Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 176
Văn bản gốc(Tây Tạng)
Trang 10 / 22 (50.000 ký tự/trang)
ང་བར་བྱ་བ་ཁོ་ནའི་ཕྱིར་སྒྲ་རྣམས་བརྡར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་ལ་གནས་པ་ཐ་སྙད་ཀྱི་དོན་དུ་གཏོགས་པ་རྣམས་ལ་ནི་ཇི་སྐད་བཤད་པའི་རྣམ་ པར་གཅོད་པ་ཡོད་གྲང་ན་ཞེས་བྱ་བ་ལ་སོགས་པའི་སྒྲས་ཐ་སྙད་དུ་གཏོགས་པ་མ་ཡིན་པ་ཡན་གར་བ་གང་དག་ཡིན་པ་དེ་དག་ལ་གོ་ཇི་ལྟར་ཡོད་དེ་དེ་དག་ལ་ནི་རྟོགས་པ་པོའི་དོགས་པའི་གནས་མེད་དོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངག་རྣམས་ཀྱི་ཁོངས་སུ་མ་ གཏོགས་པའི་རྗོད་པར་བྱེད་པའི་སྒྲ་ནི་མེད་དོ་ཞེས་བྱ་བའི་དོན་ཏེ། སྒྲ་རྣམས་ནི་སྦྱོར་བའི་དབང་གིས་དོན་དང་ལྡན་པར་ཤེས་ལ། སྦྱོར་བ་ཡང་དག་ལ་གནས་པ་རྣམས་ཁོ་ནའི་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། ངག་ཏུ་གཏོགས་པའི་ཚིག་གིས་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། དེ་ཁོ་ན་ལ་དོན་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །བརྡ་སྤྲོད་པ་པ་རྣམས་ཚར་དག་གི་ནང་དུ་ཐམས་ཅད་དང་རིལ་ཅེས་བྱ་བ་ལ་སོགས་པ་འདོན་པའམ། གཞི་པོ་དང་རྐྱེན་རྣམ་པར་དབྱེ་བས་སལ་གྱིས་དག་པར་བྱེད་པ་དང་། དེ་བཞིན་དུ་ ངེས་པའི་ཚིག་གི་བྱེད་པ་རྣམས་སལ་གྱིས་དག་པར་བྱེད་པ་གང་དག་ཡིན་པ་དེ་དག་ཀྱང་བ་མེན་རི་མོར་བྲིས་པ་ལྟ་བུར་ཚིག་ལ་གནས་པ་རྣམས་ཁོ་ནའི་རྟོགས་པར་བྱེད་པའི་ཐབས་ཡིན་པར་བལྟ་བར་བྱའི། དེ་དག་ལ་འཇིག་རྟེན་པའི་དོན་ནི་འགའ་ཡང་མེད་དོ། །དེ་ལྟ་བས་ ན་ངག་ལ་གནས་པའི་ཚིག་གི་དོན་དག་ཁོ་ན་དོན་དང་ལྡན་པ་ཡིན་ལ། དེ་ཁོ་ན་ལ་གནས་པ་རྣམས་ཀྱི་དོན་སེམས་པར་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར། གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་ངག་ལ་གནས་པ་གང་དག་ཡིན་པ་སྟེ་སྦྱོར་ བའི་ཡུལ་བསམ་པར་བྱ་བ་ལ་སྒྲའི་དོན་ནི་གཞན་སེལ་བ་ཞེས་བརྗོད་དེ། ཤེས་བྱ་ལ་སོགས་པའི་སྒྲའི་སྦྱོར་བ་ལ་མི་གནས་པ་གང་དག་ཡིན་པ་དེ་དག་ནི་དོན་མི་སྲིད་པའི་ཕྱིར་བསམ་པ་ཉིད་ཀྱང་མེད་པས། སྦྱོར་བ་བསྟན་པ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ ནི་སྦྱོར་བ་ཡང་ཡིན་ལ་དེ་བཞིན་དུ་བསྟན་པ་ཡང་ཡིན་པས་ཞེས་ལས་འཛིན་པར་བྱས་ནས་ཕྱིས་མེད་པ་ཞེས་བྱ་བ་དང་སྦྱར་ཏེ། སྦྱོར་བ་སྨོས་པ་མེད་པ་ལ་ཤེས་བྱ་ཞེས་བྱ་བའི་སྒྲ་དག་ཏུ་ཉེ་བར་མ་སྦྱར་བ་ཡན་གར་བའི་དོན་ཅི་ཡིན་ཞེས་འདྲི་བ་ནི་ཞེས་བྱ་བའི་ཐ་ཚིག་གོ། །གལ་ ཏེ་ཅིའི་ཕྱིར་ཤེས་བྱའི་སྒྲ་ཡན་གར་བ་ལ་དོན་མེད་ཅེ་ན། དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་ཞེས་བྱ་བའི་སྒྲ་དེ་ལས་དངོས་པོ་འགའ་ལ་ཡང་རྟོགས་པ་མེད་པའི་ཕྱིར་རོ། །སྒྲུབ་པ་དང་དགག་པའི་འབྲས་བུ་ཅན་གྱི་ཐ་སྙད་ལ་ཤེས་བྱ་ཞེས་བྱ་བའི་སྒྲ་ཡན་གར་བ་ སྦྱོར་བ་མེད་པའི་ཕྱིར་དེ་ལས་དོན་རྟོགས་པ་ལྟ་ཞིག་ག་ལ་ཡོད། གང་གི་ཚེ་སྒྲ་མི་རྟག་པ་ལ་སོགས་པའི་ངོ་བོར་ཤེས་བྱ་ཡིན་ནམ། འོན་ཏེ་ཤེས་བྱ་མ་ཡིན་པས་ཞེས་བྱ་བ་དེ་ལྟ་བུའི་སྐབས་སུ་ཤེས་བྱ་ཞེས་བྱ་བའི་སྒྲ་ཡན་གར་དུ་སྦྱོར་བ་དེའི་ཚེ་ཡང་དོན་རྟོགས་པ་གང་ཡིན་པ་དེའི་ སྒྲ་ལ་སོགས་པའི་ཚིག་སྐབས་སུ་བབ་པ་ལ་ལྟོས་ཏེ། ཡིན་པས་ངག་ཁོ་ན་ལས་འབྱུང་བར་འགྱུར་ཏེ། ཚིག་གཞན་དང་ལྷན་ཅིག་པའི་ཚིག་ནི་ངག་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཚིག་གཞན་ལ་མི་ལྟོས་པའི་ཚིག་ཡན་གར་བ་ལས་ནི་དོན་རྟོགས་པ་མེད་དོ། །ཇི་ལྟར་ཤེས་ བྱ་ལ་སོགས་པའི་ཚིག་ཡན་གར་བ་རྣམས་ལ་བརྗོད་པར་བྱ་བ་ཅུང་ཟད་ཀྱང་མེད་པ་ལྟར་བུམ་པ་ལ་སོགས་པའི་སྒྲ་ཡན་གར་བ་རྣམས་ལ་ཡང་དེ་དང་འདྲའོ། །ཅི་བུམ་པས་ཆུ་བླངས་སམ། འོན་ཏེ་སྙིམ་པས་ཞེས་བྱ་བའི་སྐབས་སུ་བུམ་པས་སོ་ཞེས་རབ་ཏུ་སྦྱར་བ་ དེ་ལ་སྐབས་ཤེས་པ་དང་མི་ལྡན་པ་གང་ཡིན་པའི་རྟོགས་པ་པོ་དེས་ཀྱང་བུམ་པ་ཞེས་བྱ་བའི་སྒྲ་ཡན་གར་བ་ཐོས་པ་ལས་བུམ་པའི་རྣམ་པར་རྟོག་པ་འབྱུང་བ་ཁོ་ན་མ་ཡིན་ནམ། གལ་ཏེ་ཡན་གར་བ་ལ་དོན་མེད་ན་དེའི་ཚེ་ཐོས་པ་ལས་ཇི་ལྟར་དོན་རྟོགས་ཤེ་ན། སྐབས་འགའ་ ཞིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་གང་ལ་ཤེས་པར་འདོད་པའི་དོན་དེ་ཡོངས་སུ་མ་རྫོགས་པ་ཡོད་པ་དེ་ནི་དེའི་དོན་ཡོངས་སུ་མ་རྫོགས་པ་ཅན་ཡིན་ནོ། །ཇི་ལྟར་དེ་ནི་དོན་ཡོངས་སུ་མ་རྫོགས་པ་ཅན་ཡིན་ཞེ་ན། སྦྱོར་བ་མཐོང་བའི་ཡུལ་གྱི་རྗེས་སུ་ འབྲང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕར་ཁྱེར་བ་དང་ཚུར་ཁྱེར་བ་ལ་སོགས་པའི་བྱ་བ་གླེང་བ་ལ་ཞུགས་པའི་ངག་ཇི་སྙེད་པ་དེས་བུམ་པ་ཞེས་བྱ་བའི་སྒྲ་སྦྱོར་བ་མཐོང་བ་དེའི་རྗེས་སུ་འབྲང་བས་ངག་གི་དོན་སྔ་མ་དེ་སྙེད་ལས་རྟོག་པ་ཐེ་ཚོམ་དང་ལྡན་པར་འགྱུར་ ཏེ། ཇི་དོན་འདི་བརྗོད་པར་འདོད་དམ། འོན་ཏེ་ཅི་དོན་འདི་ཡིན་ཞེས་དེ་ལྟར་ཐེ་ཚོམ་དང་བཅས་པའི་ཕྱིར་གཏོལ་མེད་པའི་ངོ་བོ་ཉིད་ཀྱིས་དོན་མ་རྫོགས་པ་ཙམ་ཡིན་པས་བསླང་བ་ཁོ་ན་ཡིན་ཏེ། འཁྲུལ་པ་ཁོ་ན་ཡིན་ནོ། །འདི་སྐད་དུ་སྒྲ་ཡན་གར་བ་ལས་ཐོས་པ་ ཙམ་ལས་དོན་རྟོགས་པ་ནི་མེད་པ་ཁོ་ནའོ། །འོན་ཀྱང་གང་ལ་དམིགས་པའི་ཚིག་དོན་དང་ལྡན་པ་དང་འདྲ་བས་བློ་ཕྲག་པ་ཅན་ལ་སྒྲ་ཡན་གར་བ་ཐོས་པ་ལས་དོན་རྟོགས་པའི་མངོན་པའི་ང་རྒྱལ་འབྱུང་ངོ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་སྦྱོར་བ་མཐོང་བའི་རྗེས་སུ་འབྲང་ བས་བུམ་པ་ལ་སོགས་པའི་ཚིག་ཡན་གར་བ་ཐོས་པ་ལས་དོན་རྟོགས་པ་བསླད་པ་དེ་འདྲ་བ་ནི་ཞེས་བྱ་བ་ལ་སོགས་པའི་སྒྲ་ལ་ཡང་ཇི་ལྟར་མཐོང་བ་ལས་ཇི་ལྟར་སྦྱོར་བ་དམིགས་པ་ལས་ངག་ཇི་སྙེད་ལ་ཤེས་བྱའི་སྒྲ་རབ་ཏུ་སྦྱོར་བར་མཐོང་བ་དེའི་རྗེས་སུ་འབྲང་བས་ ཤེས་བྱའི་སྒྲ་ཡན་གར་བ་ཐོས་པའི་ཚིག་དོན་རྟོགས་པ་བསླད་པ་ཡོད་པ་ཉིད་དོ། །འདིས་ནི་བུམ་པ་ལ་སོགས་པའི་སྒྲ་རྣམས་དང་། ཤེས་བྱ་ལ་སོགས་པའི་སྒྲ་རྣམ་པ་ཐམས་ཅད་དུ་མཚུངས་པ་ཉིད་དུ་བསྟན་ཏོ། །གང་གི་ཕྱིར་ངག་ཐམས་ཅད་ངེས་པར་གཟུང་ བ་དང་བཅས་པ་ཡིན་ལ། ངག་ལ་གནས་པའི་ཚིག་དག་ཁོ་ན་དོན་དང་ལྡན་པ་ཡིན་པ་དེའི་ཕྱིར་སྒྲ་སྦྱོར་བ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། དེ་ནི་འབྲས་བུ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་སྒྲ་སྦྱོར་བ་དེ་འབྲས་བུ་དང་བཅས་ པའི་ཕྱིར་རོ། །དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བ་གཞན་སེལ་བ་ཡིན་པ་ལ་གསལ་བར་བྱེད་ཀྱི་ཅི་གཞན་སེལ་བ་བརྗོད་པར་བྱ་བའི་དོན་ཡིན་ནམ། འོན་ཏེ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་ཡིན། གལ་ཏེ་བརྗོད་པར་བྱ་བ་ཡིན་ན་དེ་ཅི་བསྒྲུབ་ པའི་ངོ་བོར་རམ། འོན་ཏེ་རྣམ་པར་གཅོད་པའི་ངོ་བོར་ཡིན། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་མཉན་པས་གཞན་སེལ་བར་བྱེད་དོ་ཞེས་བྱ་བ་ཉམས་ཏེ། སྒྲུབ་པའི་ངོ་བོར་གཞན་སེལ་བ་སྟོན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་གཞན་སེལ་བ་ཡང་གཞན་རྣམ་པར་གཅད་པས་ སྟོན་ན་དེ་ལ་ཡང་གཞན་སེལ་བ་གཞན་དགོས་པས་ཐུག་པ་མེད་པར་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དེས་ལེགས་པར་མ་བརྟགས་པར་སྨྲས་པ་ཡིན་ནོ། །འདི་ལྟར་རེ་ཞིག་གལ་ཏེ་བུམ་པ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བའི་གཞན་རྣམ་པར་གཅོད་པ་གཟུང་ནས་དེ་སྐད་དུ་ རྒོལ་ན་ནི་དེའི་ཚིག་ཏུ་མི་རུང་སྟེ། འདི་ལྟར་བུམ་པ་མ་ཡིན་པ་རྣམ་པར་གཅོད་པའི་ངོ་བོ་ཁོ་ནར་བུམ་པའི་སྒྲས་བརྗོད་པར་བྱ་བའི་གཞན་སེལ་བ་ཡིན་ན། དེ་ལ་གང་གིས་ན་ཐུག་པ་མེད་པར་འགྱུར་བའི་གཞན་སེལ་བ་གཞན་ཅི་ཞིག་དགོས། བུམ་པ་ཞེས་བྱ་བའི་ སྒྲས་དེ་སྟོན་པ་ན་ཡང་གཞན་རྣམ་པར་གཅོད་པའི་ངོ་བོ་ཁོ་ནས་སྟོན་པས་ཇི་ལྟར་སྒྲའི་དོན་བསྒྲུབ་པ་ཅན་ཡིན། འོན་ཏེ་གཞན་སེལ་བ་ཞེས་བྱ་བ་འདི་ཁོ་ནའི་བརྗོད་པར་བྱ་བ་གང་ཡིན་པ་གཞན་སེལ་བ་ཡིན་ལ། དེ་ལ་བརྟེན་ནས་རྒོལ་ན་ནི་ཐ་སྙད་དུ་གཏོགས་པ་དེ་ལ་ཡང་གཞན་རྣམ་པར་གཅོད་ པ་ཡོད་པ་ཁོ་ན་སྟེ། སྒྲས་ནི་གཞན་སེལ་བར་མི་བྱེད་ཀྱི། འོན་ཀྱང་བསྒྲུབ་པ་ཁོ་ནས་དོན་བརྗོད་དོ་ཞེས་དེ་སྙམ་དུ། བློ་གྲོས་རྨོངས་པའི་དོགས་པ་གནས་རྣམ་པར་གཅད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་ལ་སོགས་པ་ཀླན་ཀ་ངན་པ་རྣམས་ཡོངས་སུ་སྤངས་ པ་ཁོ་ནར། གང་ཞིག་གང་ལས་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་གི་དོན་གང་ཞིག་ཤིང་མ་ཡིན་པ་བུམ་པ་ལ་སོགས་པ་གང་ལས་ཐ་དད་པ་ཤིང་མ་ཡིན་པ་དེ་རྣམ་པར་ལྡོག་ནས་ཤིང་ཞེས་བྱ་བའི་སྒྲ་འགོད་ཅིང་བརྡར་བྱེད་པར་ལྟ་བར་བྱའོ། །དེས་ནི་ལས་གཞན་པ་ བཟློག་པ་མ་བསྡུས་པའི་སྒྲ་ཁོ་ན་འགོད་དོ་ཞེས་བྱ་བར་བཤད་དོ། །ཡང་དེ་གང་དུ་འགོད་ཅེ་ན། ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་གི་ཁྱད་པར་རྣམས་ཀྱི་དེ་ལས་ཐ་དད་པ་ནི་ཤིང་མ་ཡིན་པ་དེ་ལས་ཐ་དད་པ་གང་ཡིན་པའོ།། །། བམ་པོ་བཅུ་བཞི་པ། ཇི་ལྟར་ཤིང་གི་ཁྱད་པར་གཅིག་ཤིང་མ་ཡིན་པ་དེ་ལས་ཐ་དད་པ་ལྟར་ཤིང་གི་ཁྱད་པར་ཐམས་ཅད་ཀྱང་དེ་དང་འདྲ་བས། དེའི་ཕྱིར་ཤིང་དེ་རྣམས་ལས་ཐ་དད་པ་འདིས་བློས་གཅིག་པ་ཉིད་དུ་སྒྲོ་འདོགས་པར་བྱེད་པས་རྣམ་པ་ ནི་མཚུངས་པར་སྣང་བ་དང་ལྡན་པ་ཡིན་ཏེ། ཐ་དད་པ་རྣམ་པ་མཚུངས་པ་ཅན་དེ་ལ་སྒྲ་འགོད་དོ། །དེ་ཉིད་ཅེས་བྱ་བ་ལ་ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །རྣམ་པར་རྟོག་པ་ཅན་ལ་བློ་ལ་སྣང་བའི་རྣམ་པ་དེ་ཉིད་སློབ་དཔོན་ཕྱོགས་ཀྱི་གླང་པོས་རབ་ཏུ་ བཤད་དོ། །ཇི་སྐད་དུ་བཤད་ཅེ་ན། སྨྲས་པ་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར་ཞེས་བྱ་བའི་ཚིག་འདིས་ཏེ། འདིའི་སྟེ་འདིའི་དོན་ནི་འགྲེལ་པ་ལས་གསལ་བར་བྱེའོ། །ཐ་དད་པ་འདི་ལའང་ངོ་བོ་རང་གི་ངོ་བོ་ནི་འཁྲུལ་པ་མ་ གཏོགས་པ་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་གསལ་བྱེད་ཀྱིས་གལ་ཏེ་གཞན་ལས་ལྡོག་པ་ཐམས་ཅད་ལ་མཚུངས་ཤིང་རྫས་སུ་ཡོད་པ་ཡིན་ན་མིང་ལ་མི་འདུམ་པར་ཟད་དེ། སྤྱི་ལ་མིང་གཞན་དུ་བརྗོད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་གསལ་བ་ཡིན་ནོ། །སྒྲ་རྣམས་ ལས་དེ་ཉིད་རྟོགས་ཉིད་ཀྱིས་ཐ་དད་པ་ཇི་སྐད་པ་དེ་རྟོགས་པ་ཉིད་ཀྱིས་གཞན་བཟློག་པས་ནི་རྟོགས་པར་འགྱུར། ཐ་དད་པ་དེ་ནི་གཞན་ཟློག་པར་བྱེད་པ་འཕངས་པ་ཡིན་པའི་ཕྱིར་རོ། །དེ་ལ་ནི་ཞེས་བྱ་བའི་སྒྲའི་དོན་གཞན་སེལ་བ་དེ་ལ་ནི་གཞན་བཟློག་པའི་མཚན་ཉིད་ཀྱི་སྤྱི་འགས་ཁྱད་པར་དུ་ བྱས་པའི་རྟོགས་པར་འགྱུར་བ་གཞན་ཞེས་བྱ་བ་གཞན་ལས་བཟློག་པའི་དོན་ནི་འགའ་ཡང་མེད་དོ། །སྒྲས་ནི་གཉིས་བྱེད་པའང་མ་ཡིན་ཏེ། རང་གི་དོན་བརྗོད་པ་དང་། གཞན་བཟློག་པ་ནི་གཉིས་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་ཡོད་ པ་མིན་ཕྱིར་རོ། །ཕྱིར་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་ཕན་ཚུན་མེད་པ་ཉིད་ཀྱིས་ཤིང་གི་དོན་ཡང་ཤིང་མ་ཡིན་པ་མེད་པ་ཡིན་ལ་ཤིང་མ་ཡིན་པ་ཡང་དེ་མེད་པ་ཡིན་པ་དེའི་ཕྱིར་ཤིང་གི་དོན་རྟོགས་པ་ཁོ་ནས་ཤུགས་ཀྱིས་ཤིང་མ་ཡིན་པའི་དོན་བཟློག་པར་འགྱུར་བས་ སྒྲ་ལ་བྱེད་པ་གཉིས་ནི་མེད་དོ། །གང་ལ་སྒྲས་བརྗོད་པར་བྱ་བའི་ཐ་དད་པ་ནི་དོན་བྱེད་པ་དོན་དུ་གཉེར་བས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དང་། ས་རྟོགས་པར་བྱེད་པས་ཀྱང་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དངོས་པོ་དང་ལྡན་པ་ཡིན་ནོ་སྙམ་དུ་དོགས་པ་དེ་ལ་དེ་དངོས་མེད་ཅེས་ བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བའི་དོན་ཏོ། །དངོས་མེད་ཅེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །དངོས་པོ་མེད་པ་དེ་ལ་སྨྲ་བ་པོ་དག་གི་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གཅིག་ཏུ་བྱས་ནས་དངོས་པོ་དང་ལྡན་པ་ཉིད་དུ་མཐོང་བ་གང་ ཡིན་པ་དེ་ནི་བློའི་བསླད་པ་ཡིན་ཏེ། འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲ་བ་པོ་དང་ཉན་པ་པོ་དག་གིས་རྣམ་པར་རྟོག་པ་ཅན་གྱི་བློས་སྒྲོ་བཏགས་པ་ཁོ་ན་གོ་རིམས་བཞིན་དུ་སྒྲས་ཀྱང་གོ་བར་བྱེད་ཅིང་དེ་དག་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གཅིག་ཏུ་བྱས་ ནས་འཁྲུལ་པའི་དབང་གིས་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དགོད་པར་བྱ་བའི་སྒྲ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དོ། །སྒྲ་གང་དག་གིས་དེ་ལས་གཞན་པ་བཟློག་པས་འཕངས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། ཤིང་ལ་སོགས་ པའི་དོན་གང་ཞིག་གང་ལས་ཐ་དད་པ་དེ་བཟློག་ནས་འགོད་དོ་ཞེས་བྱ་བར་སྦྱར་རོ། །གང་ལ་ཞེ་ན། ཁྱད་པར་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་འདི་ནི་ཚིག་ལེའུར་བྱས་པ་ལས་རྣམ་པར་ཕྱེ་ཟིན་ཏོ། །ཐ་དད་པའི་ངོ་བོ་མཚུངས་པར་ སྣང་བ་དེ་ཉིད་སློབ་དཔོན་ཕྱོགས་ཀྱི་གླང་པོས་དོན་གཞན་ལྡོག་པས་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་པར་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་སྒྲས་ནི་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་ཁོ་ན་བརྗོད་དོ་ཞེས་བྱ་བ་ལ་སོགས་པས་བསྟན་ཅིང་བཤད་ དོ། །སྩོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྒྲ་དང་། དོན་གཞན་སེལ་བར་བྱེད་ཅིང་རང་གི་དོན་རྗོད་པར་བྱེད་དོ་ཞེས་བྱ་བར་བསྡུའོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་གཞུང་འཛུགས་པ་ཡིན་ཏེ། ཤིང་ཞེས་བྱ་བའི་སྒྲ་དེ་ནི་རྣམ་པར་རྟོག་པ་ལ་སྣང་བའི་ཐ་ དད་པ་དེ་བརྗོད་པ་ན་དོན་ཐ་དད་པ་ཤིང་མ་ཡིན་པ་རྣམ་པར་གཅོད་པ་འཕེན་པ་ལྟ་བུར་འཇུག་གོ། །ཅིའི་ཕྱིར་ཞེ་ན། གཅིག་ལ་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཤིང་གི་ཁྱད་པར་སེང་ལྡེང་ལ་སོགས་པ་ཁོ་ནས་ཤིང་མ་ཡིན་པ་དག་ལས་ཐ་དད་པ་ལྟར་ཤིང་ མ་ཡིན་པ་རྣམས་ཀྱང་ཤིང་དག་ལས་དེ་དང་འདྲ་སྟེ། ཐ་དད་པ་ནི་གཉིས་ལ་གནས་པའི་ཕྱིར་རོ། །དེ་ལ་ཤིང་ཞེས་བྱ་བའི་སྒྲས་གཅིག་ལ་ཡོད་པའི་ཤིང་གི་དོན་ལ་ཡོད་པའི་ཐ་དད་པ་རྣམས་གཅིག་པ་ཅན་གྱི་རྣམ་པར་རྟོག་པ་ལ་སྣང་བ་བརྗོད་པ་གང་ཡིན་པ་དེ་ནི་དེ་ལས་གཞན་ པ་བཟློག་པ་འཕེན་པ་དེ་མེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཤིང་གི་དོན་ལས་གཞན་པ་ཤིང་མ་ཡིན་པ་བཟློག་པ་གང་ཡིན་པ་དེ་མེད་པ་ཡིན་པའི་ཕྱིར་ཏེ། གལ་ཏེ་དེ་ལས་ཤིང་མ་ཡིན་པའི་དོན་བཟློག་པ་རྟོགས་པར་གྱུར་ན་དེ་ལྟ་ན་ཤིང་མ་ཡིན་པ་ལས་ཟློག་པའི་ངོ་བོ་ཤིང་གི་དོན་ བརྗོད་པར་འགྱུར་རོ། །གཞན་ལས་ཐ་དད་པ་ནི་བྱ་བའི་ཐ་དད་པ་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བ་དེ་ཉིད་ནི་དེ་ལས་ལྡོག་པ་ལས་དོན་གཞན་ལས་ལྡོག་པས་ཇི་སྐད་བཤད་པའི་ཚུལ་གྱིས་ཤུགས་ཀྱིས་གོ་བས་ཆ་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་ཏེ། དངོས་པོ་ཞེས་བྱ་བ་ཁོང་ ནས་དབྱུང་ངོ་། །ལོག་པའི་དངོས་པོ་མཐོང་བའི་སྒོ་ནས་འོངས་པའི་ཕྱིར་དངོས་པོའི་ཆ་ཞེས་བརྗོད་དོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྐད་དུ་བཤད་པ་ཡིན་ཏེ། སྒྲས་ནི་དེར་སྙེམས་པ་སྐྱེད་པར་བྱེད་པ་ཡིན་པ་དག་ལས་ལོག་པའི་ངོ་བོར་སྙེམས་པ་སྐྱེད་པར་བྱེད་པ་ལ་གཅིག་ པ་ཉིད་དུ་སྒྲོ་བཏགས་པ་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བའི་རྣམ་པ་གཅིག་ཁོ་ན་སྟོན་པར་བྱེད་དེ། སྒྲའི་ཤེས་པ་ལ་དེ་ཁོ་ན་སྣང་བའི་ཕྱིར་རོ། །དེ་སྟོན་པ་ན་གཞན་ལྡོག་པ་ནི་ཤུགས་ཀྱིས་འཕེན་པར་འགྱུར་ཏེ། དེ་བས་ན་སློབ་དཔོན་གྱིས་བསམས་པ་འདིས། དེ་ཉིད་ གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར་ཞེས་རབ་ཏུ་བཤད་ཀྱི། གཞན་ལྡོག་པ་སྒྲའི་དོན་དུ་གྱུར་པས་ཕྱི་རོལ་གྱི་དངོས་པོའི་ཆ་འགའ་རྟོགས་པ་ནི་མེད་དོ། །དེ་ལྟར་ན་རེ་ཞིག །དེ་ཉིད་གཞན་ལས་ལྡོག་པ་ཡིས། །དངོས་པོ་ དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར་ཞེས་པས་རབ་ཏུ་བཤད། །ཅེས་བྱ་བ་དེ་གཞུང་འཛུགས་པ་ཡིན་ནོ། །ད་ནི་སྒྲའི་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་ཁོ་ན་བརྗོད་དོ་ཞེས་བྱ་བ་དེ་གཞུང་གཟུགས་པའི་ཕྱིར། དེ་རྟོགས་པ་ནི་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཐ་དད་པ་ཇི་སྐད་བཤད་པ་དེ་རྟོགས་ཤིང་ཁོང་དུ་ཆུད་པ་ནི་དེའི་ཁྱད་པར་ཅན་ཡིན་པའི་ཕྱིར་དེ་རྟོགས་པ་གང་ལ་ཁྱད་པར་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལས་གཞན་པ་བཟློག་པ་འཛིན་པ་མེད་པ་ཉིད་དེའི་ཁྱད་པར་ཅན་ཡིན་ནོ། །འདི་སྐད་དུ་སྒྲས་བློ་ལ་ སྣང་བའི་ཐ་དད་པ་དེ་ཁོ་ན་རྟོགས་པར་བྱེད་པ་ན་དོན་གཞན་ལྡོག་པ་ཤུགས་ཀྱིས་འཕེན་པ་གང་ཡིན་པ་དེ་མེད་ན་མེད་པ་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་དོན་གཞན་ཟློག་པས་ཁྱད་པར་དུ་བྱས་པ་རྟོགས་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །འཁར་བ་ཐོགས་པ་བཞིན་དུ་ ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། ཇི་ལྟར་འཁར་བ་ཐོགས་པའི་སྒོ་ནས་འཁར་བ་ཐོགས་པའི་སྒོ་ཞེས་བརྗོད་པ་ལྟར་ཟློག་པའི་སྒོ་ནས་བཟློག་པ་དང་ལྡན་པ་ཞེས་བྱ་བ་ནི་མ་ཡིན་ནོ། །གང་ཞིག་གང་གིས་ཁྱད་པར་དུ་བྱས་པའི་ཕྱི་རོལ་གྱི་དོན་རྣམས་སྒྲ་དག་གིས་ བརྗོད་པར་འགྱུར་བ་དོན་གཞན་ལྡོག་པ་སྒྲ་འཇུག་པའི་རྒྱུ་མཚན་དུ་གྱུར་པ་ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཇི་ལྟར་རྣམ་པར་ཕྱེ་བའི་ཚུལ་གྱིས་ན་སྒྲ་གཞན་གྱིས་དོན་གཞན་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་རྣམས་མི་བརྗོད་པ་དེའི་ཕྱིར་གསལ་བྱེད་ལ་སོགས་པས་ གལ་ཏེ་སྒྲས་དོན་གཞན་བཟློག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་བརྗོད་ན་དེ་དང་ལྡན་པ་ཙམ་གྱི་ཕྱོགས་ལ་ཉེས་པར་བཤད་པ་གང་ཡིན་པ་དེ་གཞན་སེལ་བ་ཡང་ཡོད་དོ་ཞེས་སྨྲས་པ་དེ་གསལ་བ་ཡིན་ནོ། །ཁ་ཅིག་ཁྱད་པར་ནི་བྱེ་བྲག་ཡིན་པས་དེ་ལ་རྣམ་འགྲེལ་བྱེད་པ་འདིའི་ ཁྱད་པར་ཅན་ཡིན་པའི་ཕྱིར་ཞེས་སྨྲས་པར་བཟློག་པ་བྱེ་བྲག་ཉིད་དུ་འདོད་པ་མ་ཡིན་ནམ། དེ་ཇི་སྟེ་དོན་གཞན་བཟློག་པ་བྱེ་བྲག་ཏུ་གྱུར་པ་ཡོད་པ་ནི་མ་ཡིན་ནོ་ཞེས་བཤད་པ་སྙམ་དུ་དོགས་པར་འགྱུར་བས་དེའི་ཕྱིར་དབྱེ་བར་བྱ་བ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱེ་ བར་བྱ་བ་ཤིང་དང་ཤིང་མ་ཡིན་པ་གཉིས་ཀ་ཐ་དད་པ་གང་ཡིན་པ་དེ་ནི་ཤིང་དང་ཤིང་མ་ཡིན་པ་གཉིས་ཀ་ལ་ཡོད་པའི་ཕྱིར་ཡོད་པའི་ཐ་དད་པ་བརྗོད་ན་ཡང་ཤིང་མ་ཡིན་པ་ལ་ལྟོས་ནས་ཤིང་ལ་ཡོད་པའི་ཐ་དད་པ་གང་ཡིན་པ་དེ་སྒྲས་བརྗོད་ན་ཡང་དེ་ལས་གཞན་པ་འཕེན་པ་མེད་པ་ཡིན་ཏེ། ཤིང་ མ་ཡིན་པ་ལ་ལྟོས་ནས་ཤིང་ལས་ཡོད་པའི་ཐ་དད་པ་དེ་ལས་གཞན་པ་ཤིང་ལ་ལྟོས་ནས་ཤིང་མ་ཡིན་པའི་ཐ་དད་པ་ཡང་འཕེན་པ་ཡིན་ནོ། །གལ་ཏེ་ཤིང་ལས་ཀྱང་ཤིང་མ་ཡིན་པ་ཐ་དད་པར་གྱུར་ན། དེ་ལྟ་ན་ཤིང་མ་ཡིན་པ་ལས་ཤིང་ཐ་དད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ ནི་གཏན་ཚིགས་ཏེ། དེའི་ཕྱིར་ཁྱད་པར་ཅན་ཡིན་པའི་ཕྱིར་བཤད་དོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །དེ་དག་ལ་ཞེས་བྱ་བ་ནི་གཅིག་ལ་ཡོད་པའི་ཐ་དད་པ་དང་དེ་ལས་གཞན་པ་བཟློག་པ་ལ་སྟེ། ཁྱད་པར་གྱི་གཞིའི་དངོས་པོ་ནི་མེད་དོ། །ཡང་གལ་ཏེ་གང་གིས་ན་སྒྲ་ལས་ གཅིག་པ་ཡོད་པའི་ཐ་དད་པ་གཞན་བཟློག་པ་མེད་ན་མེད་པ་རྟོགས་པར་འགྱུར་བ་གཅིག་ལ་ཡོད་པའི་ཐ་དད་པ་འདི་ནི་གང་ཞིག་ཡིན། དེ་ལས་གཞན་པ་བཟློག་པ་ཡང་གང་ཞིག་ཡིན་ཞེ་ན། བཤད་པ་རེ་ཞིག་ཤིང་གི་སྒྲས་བརྗོད་པར་བྱ་བ་ནི་རྣམ་པར་རྟོག་པ་ཅན་གྱི་བློ་ ལ་སྣང་བ་ཡལ་ག་ལ་སོགས་པ་དང་ལྡན་པ་ནི་རྣམ་པ་ཤིང་ཐམས་ཅད་ལ་ངོ་བོ་ཐ་མི་དད་པ་ལྟ་བུ་དང་། དེའི་ངོ་བོ་མ་ཡིན་པ་དག་ལས་ཐ་དད་པ་ལྟ་བུར་སྣང་སྟེ། མ་ཡིན་པའི་ཚུལ་གྱིས་གཅིག་ལ་ཡོད་པའི་ཐ་དད་པ་ཡིན་ནོ། །དེ་བཞིན་དུ་བུམ་པ་ལ་སོགས་པའི་ སྒྲས་བརྗོད་པར་བྱ་བ་གཅིག་ལ་ཡོད་པའི་ཐ་དད་པ་ཡང་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་སྒྲས་སྟོན་པ་ན་རིགས་མི་མཐུན་པ་བཟློག་པ་མེད་པར་དགག་པའི་མཚན་ཉིད་ཤུགས་ཀྱིས་གོ་བར་བྱེད་དེ། དེ་ནི་དེ་ལས་གཞན་བཟློག་པ་ཡིན་ནོ། །སྒྲས་ནི་ཇི་ ལྟར་རྣམ་པར་དབྱེ་བའི་ཐ་དད་པ་གང་ཡིན་པ་དེ་གཅིག་ཁོ་ན་བརྗོད་དེ། དེ་རྟོགས་པ་ཉིད་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ནོ། །གཞན་ལྡོག་པ་ཤུགས་ཀྱིས་གྲུབ་པ་གང་ཡིན་པ་དེ་ནི་ལྡོག་པ་རྟོགས་པ་ཡིན་ཏེ། དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པས་སྒྲ་ དོན་དང་ལྡན་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཐ་དད་པ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བའི་མཚན་ཉིད་ཀྱི་ཐ་དད་པ་རྟོགས་པའི་ཕྱིར་གོ་རིམས་བཞིན་དུ་སྒྲས་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པས་བྱས་པ་ ཡིན་ཏེ། རྗེས་སུ་འགྲོ་བ་ནི་དངོས་སུ་བརྗོད་ལ་ལྡོག་པ་ནི་ཤུགས་ཀྱིས་བརྗོད་པར་བལྟ་བར་བྱ་བའོ། །བརྗོད་པ་དེས་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྒྲ་རྣམས་ཐ་སྙད་ཀྱི་ཡན་ལག་ཉིད་དུ་སྟོན་པ་ན་དེ་ལས་བཟློག་པས་དངོས་པོའི་ཆ་རྟོགས་པར་འགྱུར་བའམ། དེ་བཞིན་དུ་དེས་ཁྱད་པར་དུ་བྱས་པ་རྟོགས་པར་འགྱུར་རོ་ཞེས་བཤད་དེ། བཟློག་པ་ཞེས་བྱ་བའི་སྒྲས་ནི་ལྡོག་པ་བཤད་ལ། དངོས་པོའི་ཆ་ཞེས་བྱ་བའི་སྒྲས་ནི་རྗེས་སུ་འགྲོ་བ་བཤད་དོ། །འདིས་ནི་སྒྲས་ནི་སྒྲ་དང་དོན་གཞན་སེལ་བར་བྱེད་ཅིང་རང་གི་དོན་བྱེད་ པར་བརྗོད་དོ་ཞེས་བྱ་བ་འདི་ཡང་རྣམ་པར་བཤད་པ་ཡིན་ཏེ། དེ་ལ་རང་གི་དོན་ནི་གཅིག་ལ་ཡོད་པའི་ཐ་དད་པ་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བར་བཤད་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ། །དེ་ལ་དོན་གཞན་བཟློག་པ་ནི་དོན་གཞན་སེལ་བ་སྟེ། མེད་པ་དགག་ པའི་མཚན་ཉིད་ཡིན་ནོ། །དེ་མེད་ཅིང་ཞེས་བྱ་བ་ནི་ཤུགས་ཀྱིས་གོ་བར་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་ཐ་དད་པ་གཅིག་བརྗོད་ན་ཡང་གཞན་བཟློག་པ་ཤུགས་ཀྱིས་རྟོགས་པས། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ དོན་ནི་ཐ་དད་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤིང་གི་སྒྲའི་དོན་ཡང་ཡལ་ག་ལ་སོགས་པ་དང་ལྡན་པ་རྣམ་པར་རྟོག་པ་ལ་སྣང་བ་གང་ཡིན་པ་དེ་ནི་ཐ་དད་པའི་ངོ་བོ་ཡིན་ཏེ། བདག་ཉིད་ཀྱིས་དེ་མ་ཡིན་པའི་རྣམ་པ་དག་ལས་ལོག་པའི་ཕྱིར་རོ། །དེའི་ཕྱིར་རང་གི་དོན་ཐ་དད་ པའི་ངོ་བོ་བརྗོད་པ་ཁོ་ནས་ཤུགས་ཀྱིས་གཞན་བཟློག་པ་རྟོགས་ཏེ་གལ་ཏེ་ཤུགས་ཀྱིས་དེ་ལ་ཤིང་མ་ཡིན་པའི་དོན་བཟློག་པར་འགྱུར་ན། དེ་ལྟ་ན་ཤིང་མ་ཡིན་པ་ལས་ཐ་དད་པའི་ངོ་བོ་ཤིང་གི་དོན་རྟོགས་པར་འགྱུར་རོ། །དེ་ལྟ་བས་ན་སྒྲའི་བྱེད་པ་ནི་རང་གི་དོན་བརྗོད་པ་ཁོ་ན་ཡིན་ལ། གཞན་བཟློག་པ་ནི་ཤུགས་ཀྱིས་ཡིན་པས་སྒྲ་ལ་བྱ་བ་གཉིས་ནི་མེད་དོ། །དེ་བས་ན་གཞོན་ནུ་མ་ལེན་པ་ལ་སོགས་པས་སྒྲ་གཅིག་གིས་བྱ་བ་གཉིས་མི་ནུས་པའི་ཕྱིར་ཐམས་ཅད་དུ་སྒྲ་གཉིས་བརྗོད་པར་ཐལ་བར་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་སྤངས་པ་ཡིན་ནོ། །གལ་ཏེ་ རང་གི་དོན་ཐ་དད་པའི་ངོ་བོ་ཡིན་ལ་ནི་རག་ན་འོན་ཀྱང་གང་གི་ཚེ་རང་གི་དོན་ཁྱད་པར་ཅན་འདི་བསྒྲུབ་པ་གཙོ་བོར་བརྗོད་པ་དེའི་ཚེ་སྒྲ་ལས་རྗེས་སུ་འགྲོ་བ་ཁོ་ན་རྟོགས་པར་ཟད་ཀྱི་ལྡོག་པ་ནི་མ་ཡིན་ནོ། །གང་གི་ཚེ་ངག་དགག་པ་གཙོ་ཆེར་བྱེད་པ་དཔེར་ན་ཆང་བཏུང་བར་མི་བྱའོ་ཞེས་ བྱ་བ་ལྟ་བུ་འདི་ལ་ཡང་བཟློག་པ་བཏུང་བར་སྒྲུབ་པ་ནི་མ་ཡིན་གྱི་འོན་ཀྱང་ཆང་འཐུང་བར་ཐལ་བ་དགག་པ་ཙམ་བྱེད་པར་ཟད་དོ། །དེ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པས་སྒྲ་རྣམས་ཐ་སྙད་ཀྱི་ཡན་ལག་ཉིད་དུ་སྟོན་པ་ན་ཞེས་སྨྲས་པ་གང་ཡིན་པ་དེ་ནི་རིགས་པ་མ་ ཡིན་ནོ་ཞེ་ན། ལྡོག་པ་མེད་པ་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོར་ངེས་པའི་དོན་བསྒྲུབ་པ་ནི་རྗེས་སུ་འགྲོ་བ་སྟེ། དཔེར་ན་ཤིང་ཆོད་ཅིག་ཅེས་བྱ་བ་ལྟ་བུའོ། །དེ་ལ་ཤིང་མ་ཡིན་པ་ཤུགས་ཀྱིས་བཟློག་པ་ནི་ལྡོག་པའོ། །གང་ལ་དེ་མེད་པ་དེ་ནི་ལྡོག་ པ་མེད་པ་ཅན་ཏེ། དེ་ལྟ་བུའི་རྗེས་སུ་འགྲོ་བ་ཡང་མེད་ཀྱི། འོན་ཀྱང་ཐམས་ཅད་ལྡོག་པ་དང་བཅས་པ་ཁོ་ན་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་ཅན་གྱི་ལྡོག་པ་མེད་ན་ཡང་དེའི་དངོས་པོའི་སོ་ན་འདུག་པ་ལ་ཅུང་ཟད་ཀྱང་མི་བྱེད་པས་དེ་བཞིན་དུ་དམིགས་པ་ལ་སོགས་ པ་ལ་ཡང་ཐལ་བར་འགྱུར་རོ། །ངོ་བོ་ཉིད་གཞན་ནི་འདིའི་སྒྲིབ་པ་ཡང་མ་ཡིན་ཏེ། དེའི་སོ་ན་འདུག་པ་དེ་ལ་སྒྲིབ་པར་ཡང་མི་རུང་བའི་ཕྱིར་རོ། །འཇིག་པའི་རྒྱུས་དངོས་པོ་མྱོང་བར་བྱེད་པ་ཡང་མ་ཡིན་ཏེ། མེད་པའི་ཚུལ་དུ་ཁས་ལེན་པ་མ་ཡིན་ པར་རྣམ་པར་རྟོག་པ་ལས་འདས་པའི་ཕྱིར་རོ། །དངོས་པོ་དགག་པའི་ངོ་བོ་ཉིད་གཅིག་ཡིན་ན་ནི་དངོས་པོ་མི་བྱེད་ཅེས་བྱ་བར་འགྱུར་རོ། །དེ་ལྟར་ན་བྱེད་པ་པོ་མ་ཡིན་པ་ནི་རྒྱུ་ཉིད་མ་ཡིན་པས་འཇིག་པའི་རྒྱུ་འགའ་ཡང་མེད་དོ། །དོན་མེད་པའི་ཡང་ཕྱིར་ཏེ། གལ་ཏེ་དངོས་ པོ་རང་གི་ངོ་བོའི་སྒོ་ནས་འཇིག་པ་ཡིན་ན་དེ་ལ་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་དགོས་ཏེ། དེའི་ངོ་བོ་ཉིད་ཡིན་པ་ཁོ་ནས་བདག་ཉིད་འཇིག་པའི་ཕྱིར་རོ། །གང་ཞིག་གང་གི་ངོ་བོ་ཉིད་ཡིན་པ་དེ་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེ་བ་ན་དེ་ལྟ་བུར་འགྱུར་གྱི་དེའི་ངོ་བོར་བྱ་བ་ལ་རྒྱུ་གཞན་ལ་མི་ ལྟོས་ཏེ། གསལ་བ་དང་། གཤེར་བ་དང་དྲོ་བ་ལ་སོགས་པའི་རྫས་དང་འདྲའོ། །གསལ་བ་ལ་སོགས་པ་དེ་དག་གི་བདག་ཉིད་དུ་འབྱུང་བ་རྣམས་ནི་ཡང་གསལ་བ་ལ་སོགས་པའི་ངོ་བོར་བྱ་བའི་ཕྱིར་རྒྱུ་གཞན་ལ་མི་ལྟོས་ཏེ། དེའི་བདག་ཉིད་ལ་དེའི་བདག་ཉིད་མེད་ན་བདག་ ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་དེ་དང་འདྲ་བར་འགྱུར་རོ། །གལ་ཏེ་མི་གནས་པའི་ཆོས་ཅན་ཞིག་ཡིན་ན་ནི་ངོ་བོ་ཉིད་ཀྱིས་ངོ་བོ་གྲུབ་པས་ཡང་དེའི་བདག་ཉིད་དུ་བྱ་བའི་ཕྱིར་རྒྱུ་གཞན་ལ་མི་ལྟོས་སོ། །གལ་ཏེ་ས་བོན་ལ་སོགས་པ་བཞིན་དུ་མ་ངེས་པ་ཡིན་ནོ་སྙམ་དུ་སྟེ། འདི་ སྙམ་དུ་ས་བོན་ལ་སོགས་པ་བསྐྱེད་པའི་རང་བཞིན་ཡིན་ཡང་ཆུ་ལ་སོགས་པ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་འབའ་ཞིག་གིས་སྐྱེད་པར་མི་བྱེད་དོ། །དངོས་པོ་འཇིག་པ་ཡང་དེ་དང་འདྲ་བར་འགྱུར་རོ་སྙམ་དུ་སེམས་ན་མ་ཡིན་ཏེ། དེའི་ངོ་བོ་ཉིད་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ ལ་སྐྱེད་པར་བྱེད་པ་མ་ཡིན་པ་ཡང་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གནས་སྐབས་དེ་གཉིས་དངོས་པོ་ཐ་དད་པར་ངེས་ཏེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་གཞན་དུ་འགྱུར་བ་ཉིད་མེད་པས་དེའི་ངོ་བོ་ཉིད་མེད་ན་ཕྱིས་བཞིན་དུ་སྔོན་ཡང་མི་སྐྱེད་པར་ཐལ་བར་འགྱུར་ བའི་ཕྱིར་རོ། །དེ་ལྟ་བས་ན་གནས་སྐབས་ཀྱི་བྱེ་བྲག་ཐ་མ་གང་ཡིན་པ་དེ་ཉིད་མྱུ་གུ་ལ་སོགས་པ་བསྐྱེད་པའི་ངོ་བོ་ཉིད་ཡིན་ནོ། །སྔོན་གྱི་གནས་སྐབས་ན་ཡོད་པའི་བྱེ་བྲག་རྣམས་ནི་རྒྱུའི་རྒྱུ་དག་ཉིད་ཡིན་པས་མ་ངེས་པ་ཉིད་ཡིན་ནོ། །དངོས་པོ་སྐད་ཅིག་མ་རྣམས་ལ་གཞན་དང་ གཞན་སྐྱེ་བས་གཅིག་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་པ་དེ་དག་ཐ་མ་དག་ནུས་པ་ཡིན་ན་ཅིའི་ཕྱིར་སྐྱེད་པར་མི་བྱེད་ཅེ་ན། སྐྱེད་པར་བྱེད་པ་ཁོ་ནའོ། །འདི་ལ་གཞན་དུ་འགྱུར་བ་མེད་དེ། ངོ་བོ་ཉིད་ཟློག་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་པ་དེ་ དག་ཐམས་ཅད་ནུས་པའི་ངོ་བོ་ཡིན་ལ་གཞན་གྱི་ཉེ་བར་སྦྱོར་བ་ཅི་ཞིག་དགོས་ཤེ་ན། དངོས་པོ་རྣམས་ལ་ནི་གང་གིས་ན་འདི་གཅིག་པུས་ཀྱང་ནུས་པ་ན་བདག་གིས་ཅི་ཞིག་བྱ་ཞེས་གཞན་དག་ལྡོག་པར་འགྱུར་བ་རྟོགས་པ་སྔོན་དུ་གཏོང་ཞིང་བྱེད་པ་ཅན་དག་ནི་འགའ་ཡང་མེད་ པ་ཁོ་ན་སྟེ། སེམས་མེད་པར་བྱེད་པ་ཅན་རང་གི་རྒྱུ་ཡོངས་སུ་གྱུར་པས་འདུ་བའི་ཆོས་ཅན་དག་ཡིན་ལ། དེའི་རང་བཞིན་ལས་དེ་ལྟ་བུར་འགྱུར་བས་ཀླན་ཀ་བཙལ་བར་འོས་པ་མ་ཡིན་ནོ། །གལ་ཏེ་ནུས་པ་དག་ཅིའི་ཕྱིར་གཞན་དང་གཞན་སྐྱེད་པར་མི་བྱེད་ཅེ་ན་མ་ཡིན་ཏེ། དེ་ཁོ་ན་ལ་ནུས་པའི་ཕྱིར་རོ། །གཅིག་པོ་དེ་ཉིད་བསྐྱེད་པར་བྱ་བར་ནུས་ཀྱི་གཞན་དང་གཞན་བསྐྱེད་པ་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་ལྷན་ཅིག་བྱེད་པའི་ངོ་བོ་ཉིད་ཐ་དད་པ་དག་ལས་འབྲས་བུ་གཅིག་སྐྱེ་ན་རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་ཏུ་འགྱུར་རོ་ ཞེ་ན་མ་ཡིན་ཏེ། འབྲས་བུ་ཉིད་ཇི་ལྟ་བའི་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་དེའི་ཁྱད་པར་ལ་ཉེ་བར་སྦྱོར་བའི་ཕྱིར་དེའི་ཉེ་བར་སྦྱོར་བས་བྱ་བའི་ཁྱད་པར་འཆོལ་བ་མེད་པའི་ཕྱིར་རོ། །རྫ་མཁན་དང་། སྐུད་པ་ལ་སོགས་པ་དག་ལས་བུམ་པར་འགྱུར་བ་ལས། འཇི་བའི་གོང་ བུ་ལས་ནི་འཇི་བའི་གོང་བུ་མ་ཡིན་པ་ཤིང་ལ་སོགས་པ་ལས་གཞན་པའི་ངོ་བོ་ཉིད། རྫ་མཁན་ལས་ནི་འཇི་བའི་བདག་ཉིད་མ་ཡིན་པ་དེ་ཉིད་དབྱིབས་ཀྱི་བྱེ་བྲག་གི་བདག་ཉིད་དེ་ལས་གཞན་པ་དག་ལས་ཐ་དད་པ། སྐུད་པ་ལས་ནི་འཇི་བ་དང་དབྱིབས་ཀྱི་བྱེ་བྲག་གི་ བདག་ཉིད་ཅན་དེ་ཉིད་འཁོར་ལོ་ལ་སོགས་པ་ལས་རྣམ་པར་ཕྱེ་བའི་བདག་ཉིད་དུ་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་རྫ་མཁན་ལས་ནི་འཇི་བའི་ངོ་བོ་ཉིད་མ་ཡིན་ལ་འཇི་བ་ལས་ཀྱང་དབྱིབས་ཀྱི་བྱེ་བྲག་མ་ཡིན་ནོ། །གཉིས་ཀྱིས་ནུས་པའི་བྱེ་བྲག་གི་ཡུལ་ཐ་ དད་ཀྱང་དེས་བསྐྱེད་པའི་ཁྱད་པར་གྱི་བྱེ་བྲག་མ་ཡིན་ནོ། །འབྲས་བུའི་ངོ་བོ་ཉིད་ནི་ཐ་དད་པ་མ་ཡིན་ཏེ། འཇི་བ་དང་དབྱིབས་དག་ཕན་ཚུན་གྱི་བདག་ཉིད་མ་ཡིན་པ་ཉིད་ཀྱིས་དེ་གཉིས་དབྱིབས་དང་འཇི་བའི་ངོ་བོ་དག་ཏུ་མི་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ ཡོན་ཏན་དབྱིབས་ནི་རྫས་ལས་གཞན་པ་ཁོ་ན་ཡིན་ཏེ། དེ་བས་ན་རྫ་མཁན་དང་འཇི་བའི་ཉེ་བར་སྦྱོར་བའི་ཡུལ་ངོ་བོ་ཉིད་ཐ་དད་པ་ཡིན་ནོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །གཞན་ཡང་འཇི་བ་ལས་དབྱིབས་ཐ་དད་པ་ཞིག་ཡིན་ན་རྫ་མཁན་གྱིས་ཅིའི་ཕྱིར་ལོགས་ཤིག་ཏུ་མི་བྱེད། གལ་ཏེ་ཡོན་ཏན་ནི་རྫས་ཀྱི་གཞན་གྱི་དབང་ཡིན་པས་ལོགས་ཤིག་ཏུ་མི་བྱེད་དོ། །གལ་ཏེ་རང་བཞིན་རྫས་དེ་དབྱིབས་དེའི་རྟེན་གྱི་བདག་ཉིད་ཅན་ཡིན་པའམ། དབྱིབས་དེ་ལ་རག་ལས་པའི་བདག་ཉིད་ཅན་ཞིག་ཡིན་ན་རྫ་མཁན་ལ་ལྟོས་ཅི་དགོས་ཤེ་ན་མ་ཡིན་ཏེ། དེ་ ལས་ཕན་ཚུན་འབྲེལ་དུ་རུང་བ་ཉིད་འཐོབ་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། དངོས་པོའི་ཆོས་ཉིད་ཁོ་ནས་སྔོན་ཡང་འཇི་བའི་གོང་བུ་དབྱིབས་ཀྱི་ཁྱད་པར་དང་འབྲེལ་དུ་རུང་བ་ཉིད་གཅིག་ཡིན་ན་ནི་དབྱིབས་ཀྱི་ཁྱད་པར་འབྲེལ་པའི་ཁྱད་པར་དུ་ཐལ་བར་འགྱུར་རོ། །དེ་ལྟ་ ཡིན་ན་ནི་འོ་ན་རྫས་འཇི་བའི་རུང་བ་དེ་རྫ་མཁན་ལས་འགྱུར་བར་འདི་གཉིས་ངོ་བོ་ཉིད་ཐ་དད་པ་ཡང་མ་ཡིན་ནོ། །ཐ་དད་པ་ཡིན་ན་ནི་སྔ་མ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རེ་ཞིག་ངོ་བོ་ཉིད་གཅིག་པ་ཉིད་ལ་ཡང་རྐྱེན་དུ་མས་ཁྱད་པར་དུ་བྱ་བ་འགའ་ཡོད་པས་འཇི་ བ་དང་དབྱིབས་དག་ངོ་བོ་ཉིད་དུ་བསྒྲུབ་པར་མི་འབད་དོ། །དེ་བས་ན་དངོས་སུ་འབྲས་བུ་གཅིག་པ་ཉིད་ཡིན་ཡང་ལྷན་ཅིག་བྱེད་པའི་རྐྱེན་དག་ཉེ་བར་སྦྱོར་བའི་ཡུལ་གཅིག་པ་མ་ཡིན་ནོ། །ཇི་ལྟར་འདིར་རྒྱུ་ཐ་དད་པའི་ཉེ་བར་སྦྱོར་བའི་ཡུལ་ཐ་དད་པའི་ཕྱིར་འབྲས་བུ་ གཅིག་པ་མ་ཡིན་པ་དེ་བཞིན་དུ་མིག་ལ་སོགས་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལ་ཡང་རིགས་པར་བྱ་སྟེ། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ནི་མིག་གི་རྣམ་པར་ཤེས་པ་དམིགས་པའི་བདག་ཉིད་ཡིན་ལ་དམིགས་པའི་བདག་ཉིད་དེ་ཉིད་མིག་གི་ དབང་པོ་ལས་ནི་གཟུགས་འཛིན་དུ་རུང་བ་ཉིད་དུ་སོ་སོར་ངེས་པ་ཡིན་ན། ཡུལ་ལས་ནི་དེ་དང་འདྲ་བའི་ངོ་བོ་ཅན་ཉིད་ཅེས་བྱ་བ་ཡིན་ནོ། །དངོས་སུ་འབྲས་བུ་ཐ་དད་པ་ཉིད་མ་ཡིན་ཡང་རྒྱུའི་ངོ་བོ་ཐ་དད་པ་དག་ལས་ཁྱད་པར་ཐ་དད་པ་ཁོ་ན་དག་ཏུ་འགྱུར་བས་རྒྱུ་ཐ་དད་ པ་ཡིན་ཡང་དེས་བྱས་པའི་ཁྱད་པར་ཐ་མི་དད་པ་མ་ཡིན་ནོ། །རྒྱུའི་ནུས་པ་ཐ་དད་པ་དེ་དག་ཁོ་ན་སྐད་ཅིག་པ་ཡིན་པའི་ཕྱིར་བདག་ཉིད་ཇི་ལྟ་བ་བཞིན་སོ་སོའི་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་པར་ནུས་པ་ཚོགས་པ་ཉིད་དུ་ཉེ་བར་གནས་པའི་ཚོགས་པའི་འབྲས་བུའི་ངོ་བོ་ཉིད་ གནས་པའི་གཞི་དག་ཡིན་ཞེས་བྱ་སྟེ། འདི་ལྟར་དེ་ནི་དེ་མཐའ་དག་ལས་དམིགས་པའི་བདག་ཉིད་དང་། གཟུགས་འཛིན་པར་སོ་སོར་ངེས་པ་དང་། ཡུལ་གྱི་ངོ་བོ་ཅན་ཞེས་བྱ་བ་སོ་སོའི་ཁྱད་པར་ཅན་གྱི་ངོ་བོ་ཉིད་ཅིག་སྐྱེས་སོ། །གལ་ཏེ་ནུས་པ་འགོག་པ་མེད་ པ་འབྲས་བུ་མཇུག་ཐོགས་སྐད་ཅིག་པ་ཁྱད་པར་དུ་བོགས་དབྱུང་དུ་མེད་པ་དག་གི་རྐྱེན་རྣམས་ལ་ཕན་ཚུན་བྱེད་པའི་དོན་ཅི་ཞིག་ཡིན་ཞེ་ན། ལྷན་ཅིག་བྱེད་པ་ནི་ཐམས་ཅད་དུ་བོགས་འབྱིན་པ་བསྐྱེད་པ་འབའ་ཞིག་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མང་པོ་དག་དོན་གཅིག་བྱེད་ པ་གང་ཡིན་པ་དེ་ཡིན་ཏེ། དཔེར་ན་ཚོགས་པ་ཐ་མ་ལྟ་བུའོ། །འདི་ཉིད་དངོས་སུ་ལྷན་ཅིག་བྱེད་པ་རྣམས་ཀྱི་ལྷན་ཅིག་བྱེད་པ་ཉིད་ཡིན་ཏེ། ཐ་མ་དེ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་དེ་ལ་ངོ་བོ་ཉིད་གཅིག་ལ་དབྱེ་བ་མེད་པས་ཁྱད་པར་དུ་བྱ་བར་མི་ནུས་པའི་ཕྱིར་ ཏེ། ཁྱད་པར་དུ་འབྱུང་བའི་མཚན་ཉིད་ངོ་བོ་ཉིད་གཞན་ལས་འབྱུང་བའི་ཕྱིར་རོ། །ངོ་བོ་ཉིད་གཞན་འབྱུང་བ་ནི་ཐ་མར་མི་འགྱུར་ཏེ། དེའི་ཕྱིར་མངོན་སུམ་གྱི་རྒྱུར་མི་འགྱུར་རོ། །དེ་ལྟ་བས་ན་ལྷན་ཅིག་བྱེད་པ་རྣམས་ལས་རྒྱུའི་ཁྱད་པར་འབྱུང་བ་མ་ཡིན་ནོ། །གང་ དག་ལ་སྔོན་དང་ཕྱིས་དང་ཐ་དད་པའི་ངོ་བོ་མེད་པ་གང་གི་མཇུག་ཐོགས་སུ་འབྲས་བུ་འབྱུང་བའི་རྐྱེན་ཐ་མ་ངོ་བོ་ཉིད་ཀྱིས་ནུས་པ་སྐད་ཅིག་པ་དེ་དག་ལྷན་ཅིག་སྐྱེ་སྟེ། དེ་ལ་བྱ་བ་གཅིག་པ་ཁོ་ན་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་ནུས་པ་དེ་དག་ག་ ལས་བྱུང་ཞེ་ན། རང་གི་རྒྱུ་དག་ལས་སོ། །གལ་ཏེ་དེ་དག་གིས་འདིའི་རྐྱེན་གཞན་དང་ཉེ་བ་མེད་པ་ཁོ་ནར་ཅི་སྟེ་མི་སྐྱེད་དེ། དེ་རེས་འགའ་གཞན་དུ་ཡང་མི་འགྱུར་རོ། །དེའི་ཕྱིར་ལ་ལར་གཅིག་པུས་ཀྱང་བསྐྱེད་པར་འགྱུར་རོ་ཞེ་ན། འདུ་བྱེད་བརྒྱུད་མ་གཞན་དང་ གཞན་གྱི་རྐྱེན་དང་ལྡན་པས་སྐད་ཅིག་མ་རེ་རེ་ལ་ནུས་པ་ཅན་དག་འགའ་ཞིག་གིས་མཚུངས་པས་ངོ་བོ་འདྲ་བར་ཤེས་མོད་ཀྱི་དེ་ལ་འདི་དག་གི་ངོ་བོ་ཉིད་ཐ་དད་པ་ཁོ་ན་ཡིན་ནོ། །དེས་ན་འགའ་ཞིག་ཁོ་ན་འགའ་ཞིག་གི་རྒྱུ་ཡིན་ནོ། །དེ་ལ་གཟུགས་དང་དབང་པོ་ལ་ སོགས་པའི་ཚོགས་ཡུལ་ཆོད་པ་མེད་པ་ལ་སོགས་པ་ངག་དང་ལྡན་པ་ཅན་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་བསྐྱེད་པར་ནུས་པའི་རྒྱུ་ཡིན་ནོ། །དེ་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྐྱེན་གྱི་ཁྱད་པར་གང་ཡིན་པ་དེ་ནི་དེའི་རྒྱུ་བསྐྱེད་པར་ནུས་པ་མ་ཡིན་ནོ། །དེ་ དག་ཀྱང་སྔོན་ཡང་མེད་ཕྱིས་ཀྱང་མེད། སོ་སོ་ན་ཡང་མེད་པས་ནུས་ཀྱང་སྔོན་དང་ཕྱིས་དང་སོ་སོ་ན་ཡོད་པ་ལས་འབྱུང་བའི་ཉེས་པ་དག་གིས་མི་གོས་སོ། །དེས་ན་འདི་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྒྱུ་གང་ཡིན་པ་དེའི་ནུས་པའི་རྒྱུ་ཡིན་པས་དེ་ལ་ ནམ་ཡང་གཞན་དུ་འགྱུར་བ་མེད་དོ། །ཚུལ་འདིས་ཐམས་ཅད་ལ་རྒྱུ་དང་འབྲས་བུའི་ངོ་བོར་སོ་སོར་ངེས་པར་ཁོང་དུ་ཆུད་པར་བྱའོ། །དངོས་པོའི་ནུས་པ་སྐད་ཅིག་མ་རེ་རེ་ལ་ངོ་བོ་ཉིད་ཀྱིས་བྱེ་བྲག་གཞན་དང་གཞན་གྱི་རྗེས་སུ་འགྲོ་བ་ཅན་དག་ལ་ཡིན་གྱི། དངོས་ པོ་བརྟེན་པ་གཅིག་པུའི་ངོ་བོ་ཉིད་ཅན་དག་ལ་ནི་མ་ཡིན་ཏེ། ངོ་བོ་ཉིད་གཞན་དུ་གྱུར་པ་མེད་པས་ནུས་པ་དང་མི་ནུས་པའི་ངོ་བོ་ཉིད་དག་ལ་བྱེད་པ་དང་མི་བྱེད་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་པ་བྱེད་ཀྱི་འབའ་ཞིག་ནི་མ་ཡིན་ནོ་ཞེ་ན། ཅི་འབའ་ཞིག་གིས་འབྲས་བུ་བསྐྱེད་པར་ ནུས་སམ། མི་ནུས་སོ། །ཅིའི་ཕྱིར་མི་སྐྱེད་ཅེ་ན། མི་སྐྱེད་ན་ཇི་ལྟར་ནུས། གལ་ཏེ་ཐག་པ་ལ་སོགས་པས་རས་ཡུག་ལ་སོགས་པ་བྱ་བར་ནུས་མོད་ཀྱི་ཐམས་ཅད་དུ་མི་བྱེད་དོ་ཞེ་ན། རྩེ་བའི་ངང་ཚུལ་ཅན་བླུན་པོ་ལྷ་རྣམས་དགའ་བ་སྐྱིད་དེ་བར་བསྐྱེད་པ་སྐྱེད་པ་ནི་བྱས་ཤིང་བྱས་པ་ལ་ ཡང་དང་ཡང་དུ་འཇུག་སྟེ། འདི་ལྟར་འདི་ནི་ས་བོན་ལ་སོགས་པ་ཉེ་བར་འགོད་པར་དཔྱད་ཟིན་ཏོ། །དེ་ལྟ་བས་ན་ངོ་བོ་ཉིད་གཞན་དུ་འགྱུར་བ་མེད་པའི་ཕྱིར་དེའི་ཆོས་ཅན་གྱི་ངོ་བོ་དེ་ལྟ་བུ་ནི་ཐ་མའི་གནས་སྐབས་བཞིན་དུ་ལྡོག་ཏུ་མི་རུང་ངོ་། །ཐ་མའི་གནས་སྐབས་ན་རྐྱེན་ནུས་ པ་མེད་པ་ལས་ནུས་པ་སྐྱེ་ན་ནུས་པ་དེའི་ངོ་བོ་ཉིད་ཡིན་ན་ནི་སྔོན་མེད་པ་སྐྱེ་བ་ཁོ་ན་ཡིན་ནོ། །དེའི་ངོ་བོ་ཉིད་མ་ཡིན་ན་ནི་དེ་བྱེད་པ་པོ་མི་ཡིན་པ་ཉིད་དེ། ནུས་པ་ཞེས་བྱ་བའི་དངོས་པོ་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ། །གཞན་ཡང་རེ་ཞིག་དེ་ཉིད་ལྷན་ཅིག་བྱེད་པ་མཐའ་ དག་དང་ལྡན་པ་འབྲས་བུ་ཇི་སྟེ་སྐྱེད། སྐྱེད་པ་མཐོང་སྟེ་དེས་ན་བསྐྱེད་དོ་ཞེས་སྨྲའོ། །མཐུ་ཆེན་པོ་ཅན་གྱི་མཐོང་བ་དངོས་པོ་དེའི་མཐའ་ཉིད་མ་ཡིན་པ་དག་ཀྱང་རང་གི་ངོ་བོ་ཙམ་གྱིས་བྱ་བ་སྣ་ཚོགས་པ་རྣམས་ལ་སྦྱོར་བ་ནི་ནུས་པ་ཆེན་པོ་ཅན་ཡིན་ནོ། །བརྒྱ་ཞིག་ ལ་འགའ་ཞིག་ཅི་ཞིག་ལྟར་འདིར་ཁྱོད་ཀྱི་མཐོང་བའི་ལམ་ལས་འདས་ན་ཀྱེ་མ་མི་བསྐྱེད་པའི་ཆོས་ཅན་ཡིན་ཏེ། རྒྱུ་མེད་པ་ཅན་དུ་འགྱུར་བས་བསམ་པ་འདི་ནི་སེམས་ལ་གདུང་ངོ་། །ཁོ་བོ་ནི་དེའི་ངོ་བོ་ཉིད་མ་ཡིན་པ་ལས་བདག་གིས་མཐོང་བས་འབྲས་བུ་བསྐྱེད་དོ་ཞེས་མི་ ཟེར་བ་ཉིད་དོ། །འོ་ན་ཅི་ཞེ་ན། དེ་དག་ཉིད་ཀྱིས་དེ་བསྐྱེད་པའི་ཆོས་ཡིན་ལ་དེ་དག་མཐོང་ན་འདི་དག་ནི་སྐྱེད་པ་པོ་ཡིན་ནོ་ཞེས་བྱ་བར་ཤེས་པར་ཟད་དོ། །འདི་ཡང་ཡོད་བདེན་ན་དེ་དག་འབྲས་བུ་བསྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པ་དེས་ན་རྐྱེན་མཐའ་དག་དང་ལྡན་པ་རྣམས་མ་ བསྐྱེད་པར་བཏང་སྙོམས་སུ་འགོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཅི་དེ་དག་གི་མི་སྡོད་པར་བསྐྱེད་པའི་ཆོས་ཅན་གྱི་ངོ་བོ་ཉིད་དེ་ཐ་མའི་གནས་སྐབས་དེ་ཁོ་ནའི་གནས་དེ་ཚེ་འབྱུང་ངམ། འོན་ཏེ་སྔོན་ཡང་ཡོད། མ་ཉམས་མ་བྱུང་བ་བརྟེན་པ་གཅིག་པུའི་ངོ་བོ་ཉིད་ཅན་རྣམས་ ལ་ནམས་ཀྱང་ངོ་བོ་ཉིད་འགའ་ཡང་མེད་པ་འགལ་བའི་ཕྱིར་རོ། །དེ་ནི་ཅི་དེ་མ་ཡང་ཡིན་མོ་གཤམ་ཡང་ཡིན་ནམ། མི་སྡོད་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ་མི་སྐྱེད་པ་ཡང་ཡིན་ནོ་ཞེས་སྨྲས་པ་འདིའི་ཆོས་ཅི་ཡིན། གལ་ཏེ་དེའི་ངོ་བོ་ཉིད་ནི་ལྷན་ ཅིག་པ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེ་ན། འོ་ན་ནི་འབའ་ཞིག་ཀྱང་གཞན་ལ་ལྷན་ཅིག་པ་ཡང་གཞན་ཡིན་ཏེ། དངོས་པོ་ཐ་དད་པའི་མཚན་ཉིད་ནི་ངོ་བོ་ཉིད་ཐ་དད་པ་ཡིན་པའི་ཕྱིར་རོ། །ལྷན་ཅིག་པ་ཉིད་ཡིན་ཡང་གཞན་གྱི་ངོ་བོས་བྱེད་པ་པོ་ནི་མ་ཡིན་ལ། འདིའི་རང་གི་ངོ་བོ་ནི་ སྔོན་ཡང་དེ་ཁོ་ནར་ཟད་ལ། ཇི་ལྟར་རེས་འགའ་བསྐྱེད་པ་དང་བྲལ། གང་གི་ཕྱིར་དངོས་པོ་སྐད་ཅིག་པ་ཡིན་པ་དེའི་ལྟར་ན་ཡང་ཇི་སྟེ་འབའ་ཞིག་གིས་མི་སྐྱེད། གལ་ཏེ་ཡིན་ན་ནི་བསྐྱེད་པ་ཁོ་ནའོ། །ཇི་ལྟར་དེ་མ་ཡིན། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞིག་བསྐྱེད་པ་ ནི་བཤད་ཟིན་ཏེ། སྐད་ཅིག་མ་དེ་ལས་འབྱུང་བ་ཅན་དེ་ལྟར་གཞན་དུ་འགྱུར། གང་ཞིག་འགྱུར་བ་དེ་ནི་དེ་ཉིད་མ་ཡིན་པས་ཐལ་བ་འདིར་མི་འགྱུར་རོ། །བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པ་དག་གི་ངོ་བོ་ཉིད་དང་། དེའི་རྒྱུ་དག་འགལ་བའི་ཕྱིར་རོ། །གང་ཞིག་དེའི་ངོ་བོ་ཉིད་དེ་ནི་ མི་སྐྱེ་བའི་ཆོས་ཅན་ཁོ་ན་ཡིན་པས་དེ་ནི་ལྷན་ཅིག་པ་ཉིད་ལ་མི་ལྟོས་སོ། །འབྲས་བུ་ནི་རྐྱེན་གཞན་ལ་ལྟོས་པས་ལྷན་ཅིག་པ་ཁོ་ན་ལས་སྐྱེའི་འབའ་ཞིག་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ལྟར་ན་ཡང་ཇི་ལྟར་དེ་འབའ་ཞིག་གིས་ཀྱང་བསྐྱེད་པ་ཁོ་ན་ཡིན་ལ། འབྲས་བུ་ ཡང་དེ་ལས་མི་སྐྱེ་སྟེ་ཞེས་བྱ་སྟེ། གནས་སྐབས་དེ་ནི་འགལ་ལོ། །གལ་ཏེ་འབའ་ཞིག་གིས་བསྐྱེད་པ་ཁོ་ན་ནི་མ་ཡིན་ནོ་ཞེ་ན། ད་ནི་ཇི་ལྟར་ན་མི་སྡོད་པར་སྐྱེ་བའི་ངོ་བོ་ཉིད་ཡིན་ཏེ། འདི་སྐད་དུ་བསྐྱེད་པ་ཁོ་ནའོ་ཞེས་ཡོངས་སུ་བསྟན་པ་མ་ཡིན་ནམ། འབའ་ཞིག་ཀྱང་ ནུས་པ་ཡིན་ན་འབྲས་བུ་གཞན་ལ་ལྟོས་ན་ཇི་ལྟར་བཏང་སྙོམས་སུ་འཇོག་སྟེ། གཞན་ལ་མི་འཆོལ་བ་འདི་གསལ་བར་བསྐྱེད་པར་འགྱུར་རོ། །དེ་ལྟར་ན་འདིས་བདག་ཉིད་ཀྱི་ནུས་པ་བསྟན་པ་ཡིན་ནོ། །འབྲས་བུ་གཞན་ལ་ལྟོས་སོ་ཞེས་བྱ་བ་ནི་དེ་འབའ་ཞིག་གིས་ ཀྱང་མི་སྐྱེ་བར་སྨྲས་པ་ཡིན་ལ། དེ་འབའ་ཞིག་གིས་ཀྱང་ནུས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་སྐྱེ་བར་སྨྲས་པ་གང་ཡིན་པ་འདི་དག་གཅིག་ལ་ཇི་ལྟར་འགྱུར་ཏེ། དེ་ལྟ་བས་ན་ཕྲག་དོག་གི་ཟུག་རྔུས་གནད་དུ་བརྒྱབ་པ་ཅན་འདི་འཆལ་ཅིང་མཁང་བར་ཟད་པས་བཏང་ སྙོམས་སུ་འདོར་བར་འོས་སོ། །དེ་ལྟ་བས་ན་གཅིག་སྐྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ནི་དངོས་པོ་སྐད་ཅིག་པ་རྣམས་ཁོ་ནའི་ཡིན་གྱི་སྐད་ཅིག་པ་མ་ཡིན་པ་སོ་སོ་ན་ཡོད་པ་སྲིད་པ་ཅན་རྣམས་ཀྱི་མ་ཡིན་ཏེ། སོ་སོར་བསྐྱེད་པ་སྲིད་པས་ལྷན་ཅིག་བྱེད་པ་ཉིད་དུ་ངེས་ པར་མི་རུང་བའི་ཕྱིར་རོ། །གང་རྒྱུན་གྱིས་ཕན་འདོགས་པས་དངོས་པོ་རྣམས་རྐྱེན་ཉིད་དུ་སྟོན་པ་དཔེར་ན་འབྲས་ཐུག་པོ་ཆེ་དང་། ས་བོན་ལ་སོགས་པ་ལས་འབྲས་བུ་ཅན་དང་། མྱུ་གུ་ལ་སོགས་པ་འབྱུང་བ་ལ་མེ་དང་ཆུ་དང་ས་ལ་སོགས་པ་ལྟ་བུ་དེ་ལ་དེ་ནི་རྒྱུན་ལ་བརྟེན་ནས་ ཁྱད་པར་འབྱུང་བ་ལ་རྐྱེན་རྣམས་ཀྱིས་ལྷན་ཅིག་བྱེད་པར་བཤད་ཀྱི། རྫས་ལ་བརྟེན་ནས་ནི་མ་ཡིན་ཏེ། རྫས་སྐད་ཅིག་མ་ཁྱད་པར་འབྱུང་བ་མེད་པའི་ཕྱིར་རོ། །འབྲས་ཐུག་པོ་ཆེ་ལ་སོགས་པ་མེ་ལ་སོགས་པས་རིམ་གྱིས་ངོ་བོ་ཉིད་ཁྱད་པར་གྱུར་པ་མི་འབྱུང་ན་འབྲས་ཆན་ ལ་སོགས་པ་འགྲུབ་པའམ། སྣང་བ་ནས་མུན་ཁུང་དུ་ཞུགས་པའི་དབང་པོ་ལ་རང་གི་ཕན་འདོགས་པ་དག་ལས་རྒྱུན་གྱིས་ཁྱད་པར་མི་འབྱུང་ན་དོན་རྟོགས་པ་སྐྱེ་བ་མེད་དོ། །ཐོགས་པ་མེད་པར་སྐྱེད་པའི་དབང་པོ་ལ་སོགས་པ་ལ་ནི་ཕན་ཚུན་ལས་ཁྱད་པར་འབྱུང་བ་མེད་དེ། དེར་ ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་བདག་ཉིད་ཇི་ལྟ་བའི་རྐྱེན་རྣམས་ཀྱིས་རུང་བའི་ཡུལ་ལ་སོགས་པར་གནས་པ་ཅན་སྐྱེས་པ་དེ་དག་ལྷན་ཅིག་ངོ་བོ་གྲུབ་པས་ཤེས་པའི་རྐྱེན་ཉིད་དུ་ཤེས་པས་དོན་གཅིག་བྱེད་པ་ཁོ་ན་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །གང་དུ་ཁྱད་པར་ སྐྱེད་པས་ལྷན་ཅིག་བྱེད་པ་རྣམས་རྐྱེན་ཉིད་ཡིན་པ་དེར་རྒྱུའི་རྒྱུན་རྐྱེན་ལ་ལྟོས་པ་ཡིན་པས་དེ་ལས་གཞན་འཐོབ་པོ་ཞེས་བྱའོ། །དེ་ལ་རྒྱུ་དང་རྐྱེན་རྣམས་ཀྱིས་སྐད་ཅིག་མ་སྔ་མ་རང་གི་དང་གིས་ལོག་ན་དེ་དག་ཁོ་ན་ལས་སྐད་ཅིག་མ་ཁྱད་པར་ཅན་འབྱུང་བའི་ཕྱིར་རིམ་གྱིས་ ཁྱད་པར་དུ་གྱུར་པ་དང་ལྡན་པ་རྒྱུའི་ཚོགས་ལས་འབྲས་བུའི་བར་དུ་འབྱུང་ངོ་། །ལྷན་ཅིག་བྱེད་པ་ལས་ཁྱད་པར་ཡང་དག་པར་འབྱུང་བའི་རