Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
པར་གནས་པའི་གོ་རིམས་ཅན་ཉིད་ཡིན། ཨ་ག་ན་ཞེས་བྱ་བ་ཉིད་དུ་འགྱུར་གྱི་ག་ག་ན་ཞེས་བྱ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡི་
གེ་ཨ་དང་ཡི་གེ་ཨ་དག་ནི་སྔ་ཕྱིའི་ངོ་བོ་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་ཏེ། ཡི་གེ་ཨ་ནི་ཡི་གེ་ག་ལས་སྔ་མ་ཉིད་དང་ཡི་གེ་ལས་ཕྱི་མར་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ག་ག་ན་ཞེས་བྱ་བ་འདི་ལས་ཡི་གེ་ཨ་ནི་ཡི་གེ་ག་ལས་ཕྱིར་འགྱུར་བའི་གོ་རིམས་གཞན་དུ་མི་འགྱུར་རོ། །དེ་ཉིད་བསྟན་
པའི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གང་མ་བྱས་པ་རྣམ་པ་འགའ་ཞིག་གིས་ཀྱང་རྣམ་པ་གཞན་དུ་བྱར་མི་བཏུབ་པ་དཔྱད་པ་འདི་གཞན་ལ་དངོས་པོ་བྱས་པ་རྣམས་ཀྱང་ངོ་། །ཅི་འདྲ་བ་ཞིག་ཅེ་ན། རྒྱུ་ཡོངས་སུ་གྱུར་པ་ལས་ངེས་པ་དང་ལྡན་པ་སྟེ། རྒྱུ་ཡོངས་སུ་གྱུར་པ་རྗེས་སུ་མཐུན་པའི་

འབྲས་བུ་སྐྱེད་པར་རུང་བའི་བདག་ཉིད་ཀྱི་གནས་པ་གང་ཡིན་པ་དེ་ལས་ངེས་པའི་འབྲས་བུ་ནི་རྒྱུའི་དེ་མ་ཐག་པ་ཁྱད་པར་ཅན་གྱི་རང་བཞིན་དུ་ཡོད་པ་ཉིད་དུ་སོ་སོར་ངེས་པ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་ཡང་གོ་རིམས་བཟློག་པར་བྱ་བར་ནུས་པ་མ་ཡིན་ནོ། །ཅི་དང་འདྲ་བར་བྱ་ཞེ་ན།
དཔེར་ན་ས་བོན་དང་མྱུ་གུ་དང་ལོ་མ་ལ་སོགས་པ་སྟེ། ས་བོན་གྱི་ཕྱོགས་མྱུ་གུ་དང་མྱུ་གུ་ལས་སྡོང་པོ་དང་། ལོ་མ་དང་མེ་ཏོག་ལ་སོགས་པ་བཟློག་ཏུ་མེད་པ་ལྟ་བུའོ། །དཔེར་ན་དུས་དང་ལོ་མ་ལ་སོགས་པ་སྟེ། དུས་དགུན་ལ་སོགས་པའི་མཚན་ཉིད་ཅན་དང་། བྱི་གླང་ལ་སོགས་པའི་ལོ་རྣམ་པར་
གནས་པའི་གོ་རིམས་ཉིད་ལྟ་བུའོ། །སོགས་པའི་སྒྲས་ནི་གཟའ་དང་རྒྱུ་སྐར་ལ་སོགས་པ་གཟུང་ངོ་། །ཡི་གེའི་གནས་སྐབས་དང་རང་བཞིན་བསྐྱོད་པ་ཙམ་སྟེ། གོ་རིམས་ལ་སོགས་པའི་གནས་སྐབས་དང་རང་བཞིན་མ་བསྐྱོད་པ་མ་བྱས་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །
རྣམ་པ་འགའ་ཞིག་གིས་ཏེ་གོ་རིམས་ངེས་པར་གནས་པ་དག་ཀྱང་ཅི་སྨོས་ཏེ། སྔ་མའི་གནས་སྐབས་དོར་བ་མེད་པར་རྣམ་པ་གཞན་དུ་འགྱུར་བ་མི་རུང་བའི་ཕྱིར་ཏེ། །གོ་རིམས་གཞན་གྱི་གནས་སྐབས་ལ་མི་རུང་བའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་སྐྱོན་གནས་པར་བྱ་བའི་ཕྱིར་དུ་ཡི་གེ་རྣམས་
སྔ་མའི་རང་བཞིན་དོར་བར་ཁས་ལེན་ན་ཡང་དེ་རྣམ་པར་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རེ་ཞིག་ཡི་གེ་རྣམས་ཀྱང་སྔ་མའི་གནས་སྐབས་དོར་བ་མེད་པར་གོ་རིམས་བཟློག་པ་མེད་པ་ཡིན་ན། ཁྱད་པར་དུ་གོ་རིམས་རྟག་པའི་ཡང་ངོ་། །ཚིག་སོ་སོ་ལ་ཡི་གེ་གཞན་ཉིད་ཡིན་ན་གོ་
རིམས་གཞན་ཉིད་དེ་དང་དེར་འགྱུར་ཏེ། ཡི་གེ་རྣམས་རྟག་པ་དང་ཚིག་སོ་སོ་ལ་ཐ་དད་པའི་ཕྱིར་རོ། །ཡི་གེ་སྔ་མ་མེད་པ་དག་ཚིག་སོ་སོ་ལས་འབྱུང་བའི་ཕྱིར་རོ། །ཡི་གེ་མང་པོ་ཉིད་ཡིན་པ་དེའི་ཕྱིར་རིམ་པ་གཞན་ཉིད་དུ་འགྱུར་རོ། །ཕྱོགས་གཉི་ག་ལ་ཡང་ཡི་གེ་མང་པོ་ཉིད་བསྟན་གྱི།
འོན་ཀྱང་ཕྱོགས་དང་པོ་ལ་ནི་རྟག་པ་རྣམས་ལ་ཕལ་ཆེར་ངོ་བོ་ཉིད་གྲུབ་པ་དང་གཉིས་པ་ལ་ནི་རྒྱུས་བྱས་པ་ཞེས་བྱ་བ་དེ་ནི་ཁྱད་པར་ཡིན་ཏེ། དེ་ཡང་སྟེ་གཉི་ག་ཡང་དཔྱོད་པ་དག་འདོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཡི་གེ་རྣམས་ཀྱི་གོ་རིམས་ཁས་བླངས་པས་དེ་སྐད་དུ་བཤད་པ་དེ་ཉིད་མི་

སྲིད་དོ་ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་རྣམས་ལ་ཡུལ་དང་དུས་ཀྱིས་བྱས་པའི་གོ་རིམས་གང་ཡིན་པ་དེ་ནི་མེད་དེ། ཁྱབ་པ་དང་རྟག་པ་བརྗོད་པའི་ཕྱིར་ཏེ་ཡི་གེ་རྣམས་ཁྱབ་པར་བྱེད་པ་བརྗོད་པའི་ཕྱིར་ཡུལ་གྱིས་བྱས་པ་གོ་རིམས་
མེད་ཅིང་། རྟག་པ་ཉིད་དུ་བརྗོད་པའི་ཕྱིར་དུས་ཀྱིས་བྱས་པ་མེད་དེ་ནམ་མཁའ་བཞིན་ནོ། །ཡི་གེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡི་གེ་རྣམས་ཀྱི་གོ་རིམས་དེ་ཡང་ཡུལ་གྱིས་བྱས་པ་སྟེ་དཔེར་ན་གྲོག་མོ་ཡུལ་ཕན་ཚུན་འཕོས་ཏེ་གནས་པ་དག་རྒྱུ་བ་ལྟ་བུའམ། གོ་
རིམས་དུས་ཀྱིས་བྱས་པ་སྟེ་དཔེར་ན་ས་བོན་དང་མྱུ་གུ་ལ་སོགས་པ་གང་གི་ཚེ་ས་བོན་ཡིན་པ་དེའི་ཚེ་མྱུ་གུ་མ་ཡིན་པ་ལ་མྱུ་གུ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཡི་གེ་རྣམས་ལ་ཡུལ་དང་དུས་ཀྱིས་བྱས་པའི་གོ་རིམས་རྣམ་པ་གཉི་ག་ཡང་ཡོད་པ་མ་ཡིན་ཏེ། ཡི་གེ་རྣམས་ཁྱད་པར་བྱེད་པའི་ཕྱིར་དང་
རྟག་པ་ཉིད་ཀྱི་ཕྱིར་རོ། །ཡུལ་གྱིས་བྱས་པ་ཡོད་པ་མ་ཡིན་ཏེ། ཡི་གེ་ཉིད་ཁྱད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཡུལ་ཕན་ཚུན་སྤངས་ནས་དངོས་པོ་རྣམས་འཇུག་པ་ནི་ཡུལ་གྱི་སྔ་ཕྱིར་གྱུར་པ་ཡིན་ན་དེ་ལྟ་བུར་གྱུར་པའི་སྔ་ཕྱི་ཉིད་ནི་ཡི་གེ་རྣམས་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
ཡི་གེ་ཐམས་ཅད་ནི་ཁྱབ་པར་བྱེད་པ་ཉིད་དུ་ཡུལ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གླེགས་བམ་ལ་ལ་ལས་ནི་ཡུལ་ཐམས་ཅད་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་འབྱུང་སྟེ། དེ་ལ་ཡང་ཡུལ་ཐམས་ཅད་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཅི་དང་འདྲ་བ་ཞེ་ན། རླུང་དང་
སྣང་བ་བཞིན་ཏེ་འདི་ནི་འཇིག་རྟེན་པའི་དཔེ་ཡིན་ནོ། །བསྟན་བཅོས་པའི་ནི་བདག་ལ་སོགས་པ་ལས་ཞེས་བྱ་བ་སྨོས་སོ། །སོགས་པའི་སྒྲས་ནི་ནམ་མཁའ་ལ་སོགས་པ་གཟུང་ངོ་། །དེ་ཡང་གཞན་དག་གི་འདོད་པའི་སྒོ་ནས་བཤད་དོ། །དེ་བཞིན་དུ་ཕན་ཚུན་སྤངས་ནས་འཇུག་པ་དུས་
ཀྱིས་སྔ་ཕྱིར་འགྱུར་བ་དེ་ཉིད་བསྟན་པའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཅིག་མེད་པ་དེའི་ཚེ་གཞན་ཡོད་པའི་ཕྱིར་དུས་ཀྱིས་སྔ་ཕྱིར་གྱུར་པ་དེ་ཡང་ཡི་གེ་རྟག་པ་དག་ལ་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཡི་གེ་ཐམས་ཅད་ཡོད་པའི་ཕྱིར་རོ། །དུས་

ཀྱིས་བྱས་པའི་གོ་རིམས་ལས་ཡི་གེ་གོ་རིམས་རྣམ་པ་གཞན་ཡོད་པ་ཡང་མ་ཡིན་ན་ཡི་གེའི་སྔ་ཕྱིར་གྱུར་པའི་ངག་གང་ཡིན་པ་དེ་ཁྱེད་ཅག་གིས་ཅི་ལྟར་སྐྱེས་བུས་མ་བྱས་པ་སྒྲུབ་པར་བྱེད་དེ། མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་དེར་མ་གྱུར་ཅིག་སྙམ་པས་ཡི་གེ་མི་རྟག་པ་དང་ཁྱབ་བྱེད་མ་ཡིན་པར་
རིག་བྱེད་སྨྲ་བར་འདོད་ན། དེ་ལ་མི་རྟག་ཁྱབ་བྱེད་མ་ཡིན་པའི། ཁས་ལེན་པའི་ཡང་སྐྱོན་ཡང་སྔར་ནི་བརྗོད་པ་ཡིན། ཅི་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡི་གེའི་གོ་རིམས་མེད་པའི་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་ཡི་གེ་མི་རྟག་པ་དང་ཁྱབ་པར་བྱེད་པ་མ་ཡིན་པར་རིག་བྱེད་སྨྲ་བར་
འདོད་པ་སྟེ་མི་རྟག་པ་ཉིད་ཀྱི་ཕྱིར་དུས་ཀྱིས་བྱས་པའི་སྔ་ཕྱིར་གྱུར་པ་དང་ཁྱབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་ཡུལ་གྱིས་བྱས་པ་ཡིད་ཡིན་ནོ་སྙམ་དུ་སེམས་ན། མི་རྟག་པ་དང་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱོགས་དེ་དག་ཀྱང་གོང་དུ་རྩོལ་བ་ལས་བྱུང་བ་མི་རྟག་ན། དེ་ཅི་སྐྱེས་བུས་བྱས་པ་མིན་
ཞེས་བྱ་བ་ལ་སོགས་པ་དང་། གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཐམས་ཅད་ལ་ནི་དམིགས་མི་འགྱུར། །ཞེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་དུ་བསྩལ་བའི་ཕྱིར་ལན་མ་ཡིན་ནོ། །ཡི་གེ་རྣམས་ཀྱི་མངོན་པར་གསལ་བ་དེའི་གསལ་བའི་གོ་རིམས་ཀྱང་ངག་མིན། ཅིའི་ཕྱིར་ཞེ་ན། རྟག་པའི་
གསལ་བ་བསྩལ་ཕྱིར་རོ། །ཡི་གེའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡི་གེ་དག་གི་ངོ་བོ་གོ་རིམས་ངག་མ་ཡིན་ན་ངག་གི་སྐྱོན་འདིར་འགྱུར། འོ་ན་ཅི་ཡིན་ཞེ་ན། དེ་དག་གི་གསལ་བ་སྟེ་ཡི་གེའི་ངོ་བོ་གསལ་བའི་གོ་རིམས་གང་ཡིན་པ་དེ་དག་ཡིན་ནོ། །དེ་ཉིད་བསྟན་པའི་
ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་དེ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡི་གེ་མངོན་པར་གསལ་བའི་རྐྱེན་དག་སྟེ། ཡི་གེ་གང་གིས་མངོན་པར་གསལ་བའི་རྐྱེན་རྐན་ལ་སོགས་པ་གང་ཡིན་པ་དག་གི་གོ་རིམས་ལས་བྱུང་བའི་གོ་རིམས་དང་ལྡན་པའི་ཕྱིར་རོ། །དེའི་ཞེས་
བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། ཡི་གེ་གསལ་བ་དེའི་གོ་རིམས་ནི་དེའི་གོ་རིམས་ཏེ། དེ་དག་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟག་པ་དག་གིས་གསལ་བ་དེ་ནི་སྔར་སྤྱི་གསལ་བ་དཔྱོད་པའི་སྐབས་སུ་བཀག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དྲན་པར་བྱ་བའི་ཕྱིར་

