་སྟེ། ཁྱད་པར་དང་ཁྱད་པར་གྱི་གཞིར་གྱུར་པའི་དངོས་པོ་དམིགས་པ་ཅན་ཉིད་ཀྱིས་དེ་དག་ཐ་དད་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དུས་སྔ་ཕྱིར་འབྱུང་བའི་ཤེས་པ་ཡུལ་གཅིག་པ་ཅན་ཞེས་བྱ་བ་ལ་སོགས་པས་དུས་སྔར་བྱུང་བའི་ངང་
ཚུལ་ཅན་ནི་ཚད་མ་ཉིད་ལ། དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་ནི་ཚད་མའི་འབྲས་བུ་ཡིན་ནོ། །འདི་ལྟར་ཕྲད་པའི་རྣམ་པ་འགའ་ཞིག་ལ་འཇུག་པ་མ་ཡིན་ན་ཞེས་བྱ་བ་ནི་དངོས་པོ་ཆ་མེད་པ་ནི། བདག་ཉིད་ཐམས་ཅད་ཉེ་བ་ཡིན། །ཞེས་བྱ་བར་དགོངས་སོ། །ཤེས་པ་ལ་སྐྱེས་པའི་ཤེས་པའི་རྒྱུ་ཞེས་
བྱ་བ་ནི་ཤེས་པ་སྔ་མ་ལས་སྐྱེས་པ་ནི་ཕྱི་མའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་ལ་རྟེན་པར་བྱེད་བ་ཞེས་བྱ་བ་ནི་བྱ་བ་དང་བྱེད་པའི་རྣམ་པར་གཞག་པའོ། །ཤེས་པ་དེ་དང་དེ་ལ་བརྟེན་ནས་ཞེས་བྱ་བ་ནི་སྒྲོ་འདོགས་པར་བྱེད་པའི་ཤེས་པ་དེ་དང་དེ་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་
ན་སྟ་རེའི་རྫས་སྟེང་འོག་ཏུ་རྒྱུན་མི་འཆད་པར་འབྱུང་བ་དམིགས་ན། སྟེང་འོག་ཏུ་རྒྱུ་བའི་བྱ་བའི་ཁྱད་པར་ལ་བྱེད་པ་ནི་སྒྲོ་འདོགས་པར་བྱེད་པའི་ཤེས་པ་སྐྱེ་བར་འགྱུར་རོ། །ད་ལྟར་སྟ་རེ་དང་འབྲེལ་པས་ཤིང་ལ་སོགས་པ་ཡུལ་ཐ་དད་པར་དམིགས་ནས་བཅད་པ་ལ་སོགས་པའི་བྱ་བར་སྒྲོ་འདོགས་པའི་ཤེས་པ་སྐྱེ་
བར་འགྱུར་རོ། །དེའི་དབང་གིས་བྱ་བ་དང་བྱེད་པར་རྣམ་པར་གཞག་པ་ཡིན་ནོ། །དོན་གཞན་དུ་གྱུར་པའི་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཅད་པར་བྱ་བ་དང་གཅོད་པར་བྱེད་པའི་རྫས་ལས་ཐ་དད་པར་ཏེ། དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ། །དེ་མེད་པའི་ཕྱིར་ཏེ་དོན་
གཞན་དུ་གྱུར་པའི་བྱ་བ་མེད་པའི་ཕྱིར་རོ། །གང་ལས་བྱེད་པ་ཡིན་ཞེས་བྱ་བ་ནི་མ་ཡིན་ཏེ་བྱེད་པ་པོར་རྣམ་པར་གཞག་པ་ནི་བྱ་བའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ཕྱི་རོལ་གྱི་དོན་ཁས་བླངས་ནས་དེ་རྟོགས་པ་ནི་འབྲས་བུ་ཡིན་ལ། དོན་དང་འདྲ་བ་ནི་ཚད་མ་ཡིན་ལ་ཕྱི་རོལ་ནི་གཞལ་བྱ་ཡིན་ནོ་ཞེས་བཤད་དོ། །

ད་ནི་ཕྱི་རོལ་གྱི་དོན་འགོག་པ་སྔོན་དུ་སོང་བ་ཅན་ཡིན་གྱི། རང་རིག་པ་ནི་འབྲས་བུ་ཡིན། །ཞེས་བྱ་བ་ལ་སོགས་པའི་གཞུང་འཆད་པར་བཞེད་ནས། རྣམ་པར་ཤེས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གཞལ་བྱ་ཉམས་སུ་མྱོང་བ་མ་གཏོགས་པར་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་པར་ཞེས་བྱ་བ་ལ་སོགས་