མངོན་སུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གསལ་བྱེད་ཀྱིས་བྱས་པ་མངོན་སུམ་དུ་ཤེས་པ་སྐྱེ་བར་ནུས་པ་དེ་བས་ཤེས་པ་སྐྱེད་པར་ནུས་པའི་བུམ་པ་ལ་སོགས་པ་འབྲས་བུ་ཁྱད་པར་ཅན་ཉིད་གསལ་བ་ཡིན་ནོ་ཞེས་དེ་བཤད་པ་ཡིན་ནོ། །གཞན་ཡང་བྱེད་པ་རྣམས་ཀྱི་བྱ་
ཉིད་ལས་ཏེ་རྒྱུ་ལས་ཏེ་དེ་གྲུབ་ཕྱིར་ན་སྟེ། ཡི་གེ་རྣམས་དམིགས་པའི་ཕྱིར་ཡི་གེ་དེ་རྣམས་འབྲས་བུ་ཉིད་ཐོབ་པ་ཡིན་ནོ། །འདི་ལྟར་གང་ཁོ་ན་ལས་ངོ་བོ་དམིགས་པ་གང་ཡིན་པའི་ངོ་བོ་དེ་ལ་འཇིག་རྟེན་པ་དག་འབྲས་བུ་ཉིད་དུ་ཐ་སྙད་འདོགས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གང་ཁོ་ན་ལས་
དམིགས་པ་ཞེས་བྱ་གང་གི་སྒྲ་བསྟན་པ་གང་ཡིན་པ་དེ་དམིགས་པ་མེད་ན་མི་འབྱུང་བ་ཁོ་ན་དམིགས་པ་ལ་བརྟེན་ནས་ཞེས་བྱ་བ་ཁོ་ནའི་སྒྲའི་རིམ་པ་གཞན་དུ་སྦྱོར་རོ། །ཇི་སྐད་དུ་བཤད་པའི་དམིགས་པ་དེ་ནི་ཡི་གེ་ལ་ཡང་ཡོད་དེ། ཡི་གེ་རྣམས་ཀྱི་དམིགས་པ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་
ཕྱིར་རོ། །དམིགས་པ་དེ་ཉིད་ཀྱང་འབྲས་བུ་ཉིད་དུ་རབ་ཏུ་གྲགས་པའི་དངོས་པོ་གཞན་དག་གི་ཡང་དེ་རྟེན་པ་འབྲས་བུ་ཉིད་དུ་ཐ་སྙད་འདོགས་པའི་རྟེན་ཡིན་པ་འདི་ལས་ལྷག་པར་ཁྱད་པར་ཡོད་པ་མ་ཡིན་ནོ་དེ་བས་ན་འབྲས་བུར་ཁས་ལེན་པའི་རྒྱུ་མཚུངས་པ་ཡིན་ན། ཇི་ལྟར་ན་ཡི་གེ་འབྲས་བུ་
དག་མ་ཡིན་ཏེ། འབྲས་བུ་ཁོ་ན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། དེ་དམིགས་པའི་རྟེན་ཅན་ཏེ། གསལ་བྱེད་དུ་མངོན་པར་འདོད་པའི་རྐྱེན་གྱི་དབང་གིས་དམིགས་པ་གང་ཡིན་པ་དེ་ནི་རྟེན་ཅན་འབྲས་བུ་ཉིད་ཀྱི་ཐ་སྙད་མ་ཡིན་ནོ། །འོ་ན་ཅི་
ཡིན་ཞེ་ན། གང་ཡོད་ན་འགྱུར་བ་སྟེ། གང་ཡོད་ན་གང་འབྲས་བུར་གྱུར་པ་དེ་ལྟར་ན་འབྲས་བུའི་ཐ་སྙད་ནི་ཡོད་པ་ཉིད་ཀྱི་རྟེན་ཅན་ཡིན་ནོ། །ཡི་གེ་དག་རྒྱུ་རྣམས་ལས་ཡོད་པར་འགྱུར་བ་ཉིད་དུ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པ་ཁོ་ན་ཡིན་ནོ་ཞེས་བསམས་པའོ། །ཡོད་པ་ཉིད་དེ་ཞེས་བྱ་བ་
ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། དེ་ནི་བདེན་ཏེ་འོན་ཀྱང་ཡོད་པ་ཉིད་དེ་ཚད་མ་གང་ལས་གྲུབ་པ་ན། གང་གིས་ཡོད་པ་ཉིད་འདི་འབྲས་བུ་ཉིད་དུ་གྲུབ་པར་འགྱུར། འདི་མ་གྲུབ་པ་སྟེ་ཡོད་པ་ཉིད་འདི་དེ་ལྟར་མི་འགྱུར་ཏེ། འདི་ཡོད་ན་འདིར་འགྱུར་བ་དེ་ལྟར་མི་འགྱུར་རོ། །དེ་བས་ན་ཡོད་པ་ཉིད་

དུ་གྲུབ་ན་སྒྲུབ་པར་བྱེད་པ་སྟེ། འབྲས་བུ་ཉིད་དེ་སྒྲུབ་པར་བྱེད་པ་ཡིན་ལ་ཡོད་པ་ཉིད་དུ་འགྲུབ་པ་དེ་ཡང་དམིགས་པ་ཁོ་ན་ཡིན་ནོ། །གྲུབ་པ་ནི་ཤེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གང་ཞིག་མེད་ན་མི་འབྱུང་བ་ཉིད་དུ་ཡོད་པ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་
བར་གནས་སོ། །དེ་ནི་ཡི་གེ་དག་ལ་ཡང་མཚུངས་སོ། །དེ་ལྟར་མི་བདེན་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། བྱེད་པའི་བྱ་བ་ཉིད་ལས་སྒྲ་དམིགས་པ་དེའི་འབྲས་བུ་ཉིད་འགྱུར་བ་དེ་ལྟར་ནི་བདེན་པ་ན། གལ་ཏེ་སྒྲ་དེ་ནི་བྱེད་པའི་བྱ་བ་ཉིད་ལས་སྔར་ཡོད་པ་ཉིད་དུ་གྲུབ་པར་མི་འགྱུར་གྱི། འོན་ཀྱང་ཚད་མ་
གཞན་གྱིས་གྲུབ་པ་ཉིད་ཡིན་ནོ། །གྲུབ་པ་སྔོན་དུ་སོང་བ་ཅན་གྱི་གྲུབ་པ་འབྲས་བུ་ཉིད་གྲུབ་པ་མ་ཡིན་གྱི། འོན་ཀྱང་ཡོད་པ་ཉིད་དུ་གྲུབ་པ་འབྲས་བུ་ཉིད་དུ་ཐ་སྙད་འདོགས་པའི་རྒྱུ་གང་ཡིན་པ་དེ་ནི་མ་གྲུབ་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་བུམ་པ་སྔར་མེད་པ་རྫ་མཁན་གྱིས་བྱ་བ་ལས་ཕྱིས་གྲུབ་པ་
ལྟ་བུའོ། །དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། རེ་ཞིག་རྩོལ་བའི་བྱ་བ་ལས་སྔར་སྒྲ་ཡོད་པ་ཉིད་དུ་གྲུབ་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་དང་། ངོ་ཤེས་པ་ལ་སོགས་པ་དེའི་སྒྲུབ་པར་བྱེད་པ་ཉིད་དུ་རྟོགས་ན་ནི་འཁྲུལ་པའི་ཕྱིར་རོ་ཞེས་བརྗོད་པའི་ཕྱིར་ཁས་བླངས་
ནས་ཀྱང་བརྗོད་པར་བྱའོ། །སྔར་སྒྲ་ཡོད་པ་ཉིད་དུ་གྲུབ་པ་ཡིན་པ་ཡང་བླ་སྟེ། དེ་ལྟ་ན་ཡང་དེའི་ངོ་བོ་གང་ཡིན་པ་དེ་མ་གྲུབ་པ་ཉིད་མ་ཡིན་ནམ། དེའི་ངོ་བོ་དེ་གང་ཞེ་ན། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུར་གྱུར་པ་སྟེ་གང་ལ་སྒྲ་རང་གི་མཚན་ཉིད་དུ་སྣང་བའི་རྣམ་པར་ཤེས་པ་མ་ཆོད་
པས་ཉེ་བར་སྦྱོར་བའི་ངང་ཚུལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་དེ་ལྟ་བུར་གྱུར་པའི་ངོ་བོ་སྔར་གྲུབ་པར་འགྱུར་ན་དེའི་ཚེ། སྒྲ་རྟག་ཏུ་དམིགས་པར་འགྱུར་རོ། །གལ་ཏེ་ཇི་སྐད་དུ་བཤད་པའི་སྒྲའི་ངོ་བོ་དེ་ནི་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་གཞན་ལྷན་ཅིག་བྱེད་པའི་རྐྱེན་དང་བྲལ་བས་རྣ་བའི་རྣམ་པར་
ཤེས་པའི་རྒྱུ་ཉིད་དུ་ཉེ་བར་སྦྱོར་བ་མ་ཡིན་ནོ་ཞེ་ན། གལ་ཏེ་འདི་ལྟར་ལྷན་ཅིག་བྱེད་པ་ཐག་ཉེ་བ་ན་ཕྱིས་རང་གི་ཤེས་པ་ལ་ཉེ་བར་སྦྱོར་བ་གང་ཡིན་པ་དང་འབད་རྩོལ་ལས་སྔར་ཉེ་བར་སྦྱོར་བ་མ་ཡིན་པའི་གནས་སྐབས་དེ་དག་ནི་ཕན་ཚུན་འགལ་བ་ཡིན་ན། ད་ནི་ཉེ་བར་སྦྱོར་བ་དང་འགལ་བ་དག་ཅི་ལྟར་ཐ་དད་པ་མེད་དེ། འོན་

ཀྱང་ཐ་དད་པ་ཁོ་ན་ཡིན་ནོ། །གནས་སྐབས་དེ་གཉིས་ཀྱང་ཐ་དད་པ་ཉིད་ནི་བདེན་ཏེ། སྒྲའི་བདག་ཉིད་དུ་གྱུར་པ་ཉིད་ཀྱང་མ་ཡིན་ཏེ། དོན་གཞན་ཡིན་ནོ་ཞེ་ན། དེའི་ཕྱིར་ཁྱད་པར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་དག་གི་ཁྱད་པར་ཏེ་བྱེ་བྲག་ནི་རང་བཞིན་ལས་བཟློག་པ་ནི་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐ་དད་པར་འགྱུར་བ་དེའི་ཚེ་ཕུལ་དུ་བྱུང་བ་དེ་ཉིད་ལ་སྒྲའི་ཤེས་པ་ལ་ཉེ་བར་སྦྱོར་བ་གྲུབ་པ་སྟེ་རྒྱུ་ཉིད་དུ་གྲུབ་པའི་ཕྱིར་རོ། །འཕོ་བ་མེད་པ་ཅན་གྱི་སྒྲའི་ངོ་བོ་དེ་ནི་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་གང་ཁོ་ན་ཡོད་ན་བསྒྲུབ་བྱར་གྲུབ་པ་དེ་ཉིད་ནི་བསྒྲུབ་
པར་བྱ་བ་དེ་ལ་ཉེ་བར་སྦྱོར་བ་ཅན་དུ་རིགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །སྒྲ་ཕུལ་དུ་དབྱུང་བ་དངོས་སུ་ཤེས་པ་ལ་སྦྱོར་བར་བྱེད་ཅིང་ཕུལ་དུ་དབྱུང་བ་ལ་ཡང་སྒྲ་ཉེ་བར་སྦྱོར་བར་བྱེད་པ་དེ་བས་ན་བརྒྱུད་པས་སྒྲ་ཡང་ཤེས་པ་ལ་ཉེ་བར་སྦྱོར་བ་ཡིན་ནོ་ཞེ་ན། དེའི་ཕྱིར་ན་ཕུལ་དུ་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སྒྲ་འདི་ཕུལ་དུ་བྱུང་བ་དེ་ནི་ཉེ་བར་སྦྱོར་བ་རྟོགས་ན་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་བ་སྟེ། རྣམ་པར་ཤེས་པ་དང་འདྲ་བར་ཐལ་བར་འགྱུར། ཇི་ལྟར་རྣམ་པར་ཤེས་པའི་བྱ་བ་ལ་སྒྲ་ཕུལ་དུ་བྱུང་བ་དོན་གཞན་དུ་འགྱུར་བའི་སྒོ་ནས་ཉེ་བར་སྦྱོར་བར་བྱེད་པ་དེ་དང་འདྲ་བར་ཕུལ་དུ་བྱུང་བའི་བྱ་བ་ལ་ཡང་། ཕུལ་དུ་
བྱུང་བ་དོན་གཞན་དུ་གྱུར་པ་བརྟག་པར་བྱ་དགོས་པ་དེ་ལྟ་ན་ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་བས་ན་དེ་ལས་གཞན་པ་སྟེ་རང་གི་ཡུལ་ལ་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པའི་སྒྲའི་རང་བཞིན་གྱི་ཁྱད་པར་གྱིས་ཁྱད་པར་དུ་བྱེད་དོ། །གང་གིས་ཞེ་ན། ནུས་པ་བར་དུ་མ་ཆོད་
པས་ཉེ་བར་སྦྱོར་བ་གནས་སྐབས་ཐ་དད་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྒྲའི་རང་གི་ངོ་བོ་སྐྱེད་པར་བྱེད་པའི་གནས་སྐབས་ལས་གཞན་སྐྱེད་པར་མི་བྱེད་པའི་གནས་སྐབས་ཀྱི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་འབད་རྩོལ་ལས་སྔར་ཡང་རྣམ་པར་ཤེས་པ་སྐྱེད་པར་
འགྱུར་རོ། །གལ་ཏེ་ལྷན་ཅིག་བྱེད་པ་དང་བྲལ་བའི་ཕྱིར་སྐྱེད་པར་མི་བྱེད་དོ་ཞེ་ན། ཕུལ་དུ་དབྱུང་དུ་མེད་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ལྷན་ཅིག་བྱེད་པས་བྱས་པའི་ཕུལ་དུ་བྱུང་བ་ཡོད་པ་མ་ཡིན་པས་ན་ཕུལ་དུ་དབྱུང་དུ་མེད་པ་ཅན་ཏེ། རྟག་པ་འདི་ལ་ཞེས་བྱ་བའི་དོན་ཏོ། །ལྷན་

ཅིག་བྱེད་པ་ལ་ལྟོས་པ་ཡང་སྔར་བཀག་ཟིན་ཏོ། །སྒྲའི་རང་བཞིན་སྐྱེད་པར་བྱེད་པ་དེ་ཡང་བྱེད་པའི་བྱ་བ་ཉིད་ལ་གྲུབ་པའི་ཕྱིར། འབྲས་བུ་ཐམས་ཅད་དང་ཆོས་མཚུངས་པ་ཉིད་ཅན་ཏེ། གང་ལས་འབྲས་བུ་ཐམས་ཅད་དང་ཆོས་མཚུངས་པ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འབྲས་བུ་ཐམས་ཅད་དང་
ཆོས་མཚུངས་པ་ཅན་གྱི་སྒྲ་དེ་འདྲ་བ་དེ་གསལ་བ་ཡིན་པར་འདོད་ན། མྱུ་གུ་ལ་སོགས་པ་ཐམས་ཅད་ཀྱང་གསལ་བྱའམ། ཅུང་ཞིག་ཀྱང་གསལ་བྱ་མ་ཡིན་ཏེ། སྒྲ་ཡང་འབྲས་བུར་འགྱུར་བར་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནི་རང་ཤེས་པས་ཏེ་རྒྱུས་གཞན་གྱི་ཤེས་པའི་རྒྱུ་དེའི་དོན་ཏེ།
གཞན་བློའི་རྒྱུ་ནི་གསལ་བྱེད་འདོད། གང་གི་ཚེ་ཞེ་ན། གྲུབ་པའི་དོན་ལ་སྟེ། གང་གི་ཚེ་བྱེད་པ་པོ་ལས་གསལ་བྱ་འདིའི་ཡོད་པ་ཉིད་རྙེད་པར་འགྱུར་བ་ནའོ། །དཔེར་ན་སྒྲོན་མ་བཞིན་ཏེ། རྫ་མཁན་ལས་གྲུབ་པའི་བུམ་པ་ལ་དེའི་ཤེས་པའི་རྒྱུ་གསལ་བྱེད་ཡིན་པ་ལྟ་བུའོ། །གཞན་དུ་ནའང་སྟེ། གང་
གི་ཚེ་གསལ་བྱ་སྔར་མ་གྲུབ་པར་འགྱུར་བ་དེའི་ཚེ་བྱེད་པ་པོ་སྟེ་རྒྱུ་ལས་གསལ་བྱེད་འདི་ལ་ཁྱད་པར་ཅི་ཞིག་ཡོད། བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བདག་ཉིད་རྟོགས་པའི་སྒོ་སྟེ་ཐམས་ཅད་རྒྱུ་དེས་བུམ་པ་ལ་སོགས་པ་གཞན་རྟོགས་པའི་རྒྱུ་འཇིག་རྟེན་ན་སྒྲོན་མ་ལ་སོགས་
པ་དང་འདྲ་བར་གསལ་བྱེད་དུ་གྲགས་པ་ཡིན་ནོ། །གལ་ཏེ་འདི་ལྟར་གསལ་བྱ་དེ་གསལ་བྱེད་ཀྱི་བྱེད་པ་ལས་སྔར་གྲུབ་པར་འགྱུར་རོ། །སྒྲོན་མ་ལ་སོགས་པ་ཡང་དམིགས་སུ་རུང་བའི་བུམ་པའི་སྐད་ཅིག་མ་སྔ་མར་མ་གྲུབ་པ་ཉིད་ལས་སྐྱེད་པར་བྱེད་པ་མ་ཡིན་ནམ། གལ་ཏེ་དེར་སྔར་གྲུབ་པ་ཞེས་བྱ་བ་
དེ་གང་ལ་བྱ་ཞེ་ན། དེའི་ཕྱིར་རིགས་མཐུན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་དམིགས་སུ་རུང་བ་མ་ཡིན་པའི་བུམ་པའི་སྐད་ཅིག་མ་རིགས་མཐུན་པའི་ཉེ་བར་ལེན་པའི་སྐད་ཅིག་མ་དེ་ནི་གསལ་བར་བྱེད་པའི་བྱེད་པ་ལས་སྔར་གྲུབ་པའི་རྒྱུའི་ཕྱིར། གལ་ཏེ་དེ་སྔར་གྲུབ་པར་གྱུར་ཏེ་ཞེས་བརྗོད་དོ། །
གསལ་བྱེད་ལས་རྙེད་པའི་ཤེས་པའི་རྒྱུ་ཕུལ་དུ་བྱུང་བ་དེ་ནི་སྔར་གྲུབ་པའི་ཕྱིར་གྲུབ་པ་ཞེས་མི་བྱའོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་ཕུལ་དུ་བྱུང་བ་དེ་ཉིད་ན། དེའི་ཚོགས་པའི་རྐྱེན་ཅན་ཉིད་ཡིན་པའི་ཕྱིར་ཏེ། གང་གསལ་བྱེད་ཀྱི་ཚོགས་པའི་རྐྱེན་དེ་རྒྱུ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་