པ་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའིའོ། །དེ་ཉིད་འདིར་ནི་དཔྱད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་བསྟན་བཅོས་མཛད་པའིའོ། །དོན་དམ་པར་ཐ་སྙད་འདི་མེད་པའི་ཕྱིར་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བ་ནི་འདི་ཡིན་ཞིང་འདིའི་ཉམས་སུ་མྱོང་བ་ནི་འདི་ཡིན་ཞེས་དེ་ལྟ་བུའི་ཚུལ་གྱི་ཐ་སྙད་དོ། །མཚན་ཉིད་
ནི་ཡོད་པ་ཅན་དང་ལྡོག་པ་ཅན་དུ་འགྱུར་གྲང་ན་ཞེས་བྱ་བ་ནི་མཚན་གཞི་མ་ལུས་པ་ལ་ཁྱབ་པའི་ཕྱིར་ཡོད་པ་ཅན་དང་མངོན་པར་འདོད་པ་མ་ཡིན་པ་ལ་འཇུག་པ་མེད་པའི་ཕྱིར་ལྡོག་པ་ཅན་ཏེ་ཁྱབ་པ་མེད་པ་དང་ཤིན་ཏུ་ཁྱབ་ཆེས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཀྱི་ཕྱིར་དང་རྡུལ་ཕྲན་ཉིད་ཀྱི་ཕྱིར་རོ་
ཞེས་བྱ་བ་ནི་གང་གི་ཕྱིར་དུ་མ་ཉིད་ཡིན་པ་དེའི་ཕྱིར་འདྲ་བ་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་དུ་མའི་རྣམ་པ་ནི་སྣང་བ་མེད་པའི་ཕྱིར་རོ། །རྡུལ་ཕྲན་ཉིད་ཡིན་པའི་ཕྱིར་འདྲ་བ་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཏུ་གཏོགས་པའི་ཕྲ་བའི་རྣམ་པ་ནི་ཤེས་པ་ལ་སྣང་བ་མེད་པའི་ཕྱིར་རོ། །དེའི་ཚེ་དོན་མཚུངས་ཅན་གྱིས་ཞེས་
བྱ་བ་ལ་སོགས་པ་ལ་ཡུལ་མཚུངས་པ་ཅན་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་གང་གི་ཚེ་ཡུལ་སྔོན་པོ་ལ་ཉམས་སུ་མྱོང་བའི་རྣམ་པར་ཤེས་པ་སྐྱེ་བ་མཚུངས་པ་དེ་མ་ཐག་པའི་རྐྱེན་འདིས་སྔོན་པོ་ཉམས་སུ་མྱོང་བ་དེ་ཉིད་ལ་དྲན་པའི་ཤེས་པ་སྐྱེད་པའི་དྲན་པ་དེ་ནི་སྔོན་པོ་ཉམས་སུ་མྱོང་བ་དང་ཡུལ་མཚུངས་པ་ཅན་ཉིད་
ཡོད་པའི་ཕྱིར་འདྲ་བ་དང་དེ་ལས་མཚུངས་པ་ཡོད་པ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ཉམས་སུ་མྱོང་བས་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་དམིགས་པའི་དྲན་པ་ཡང་ཉམས་སུ་མྱོང་བའི་ཤེས་པ་སྔ་མ་ཡུལ་གྱི་ངོ་བོ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །རྣམ་པ་
ཐམས་ཅད་ཀྱི་རྗེས་སུ་བྱེད་པ་མ་ཡིན་པ་ནི་འདི་ལྟར་ཉམས་སུ་མྱོང་བའི་ཤེས་པ་ནི་གསལ་བར་སྣང་བ་ཡིན་ལ་དྲན་པ་ནི་མི་གསལ་བ་ཡིན་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་དེ་མ་ཐག་པའི་ཤེས་པ་ལ་དེ་ལྟར་ཡོད་པ་མ་ཡིན་ནོ། །འདི་མཐོང་ཞེས་བྱ་བ་ནི་བསྟན་མ་ཐག་པའི་དྲན་པ་ནི་ཕྱི་རོལ་གྱི་དོན་ལ་ཞེན་པས་

འཇུག་པའི་ཕྱིར་རོ། །དེ་ལ་བརྟེན་ནས་འབྱུང་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལ་བརྟེན་ནས་སོ། །ཞེན་པ་དེ་འདྲ་བ་ཞེས་བྱ་བ་ནི་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཡུལ་གྱི་མཚན་ཉིད་བརྟེན་པ་ཡིན་ཞེས་བྱ་བ་ནི་མཐོང་བ་དང་ཐོས་པ་དེ་དག་ཡུལ་གྱི་མཚན་ཉིད་བརྟེན་པ་སྟེ།