པར་སྦྱར་རོ། །རྒྱུའི་རང་བཞིན་གྱི་བྱེད་པ་ལས་སྔར་མ་གྲུབ་པ་དམིགས་པ་གང་ཡིན་པ་དེ་དག་ཀྱང་བྱེད་པ་པོ་དག་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། བུམ་པ་ལ་སོགས་པའི་རྫ་མཁན་ལ་སོགས་པ་ལྟ་བུའོ། །སྒྲའི་དམིགས་པའི་རྒྱུ་དག་ཀྱང་རྫ་མཁན་ལ་སོགས་པ་དང་མཚུངས་པའི་ཕྱིར་
རོ། །སྒྲ་ཡང་བུམ་པ་ལ་སོགས་པ་གཞན་དུ་འབྲས་བུ་ཉིད་ཡིན་ནོ། །ཡུལ་དང་དུས་ལ་སོགས་པ་ཐ་དད་དུ་ཟིན་ཀྱང་སྒྲ་དེ་ཉིད་འདི་ཡིན་ནོ་ཞེས་ཤེས་པ་སྐྱེད་པར་འགྱུར་ལ་ངོ་ཤེས་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་སྒྲ་གཅིག་ཉིད་དུ་རྟོགས་པ་དེ་ལྟར་ན་རྟག་པ་ཉིད་ཡིན་ནོ། །མི་རྟག་པ་ཉིད་ཡིན་ན་ནི་དུ་མ་ཉིད་
ཡིན་པའི་ཕྱིར་ངོ་ཤེས་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། དེ་ལྟར་ན་གཞན་གྱི་དོན་ལ་སྦྱོར་བར་བྱེད་པ་གང་ཡིན་པ་དེ་སྦྱོར་བ་ལ་སྔར་ཡོད་པ་ཡིན་ཏེ། དཔེར་ན་སྟེའུ་ལ་སོགས་པའི་གཅོད་པ་ཉིད་བཞིན་ནོ། །དེས་གཞན་ཤེས་པའི་ཕྱིར་སྒྲ་དོན་གཞན་ལ་སྦྱོར་བར་བྱེད་པ་དེ་ཡང་སྔར་ཡོད་པ་ཉིད་ཡིན་ནོ་ཞེ་ན།
དེའི་ཕྱིར་ངོ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་པའི་རྒྱུ་དག་གིས་ཞེས་བྱ་བ་སྒྲ་ཡོད་པ་དང་མེད་པ་ཉིད་དུ་བསྒྲུབ་པའི་རྒྱུ་དེ་དག་གིས་ཀྱང་རྒྱུའི་མཚན་ཉིད་གསོ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་མི་རྟག་པ་ཉིད་ཡིན་དུ་ཟིན་ཀྱང་སྒྲོན་མ་ལ་སོགས་པ་ལ་ངོ་ཤེས་པ་མཐོང་ངོ་། །དེ་བས་ན་ངོ་ཤེས་པ་ནི་མ་ངེས་པ་
ཡིན་ནོ། །སྒྲ་སྦྱོར་བར་བྱེད་ཅེས་བྱ་བ་བསྟན་པ་གང་ཡིན་པ་དེ་ལ་ཡང་། བྱེད་པའི་བྱ་བས་བསྐྱེད་པར་བྱ་བ་ཞེས་བྱ་བའི་དོན་འདི་ཡིན་གྱི། ཡོད་པ་རྣམ་པར་གནས་པའི་ཕྱིར་ཏེ་སྟེའུ་ལ་སོགས་པ་བཞིན་ནོ་ཞེས་སྦྱོར་བ་ནི་མ་ཡིན་ནོ། །དེ་ལྟར་ན་སྟེའུ་ལ་སོགས་པའི་སྦྱོར་བ་ནི་དོན་དུ་བརྗོད་པར་འདོད་པའི་གཏན་ཚིགས་
གཉིས་པ་ནི་ཅིག་ཤོས་ལ་མ་གྲུབ་པ་ཡིན་ནོ། །རྟགས་གང་ཅུང་ཟད་སྒྲ་གཅིག་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་བརྗོད་པ་ཕྱིས་ཏེ། ཕྱིས་འགྱུར་བའི་ངང་ཚུལ་ཅན་ཡི་གེ་ཨ་རྟོགས་པ་གང་ཡིན་པ་དེ་ནི་སྔ་མ་དང་ཐ་དད་པ་མེད་པའི་ཡུལ་ཅན་ཡི་གེ་ཨ་སྔ་མ་རྟོགས་པ་དང་ཡུལ་གཅིག་པ་ཅན་ཏེ། འདིས་ནི་སྒྲ་གཅིག་པ་ཉིད་དུ་
སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རྟག་པ་ཉིད་དུ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་སོ། །ཡི་གེ་ཨ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་དང་འདྲའོ་ཞེས་བྱ་བ་ནི་སྔ་མ་ཡིན། ཨ་རྟོགས་པ་དང་འདྲའོ་ཞེས་བྱ་བ་ལ་སོགས་པའོ། །སྩོགས་པའི་སྒྲས་ནི་ཕྱིས་ཡི་གེ་ཨི་རྟོགས་པ་ནི་ཡི་གེ་ཨི་རྟོགས་

པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །སྦྱོར་བ་ནི་གང་དང་གང་ཡི་གེ་ཨ་རྟོགས་པ་དེ་དང་དེ་ནི་སྔར་ཡི་གེ་ཨ་རྟོགས་པ་དང་ཐ་དད་པ་མེད་པའི་ཡུལ་ཅན་ཡིན་ཏེ། དཔེར་ན་ཡི་གེ་སྔར་ཨ་རྟོགས་པ་ལྟ་བུའོ། །ཡི་གེ་ཨ་རྟོགས་པ་ཡང་ཕྱིས་ཀྱང་ཡི་གེ་ཨ་རྟོགས་སོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་
ཚིགས་ལྟར་བཅོས་པའོ། །སྒྲུབ་པར་བྱེད་པ་དེས་ཀྱང་རང་གི་མཚན་ཉིད་སྔ་ཕྱི་དག་ཐ་དད་པ་མེད་པར་སྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་གཏན་ཚིགས་འདི་ནི་ཁྱད་པར་གྱིས་ཏེ། ཕྱིས་ཡི་གེ་ཨ་རྟོགས་པ་ནི་སྔ་མ་དང་ཐ་དད་པ་མེད་པའི་ཡུལ་ཅན་ཡིན་ཏེ། ཡི་གེ་ཨ་རྟོགས་པར་འགྱུར་རོ་ཞེས་བྱ་བའམ།
ཕྱིས་ཏེ་ཡི་གེ་ཨ་ཙམ་རྟོགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པར་འགྱུར་གྲང་ན། རྟོགས་པ་དང་པོ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་མ་གྲུབ་པའི་ཕྱིར་ཏེ། ཕྱིས་ཀྱི་ཡི་གེ་ཨ་རྟོགས་པ་ནི་སྔར་ཡི་གེ་ཨ་རྟོགས་པའི་རང་བཞིན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཡི་གེ་ཨ་
རྟོགས་པ་གཉིས་པ་ནི་རང་བཞིན་ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་སྤྱི་རྟོགས་པ་ཡིན་པ་དེའི་ཚེ་སྤྱི་རྟགས་སུ་བརྗོད་པ་ན། སྔར་ཡི་གེ་ཨ་རྟོགས་པ་ན་ཐ་དད་པ་མེད་པའི་ཡུལ་ཅན་ལ་ཡང་འགལ་བ་མེད་དེ། ཇི་ལྟར་རྟོགས་པ་དེ་དག་ལ་ཡི་གེ་ཨ་རྟོགས་པ་ཉིད་སྤྱི་ཉིད་ཡིན་པ་དེ་ལྟར་ཡི་གེ་ཨའི་ཡུལ་ཅན་
ཉིད་ཡིན་པ་ལ་ཡང་འགལ་བ་ཅི་ཞིག་ཡོད། དེ་ལྟར་གྲུབ་པ་སྒྲུབ་པ་ཡིན་ནོ་ཞེས་དགོངས་སོ།། །།བམ་པོ་སུམ་ཅུ་པ། ཅི་སྟེ་གཏན་ཚིགས་སྤྱིས་སྔར་གྱི་ཡི་གེ་ཨའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཕྱིས་ཀྱི་ཡི་གེ་ཨའི་རྟོགས་པ་དེའི་ཚེ། ཡུལ་གཅིག་པ་ཅན་ཏེ། གནས་སྐབས་སྔ་
མའི་ཡི་གེ་ཨའི་ཡུལ་ཅན་གཅིག་དུས་ཕྱིས་འབྱུང་བ་ཅན་གྱི་རྟོགས་པ་སྔ་མ་དང་ཕྱི་མའི་ངོ་བོ་སྟེ། སྔར་དང་ཕྱིས་འབྱུང་བ་ཅན་དང་འགལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཐག་ཉེ་བ་ཅན་དང་ཐག་ཉེ་བ་ཅན་མ་ཡིན་པ་ཉིད་ཀྱིས་གོ་རིམས་བཞིན་དུ་འབྲས་བུ་སྐྱེད་པ་དང་མི་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་
སྔ་ཕྱིར་འབྱུང་བའི་ངང་ཚུལ་ཅན་གྱི་རྟོགས་པ་དག་ཡི་གེ་ཨ་གཅིག་གི་ཡུལ་ཅན་ཉིད་ཡིན་པ་དེའི་ཚེ་རྒྱུ་ཐག་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་རོ། །ཅི་སྟེ་ཡི་གེ་ཨ་རྟོགས་པ་དང་པོའི་རྒྱུ་ཐག་ཉེ་བ་ན་ཡོད་དུ་ཟིན་ཀྱང་། རེ་ཞིག་ཡི་གེ་ཨ་རྟོགས་པ་གཉིས་པ་མི་སྐྱེ་བ་དེའི་ཚེ། ཡི་གེ་ཨ་

རྟོགས་པ་དང་པོའི་རྒྱུ་ཐག་ཉེ་བ་ཡིན་དུ་ཟིན་ཀྱང་ཡི་གེ་ཨ་རྟོགས་པའི་ཁྱད་པར་ཕྱི་མ་ཕྱི་མ་མི་སྐྱེ་བ་ནི་དེའི་རྒྱུ་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། ཡི་གེ་ཨ་རྟོགས་པ་སྔ་མའི་རྒྱུ་ནི། འདིའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སྔ་ཕྱིར་འབྱུང་བའི་ངང་ཚུལ་ཅན་གྱི་རྟོགས་པ་དེ་དག་ནི་གང་
ལ་རྒྱུ་མ་ལུས་པ་ཐ་དད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདོད་པར་མི་འགྱུར་ན། ཡི་གེ་ཨ་རྟོགས་པ་དེ་དག་ནི་སྒྲ་གཅིག་རྟོགས་པ་དེ་དག་ཁོ་ན་རྒྱུ་ཉིད་དུ་ཐ་དད་པ་མེད་མོད་ཀྱི། གཞན་ལྷན་ཅིག་བྱེད་པ་ཐ་དད་པ་དེ་བས་ན་ཅིག་ཅར་སྐྱེ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྒྱུའི་ཚོགས་པ་དེ་ལ་རྒྱུ་གཅིག་ཐ་དད་པ་མེད་དུ་ཟིན་ཀྱང་རྟོགས་པ་ཅིག་ཅར་འབྱུང་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ནུས་པ་སྟེ་རྒྱུ་གཅིག་པོ་དེ་ནི་རྒྱུ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེའི་ཚེ་སྔ་ཕྱི་རྟོགས་པ་དག་ནི་ཡུལ་གཅིག་པ་ཅན་ཉིད་དུ་རིགས་པ་དང་འགལ་ལོ། །དེ་ཐམས་ཅད་ཀྱིས་ནི་ཡི་གེ་
ཨ་རྟོགས་པ་ཕྱི་མ་ནི་ཡི་གེ་ཨ་རྟོགས་པ་སྔ་མ་ཐ་དད་པ་མེད་པའི་ཡུལ་ཅན་དུ་བསྒྲུབ་པར་བྱ་བ་ལ་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཉིད་བསྟན་ཏོ། །འདིར་རྗེས་སུ་དཔག་པ་ཡང་འདི་འདྲ་བར་བརྗོད་པར་བྱ་སྟེ། གོ་རིམས་བཞིན་དུ་འབྱུང་བ་དེ་ནི་ཡུལ་ཅིག་ཅར་མ་ཡིན་ཏེ། དཔེར་ན་མིག་དང་རྣ་བའི་རྣམ་
པར་ཤེས་པ་རིམ་བཞིན་དུ་འབྱུང་བ་ལྟ་བུའོ། །ཡི་གེ་ཨ་རྟོགས་པ་སྔ་ཕྱི་ཡང་རིམ་བཞིན་འབྱུང་བ་ཡིན་ནོ། །ཡུལ་གཅིག་པ་ཅན་ཉིད་ལ་ནི་རིམ་བཞིན་དུ་འབྱུང་བ་མ་ཡིན་པས་ཁྱད་པར་ཡིན་ལ། དེ་དང་འགལ་བ་ནི་རིམ་བཞིན་དུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བའོ། །གཞན་ཡང་
རྟོགས་པ་དུས་སྔ་ཕྱིས་འགྱུར་བའི་ངང་ཚུལ་ཅན་གྱི་སྣང་བ་ཐ་དད་པ་ཉིད་དུ་ཡོད་པ་ཡིན་ཏེ། མྱུར་བ་དང་དལ་བ་དང་དྲག་པ་ལ་སོགས་པའི་བྱེ་བྲག་གི་ཡི་གེ་ཨ་སྣང་བའི་གནས་སྐབས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །སྣང་བ་ཐ་དད་པས་ཀྱང་རང་བཞིན་ཐ་དད་པ་ཉིད་ཡིན་ན་དེ་ལ་རྟོགས་པའི་སྣང་བ་དང་རང་བཞིན་ཐ་དད་
པ་སྟེ། ཡི་གེ་ཨ་གཉི་ག་ཡང་ཡི་གེ་ཨ་རྟོགས་པ་ཞེས་བྱ་བ་དེ་ལྟར་མིང་མཚུངས་པའི་ཕྱིར་རོ། །ཡུལ་གཅིག་པ་ཅན་ཉིད་དུ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བུམ་པ་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་ཏེ། བུམ་པ་རྟོགས་པ་སྔ་མ་གང་ཡིན་པ་བུམ་པ་གཞན་རྟོགས་པ་ཕྱི་མ་གང་ཡིན་པ་དེ་

དག་ཀྱང་། བུམ་པ་རྟོགས་པ་ཞེས་བྱ་བ་དེ་ལྟར་མིང་མཚུངས་པའི་ཕྱིར་ཡུལ་གཅིག་པ་ཅན་ཉིད་ཡིན་ན་དེ་ལྟར་ན་བུམ་པ་གཅིག་གིས་ཐམས་ཅད་ལ་ཁྱབ་པར་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པ་གཅིག་ཉིད་དུ་བསྒྲུབ་པ་དེ་ལ་མཐོང་བ་འགལ་བ་སྟེ། བུམ་པ་ལ་སོགས་པ་དུ་མ་ཉིད་དུ་མཐོང་བ་ཉིད་ཀྱི་ཕྱིར་རོ། །
དེ་བས་ན་གཅིག་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེ་ན། ཡི་གེ་གཅིག་ཉིད་དུ་སྒྲུབ་པ་འདི་མཐོང་བ་དང་འགལ་བ་མེད་པ་ཚད་མ་གང་གིས་གྲུབ་པ་ཡིན་པ་སྟེ། འདི་ལ་ཡང་བྱེད་པ་རྣམས་སྐྱེས་བུ་སོ་སོ་ཐ་དད་པས་ཐ་དད་པ་ཁོ་ནར་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མིང་མཚུངས་པའི་ཕྱིར་ཞེས་བྱ་བའི་གཏན་
ཚིགས་འདི་ཡང་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་སྐད་དུ་བརྗོད་པ་ཞེས་བྱ་བའི་ཡི་གེ་ཨ་རྟོགས་པ་ཡི་གེ་ཨ་རྟོགས་པ་ཞེས་དེ་ལྟར་མིང་མཚུངས་པ་བརྗོད་པ་དོན་ཐ་དད་པ་མེད་ཅིང་ཡུལ་གཅིག་པ་ཅན་ཉིད་ཀྱིས་ཁྱབ་པ་མ་གྲུབ་པ་དེ་སྲིད་དུ་ལྡོག་པ་ལ་
ཐེ་ཚོམ་ཟ་བ་སྟེ། མིང་མཚུངས་པ་དང་ཐ་དད་པར་འགྱུར་བ་ལའོ། །བྱེད་པ་སོ་སོ་ཐ་དད་པས་ཞེས་བྱ་བ་སྐྱེས་བུ་ཐ་དད་པས་བྱེད་པ་ཐ་དད་པ་སྟེ། གང་གི་ཚེ་བྱེད་པ་སོ་སོ་ཐ་དད་པས་སྒྲ་ཐ་དད་པའི་རང་བཞིན་ཅན་མཉན་པ་སྟེ། རྣ་བའི་རྣམ་པར་ཤེས་པ་ལ་སྣང་ཞིང་འབྱུང་བ་ན་གཅིག་སྒྲུབ་པར་བྱེད་པ་དེའི་ཚེ།
ཅིའི་ཕྱིར་བུམ་པ་ལ་སོགས་པ་ཡང་གཟུགས་གཅིག་པ་ཅན་དུ་སྒྲུབ་པར་མི་བྱེད་དེ། དེ་དག་ཀྱང་སྒྲུབ་པར་བྱེད་པའམ་ཁྱད་པར་བརྗོད་པར་བྱའོ། །གལ་ཏེ་སྒྲ་གཅིག་ཉིད་ཡིན་དུ་ཟིན་ཀྱང་གསལ་བྱེད་ཐ་དད་པ་ལས་སྣང་བ་ཐ་དད་པར་གཞག་པར་ནུས་སོ་ཞེ་ན། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་དེ་ལ་
གསལ་བྱེད་ཐ་དད་པ་ལས་སྣང་བ་ཐ་དད་དོ་ཞེས་བྱ་བ་སྟེ། བུམ་པ་ལ་སོགས་པ་ངོ་བོ་གཅིག་པ་ཅན་ཉིད་ཡིན་མོད་ཀྱི་འོན་ཀྱང་གསལ་བྱེད་ཐ་དད་པ་ལས་ཐ་དད་པར་སྣང་བར་འགྱུར་རོ་ཞེས་ལན་བཏབ་པ་ནུས་པ་ཁོ་ན་ཡིན་ནོ། །གཞན་ཡང་བྱེད་པ་རྣམས་ཀྱི་ཚོགས་པའི་ཡོངས་སུ་བསྐྱོད་པ་ལ་སོགས་པའི་མཚན་
ཉིད་ཅན་གྱི་བྱ་བ་ཡིས་ནི་ངེས་པར་ཡང་། སྒྲ་དམིགས་ཕྱིར་འབྲས་བུ་ཉིད་ཡིན་ཏེ་ཐོབ་པར་འགྱུར། ཅིའི་ཕྱིར་ཞེ་ན། རྒྱུ་གསལ་བྱེད་མི་སྲིད་པའི་ཕྱིར་ཏེ། ངེས་པས་གསལ་བྱ་བའི་དམིགས་པ་མི་སྲིད་པའི་ཕྱིར་རོ། །འགའ་ཞིག་གི་ཚེ་ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བྱེད་

པའི་བྱ་བ་ཅི་འདྲ་བས་སྒྲ་དམིགས་པར་བྱ་བ་དེ་འདྲ་བས་འགའ་ཞིག་གི་ཚེ་ཡང་བྱེད་པའི་བྱ་བ་རྣམས་ལ་སྒྲ་མི་དམིགས་པ་ནི་ཡོད་པ་མ་ཡིན་གྱི་འོན་ཀྱང་དམིགས་པ་ཁོ་ན་ཡིན་ནོ། །གདོན་མི་ཟ་བར་གསལ་བྱེད་ཀྱི་བྱ་བས་དོན་ལ་དམིགས་པར་བྱེད་ཅིང་འཛིན་པར་བྱེད་པ་མ་ཡིན་
ནོ། ཅིའི་ཕྱིར་ཞེ་ན། བུམ་པ་ལ་སོགས་པས་སྟོང་པའི་ས་ཕྱོགས་འགའ་ཞིག་ན་སྒྲོན་མ་ལ་སོགས་པའི་མཚན་ཉིད་ཅན་གྱི་གསལ་བྱེད་ཡོད་དུ་ཟིན་ཀྱང་བུམ་པ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་སྒྲ་དེ་ནི་དེའི་བྱ་བ་སྟེ། བྱེད་པའི་བྱ་བ་ལས་ངེས་པར་དམིགས་པ་དེས་འབྱུང་བར་འགྱུར་བ་སྟེ། བྱེད་པའི་བྱ་བ་
ལས་སྒྲ་སྐྱེ་བ་ཡོད་པར་འགྱུར་རོ། །དེ་བས་ན་སྒྲ་ནི་བསྐྱེད་པར་བྱ་བ་ཉིད་ཡིན་གྱི་གསལ་བྱ་ནི་མ་ཡིན་ནོ། །ཇི་སྟེ་བྱེད་པ་པོ་སྒྲའི་བྱེད་པ་པོ་མ་ཡིན་ནོ་དེའི་བྱེད་པ་པོ་མ་ཡིན་པའི་བྱ་བ་ཡོད་ན་ཡང་དེ་གྲུབ་པ་སྟེ། སྒྲ་སྒྲུབ་པར་མི་རུང་བའི་ཕྱིར་རོ། །གལ་ཏེ་སྒྲ་ཁྱབ་པ་དང་རྟག་པ་ཡིན་པ་དེ་བས་ན། སྒྲ་
དག་ཀྱང་ཁྱབ་པ་དང་། རྟག་པ་ཉིད་ཀྱི་ཕྱིར་གསལ་བྱེད་ཀྱི་བྱེད་པའི་བྱ་བ་ལས་ཐམས་ཅད་དུ་དམིགས་པ་ཡིན་གྱི། བུམ་པ་ལ་སོགས་པ་ནི་ཁྱབ་པ་དང་རྟག་པ་མ་ཡིན་པ་དེ་བས་ན་གསལ་བྱེད་ཀྱི་བྱ་བས་གདོན་མི་ཟ་བར་དམིགས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ད་ནི་བུམ་པ་ལ་སོགས་པ་
དག་ངེས་པ་སྟེ། འབྲས་བུ་ཡིད་ཆེས་པ་ཅི་ཞིག་ཡོད་དེ། དཔེར་ན་ཇི་སྲིད་དུ་དེ་དག་རྟག་པ་མ་ཡིན་ཞིང་ཁྱབ་པར་བྱེད་པ་མ་ཡིན་ན། དེ་ལྟར་ན་དེ་དག་ཁྱབ་པ་དང་རྟག་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ན་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་དམིགས་པར་མི་འགྱུར་ཞེ་ན། བརྒལ་བ་དེ་ནི་སྒྲ་ལ་ཡང་
མཚུངས་ཏེ། དེ་ལ་ལན་བཏབ་པ་གང་ཡིན་པ་དེ་ནི་བུམ་པ་ལ་སོགས་པ་དག་ལ་ཡང་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པ་དེ་དག་དེ་ལྟར་ཁྱབ་པ་དང་རྟག་པ་ཉིད་དུ་མི་འདོད་པའི་ཕྱིར་རོ་ཞེ་ན། དེ་དང་ཆོས་མཐུན་པ་ཉིད་ཅན་ཏེ། བུམ་པ་ལ་སོགས་པ་དང་ཆོས་མཐུན་པ་ཉིད་ཅན་གྱི་སྒྲ་ཅིའི་ཕྱིར་
འདོད། འདི་ལ་ཕུལ་དུ་བྱུང་བ་ཅུང་ཞིག་ཀྱང་མེད་དོ་ཞེས་བཤད་ཟིན་ཏོ་ཞེས་བྱ་བ་བུམ་པ་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་འགལ་བ་མེད་པ་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཁྱབ་པར་བྱེད་པ་དང་རྟག་པ་ཉིད་ཀྱང་གོང་དུ་བཀག་ཟིན་པ་དེ་ལྟར་ན། དེ་ནི་ཅིར་ཡང་མི་རུང་ངོ་། །

བུམ་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། བྱེད་པ་པོ་མེད་པར་གསལ་བར་བྱེད་པ་གཞན་སྲིད་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་པ་སྟེ། སྒྲ་དང་མཚུངས་པ་ཉིད་དུ་ཐལ་བའི་ཉེ་བར་ཡོད་པ་མ་ཡིན་ནོ། །གསལ་བྱེད་གཞན་ཉིད་བསྟན་པའི་ཕྱིར་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་
པ་དེ་དག་གི་གསལ་བྱེད་འཇིག་རྟེན་པ་ལ་རབ་ཏུ་གྲགས་པ་ཡིན་གྱི། རྫ་མཁན་ལ་སོགས་པ་ནི་མ་ཡིན་ནོ། །ཇི་སྟེ་རྫ་མཁན་ལ་སོགས་པ་ཡང་གསལ་བྱེད་དུ་འགྱུར་བ་དེའི་ཚེ། རྫ་མཁན་ལ་སོགས་པ་དག་གསལ་བྱེད་ཉིད་ཡིན་ན་བུམ་པ་ལ་སོགས་པ་དེ་དག་དེ་འདྲ་བ་ཉིད་དུ་འགྱུར་བ་སྟེ། ཇི་ལྟར་སྒྲོན་མ་ལ་
སོགས་པ་དག་ནི་བྱེད་པ་པོ་ཉིད་ཡིན་ཏེ། ལྷག་མར་གྱུར་པའི་ཕྱིར་རོ། །དེ་ལྟར་རྫ་མཁན་ལ་སོགས་པས་ཀྱང་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །རྫ་མཁན་ལ་སོགས་པས་ཁྱད་པར་དུ་བྱེད་པར་འགྱུར་བ་ནི་གསལ་བྱེད་ཀྱི་ཁྱད་པར་ལས་ཐ་དད་པར་འཇུག་པའི་ཕྱིར་རྫ་མཁན་ལ་སོགས་པ་བྱེད་པ་པོ་ཉིད་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། ཕན་འདོགས་པར་བྱེད་པ་ལ་རྣམ་པ་གཞན་མེད་པའི་ཕྱིར་ཏེ། བྱེད་པ་པོ་ཉིད་དང་གསལ་བྱེད་པ་ཉིད་ལས་མ་གཏོགས་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་གསལ་བྱེད་ཉིད་ཡིན་པ་བཀག་པ་ན་རྫ་མཁན་ལ་སོགས་པ་དག་ནི་བྱེད་པ་པོ་ཉིད་ཡིན་ཏེ། ལྷག་མར་གྱུར་པའི་ཕྱིར་རོ། །སྒྲའི་
བྱེད་པ་མ་གཏོགས་པར་གསལ་བྱེད་ཀྱི་རྣམ་པ་གཞན་གྲུབ་པ་མེད་པ་དེ་ལྟར་ན། གང་གིས་སྒྲ་བྱེད་པ་ཉིད་ལ་བྱེད་པ་པོར་བཏགས་པར་འགྱུར། དེ་བས་ན་བུམ་པ་ལ་སོགས་པ་དང་འདྲ་བ་མེད་པའི་ཕྱིར་སྒྲ་གསལ་བྱ་ཉིད་ཡིན་ནོ་ཞེའོ། །དེ་དང་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། གསལ་བྱེད་
གཞན་ཡོད་པ་དེ་དང་དེ་ནི་སྒྲ་དག་ལ་ཡང་མཚུངས་སོ། །གང་གི་ཕྱིར་སྒྲ་དེ་ལ་ཡང་དབང་པོ་དང་ཡུལ་རུང་བ་ལ་སོགས་པ་དག་ལས་ཏེ། རྣ་བའི་དབང་པོ་དང་། རྣ་བའི་ཡུལ་དུ་རུང་བའི་གནས་སྐབས་ལས་སོ། །སྩོགས་པའི་སྒྲས་ནི་ཡིད་ལ་བྱེད་པ་ལས་ཀྱང་བྱེད་པ་རྣམ་པར་ཕུལ་དུ་བྱུང་བའི་ཕྱིར་རོ། །གལ་ཏེ་ཕུལ་
དུ་དབྱུང་བ་ཉིད་ཇི་ལྟར་ཡིན་ཞེ་ན། བྱེད་པ་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ། བུམ་པ་ལ་སོགས་པའི་བྱེད་པ་པོ་རྫ་མཁན་ལ་སོགས་པའི་ཚོགས་པ་གང་ཡིན་པ་དེ་དག་གི་ངེས་པ་རང་གི་འབྲས་བུ་དམིགས་པའི་ཆོས་གང་ཡིན་པ་དེ་ནི་བྱེད་པ་དག་ལ་མཐོང་བའི་

ཕྱིར་རོ། །དེ་དག་ཀྱང་བྱ་བའི་ཁྱད་པར་དང་ལྡན་པས་སྒྲ་ངེས་པར་དམིགས་པར་འགྱུར་བ་དེ་བས་ན་བུམ་པ་ལ་སོགས་པ་དང་འདྲ་བར་བྱེད་པ་པོ་དག་ཉིད་ཡིན་ནོ། །ཀྱང་གི་སྒྲ་སྡུད་པའི་དོན་དུ་འཆད་པ་གང་ཡིན་པ་དེ་དག་གིས་ནི་དབང་པོ་ལ་སོགས་པ་དག་ལས་བྱེད་པ་རྣམས་ཕུལ་དུ་བྱུང་བ་
ནི། བྱེད་པ་པོའི་ཆོས་ཀྱི་རྗེས་སུ་འཇུག་པ་ཉིད་དུ་བཤད་པའི་ཕྱིར་རོ། །རེ་ཞིག་སྒྲའི་གསལ་བྱེད་གཞན་དུ་མ་གྱུར་ཅིག་སྙམ་པ་དེ་ལྟ་ན་ཡང་གསལ་བྱ་ཉིད་དུ་མི་རིགས་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སྒྲོན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོན་མ་ལ་སོགས་པ་གསལ་བྱེད་དེ་ཉིད་དང་རོ་ལ་སོགས་
པའི་ཡུལ་གཞན་འགའ་ཞིག་ལ་སྒྲོན་མ་ལ་སོགས་པའི་གསལ་བྱེད་གཞན་མེད་པ་སྟེ། གསལ་བྱེད་གཞན་མེད་པ་དེའི་ཕྱིར་དེ་དག་གི་རྒྱུ་སྟེ། སྒྲོན་མ་ལ་སོགས་པའི་རྒྱུ་དག་ཀྱང་སྒྲོན་མ་ལ་སོགས་པ་དེ་དག་གི་གསལ་བྱེད་དག་ཏུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྒྲ་ནི་བྱེད་པ་དག་གིས་
གསལ་བ་མ་ཡིན་གྱི། འོན་ཀྱང་སྐྱེད་པ་ཉིད་ཡིན་ནོ། །གསལ་བ་ཉིད་རྣམ་པ་གཞན་གྱིས་གསལ་བའི་ཕྱིར་འགྱུར་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་དག་ལས་གསལ་བར་འགྱུར་ན་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། སྔར་གྱི་གནས་སྐབས་ནས་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་དམ། སྒྲ་དམིགས་
པའི་སྒྲིབ་པར་བྱེད་པ་དང་བྲལ་བའམ། སྒྲ་ལ་དམིགས་པའི་རྣམ་པར་ཤེས་པའི་སྒྲ་གསལ་བ་ཡིན་པར་འགྱུར་ཏེ། རྣམ་པ་གསུམ་མ་གཏོགས་པར་རྣམ་པ་གཞན་མེད་པའི་ཕྱིར་རོ། །རེ་ཞིག་དེ་ལ་ཕུལ་དུ་བྱུང་བ་སྐྱེད་པ་ནི་སྒྲ་གསལ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་མི་རྟག་པ་ཉིད་དུ་ཐལ་བར་
འགྱུར་བའི་ཕྱིར་རོ། །གལ་ཏེ་ཕུལ་དུ་བྱུང་བ་སྐྱེད་པ་ཡིན་ན་ནི་བླ་སྟེ་ཅི་ལྟར་ན་མི་རྟག་པ་ཡིན་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུལ་དུ་བྱུང་བ་སྐྱེད་པ་དེ་ནི་ངོ་བོ་སྔ་མ་ཉམས་པ་ཡིན་དང་ཕྱིས་ཏེ་ཕྱིས་འབྱུང་བ་ཅན་གྱི་ངོ་བོ་སྐྱེད་པ་སྟེ། འབྱུང་བ་གང་ཡིན་པ་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཅི་སྟེ་ཞེས་བྱ་
བ་ལ་སོགས་པས་ཕྱོགས་གཉིས་པ་ཉེ་བར་དགོད་པ་ཡིན་ཏེ། གལ་ཏེ་དཔྱོད་པ་ལ་ཁྱོད་ཀྱི་སྒྲ་དེའི་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ནི་དམིགས་པ་ལ་ཐོགས་པར་བྱེད་པའི་སྒྲིབ་བྱེད་གང་དག་ཡིན་པ་དག་དང་བྲལ་བ་གང་ཡིན་པ་དེ་སྒྲའི་གསལ་བ་ཡིན་པར་འདོད་ན། ཇི་ལྟར་བྱེད་པའི་ཚོགས་ཀྱིས་

བྱས་པ་ཡིན། གང་གི་ཕྱིར་སྒྲིབ་པར་བྱེད་པ་དང་བྲལ་བ་ཡང་མེད་པ་ཡིན་པ་དེའི་ཕྱིར། ཅིའི་ཕྱིར་མེད་པ་རྣམ་པ་འགའ་ཞིག་ཀྱང་འབྲས་བུ་མ་ཡིན་པ་དེ་ལ་བྱེད་པའི་ཚོགས་ཀྱིས་ཏེ། བྱེད་པ་འདུས་པའི་ནུས་པ་དེ་རུང་འགྱུར་བ་སྟེ། མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲིབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་
པས་འཆད་པར་བྱེད་པ་ལ། དེ་ནི་རེ་ཞིག་སྒྲིབ་པར་བྱེད་པའི་རང་གི་ངོ་བོ་ལ་བྱེད་པ་རྣམས་ཀྱི་ནུས་པ་མེད་པ་གང་ཡིན་པའི་ཕྱིར་སྒྲིབ་པར་བྱེད་པ་གྲུབ་པའི་ངོ་བོ་བྱེད་པ་ཅུང་ཟད་ཀྱང་མི་བྱེད་པར་ནུས་པ་མེད་པ་དག་ནི་སྒྲིབ་པར་བྱེད་པ་དག་དང་བྲལ་བ་ཡིན་དུ་ཟིན་ཀྱང་ནུས་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་བྲལ་
བ་ཡང་མེད་པ་ཡིན་ལ་མེད་པ་ཡང་འབྲས་བུ་མ་ཡིན་ནོ་ཞེས་སྔར་སྤྱི་གསལ་བར་དཔྱོད་པའི་སྐབས་སུ་བརྗོད་ཟིན་ཏོ་ཞེས་བསྟན་ཏོ། །སྒྲིབ་པར་བྱེད་པ་ཁས་བླངས་ནས་དེ་སྐད་དུ་བཤད་ནས་དེ་ཉིད་མེད་དོ་ཞེས་བསྟན་པའི་ཕྱིར་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྟག་པ་མ་བྱས་པ་ཕུལ་དུ་བྱུང་བ་ཉིད་
མ་ཡིན་པའི་ཕྱིར་སྒྲིབ་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་ཡིན་ན། གང་གིས་སྒྲིབ་པར་བྱེད་པ་དང་བྲལ་བ་གསལ་བར་འགྱུར། ཅིའི་ཕྱིར་ཞེ་ན། སྒྲིབ་པར་བྱེད་པ་དེ་ནི་དངོས་པོ་རྟག་པ་ཉིད་ལ་ནུས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡང་བཤད་ཟིན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྒྲིབ་པར་བྱེད་པ་ལ་
བྱེད་པ་དག་ཉེ་བར་དགོད་པར་བྱ་བ་མ་ཡིན་པ་སྟེ། བྱེད་པ་དག་གིས་སྒྲ་སྒྲིབ་པར་བྱེད་པ་དང་བྲལ་བར་བྱེད་དོ་ཞེས་བྱ་བ་དེ་ལྟར་ཉེ་བར་དགོད་པར་མི་བྱའོ་ཞེས་བྱ་བའི་བྱེད་པ་དེ་དག་ཀྱང་སྒྲ་ལ་ནུས་པ་མེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་བྱ་བ་མེད་པ་སྟེ། བྱེད་པ་དག་གི་བྱ་བ་མེད་པར་སྒྲ་མི་
དམིགས་པའི་ཕྱིར་རོ། །དེ་བས་ན་བྱེད་པའི་བྱ་བ་དེ་དག་གིས་སྒྲ་བྱེད་པར་འགྱུར་རོ། །དེ་ལྟར་མ་ཡིན་ན་སྟེ། གལ་ཏེ་བྱེད་པ་པོ་ནི་མ་ཡིན་གྱི། འོན་ཀྱང་གསལ་བ་བྱེད་པ་ཉིད་ཡིན་པ་དེའི་ཚེ། སྒྲ་དང་ཁྱད་པར་མེད་པའི་ཕྱིར་རྫ་མཁན་ལ་སོགས་པ་དག་གིས་བུམ་པ་ལ་སོགས་པ་གཞན་དག་ཀྱང་གསལ་
བ་ཐོབ་པར་འགྱུར་རོ། །ཇི་སྟེ་རྫ་མཁན་ལ་སོགས་པས་བུམ་པ་ལ་སོགས་པ་དེ་དག་གསལ་བ་ཉིད་དུ་འདོད་པ་དེའི་ཚེ། དེ་བཞིན་དུ་ནི་ཁས་ལེན་ན། རྒྱུ་རྣམས་ཀུན་ནི་དོན་མེད་ཉིད་འགྱུར་ཏེ་བྱ་བ་འགའ་ཞིག་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཀྱང་འཆད་པར་བྱེད་དེ། གལ་ཏེ་

རྒྱུ་ཐམས་ཅད་དང་ཆོས་མཐུན་པ་ཉིད་ཅན་གྱི་བྱེད་པ་སྒྲ་གསལ་བར་བྱེད་པ་དག་གིས་ཀྱང་སྟེ། བྱེད་པ་གང་དག་ལ་རྒྱུ་ཐམས་ཅད་དང་ཆོས་མཐུན་པ་ཉིད་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེའི་ཚེ་ད་ནི་འགའ་ཞིག་ཀྱང་འགའ་ཞིག་གི་འབྲས་བུར་མི་འགྱུར་ཏེ། བུམ་པ་ལ་སོགས་
པ་རྣམ་པར་གཞག་པ་ཐམས་ཅད་གསལ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་མེད་པ་ལ་སྐྱེ་བ་མེད་པའི་ཕྱིར་ཐམས་ཅད་གསལ་བྱ་ཉིད་དུ་འདོད་དོ་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཐམས་ཅད་མངོན་པར་གསལ་བར་རྟོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཐམས་ཅད་གསལ་བར་
བྱེད་པ་ཉིད་དུ་མངོན་པར་འདོད་པ་དག་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་གསལ་བར་བྱེད་པ་དག་ནི་དངོས་པོ་གསལ་བར་བྱ་བ་ཕུལ་དུ་བྱུང་བ་དང་། སྒྲིབ་པར་བྱེད་པ་མེད་པ་དང་། ཤེས་པར་བྱེད་པའི་ཕྱིར་གསལ་བྱེད་དུ་འགྱུར་རོ་ཞེས་བྱ་བའི་རྟོགས་པ་གསུམ་དུ་འགྱུར་གྲང་ན། རེ་ཞིག་
གསལ་བྱ་ཕུལ་དུ་བྱུང་བ་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་པའི་ངོ་བོ་ཅན་གྱི་དངོས་པོ་ནི་བྱ་བ་མ་ཡིན་པའི་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་རོ། །སྒྲིབ་པར་བྱེད་པ་དང་བྲལ་བའི་ཕྱིར་ཡང་མ་ཡིན་ཏེ། སྒྲིབ་པར་བྱེད་པ་དེ་ནི་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་བྱེད་
པའི་ཕྱིར་ཡང་གསལ་བར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཡུལ་ཅན་གྱི་ཤེས་པ་ཡང་དངོས་པོ་དང་འདྲ་བར་འབྲས་བུ་ཡོད་པར་སྨྲ་བའི་གཞུང་ལས་གྲུབ་པའི་ཕྱིར་རོ། །ཇི་སྟེ་ཤེས་པ་ལ་འགའ་ཞིག་གི་བྱེད་པ་པོ་ཉིད་དུ་འདོད་ན་དེ་ལ་ཁྱད་པར་མེད་པའི་ཕྱིར་ཤེས་པ་དང་འདྲ་བར་བུམ་པ་ལ་
སོགས་པ་ཡང་རྫ་མཁན་ལ་སོགས་པ་རྣམས་བྱེད་པ་པོ་ཉིད་དུ་འགྱུར་རོ། །དེ་ཉིད་ནི་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པའི་བྱེད་པ་པོར་ཆོས་མཚུངས་པ་ཅན་དེ་ལྟ་བུར་གྱུར་པ་རྫ་མཁན་ལ་སོགས་པ་གཞན་དག་ལ་ཡང་དེ་ལྟ་བུར་གྱུར་པར་ཐལ་བ་སྟེ། བུམ་པ་ལ་སོགས་
པ་ལ་བྱེད་པ་པོ་ཉིད་དུ་ཐལ་བའི་སྒོ་ནས་དངོས་པོ་ཐམས་ཅད་འབྲས་བུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། ཁྱད་པར་བརྗོད་པར་བྱ་བ་ཡང་གང་གིས་ཤེས་པ་ལ་བྱེད་པ་པོ་ཉིད་ཡིན་གྱི་བུམ་པ་ལ་སོགས་པ་ལ་ནི་མ་ཡིན་ནོ། །ཐམས་ཅད་འབྲས་བུ་ཉིད་དུ་འདོད་པ་ནི་མ་ཡིན་ཏེ། ཐམས་ཅད་གསལ་བ་ཉིད་དུ་

མངོན་པར་འདོད་པའི་ཕྱིར་རོ། །གསལ་བྱའི་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་པ་དེ་བས་ན་དོན་གྱི་ཚོགས་བུམ་པ་ལ་སོགས་པའམ། གཞན་བྱེད་པ་པོར་འདོད་པ་འདི་བུམ་པ་ལ་སོགས་པའི་གསལ་བ་འགའ་ཞིག་ལ་ཉེ་བར་སྦྱོར་བ་མ་ཡིན་ཏེ། དངོས་པོ་ནི་བྱ་བ་མ་ཡིན་པའི་ཁྱད་པར་ཅན་ཉིད་ཡིན་ནོ་ཞེས་བྱ་བ་
ལ་སོགས་པའི་དེ་མ་ཐག་ཏུ་གསལ་བ་བཀག་པ་ཉིད་ཀྱི་ཕྱིར་རོ། །མེད་པའི་བྱ་བ་ལ་ཡང་ཉེ་བར་སྦྱོར་བ་མ་ཡིན་ཏེ། འགའ་ཞིག་ཀྱང་འབྲས་བུ་ཉིད་དུ་ཁས་མི་ལེན་པའི་ཕྱིར་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་བྱེད་པ་པོ་རྣམས་འབྲས་བུ་མེད་པ་ཅན་ཡིན་ན་འགྲོ་བ་འདི་བྱེད་པ་མེད་པ་སྟེ། བྱ་བ་
མེད་པར་འགྱུར་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་ཅན་མ་ཡིན་པ་སྟེ། གང་ལ་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཡོད་པ་མ་ཡིན་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །གཞན་ཡང་སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཡང་ངོ་ཤེས་
པ་དང་ཡོད་སྦྱོར་སྩོགས། གང་ཡིན་སྒྲུབ་བྱེད་འདོད་ན་ནི་སྟེ། ཁས་ལེན་ན་དཔེར་ན་སྒྲ་རྟག་སྟེ་ངོ་ཤེས་པར་འགྱུར་བ་ཉིད་ཀྱི་ཕྱིར་དང་ཡོད་པར་སྦྱོར་བའི་ཕྱིར་རོ། །གང་རབ་ཏུ་སྦྱོར་བར་བྱེད་པ་དེ་ནི་སྔར་ཡོད་པ་ཡིན་ཏེ། དཔེར་ན་སྟེའུ་ལ་སོགས་པའི་གཅོད་པ་ཉིད་ལྟ་བུའོ། །དོན་སྟོན་པའི་ཕྱིར་སྒྲ་སྦྱོར་བར་བྱེད་
པ་དེ་བས་ན་དེ་ཡང་སྦྱོར་བ་ལས་སྔར་ཡོད་པ་ཡིན་ནོ། །སྩོགས་པའི་སྒྲས་ནི་ཕྱིས་ཡི་གེ་ཨ་རྟོགས་པ་ནི་སྔ་མ་དང་ཐ་དད་པ་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་གཟུང་ངོ་། །དཔེ་མེད་པ་ཅན་ཡིན་ཏེ། གང་རྟག་པ་འགའ་ཞིག་ལ་སྒྲུབ་པར་བྱེད་པ་དེ་གནས་པ་ཡོད་པ་མ་ཡིན་པས་ན་
དཔེ་མེད་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་ཀུན་ནི་སྐད་ཅིག་གིས་ནི་འཇིག་ཕྱིར་རོ། །རེ་ཞིག་ཚིག་དེ་ཉིད་རྣམ་པར་འགྲེལ་པའི་ཕྱིར། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པའི་རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཞེས་སྔར་བཤད་པ་དང་ཕྱིས་འཆད་པར་འགྱུར་རོ། །འཇིག་པའི་སྒོ་ནས་མི་
རྟག་པ་ཉིད་དུ་བསྟན་ནས་སྐྱེ་བའི་སྒོ་ནས་ཀྱང་བསྟན་པའི་ཕྱིར་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལས་ཏེ་རྒྱུ་གཞན་ལས་དངོས་པོ་ཐམས་ཅད་སྐྱེ་བ་ཅན་ཡང་ཡིན་པ་དེ་བས་ན་མི་རྟག་པ་ཉིད་ཀྱང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞན་ལས་སྐྱེ་བ་ཡིན་གྱི་ཅིའི་ཕྱིར་གློ་བུར་བ་ཉིད་