རྣམ་པར་འཇོག་པར་བྱེད་པ་དེ་ལྟར་ན་དེ་ཡུལ་གྱི་མཚན་ཉིད་བརྟེན་པའོ། །གཅིག་ལ་གཅིག་རྟེན་ཡིན་པ་བསྟན་ཏོ་ཞེས་བྱ་བ་ནི་འདི་མཐོང་ངོ་། །འདི་ཐོས་སོ་ཞེས་ཞེན་པ་ལ་བརྟེན་ནས་མཐོང་བ་དང་ཐོས་པ་དག་ཡུལ་དང་འབྲེལ་པ་གྲུབ་པ་ཡིན་ཏེ། དེ་ལ་བརྟེན་ནས་ཀྱང་འདི་མཐོང་ངོ་། །འདི་ཐོས་སོ་ཞེས་
ཞེན་པ་ཡིན་ནོ། །དེ་ཡི་སྔོ་སོགས་ངོ་བོ་ཡི། །རང་བཞིན་དེ་ཉམས་མྱོང་དེ་ཡང་། །ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་དང་ལྡན་པར་སྔོན་པོ་ལ་སོགས་པའི་རང་བཞིན་ཉིད་ཉམས་སུ་མྱོང་བ་སྐྱེ་བར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པའི་རང་བཞིན་ཉིད་ཉམས་སུ་མྱོང་བ་ཡིན་གྱི་སྔོན་པོའི་ཉམས་སུ་
མྱོང་བ་ནི་སྔོན་པོའི་ཉམས་སུ་མྱོང་བ་མ་ཡིན་ནོ། །འོན་ཀྱང་མཐོང་བའི་དབང་གིས་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་འཁྲུལ་པའི་དབང་གིས་སོ། །དོན་ཉམས་སུ་མྱོང་བ་ཡང་དེ་ལྟར་རིགས་པ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བས་གསུངས་པ་ཡིན་ཏེ། ཤེས་པའི་བདག་ཉིད་ཉམས་སུ་
མྱོང་བ་ན་ཡང་དོན་ཉམས་སུ་མྱོང་བ་ཡང་ཉམས་སུ་མྱོང་བའི་བདག་ཉིད་རིགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བློ་ནི་རྣམ་པ་ཐ་དད་པ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་དུ་སྨྲ་བ་ཡིན་ཏེ། བློ་ནི་ཉམས་སུ་མྱོང་བ་དེ་དོན་གྱི་རྣམ་པ་ལ་ལྟོས་པ་མེད་པ་ཡིན་ཏེ། རང་གི་ཉེ་བར་ལེན་པ་
ལ་རག་ལས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ལྟོས་པ་མེད་པ་ཉིད་ཡིན་ན་ཞེས་བྱ་བ་ནི་དོན་ལ་ལྟོས་པ་ཉིད་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ལའོ། །གལ་ཏེ་བློ་ནི་དེ་རྣམ་ཅན། །ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །གང་ལ་རྣམ་པའི་ཁྱད་པར་ཡོད་པ་དེ་ནི་རྣམ་པའི་ཁྱད་
པར་ཅན་ནོ། །དེ་ཉིད་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པ་ཞེས་བྱ་བས་རྣམ་པར་འགྲེལ་པར་བྱེད་དོ། །རྣམ་པ་དེས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དེས་སོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་ཚད་མའི་རྣམ་པར་གཞག་པ་བཤད་པ་ཡིན་ཏེ། ཐམས་ཅད་ལ་ཉམས་སུ་མྱོང་བའི་བདག་

ཉིད་དུ་ཁྱད་པར་མེད་པའི་དོན་དང་འདྲ་བ་མེད་པར་ལས་སོ་སོའི་རྣམ་པར་དབྱེ་བར་མི་འགྱུར་རོ། །ཇི་ལྟར་མྱོང་བར་བྱ་བའི་རྣམ་པ་ལས་བཟློག་པ་ཞེས་བྱ་བ་ནི་ཤེས་པའི་རྣམ་པ་ཉིད་རྟག་ཏུ་མྱོང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་ལ་དོན་ཁྱད་པར་དུ་བྱེད་པས་ན་ཁྱད་པར་རོ། །ཤེས་པ་ཉིད་ཁྱད་པར་ཡིན་པས་ན་
མཐོང་བའི་ཁྱད་པར་རོ། །ཤེས་པ་ལ་གཞག་པའི་དོན་རྟག་ཏུ་རྟོགས་པའི་ཕྱིར་དེ་སྐད་དུ་བསྟན་ཏེ། ཐ་དད་པ་མེད་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་གསལ་བར་བྱེད་པ་ཡིན་ཏེ། གཅིག་ཏུ་དམིགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཤེས་པ་ལ་ཉམས་སུ་མྱོང་
བ་གཉིས་ཡོད་པ་མ་ཡིན་ན། གང་གིས་ན་བདག་དང་སྔོན་པོ་ལ་སོགས་པ་དམིགས་པ་ཡིན། འོན་ཀྱང་རང་ལ་དམིགས་པ་ཁོ་ན་སྔོན་པོ་ལ་སོགས་པ་ཡིན་ཞིང་། སྔོན་པོ་ལ་སོགས་པ་ཉིད་ཀྱང་ཤེས་པ་ལ་དམིགས་པ་ཡིན་ཏེ། སྔོན་པོ་ལ་སོགས་པའི་ཉམས་སུ་མྱོང་བ་མ་གཏོགས་པར་གཞན་མིག་ལ་
སོགས་པའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པར་སྣང་བ་ཉིད་ཡིན་ན་ཡང་ཞེས་བྱ་བ་ནི་ཇི་ལྟར་འཁྲུལ་པ་བཞིན་དུ་ཞེན་པ་ལ་བརྟེན་ནས་དེ་སྐད་དུ་བརྗོད་དོ། །དེ་ཁོ་ན་ཉིད་དུ་ནི་བདེ་བ་ལ་སོགས་པ་མྱོང་བ་ཉིད་སྔོན་པོ་ལ་སོགས་པའི་མྱོང་བ་ཡང་གཉིས་སུ་མེད་པ་ཉིད་ཡིན་ནོ་ཞེས་རྒྱས་
པར་བསྟན་ཟིན་ཏོ། །གཅིག་ཉིད་དུ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཐ་དད་པ་མེད་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རང་གི་སེམས་ལས་བྱུང་བ་དང་རྒྱུད་གཞན་གྱི་སེམས་དང་སེམས་ལས་བྱུང་བ་དག་གི་སྒོ་ནས་འཁྲུལ་པར་བརྗོད་པ་གང་ཡིན་པ་དེ་དག་ནི་གཏན་ཚིགས་ཀྱི་དོན་མི་ཤེས་པ་
ཡིན་ནོ་ཞེས་གསལ་བར་རྟོགས་པར་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དག་ལ་གཅིག་ཏུ་དམིགས་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་སོ་སོར་ཐ་དད་པར་བདག་ཉིད་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གཅིག་ཉིད་དུ་དམིགས་པའི་གཏན་ཚིགས་ལ་འགལ་བར་བརྗོད་པ་ཡང་
རིང་དུ་གསལ་བ་ཡིན་ནོ། །ཅིག་ཅར་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ལ་འགལ་བར་དོགས་པར་འགྱུར་ཏེ། ཅིག་ཅར་བ་ལ་སྣ་ཚོགས་པ་ཉིད་འཁྲུལ་པ་མེད་པའི་ཕྱིར་རོ། །འདི་ལ་ངེས་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་བཟློག་ན་གནོད་པ་ཅན་གྱི་མི་སྲིད་པའི་ཕྱིར་རོ། །འདི་ལྟར་ཤེས་པ་གཅིག་ལ་

བདག་ཉམས་སུ་མྱོང་བ་དང་གཞན་ཉམས་སུ་མྱོང་བ་མི་རུང་ངོ་ཞེས་བསྟན་ཟིན་ཏོ། །གཅིག་ལ་རང་བཞིན་གཉིས་འགལ་བའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །ཁོ་བོ་ཅག་གིས་དོན་འདི་ཡང་གཞན་དུ་རྒྱས་པར་དཔྱད་ཟིན་པས་རེ་ཞིག་གཞག་གོ། །
ཟླ་བ་གཉིས་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་འཁྲུལ་པས་ཟླ་བ་གཉིས་པར་ཤེས་པས་གཅིག་ཏུ་དམིགས་པས་དེ་ལས་ཐ་དད་པ་མེད་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དཀར་པོ་སྣང་བའི་ངང་ཚུལ་ཅན་གྱི་ཤེས་པ་དང་འབྲས་བུར་གྱུར་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འགའ་ཞིག་རྣམ་པར་ཤེས་པ་ནི། །
ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་ལས་གང་ཡང་རུང་བའོ། །ནང་གི་བག་ཆགས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་ནུས་པའོ། །རབ་ཏུ་སད་པར་བྱེད་པ་ནི་ཁྱད་པར་ཅན་གྱི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་ནུས་པ་ཐོགས་པ་མེད་པ་སྐྱེད་པར་བྱེད་པའོ། །དེས་ན་ཤེས་པ་གང་གི་
ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེ་བར་འདོད་པའི་ལྷན་ཅིག་བྱེད་པར་གྱུར་པའི་ཤེས་པ་གང་ཡིན་པ་རབ་ཏུ་སད་པར་བྱེད་པ་འབྱུང་བར་འགྱུར་བ་ཞེས་བྱ་བ་འདི་དང་སྦྱར་རོ། །སྐད་ཅིག་མ་རེ་རེའི་ནུས་པའི་རང་བཞིན་གཞན་དང་གཞན་གྱིས་ཏེ། སྐད་ཅིག་མ་ཁྱད་པར་ཅན་ཕྱི་མ་ཕྱི་མ་གཞན་སྐྱེད་པར་བྱེད་པས་
སོ། །ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པའི་མཚན་ཉིད་དོ། །ཉེ་བར་འགྲོ་བ་ནི་ཀུན་གཞི་ཞེས་བྱ་བའི་རྣམ་པར་ཤེས་པའི་བདག་ཉིད་དུ་བྱེད་པ་ནའོ། །དེའི་ཕྱིར་ཤེས་པ་གཅིག་ལ་མ་རིག་པས་བསླད་པའི་ཕྱིར་ཚུལ་གཉིས་ཡོད་ཅེས་བྱ་བ་ལ་སོགས་པ་ལ། ཚུལ་གཉིས་བཞིན་དུ་སྣང་བའི་ཕྱིར་
ཚུལ་གཉིས་ཡོད་ཅེས་བརྗོད་དེ། ཇི་ལྟར་འཁྲུལ་པ་བཞིན་དུ་རྣམ་པར་གཞག་པའི་ཕྱིར་རོ། །ཤེས་པ་དེ་ཚུལ་གཉིས་པ་ཉིད་ནི་མ་ཡིན་ཏེ་གཉིས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཚེ་གྲུབ་པ་དེའི་དངོས་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་དོ། །རྣམ་པར་རིག་པ་དེའི་
དེ་ལྟར་མྱོང་བ་ཡིན། འདོད་པ་དང་མི་འདོད་པའི་སྒོ་ནས་ཡུལ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་རྣམ་པར་རིག་པ་ཉིད་ཡུལ་ཉམས་སུ་མྱོང་བ་ཡིན་ནོ། །འོན་ཀྱང་ཡུལ་རྟགས་པར་བྱ་བ་བཞིན་དུ་སྒྲོ་བཏགས་ནས་དེ་ལ་ཉམས་སུ་མྱོང་བ་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ། །དེ་དང་དེས་ཕྱི་རོལ་གྱི་དོན་ལ་ཕྱི་རོལ་གྱི་གཞལ་

བྱར་རྟོགས་པ་ནི་འབྲས་བུ་ཡིན་གྱི་རེ་ཞིག་རང་རིག་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །ཕྱི་རོལ་གྱི་དོན་ཡོད་པ་ལ་འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་འབྲས་བུའི་རྣམ་པར་རྟོག་པ་ལ་ལྟོས་ནས་གཉིས་པ་ཞེས་བསྟན་ཏེ། གང་གི་ཚེ་གྲུབ་པ་
དེའི་དངོས་ཞེས་བྱ་བ་ལ་སོགས་པའི་གཞུང་འདིས། བྱེད་དང་བཅས་པར་རྟོགས་ཉིད་ཕྱིར། །ཚད་མའི་འབྲས་བུ་ཉིད་འགྱུར་བའི། །ཞེས་བྱ་བ་ལ་སོགས་པ་ཚད་མ་ཀུན་ལས་བཏུས་པའི་མངོན་སུམ་གྱི་ལེའུའི་གཞུང་དུ་ཇི་ལྟ་བུར་གྱུར་པའི་འབྲས་བུ་མངོན་པར་བཞེད་པ་དེ་བཤད་པ་ཡིན་པར་བལྟ་བར་