དུ་འགྱུར་བ་མ་ཡིན་ཞེ་ན། ཡོད་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གློ་བུར་བ་ཉིད་ལ་ཡུལ་དང་དུས་དང་རྫས་ངེས་པ་མེད་པའི་ཕྱིར་རོ། །དེ་ཉིད་སྔར་བཤད་ཟིན་ཏོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་རོ། །ངོ་ཤེས་པ་དང་ཡོད་པར་སྦྱོར་བ་ལ་སོགས་པའི་རྟགས་ནི་མཐུན་པའི་ཕྱོགས་སུ་
འགྱུར་བའི་དངོས་པོའི་ངོ་བོ་གཅིག་པ་ཅན་འགའ་ཞིག་ལ་ཡང་འཇུག་པ་མ་ཡིན་ནོ། །རྒྱུན་ལ་བརྟེན་པ་ཉིད་དུ་བརྟག་པའི་ཕྱིར་ཡང་གཅིག་སྨོས་པ་ཡིན་ལ། སྐད་ཅིག་མ་གཅིག་ལ་ཡང་ངོ་བོ་གཅིག་པ་ཉིད་ཡོད་པའི་ཕྱིར་བརྟན་པ་སྨོས་ཏེ། དུས་ཐམས་ཅད་དུ་འཇིག་པ་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་
པའི་དོན་ཏོ། །སྒྲོན་མ་ལ་སོགས་པ་གང་དག་ལ་རང་བཞིན་གཞན་དང་གཞན་དུ་སྟེ། ཕན་ཚུན་གྱུར་པའི་སྐྱེ་བ་ཡོད་པ་དེ་དག་ཉིད་ལ་ངོ་ཤེས་པ་ལ་སོགས་པའི་རྟགས་མཐོང་བའི་ཕྱིར་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པས་ན་འགལ་བ་ཉིད་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་ཡིན་
ཏེ་ངོ་ཤེས་པ་འགལ་བ་མ་ཡིན་ནོ། །ངོ་ཤེས་པ་གང་ལ་སྐྱེ་བ་ཐ་དད་པ་མེད་པ་བསྟན་པ་ངོ་བོ་གཅིག་པ་ཅན་ཡོད་པ་སྟེ། འཁྲུལ་པ་སྒྲོན་མ་ལ་སོགས་པ་དག་ལ་ཡོད་པའི་ཕྱིར་རོ། །གལ་ཏེ་འཁྲུལ་པ་ཉིད་ཇི་ལྟར་ཡིན་ཞེ་ན། ཆོས་མཐུན་པ་ཉིད་ཅན་དུ་རྣམ་པར་འཁྲུལ་པའི་ཕྱིར་ཏེ། སྐད་ཅིག་མ་སྔ་ཕྱི་དག་
གིས་འདྲ་བ་གང་ཡིན་པ་དེས་རྣམ་པར་འཁྲུལ་པ་སྟེ་བསླུས་པའི་ཕྱིར་རོ། །དེ་སྐད་དུ་ངོ་ཤེས་པ་འཁྲུལ་པ་མེད་པ་གཏན་ཚིགས་ཉིད་དུ་གཟུང་བ་དེ་ཡང་སྒྲོན་མ་ལ་སོགས་པ་ལ་གནས་པ་མ་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །སྐྱེ་བ་ཐ་དད་པ་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། གང་ལ་
བརྟེན་ནས་ཏེ་ཚད་མ་གང་གིས་སྐྱེ་བ་ཐ་དད་པ་མེད་པ་ཅན་ངོ་ཤེས་པ་ཞེས་བརྗོད་པ་ཡིན། བརྟན་པ་ངོ་བོ་གཅིག་པ་ཅན་ལས་ངོ་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཚད་མ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ་མེད་པ་དེ་ནི་རྡོ་རྗེ་ལ་སོགས་པ་ཐམས་ཅད་ལ་ཡང་སྔ་ཕྱིར་ཏེ། དཔེར་ན་
རྡོ་རྗེ་ལ་སོགས་པའི་སྔར་གྱི་རང་གི་ངོ་བོ་གང་ཡིན་པ་ཕྱིས་ཀྱང་དེ་ཉིད་ཡིན་ནམ། འོན་ཏེ་གཞན་ཉིད་ཡིན། འོན་ཀྱང་སྒྲོན་མ་ལ་སོགས་པ་བཞིན་དུ་འདུ་བ་ལས་གཅིག་ཉིད་དུ་འཁྲུལ་པ་ཡིན་ནོ་ཞེས་དཔྱད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་རྡོ་རྗེ་ལ་སོགས་པའི་ཐ་དད་པ་མེད་པ་དེ་བཞིན་

དུ་དེ་དག་གི་ཐ་དད་པ་ཡང་ངེས་པ་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་གྲང་བ་དང་དྲོ་བའི་རེག་པ་ཐ་དད་པ་ལ་སོགས་པ་ངེས་པའི་ཕྱིར་རོ། །དེ་ལྟར་ནི་རྡོ་རྗེ་ལ་སོགས་པ་འགའ་ཞིག་ཏུ་གྲང་བར་འགྱུར་བ་འགའ་ཞིག་གི་དྲོ་བར་འགྱུར་བ་དེ་ཡང་ཐ་དད་པ་མེད་པར་མི་འཐད་པའི་ཕྱིར་རོ། །ཁས་བླངས་ནས་ཀྱང་ངེས་
པ་ཡོད་པ་མ་ཡིན་པར་བརྗོད་པ་ནི་དེ་ཉིད་ཀྱི་ཐེ་ཚོམ་ཡིན་པ་ཡང་བླ་སྟེ། གཅིག་ཏུ་ཐ་དད་པ་མེད་པ་ཉིད་ཡིན་ནོ་ཞེས་རྟོགས་པར་མི་འགྱུར་བ་དེ་ལྟ་ན་ཡང་ངོ་ཤེས་པ་ཞེས་བྱ་བའི་གཏན་ཚིགས་ཐ་དད་པ་མེད་པའི་གོ་རིམས་རིགས་པ་མ་ཡིན་ནོ། །དེ་ཉིད་ནི་ཐེ་ཚོམ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ་
མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་བའི་ངོ་ཤེས་པའི་རྟགས་ལས་སྒྲ་དག་གཅིག་ཉིད་དུ་གྲུབ་པ་མ་ཡིན་ནོ། །གལ་ཏེ་གནས་སྐབས་སྔ་ཕྱི་དག་ཐ་དད་པ་སྟེ་སོ་སོར་མཐོང་བ་མེད་པའི་ཕྱིར་རྡོ་རྗེ་ལ་སོགས་པ་དག་གཅིག་ཉིད་དུ་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ།
རྡོ་རྗེ་ལ་སོགས་པ་དག་ལ་ཐ་དད་པར་མཐོང་བ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་པ་སྔ་ཕྱིས་རྡོ་རྗེ་ལ་སོགས་པའི་ཤེས་པ་དག་གོ་རིམས་བཞིན་དུ་འབྱུང་བ་ཅན་ཉིད་ཀྱི་ཡོད་པ་དང་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་རྡོ་རྗེ་ལ་སོགས་པ་ལ་དམིགས་པའི་ཕྱིས་ཀྱི་ཤེས་པ་སྔར་མེད་
པས་རང་གི་རྒྱུའི་ཁྱད་པར་སྔར་མེད་པ་ཉིད་སྒྲུབ་པར་བྱེད་ཅིང་ཕྱིས་ཡོད་པས་ཀྱང་ཡོད་པ་ཉིད་དོ་ཞེས་བྱ་བ་དེ་ལྟར་ན་ཤེས་པ་སྔ་མ་དང་ཕྱི་མས་རྡོ་རྗེ་ལ་སོགས་པ་ཡོད་པ་དང་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །རང་བཞིན་ཐ་དད་པ་སྲིད་པའི་ཕྱིར་ཏེ་ཐ་དད་པ་ཡོད་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གལ་
ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིས་འབྱུང་བ་ཞེས་བྱ་བ་དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་སྔར་ཏེ། ཤེས་པ་སྔ་མའི་དུས་ན་རྒྱུ་ཐག་ཉེ་བ་ཅན་དག་ཡིན་ན་ཤེས་པ་སྔ་མ་དང་འདྲ་བར་སྐྱེ་བ་ཉིད་དུ་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །དེ་བས་ན་ཤེས་པ་དེ་དག་མི་སྐྱེ་ན་ནི་སྔར་རང་གི་རྒྱུ་དང་བྲལ་བ་
སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ན་ནི་གལ་ཏེ་རྒྱུ་དེ་དག་སྔར་ཡོད་པར་འགྱུར་བ་ཡིན་ན་ཡང་ནུས་པའམ་ནུས་པ་མེད་པར་འགྱུར་གྲང་ན། གལ་ཏེ་ནུས་ན་ནི་སྔར་ཡང་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ནུས་པ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་ནུས་པ་མེད་ན་ཡང་ཕྱིས་ཀྱང་སྐྱེད་པར་མི་འགྱུར་

རོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་པ་ནི་ཕུལ་དུ་བྱུང་བ་ཉིད་དུ་བྱར་མེད་པ་ཉིད་ཀྱིས་གང་ལས་ཀྱང་ནུས་པ་རྙེད་པ་མེད་པའི་ཕྱིར། ཅི་སྟེ་ཕྱིས་འགའ་ཞིག་ལས་ནུས་པ་རྙེད་པ་དེའི་ཚེ་ནུས་པ་རྙེད་པ་ཉིད་ཡིན་ན་ནི་བརྟག་པ་ཉིད་མི་རུང་བའི་ཕྱིར་ཏེ། སྔར་གྱི་ནུས་པ་མེད་པའི་རང་བཞིན་
ཉམས་ནས་ནུས་པ་གཞན་སྐྱེད་པའི་ཕྱིར་རོ། །དེ་བས་ན་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་གྱི་ཡུལ་གྱི་ཤེས་པ་དག་གིས་རང་གི་ཡུལ་གྱི་གོ་རིམས་ཀྱང་སྒྲུབ་པར་བྱེད་པ་དེ་ལྟར་ན་དངོས་པོ་ཐམས་ཅད་ཐ་དད་པར་གྲུབ་པའི་ཕྱིར་མི་རྟག་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡོད་པའི་སྦྱོར་
བ་འདི་ཡིན་པ་དེ་ལྟ་ན་ཡང་སྟེ། གཏན་ཚིགས་གཉིས་པ་བརྗོད་པ་གང་ཡིན་པ་དེས་ཀྱང་སྦྱོར་བ་པོའི་ནུས་པས་སྒྲ་ལ་སོགས་པ་སྐྱེད་པ་གང་ཡིན་པ་དེ་ཉིད་བརྗོད་པ་ཡིན་ནོ། །རྒྱུའི་ནུས་པ་ལས་ཡོད་པའི་སྦྱོར་བ་ཞེས་བྱ་བའི་བཤད་པ་འདིས་ཡིན་གྱི། སྦྱོར་བ་པོའི་བྱ་བ་ལས་སྔར་ཡོད་ཅིང་སྣང་བའི་རང་གི་
འབྲས་བུའི་བྱ་བ་ལ་སྦྱོར་བ་ལས་བྱ་བ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྦྱོར་བ་པོའི་བྱ་བ་ལས་སྔར་སྟེའུ་ལ་སོགས་པའམ། སྒྲ་རང་གི་འབྲས་བུ་ལ་ནུས་པ་ཡོད་པ་དེའི་ཚེ། བདག་ཉིད་ཀྱི་ནུས་པ་ལ་སྦྱོར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་སྐྱེས་བུ་ལ་ལྟོས་པ་མེད་པར་སྟེའུ་ལ་སོགས་པ་བདག་ཉིད་འཇུག་
པར་འགྱུར་རོ། །གལ་ཏེ་སྦྱོར་བའི་སྒྲས་སྐྱེ་བ་ཉིད་བརྗོད་པ་ཡིན་ན། ཅིའི་ཕྱིར་སྟེའུ་ལ་སོགས་པ་དང་སྒྲའི་སྐྱེ་བ་ཞེས་མི་བརྗོད་པར་ཅིའི་ཕྱིར་སྦྱོར་བ་སྨོས་ཤེ་ན། སྦྱོར་བ་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་སྟེ་མངོན་པར་འདོད་པའི་དོན་གཅོད་པ་ལ་སོགས་པ་སྒྲུབ་པར་བྱེད་པ་གྲུབ་པ་དེ་ལ་སྟེའུ་
ལ་སོགས་པ་ནུས་པའི་རང་བཞིན་སྐྱེད་པ་ཉིད་ཡིན་པར་བརྗོད་དོ། །ནུས་པ་ཉིད་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རིགས་མཐུན་པ་སྟེ་ཉེ་བར་ལེན་པ་འདྲ་བ་རྒྱུར་གྱུར་པའི་སྐད་ཅིག་མ་ལ་ལྟོས་པ་ཅན་ཞེས་བྱ་བ་རིགས་མཐུན་པའི་ཉེ་བར་ལེན་པ་ལ་ལྟོས་པ་ཅན་ནོ། །སྟེའུ་ལ་སོགས་པའི་སྦྱོར་བ་བཞིན་ཏེ།
གཅོད་པ་ལ་སོགས་པའི་སྦྱོར་བར་བྱེད་པའི་སྟེའུ་ལ་སོགས་པ་ནི་རིགས་མཐུན་པའི་སྐད་ཅིག་མ་སྔ་མ་ལ་ལྟོས་པའི་ཕྱིར་རོ། །ཉེ་བར་ལེན་པ་ལ་ལྟོས་པ་མེད་པ་ཅན་ནི་ལས་ལ་སོགས་པའི་སྦྱོར་བ་བཞིན་ནོ། །སྩོགས་པའི་སྒྲས་ནི་སྒྲ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །ལས་ལ་སོགས་པ་ལ་དང་

པོར་སྦྱོར་བར་བྱེད་པ་དག་ལ་འདྲ་བའི་སྐད་ཅིག་མ་སྔ་མ་ལ་ལྟོས་པ་ནི་ཡོད་པ་མ་ཡིན་ནོ། །གང་ཡང་སྔར་ལན་དུ་མ་མཐོང་བའི་དངོས་པོ་ལྐོག་ཏུ་གྱུར་པ་ཡིན་དུ་ཟིན་ཀྱང་། ཕྱིས་དྲན་པ་སད་པའི་རྒྱུ་འགའ་ཞིག་ལས་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པའི་ལྐོག་ཏུ་གྱུར་པ་ངོ་ཤེས་པ་ཚད་མར་གྱུར་པ་ནི་མ་ཡིན་མོད་ཀྱི་མདུན་ན་གནས་པའི་
དངོས་པོ་ལས་སྐྱེས་པ་གང་ཡིན་པ་དེ་མངོན་སུམ་ངོ་ཤེས་པ་དེ་ཡང་མངོན་སུམ་གྱི་ཚད་མ་ཉིད་ཡིན་ཏེ། མངོན་སུམ་གྱི་ཚད་མ་དེ་ཉིད་ལས་དངོས་པོ་རྣམས་ཀྱི་བརྟན་པ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་གང་ཡིན་པའི་མངོན་སུམ་དུ་གྱུར་པའི་ངོ་ཤེས་པ་དེ་ཡང་འོག་ནས་དགག་པར་བྱའོ། །ཕྱོགས་འདིས་བརྟན་
པ་བསྒྲུབ་པའི་ཕྱིར་སྨྲས་པའོ། །རྟགས་ངན་གཞན་ཡང་སུན་དབྱུང་བྱ། །འདི་ལྟར་བརྟན་པ་བསྒྲུབ་པའི་ཕྱིར་གང་སྒྲུབ་པར་བྱེད་པའི་ཆོས་འགའ་ཞིག་ཀྱང་རིགས་མཐུན་པ་སྟེ། དངོས་པོ་བརྟན་པའི་རང་བཞིན་གཅིག་གི་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དེའི་གནས་
སྐབས་ཅན་ཉིད་ཡིན་པའི་ཕྱིར་ཏེ། །རང་བཞིན་གཞན་དང་གཞན་ཉམས་པ་དང་སྐྱེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །བརྟན་པར་དམ་བཅས་པ་ཐམས་ཅད་ཀྱང་རིགས་པ་དང་འགལ་བའི་ཕྱིར་ཏེ། རྗེས་སུ་དཔག་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། ཇི་སྐད་དུ་བརྗོད་པ་སྟེ་ཇི་སྐད་དུ་བསྟན་
བཅོས་འདིར་སྐད་ཅིག་མ་ཉིད་དུ་སྒྲུབ་པ་བརྗོད་པ་དང་བརྗོད་པར་འགྱུར་བའམ། རང་གི་སྡེ་པ་དག་གིས་བསྟན་བཅོས་གཞན་ལ་ཇི་སྐད་དུ་བརྗོད་པ་དེའི་རྗེས་སུ་འབྲངས་ནས་རིགས་པ་དང་འགལ་བའི་རྒྱུའི་ཕྱིར་རོ། །གཞན་གྱིས་ཀུན་དུ་བརྟགས་པའི་བརྟན་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་
གཞན་དག་ཀྱང་སྐྱོན་ཅན་དུ་བརྗོད་པར་བྱའོ། །དེ་ལྟར་ན་རེ་ཞིག་གསལ་བའི་རིམ་པ་ཡང་དག་མ་ཡིན་ནོ་ཞེས་བྱ་བའི་སྐབས་སུ་གསལ་བ་སྒྲ་ཕུལ་དུ་བྱུང་བ་སྐྱེད་པའམ། དེའི་སྒྲིབ་པར་བྱེད་པ་དང་བྲལ་བའམ། ཤེས་པ་ཞེས་བྱ་བ་རྣམ་པར་རྟོག་པ་གསུམ་སྟེ། དེ་ལ་སྒྲ་རྟག་པ་ཉིད་ཀྱི་ཕྱིར་ཕུལ་
དུ་བྱུང་བ་སྐྱེ་བ་མ་ཡིན་པ་དང་། སྒྲིབ་པར་བྱེད་པ་མེད་པ་ནི་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་སྒྲིབ་པར་བྱེད་པ་དང་བྲལ་བ་གསལ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བས་རྣམ་པར་རྟོག་པ་གཉིས་སྤངས་ནས་ཤེས་པ་གསལ་བ་ཡིན་ནོ་ཞེས་བྱ་བ་ལྷག་མར་བྱས་པ་ཡིན་ནོ། །དེའི་ཚེ་ཡང་གསལ་བའི་གོ་

རིམས་ངག་ཡིན་ན་བློའི་གོ་རིམས་ངག་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །རིག་བྱེད་ཀྱི་ངག་སྐྱེས་བུས་མ་བྱས་པར་བསྒྲུབ་པར་བྱ་བ་ཡིན་ལ། དེ་ཡང་དེའི་རང་བཞིན་ཡིན་པ་དེ་ལྟར་བློ་ཉིད་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ། །དེ་ལ་བློ་ནི་སྐྱེས་བུའི་རྟེན་ཅན་མིན་ཏེ་སྐྱེས་བུ་ལ་བརྟེན་
པ་ཅན་མ་ཡིན་པ་བསྒྲུབ་པར་བྱ་བ་དམ་བཅས་པ་ལ་གནོད་པ་ཡིན་ནོ། །གང་གིས་ཤེ་ན། ཁས་བླངས་མངོན་སུམ་གྲགས་པ་དང་རྗེས་སུ་དཔག་པས་ཅིག་ཅར་ཏེ་དུས་གཅིག་ཏུའོ། །ཁས་བླངས་པས་ནི་ཁས་ལེན་པས་སོ། །རབ་ཏུ་གྲགས་པ་ཉིད་ནི་གྲགས་པས་སོ། །རྗེས་སུ་དཔག་པ་ཉིད་ནི་རྗེས་སུ་དཔག་
པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གལ་ཏེ་གསལ་བ་བློ་ཡིན་ན་དེའི་གོ་རིམས་ངག་ཡིན་ལ་དེ་ཡང་བློ་ལས་དོན་གཞན་དུ་གྱུར་པ་མ་ཡིན་པའི་ཕྱིར་གོ་རིམས་དེ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་ན། བློ་ཉིད་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་འགྱུར་རོ། །དེ་ཡང་གྲུབ་
པའི་མཐར་ཏེ། དཔྱོད་པ་པའི་ལུང་ལ་གནོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བློ་རྣམས་ནི་རང་གི་གྲུབ་པའི་མཐའ་ལ་སྐྱེས་བུས་ཡོན་ཏན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཁས་བླངས་པས་གནོད་པ་འདིས་ཀྱང་རང་གི་ཚིག་གིས་གནོད་པ་བསྡུས་པའི་ཕྱིར་སོ་སོར་མ་སྨོས་སོ། །མངོན་སུམ་གྱིས་གནོད་
པ་བསྟན་པའི་ཕྱིར་བློ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་འདི་ནི་ཡིད་ལ་བྱེད་པ་ལ་སོགས་པ་དག་ལས་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་མངོན་སུམ་ཡིན་ནོ། །སྩོགས་པའི་སྒྲས་ནི་དབང་པོ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །ཡིད་ལ་བྱེད་པ་ལ་སོགས་པ་ཅི་འདྲ་བ་དག་ལས་ཞེ་
ན། སྐྱེས་བུར་བགྲང་བ་ཅན་ཏེ། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་བརྡར་བཏགས་པ་ཅན་དག་གིས་ཡིན་ཏེ། སྐྱེས་བུ་ཞེས་བྱ་བ་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ། །དེ་ནི་རང་གི་འདོད་པས་བཤད་པ་ཡིན་ནོ། །སྐྱེས་བུའི་ཡོན་ཏན་ཞེས་བྱ་བ་སྐྱེས་བུ་ཐ་དད་པའི་ཡོན་ཏན་
ཡིན་ཏེ་དེ་ནི་གཞན་གྱི་འདོད་པས་བཤད་པ་ཡིན་ནོ། །དེ་བས་ན་ཡིད་ལ་བྱེད་པ་ལ་སོགས་པ་དག་ལས་སྐྱེ་བར་འགྱུར་བའི་འབྲས་བུ་ཉིད་དུ་མངོན་སུམ་དུ་གྲུབ་པ་ཡིན་ནོ། །དེ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པ་ན་མངོན་སུམ་གྱིས་གནོད་པ་ཡིན་ནོ། །འདོད་པ་ནི་འགྱུར་ན་འབྲས་བུ་ཉིད་མངོན་སུམ་མ་

ཡིན་པ་དེ་བས་ན་མངོན་སུམ་གྱིས་གནོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུར་མངོན་པར་འདོད་པ་ཡོད་ན་དངོས་པོ་སྔ་ན་ཡོད་པ་མ་ཡིན་པ་ཉིད་དུ་འབྱུང་བ་དང་། དེ་མེད་ན་མི་འབྱུང་བ་ཞེས་བྱ་བ་དེ་ནི་ཡོད་པ་དང་མེད་པའི་ཁྱད་པར་ཡིན་ནོ། །དེ་དག་ལས་འབྲས་བུ་གཞན་ཉིད་
མེད་དོ། །ཇི་སྐད་དུ་བཤད་པ་ཡོད་པ་དེ་ཡང་མངོན་སུམ་ཁོ་ནས་ཡིན་ནོ། །གལ་ཏེ་དེ་མེད་པར་ཡང་མེད་པ་ཇི་ལྟར་མངོན་སུམ་གྱིས་གྲུབ་པ་ཡིན་ཞེ་ན། མི་དམིགས་པའི་མཚན་ཉིད་ཅན་གྱི་མེད་པ་ཡང་ཞེས་བྱ་བ་སྨོས་ཏེ། མེད་པ་གང་ལ་མི་དམིགས་པའི་མཚན་ཉིད་ཀྱི་རང་བཞིན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་
སྦྱར་རོ། །དེ་ཡང་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ནོ་ཞེས་བྱ་བ་འོག་ནས་འཆད་པར་འགྱུར་རོ། །མེད་པ་དངོས་སུ་ཡུལ་གྱི་ངོ་བོའི་སྒོ་ནས་མངོན་སུམ་གྱིས་རྟོགས་པ་མ་ཡིན་ཏེ། དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་ལས་གཞན་པའི་ངོ་བོ་དབེན་པའི་དངོས་པོ་ཉིད་བསྟན་པའི་སྟོབས་ཀྱིས་མེད་
པ་ཁོང་དུ་ཆུད་པའི་ཕྱིར་སྟོབས་སྨོས་པ་བྱས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མངོན་སུམ་གྱིས་གྲུབ་པ་ཡིན་ནོ་ཞེས་དེ་སྐད་བསྟན་པར་བྱའོ། །གང་གི་ཕྱིར་ཡིད་ལ་བྱེད་པ་ལ་སོགས་པ་ཡོད་པ་དང་མེད་པ་དག་ལ། བློ་ཡོད་པ་དང་མེད་པ་དག་ཡིན་ལ་དེ་ཡོད་པ་དང་མེད་པ་དེ་ཉིད་ཀྱི་ཕྱིར། བློ་རྣམས་ནི་སྐྱེས་བུའི་འབྲས་
བུ་ཉིད་དུ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་ཉིད་འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྟགས་ཅན་ཉིད་ཡིན་པའི་ཕྱིར་ཏེ། འབྲས་བུའི་ཐ་སྙད་ཅེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འབྲས་བུ་གཞན་ནི་མེད་ན་གང་གི་རྟགས་དང་རྟགས་ཅན་གྱི་དངོས་པོར་མི་འགྱུར།
དེ་བས་ན་འདིས་ནི་རྗེས་སུ་དཔག་པས་གནོད་པ་བཤད་པ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པས་གྲུབ་པའི་དོན་འཇིག་རྟེན་ལ་གྲགས་པ་ཉིད་ཡིན་པའི་ཕྱིར། གྲགས་པས་གནོད་པ་ཡང་འདི་ཉིད་ཀྱིས་བསྟན་པ་ཡིན་པ་དེ་ལྟར་ན་ལོགས་ཤིག་ཏུ་མ་བཤད་དོ། །ཅི་སྟེ་གསལ་བའི་གོ་རིམས་དག་
ཡིན་པར་མི་འདོད་ཀྱི། འོན་ཀྱང་ཡི་གེའི་གོ་རིམས་ཡིན་ལ། དེ་ཡང་ཡི་གེ་དག་ལས་ཐ་དད་པ་ཡང་ཡིན་ནོ་ཞེ་ན། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་རྣམས་ལས་ཐ་དད་པའི་གོ་རིམས་ཀྱང་གསལ་བ་ཞེས་བྱ་བར་སྔར་བཤད་པའི་སྤྱོད་པ་གསལ་པོས་སྔར་ཐ་དད་པ་མེད་པ་ཡང་བཀག་

ཟིན་ཏོ། །ཅི་སྟེ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཚེ་ཡང་དོན་དམ་པར་ཡོད་པ་མ་ཡིན་པ་ནི་བློས་བརྟགས་པ་ཡིན་ནོ། །དེ་བས་ན་གོ་རིམས་དེ་རྟོགས་སྒྲོ་བཏགས་ཡིན་འགྱུར་ན་དེའི་ཚེ། ཇི་ལྟར་སྐྱེས་མིན་རྟེན་ཅན་ཡིན་པ་སྟེ། སྐྱེས་བུ་ལ་བརྟེན་པ་ཅན་ཉིད་དུ་འགྱུར།
ཡི་གེ་དག་ལས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡི་གེ་དག་ལས་ཐ་དད་པ་ཅན་ཏེ་ཐ་དད་པར་གྱུར་པའི་གོ་རིམས་ནི་སྔར་བཤད་པའི་གསལ་བ་རྣམ་པར་དཔྱད་པའི་གོ་རིམས་ཉིད་ཀྱིས་ལན་བཏབ་ཟིན་པ་སྟེ། དེ་ལ་སྒྲའི་ངོ་བོ་ཡི་གེ་དག་ལས་ཐ་དད་པར་འགྱུར་ན། ཡན་ལག་དུ་མའི་བདག་ཉིད་
ཅན་ནམ་དེ་ཡན་ལག་མེད་པ་ཅན་དུ་འགྱུར་གྲང་ན་ཞེས་བྱ་བ་ལ་སོགས་པའི་སུན་འབྱིན་པ་བཤད་པ་གང་ཡིན་པ་དེ་འདི་ལ་ཡང་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཡི་གེའི་རང་བཞིན་ཅན་མ་ཡིན་ཏེ། ཡི་གེ་དང་འདྲ་བར་སྔར་བཤད་པའི་སྐྱོན་དུ་ཐལ་བའི་ཕྱིར་ཏེ། དངོས་པོའི་རང་བཞིན་ཅན་ཡིན་
ན་ཡང་དེ་ལ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བར་འགྱུར་བ་མ་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་རང་བཞིན་ཅན་ནི་དེ་ཉིད་དང་གཞིན་ཉིད་ཀྱི་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་རོ། །དེ་བས་ན་དེའི་ངོ་བོ་ཅན་མ་ཡིན་པ་དག་ལ་སྟེ་དངོས་པོར་གྱུར་པའི་ཐ་དད་
པ་དང་ཐ་དད་པ་མེད་པའི་གོ་རིམས་དང་བྲལ་བ་ཡི་གེ་དག་ལ་དེའི་ངོ་བོ་སྒྲོ་བཏགས་པར་སྣང་བ་ཅན་ཏེ། གོ་རིམས་སུ་སྒྲོ་བཏགས་པར་སྣང་བ་ཅན་གྱི་བློའི་གོ་རིམས་འདི་ཞེས་འཁྲུལ་པར་འགྱུར་ན། འདི་ལྟར་བློས་སྒྲོ་བཏགས་པ་སྐྱེས་བུ་ལ་བརྟེན་པའི་གོ་རིམས་དེ་ཡང་ཇི་ལྟར་ན་སྐྱེས་བུས་མ་བྱས་
པ་ཡིན། ཅིའི་ཕྱིར་ཞེ་ན། བློའི་སྒྲུབ་པ་སྟེ་བྱ་བས་སོ་སོར་འཇོག་པའི་ཕྱིར་ཏེ། ཡང་དག་པར་སྟོན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གཏན་དུ་རྟག་པའི་རང་བཞིན་འགའ་ཞིག་ཀྱང་མེད་པའི་ཕྱིར། སྒྲ་ཡོད་ཅིང་སྣང་བས་གདོན་མི་ཟ་བར་གཏན་དུ་མ་ཡིན་པ་སྟེ། བརྟེན་པ་མ་ཡིན་པར་འགྱུར་རོ། །སྒྲ་
དེ་ཡང་རྒྱུ་མེད་པ་ཅན་ནམ་འདི་ལ་སྐྱེས་བུ་ལས་བཟློག་པའི་གཞན་གྱི་རྒྱུ་ཅན་ཡིན་པར་འགྱུར་གྲང་ན། རེ་ཞིག་རྒྱུ་མེད་པ་ཅན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་མེད་པ་ཅན་ཉིད་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར་རྟག་པར་འགྱུར་རོ། །གཞན་གྱི་རྒྱུ་ཅན་ཡིན་ན་ཡང་སྐྱེས་བུའི་བྱེད་པ་ལས་འགྱུར་བ་མ་

ཡིན་ནོ། །དེ་བས་ན་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །སྒྲའམ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། སྒྲའམ་ས་ལ་སོགས་པའི་དངོས་པོ་གཞན་གཏན་དུ་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། འཇིག་པ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ཡིན་ཏེ། འཇིག་
པ་ཡོད་ཙམ་འབྲེལ་པ་ཅན་ཉིད་ཀྱི་ཕྱིར་སྒྲ་ནི་མི་རྟག་པ་ཉིད། ཡོད་པ་ཉིད་ཀྱི་ཕྱིར་འཇིག་པར་འགྱུར་གྱི་རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ཏེ། སྒྲ་ཡང་ཡོད་པ་ཡིན་པ་དེའི་ཕྱིར་མི་རྟག་གོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དངོས་པོ་རྣམས་ཀྱི་འཇིག་པ་ཞེས་བྱ་བའི་ཆོས་གཞན་ནི་རྒྱུ་འགའ་ཞིག་ལས་ཀྱང་འགྱུར་
བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་པོའི་རང་བཞིན་ཉིད་ཀྱིས་འཇིག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཉིད་ནི་རང་གི་རྒྱུ་ལས་དེའི་ཆོས་ཅན་ཏེ། འཇིག་པའི་ཆོས་ཅན་དུ་འབྱུང་ཞིང་སྐྱེ་བའི་ཕྱིར་རོ། །སྐད་ཅིག་མ་གཅིག་གནས་པའི་
ཆོས་ཅན་ཁོ་ན་འཇིག་པ་ཡིན་ཞིང་དེ་ཡང་རང་གི་རྒྱུ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་ཉིད་དུ་མངོན་པར་འདོད་པའི་དངོས་པོ་གང་ཡིན་པ་དེ་ཉིད་འཇིག་པ་ཡིན་གྱི་སྒྲ་ལ་སོགས་པ་རྟག་པ་ཉིད་དུ་མངོན་པར་འདོད་པ་ནི་མ་ཡིན་ནོ་ཞེ་ན། དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་ཁྱད་
པར་གྱི་རང་བཞིན་འགའ་ཞིག་ཀྱང་འཇིག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་འོག་ནས་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དངོས་པོ་ཙམ་གྱི་རང་བཞིན་གྱིས་ཏེ་ཡོད་པ་ཙམ་རང་བཞིན་གྱིས་འཇིག་པར་འགྱུར་རོ། །རྒྱུ་དེས་ན་སྒྲའམ་གཞན་ཡོད་པ་ཉིད་བརྟེན་པ་སྟེ། ཡོད་པའི་རྟེན་དུ་གྱུར་
པའི་དངོས་པོ་ཐམས་ཅད་ནི་གཏན་དུ་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་པ་དེ་ཉིད་ཀྱི་གཞན་ལས་སྐྱེ་བ་མེད་པར་མ་གྲུབ་པའི་ཕྱིར་རོ། །གཞན་ལས་སྐྱེ་བའོ། །གཞན་ལས་སྐྱེ་བ་མ་ཡིན་པ་ནི་གཞན་ལས་སྐྱེ་བ་
མེད་པ་སྟེ། དེ་མ་གྲུབ་པའི་ཕྱིར་ཏེ། འཇིག་པ་རྒྱུ་མེད་པ་ཅན་ཉིད་མ་གྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་མེས་ཤིང་བསྲེགས་པ་དང་དབྱུག་པས་བུམ་པ་བཅོམ་པ་ཞེས་བྱ་བ་འཇིག་པའི་རྒྱུ་མེ་ལ་སོགས་པ་ཤིང་ལ་སོགས་པའི་དངོས་པོ་རྣམས་ལ་མཐོང་ངོ་། །དེ་ལྟར་ན་མེ་ལ་སོགས་པ་ཡོད་ན་