བྱའི་རང་རིག་པའི་འབྲས་བུ་ནི་མ་ཡིན་ནོ། །དེ་བས་ན་འོག་ནས་ཚད་མ་ཀུན་ལས་བཏུས་པའི་གཞུང་ལ་ཕྱི་རོལ་གྱི་དོན་རྟོགས་པ་འབྲས་བུ་རྣམ་པར་གཞག་པ་དེ་འདྲ་བ་ཡོད་པ་མ་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པའི་གཞུང་གང་ཡིན་པ་འདི་ལ་གང་གི་ཚེ་ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་པ་དེའི་ཚེ།
ཡུལ་སྣང་བ་འདིའི་ཚད་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ལ་ཡང་རང་རིག་པ་འབྲས་བུ་ཡིན་པར་རིགས་སོ་ཞེས་འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་སྟོན་པར་བྱེད་པ་ཡིན་ནོ། །དེ་ཡང་འོག་ནས་འཆད་པར་འགྱུར་རོ། །ཕྱི་རོལ་གྱི་དོན་མེད་པ་ལ། །རང་རིག་པ་ནི་འབྲས་བུ་ཡིན། །
ཞེས་བརྗོད་ནས། དོན་ངེས་པ་ནི་དེ་དངོས་ཡིན། །ཞེས་བཤད་དོ། །དེའི་འབྲེལ་པ་ནི་གང་གི་ཚེ་ཡུལ་དང་བཅས་པའི་ཤེས་པ་དོན་ཡིན་པ་དེའི་ཚེ་རང་རིག་པ་དང་རྗེས་སུ་མཐུན་པ་དེའི་དོན་རྟོགས་པ་འདོད་པ་དང་མི་འདོད་པ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ནི། གང་ཚེ་ཡུལ་བཅས་ཤེས་པ་ཡི། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཡུལ་དང་བཅས་པར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རྣམ་པར་རིག་པ་ཙམ་ཉིད་ཀྱི་འབྲས་བུའི་རྟོག་པ་འདི་བཤད་དོ་ཞེས་བྱ་བ་ནི། རང་རིག་པ་ནི་འབྲས་བུ་ཡིན། །ཞེས་བྱ་བ་ནི་འདིས་རང་རིག་པ་ཙམ་གྱི་འབྲས་བུའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དོན་ངེས་པ་ནི་དེ་དངོས་
ཡིན་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་ཅིང་རྟོགས་པ་བསྒྲུབས་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་པ་ཙམ་ཉིད་ཀྱི་སྔར་བཤད་པའི་འབྲས་བུའི་རྣམ་པར་རྟོག་པ་ལས་འདི་འབྲས་བུའི་རྣམ་པར་རྟོག་པ་གཞན་ཡིན་ནོ་ཞེས་བལྟ་བར་མི་བྱ་སྟེ། དེ་ཉིད་འདིས་བསྟན་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ཚད་

མ་ཀུན་ལས་བཏུས་པར་འབྲས་བུའི་རྣམ་པར་རྟོག་པ་གཉིས་བཤད་པ་ལ། ཕྱི་རོལ་གྱི་དོན་ཁས་བླངས་ནས་ཕྱི་རོལ་གྱི་དོན་མྱོང་བ་འབྲས་བུ་ཡིན་ཞིང་དོན་མེད་པ་ལ་རང་རིག་པ་འབྲས་བུ་ཡིན་ནོ། །ད་ནི་ཕྱི་རོལ་གྱི་དོན་ལ་རང་རིག་པ་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕྱི་རོལ་
དོན་དག་ཡོད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ལ་བློ་རྣམ་པ་དུ་མ་ཅན་དུ་འགྱུར་བས་ན་དོན་ཡང་རྣམ་པ་དུ་མ་ཅན་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་དོན་གྱི་དབང་གིས་བློ་རྣམ་པར་གཞག་པ་ན་རྟོགས་པ་ཐ་དད་པའི་སྒོ་ནས་བློ་ལ་རྣམ་པ་ཇི་སྲིད་སྣང་བ་དེ་དག་ཐམས་ཅད་དོན་ལ་བརྟེན་པར་