ཤིང་ལ་སོགས་པ་འཇིག་ཅིང་དེ་མེད་ན་འཇིག་པ་མེད་པ་དེ་ལྟར་ན་འཇིག་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡོད་པ་ཡིན་ནོ། །དེ་ཡང་རྒྱུ་དེ་དང་ལྡན་པ་སྟེ་རྒྱུ་དང་རྒྱུ་དང་ལྡན་པའི་མཚན་ཉིད་ཡིན་པར་སྨྲའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། མེ་
ལ་སོགས་པས་ཤིང་ལ་སོགས་པ་འཇིག་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་སྐད་ཅིག་མ་སྔ་མ་རང་གི་ངང་གིས་འགག་པར་འགྱུར་ན་མི་འདྲ་བ་གཞན་ཏེ་ཐལ་བ་ལ་སོགས་པའི་ངོ་བོ་ཕྱི་མ་སྐྱེ་བའི་ཕྱིར་མེ་ལ་སོགས་པ་དག་གིས་ཤིང་ལ་སོགས་པ་དག་འཇིག་པར་ཐ་སྙད་བཏགས་པ་ཡིན་གྱི། འཇིག་པར་བྱེད་པའི་
ཕྱིར་ནི་མ་ཡིན་ནོ། །དེའི་མི་འདྲ་བ་གཞན་སྐྱེ་བ་ཡང་གང་ལས་ཤེ་ན། ཁྱད་པར་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་ཅན་གྱི་རྐྱེན་མེ་ལ་སོགས་པ་ཉིད་ལ་བརྟེན་པ་སྟེ། ལྷན་ཅིག་བྱེད་པའི་རྒྱུ་དེ་དང་སྔར་རང་གི་ངང་གིས་འགོག་པའི་ཉེ་བར་ལེན་པ་ཞེས་ཚིག་ཁོང་ནས་དབྱུང་བར་བྱའོ། །ཡང་ན་
ཉེ་བར་ལེན་པའི་ངག་ལ་ཁྱད་པར་ཅན་གྱི་རྐྱེན་མེ་ལ་སོགས་པ་ལ་བརྟེན་པ་སྟེ། ལྷན་ཅིག་བྱེད་པ་ཡོད་པ་ཞེས་བྱ་བ་འབྲུ་མང་པོ་པར་བྱའོ། །མེ་ཤིང་འཇིག་པའི་རྒྱུ་ཡིན་པ་ནི་བླ་སྟེ། མེ་ལས་སྐྱེ་བ་ཅན་གྱི་འཇིག་པ་སྟེ་གང་ལ་མེ་ལ་སྐྱེ་བ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་ཤིང་ཉིད་དམ་འོན་ཏེ་ཤིང་ལས་
དོན་གཞན་དུ་གྱུར་པ་ཡིན་ཞེས་བྱ་བ་ཡང་ཁས་བླངས་ནས་བརྗོད་པའོ། །འཇིག་པ་རྒྱུ་མེད་ལས་དོན་གཞན་དུ་གྱུར་པ་དག་སྐྱེ་ན་ཤིང་ནི་མཐོང་བ་ཉིད་དུ་འགྱུར། ཅིའི་ཕྱིར་ཞེ་ན། ཤིང་ནི་འཇིག་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་ཤིང་དོན་གཞན་དུ་གྱུར་པ་ལས་འཇིག་པ་དོན་གཞན་དུ་གྱུར་པ་ཡིན་
ན་ཤིང་འཇིག་ཅིང་ཉམས་པ་ཞེས་བྱ་སྟེ། འཇིག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་ལྟར་འཇིག་པ་ཡིན་པ་དེ་ལྟར་ན་ཡང་དོན་གཞན་དུ་འགྱུར་བ་སྐྱེ་བས་འདི་མི་སྣང་བ་ཡིན་ནོ་ཞེ་ན། མི་སྣང་བ་ཞེས་བྱ་བ་སྨོས་ཏེ། ཅིའི་ཕྱིར་དེ་ལྟར་མི་སྣང་བ་ཁོ་ན་ཡིན་ནོ། །གལ་ཏེ་དོན་གཞན་སྐྱེས་པས་
དོན་གཞན་ཞིག་པའམ་མི་སྣང་བ་དེའི་ཚེ་དེ་ལྟ་ན་ཤིན་ཏུ་ཐལ་བར་འགྱུར་ཏེ། དོན་གཞན་དུ་གྱུར་པ་གང་ལ་ལ་འགའ་ཞིག་སྐྱེས་པ་ཐམས་ཅད་འཇིག་པའམ་མི་སྣང་བར་འགྱུར་རོ། །གལ་ཏེ་དེ་འདི་འཇིག་པ་ཡིན་ཞེས། མེ་ལས་སྐྱེས་པའི་དོན་འདི་ཤིང་འདིའི་ཡིན་གྱི་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་བྱ་བའི་

སྡུད་པར་བྱེད་པའི་ངག་དེ་ཉིད་གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གལ་ཏེ་དོན་དེ་ཉིད་མེ་ལས་སྐྱེས་པ་ཅན་གྱི་ཤིང་མེད་པ་སྟེ། འཇིག་པ་ཡིན་པ་དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ཤིང་གི་འཇིག་པ་ཉིད་ཀྱི་ཕྱིར་མི་སྣང་བ་ཡིན་ནོ་ཞེ་ན། དེའི་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། མེ་ལས་
སྐྱེས་པའི་དོན་དེའི་མེད་པ་ཞེས་བྱ་བ་འདི་ཡིན་པ་ནི་བླ་སྟེ། མིང་ཙམ་ཡིན་པ་དེ་ལྟར་ན་ཡང་ཇི་ལྟར་གཞན་ནི་གཞན་འཇིག་ཡིན། གང་གི་ཕྱིར་དོན་འགའ་ཞིག་ལ་མེ་ལས་སྐྱེས་པ་ཅན་གྱི་འཇིག་པ་ཞེས་བྱ་བའི་མིང་དུ་བྱས་པ་ཙམ་གྱིས་ཤིང་མི་སྣང་ངོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །འཇིག་རྟེན་ལ་རབ་
ཏུ་གྲགས་པ་ཉིད་ཀྱི་ཕྱིར་དེ་ཉིད་འཇིག་པ་མ་ཡིན་ནམ། དེའི་འཇིག་པ་ཞེས་བྱ་བ་མིང་དུ་བྱས་པ་ཙམ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གཞན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཞན་ནི་གཞན་གྱི་འཇིག་པ་ཡང་མ་ཡིན་ནོ། །ཐལ་ཆེས་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་ནི་ཤིང་གི་འཇིག་པ་ཡིན་
པར་འགྱུར་ཏེ། དེ་ཡང་བཤད་མ་ཐག་ཉིད་ཀྱིས་གསལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཤིང་ལ་དོན་གཞན་དུ་གྱུར་པ་ཉིད་ཀྱིས་མེ་ལས་སྐྱེ་བ་ཅན་གྱི་ཤིང་འཇིག་པ་ཉིད་དུ་བརྟགས་པ་དངོས་པོར་གྱུར་པ་དེ་ནི་དེ་ལས་གཞན་པ་སྟེ་བུམ་པ་ལ་སོགས་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཤིང་
ལ་མེས་བྱས་པའི་རང་བཞིན་གྱིས་འཇིག་པ་ཡིན་གྱི་བུམ་པ་ལ་སོགས་པ་ཐམས་ཅད་ཀྱི་ནི་མ་ཡིན་པ་དེ་བས་ན་ཐལ་ཆེས་པ་མེད་དོ། །ཤིང་ལ་མེས་བྱས་པའི་འཇིག་པ་འདི་ཡིན་ནོ་ཞེས་བྱ་བའི་ཤིང་དང་འཇིག་པ་དག་གི་འབྲེལ་པ་གང་ཡིན། ཕན་ཚུན་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་
བྱེད་པ་མེད་པའི་ཕྱིར་འབྲེལ་བ་ཉིད་ཡོད་པ་མ་ཡིན་ནོ། །གལ་ཏེ་ཤིང་ནི་བརྟེན་པ་ཡིན་ལ་གང་ལ་རྟེན་ཡོད་པས་ན་བརྟེན་པ་སྟེ། འཇིག་པ་ཡིན་པ་དེ་བས་ན་རྟེན་དང་བརྟེན་པའི་འབྲེལ་པ་ཡོད་དོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། རྟེན་དང་བརྟེན་པའི་འབྲེལ་པ་དེ་ནི་དགག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་
ཏེ་འཇིག་པ་ནི་བསྐྱེད་པར་བྱ་བ་ཡིན་ལ། དེ་སྐྱེད་པར་བྱེད་པ་ནི་ཤིང་ཡིན་པ་དེ་བས་ན་འཇིག་པ་དང་ཤིང་དག་ལས་སྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོའི་འབྲེལ་པ་ཡོད་དོ་ཞེ་ན། མེ་ལས་ཞེས་བྱ་བས་ཅི་ཞིག་བྱ་སྟེ། མེ་ལས་འཇིག་པར་འགྱུར་བ་ཡིན་ནོ་ཞེས་བརྗོད་པས་ཅི་ཞིག་བྱ། ཅིའི་

ཕྱིར་ཞེ་ན། ཤིང་ཉིད་ལས་འཇིག་པ་དེ་འབྱུང་ཞིང་སྐྱེ་བའི་ཕྱིར་རོ། །གལ་ཏེ་དེ་ལ་ལྟོས་པ་ཅན་ཏེ་མེ་ལ་ལྟོས་པ་ཅན་གྱི་ཤིང་ལས་འཇིག་པར་བྱེད་པ་སྐྱེ་བའི་ཕྱིར་མེས་བྱས་པའི་འཇིག་པར་འགྱུར་བ་མེད་དོ་ཞེས་སྐྱོན་བཤད་པ་གང་ཡིན་པའི་སྐྱོན་དེ་མེད་དོ་ཞེ་ན། མེ་ལས་ཕུལ་དུ་བྱུང་བ་
ཐོབ་པ་མེད་པ་ཅན་གྱི་ཤིང་ནི་མེ་ལ་ལྟོས་པ་ཅི་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །མེ་ལས་ཤིང་ཕུལ་དུ་བྱུང་བ་ཐོབ་ན་ཡང་ཤིང་གཞན་ཏེ། ཕུལ་དུ་བྱུང་བའི་མིང་ཅན་གཉིས་པ་འདི་སྐྱེ་བར་འགྱུར་རོ། །དེ་ལྟར་ན་འཕོ་བའི་རྒྱུ་མེད་པ་ཅན་ཤིང་སྔ་མ་སྟེ། འདི་ལ་འཕོ་བའི་རྒྱུ་ཡོད་པ་མ་ཡིན་པས་ན་ཞེས་
ཚིག་རྣམ་པར་སྦྱར་རོ། །དེ་ཁོ་ན་བཞིན་ཏེ་སྔར་བཞིན་མཐོང་བ་སྐྱེ་བར་འགྱུར་རོ།། །།བམ་པོ་སུམ་ཅུ་རྩ་གཅིག་པ། དེ་ལྟར་ན་འགྱུར་བ་གལ་ཏེ་མེ་གང་ཁོ་ན་ལས་ཕུལ་དུ་བྱུང་བ་དང་ལྡན་པའི་ཤིང་གཉིས་པ་སྐྱེས་པའི་མེ་དེ་ཉིད་ལས་ཤིང་སྔ་མ་འཇིག་པ་ཡིན་ནོ་ཞེ་ན། ཤིང་སྔ་མ་དང་མེས་བྱས་
པའི་འཇིག་པ་འདིའི་འབྲེལ་བ་གང་ཡིན། དེ་ལྟར་ན་ཐ་མལ་པར་འགྱུར་བ་དེ་ཉིད་ཤིང་ལ་ཞེས་བྱ་བའི་འབྲེལ་པ་གང་ཡིན་ཞེས་འདས་མ་ཐག་ཉིད་དུ་བཤད་པའོ། །གཞན་ཡང་རྟེན་པའི་ངོ་བོ་ལ་སོགས་པ་བརྟེན་པ་དེའི་ཚེ་དེ་ནི་དགག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་ཟློས་པ་དེ་ལྟར་
ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་གདོན་མི་ཟ་བར་འཇིག་པ་དང་འབྲེལ་པར་རུང་བའི་ཤིང་ཕྱིས་ཕུལ་དུ་བྱུང་བ་ཉེ་བར་བྱེད་པས། མེ་སྔ་ན་མེད་པའི་ཤིང་སྐྱེད་པར་བྱེད་པའི་ཕྱིར་སྔ་མའི་གནས་སྐབས་ཅན་གྱི་ཤིང་དེ་སྣང་བར་འགྱུར་རོ་ཞེས་བྱ་བ་མཇུག་བསྡུ་བའོ། །གཞན་
ཡང་ཤིང་འཇིག་པ་ཞེས་བྱ་བ་ཡང་ཤིང་མེད་པ་ཉིད་རྗོད་པ་ཡིན་ལ་མེད་པ་ནི་འབྲས་བུ་མ་ཡིན་ཏེ། བྱ་བས་འབྲས་བུ་ཉིད་དུ་ཁས་ལེན་ན་དེ་ནི་དངོས་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དངོས་པོ་མེད་པ་བྱེད་ཀྱི་དངོས་པོ་མི་བྱེད་དོ་ཞེས་བྱ་བ་འགོག་པ་ཡིན་ནོ། །དེ་ལྟར་ན་དེ་བྱེད་པ་སྟེ་མེད་པ་བྱེད་པ་
ཡང་བྱེད་པ་པོ་མ་ཡིན་པ་ཉིད་དེ། བྱ་བ་འགོག་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །ཤིང་འཇིག་པ་ཡང་མེ་ལ་སོགས་པ་ལ་ལྟོས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་སྤྱི་དང་དེ་དང་ལྡན་པ་དག་གིས་རྟེན་དང་བརྟེན་པ་དཔྱོད་པའི་སྐབས་སུ་བཤད་ཟིན་ཏོ། །གཞན་ཡང་རང་གི་ངོ་བོ་མེད་པ་སྟེ། ཤིང་ལ་སོགས་པའི་

རང་བཞིན་མེད་ཅིང་འཇིག་པ་གང་ཡིན་པ་དེ་ནི་ཤིང་ལ་སོགས་པའི་རང་བཞིན་དེ་ལས་ཐ་དད་པར་ཁས་ལེན་ན་དོན་གཞན་དུ་འགྱུར་བའི་མེ་དེ་ཡང་ཤིང་ལ་སོགས་པ་བཟློག་པའི་དངོས་པོ་ཡིན་གྱི་དེ་ལྟ་མ་ཡིན་ན་དངོས་པོ་མེད་པ་དེ་ནི་དོན་གཞན་དུ་གྱུར་པ་མི་རུང་བའི་ཕྱིར་རོ། །མེད་པ་དེ་ལས་བཟློག་པའི་ཤི