ཐལ་བར་འགྱུར་རོ། །དེ་ལྟར་ན་དོན་ཡང་རྣམ་པ་དུ་མ་ཅན་དུ་འགྱུར་རོ། །འདི་ནི་ལན་ཉིད་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ནོ། །ལུས་དང་སེམས་ཀྱི་འགྱུར་བ་དབང་པོའི་རྣམ་པར་ཤེས་པ་འཁྲུལ་པའི་རྒྱུ་འཆི་བ་སྟོན་པར་བྱེད་པ་ནི་འཆི་ལྟས་ཡིན་ནོ། །མཚམས་
སྦྱོར་བ་མེད་པ་ཡང་གང་ཡིན་ཞེ་ན། རྣམ་པ་གཞན་ཉིད་དུའོ་ཞེས་བྱ་བ་སྨོས་སོ། །སྲོག་ཆགས་ཀྱི་ཁྱད་པར་ཞེས་བྱ་བ་ནི་དུད་འགྲོའི་བྱེ་བྲག་སྟེ། རྫས་གཅིག་ལ་རྒྱབ་ཀྱིས་ཕྱོགས་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ནི་དབང་པོ་ལ་གནོད་པ་བྱས་པ་ལ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འདི་སྐད་དུ་སྲོག་ཆགས་ཀྱི་
ཁྱད་པར་རྫས་འགའ་ཞིག་ལ་རྒྱབ་ཀྱིས་ཕྱོགས་པ་གང་ཡིན་པ་དེ་དངོས་པོ་དེ་ལ་སྔར་དབང་པོ་ལ་གནོད་པ་བྱས་པས་རྒྱབ་ཀྱིས་ཕྱོགས་པ་དེ་བས་ན་དེ་མཐོང་བ་ལས་དེའི་དྲན་པ་སད་པས་ཡིད་ཀྱི་ཤེས་པ་རྒྱབ་ཀྱིས་ཕྱོགས་པ་དང་འབྲེལ་པ་སྐྱེ་བར་འགྱུར་གྱི། དབང་པོའི་ཤེས་པ་འགྱུར་བ་ནི་མ་ཡིན་ནོ་ཞེས་སྨྲའོ། །
གལ་ཏེ་དེ་ཕྱི་རོལ་གྱི་དོན་ལ་མྱོང་བ་འབྲས་བུ་ཡིན་ཞིང་དོན་དང་འདྲ་བ་ཉིད་ཚད་མ་ཡིན་པ་དེའི་ཚེ། ཚད་མ་དང་ཚད་མའི་འབྲས་བུ་དག་ནི་ཡུལ་ཐ་དད་པར་འགྱུར་ཏེ། མྱོང་བའི་བདག་ཉིད་ཡུལ་ཉིད་ཡིན་པའི་ཕྱིར་དང་། དོན་དང་འདྲ་བའི་དོན་ཡུལ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་དོན་དམ་པར་འདི་
རང་རིག་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འོན་ཀྱང་ཆ་འདི་ཙམ་གྱིས་ཞེས་བྱ་བ་ནི་གང་གི་ཕྱིར་དོན་ངེས་པ་ནི་རང་གི་རིག་པའི་བདག་ཉིད་ཡིན་པ་དེའི་ཕྱིར་ཆ་འདི་ཙམ་གྱིས་ཏེ། དོན་རྣམ་པར་གཞག་པའི་མཚན་ཉིད་ཀྱི་རྒྱུ་ཉིད་ཀྱིས་སོ། །ཉེ་བར་བཏགས་ནས་ཞེས་བྱ་བ་ནི་དོན་རྣམ་པར་གཞག་པའི་རྒྱུ་

ཡིན་པའི་ཕྱིར་དོན་དང་འདྲ་བ་ཞེས་ཉེ་བར་བཏགས་པ་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པ་གང་གི་ཚེ་ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདིས་ནི་འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་བཤད་པ་ཡིན་ནོ། །དེས་ནི་འདི་སྐད་དུ་གང་གི་ཚེ་ཕྱི་རོལ་གྱི་དོན་ནི་གཞལ་བྱ་ཡིན་པ་དེའི་ཚེ།
ཡུལ་སྣང་བ་འདིའི་ཚད་མ་ཡིན། །ཞེས་བྱ་བ་དེ་ལྟ་བུར་གྱུར་པའི་ཚད་མ་ཀུན་ལས་བཏུས་པའི་གཞུང་གང་ཡིན་པའི་གཞུང་དེ་ལས་འདི་ཐ་དད་པར་རིག་པར་བྱ་སྟེ། གང་གི་ཚེ་ཕྱི་རོལ་གྱི་དོན་ནི་གཞལ་བྱ་ཡིན་ནོ་ཞེས་བྱ་བ་ལ། ནིའི་སྒྲ་ནི་ཡང་གི་སྒྲའི་དོན་ཡིན་ནོ། །རང་རིག་པའི་འབྲས་བུ་ཡིན་ནོ་ཞེས་
བྱ་བར་སྦྱར་རོ། །དེའི་ཚེ་སྒྲ་ཁོང་ནས་དབྱུང་བར་བྱ་བ་ཡིན་ནོ། །དེས་ན་ངག་གི་དོན་ནི་གང་གི་ཚེ་ཕྱི་རོལ་གྱི་དོན་ཡང་གཞལ་བྱ་ཡིན་པ་དེའི་ཚེ་རང་རིག་པ་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་བས་ན་འདི་འབྲས་བུའི་རྣམ་པར་རྟོག་པ་གསུམ་པར་འགྱུར་རོ། །ཇི་ལྟར་ཕྱི་རོལ་གྱི་དོན་ལ་རང་
རིག་པ་འབྲས་བུ་ཉིད་དུ་ཁས་ལེན་པ་དེ་ལྟར་འཛིན་པའི་རྣམ་པ་ཚད་མར་ཁས་བླང་བར་བྱའོ། །ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ཕྱོགས་ཀྱི་དོགས་པ་བསལ་བར་བྱ་བའི་ཕྱིར། ཡུལ་སྣང་འདི་ཡི་ཚད་མ་ཡིན། །ཞེས་བྱ་བའི་གཞུང་འདི་ཡིན་ནོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་རང་རིག་པ་འབྲས་བུ་ཡིན་པ་ལ་
བརྟེན་པ་ན་ཡུལ་དུ་སྣང་བ་ཉིད་ཤེས་པ་འདིའི་ཚད་མ་ཉིད་ཡིན་གྱི་འཛིན་པའི་རྣམ་པ་ནི་མ་ཡིན་ནོ། །ཇི་ལྟར་དེ་ལས་གཞན་པའི་རྐྱེན་ཉེ་བ་ན་ཞེས་བྱ་བ་ནི་གཟུགས་དང་སྣང་བ་ལ་སོགས་པ་ཉེ་བ་ནའོ། །དེ་མེད་ན་ཞེས་བྱ་བ་ནི་དབང་པོ་མེད་ནའོ། །དེ་ལྟར་རེ་ཞིག་དོན་ཡང་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་དབང་པོ་
དང་ཡིད་ལ་བྱེད་པ་ཉེ་བ་ན་ཡང་སྔོན་པོ་ལ་སོགས་པ་སྟོང་པའི་ས་ཕྱོགས་ལ་ཤེས་པ་སྐྱེ་བར་མི་འགྱུར་རོ། །སྔར་ཇི་སྐད་བཤད་པ་བཞིན་དུ་ནང་གི་བག་ཆགས་ཀྱིས་བྱས་པ་ལ་ཡང་འདིར་འབྲས་བུ་ལྡོག་པ་བརྗོད་པར་ནུས་མོད་ཀྱི། འོན་ཀྱང་ཁས་བླངས་ནས་དེ་བསྟན་པ་ཡིན་ནོ། །ཇི་ལྟར་འཛིན་པའི་རྣམ་པ་
ཚད་མ་ཉིད་ཡིན་པར་འདོད་པ་འཆད་པར་འགྱུར་བ་ཞེས་བྱ་བ་ལ། དེ་དག་ཚད་མའི་འབྲས་བུ་ཡང་། །འཛིན་པའི་རྣམ་པ་མྱོང་བ་ཡིན། །ཞེས་བྱ་བ་འདི་ལ་འཛིན་པའི་རྣམ་པ་ནི་ཚད་མ་ཡིན་ནོ། །སྣང་བ་ཅན་གང་དེ་གཞལ་བྱ། །ཞེས་བྱ་བ་ལ་སོགས་པའི་སྐབས་དང་སྦྱོར་བར་བྱེད་པ་ཞེས་བྱ་བ་ལ། ཚད་

མ་ཀུན་ལས་བཏུས་པ་ལ་སྣང་བ་ཅན་ཞེས་བྱ་བ་ལ་སོགས་པ་བཤད་པར་བྱ་བའི་གཞུང་གི་སྐབས་གང་ཡིན་པ་དེ་དང་སྦྱོར་བར་བྱེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་སྔགས་ལ་སོགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། ལག་པ་ལ་སོགས་པའི་རང་བཞིན་དུ་འབྱུང་བའོ། །གང་གི་
ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དོན་དམ་པར་ཡོད་པ་མིན་ཡང་གཟུང་བ་དང་འཛིན་པ་རིག་པ་ཞེས་བྱ་བ་ནི་དོན་དམ་པར་ཤེས་པའི་བདག་ཉིད་གཅིག་ཡོད་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དཔག་བྱ་དཔོག་པའི་འབྲས་གནས་པ། །ཞེས་བྱ་བ་ལ་གལ་ཏེ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་འདི་གཞལ་བྱ་དང་འཇལ་བྱེད་
ལ་སོགས་པའི་རྣམ་པར་གཞག་པ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡོད་པའི་ཁྱད་པར་ཉེ་བར་མཚོན་པར་བྱེད་པ་ཞེས་བྱ་བ་ནི་དངོས་པོ་གང་ལ་ཡོད་པ་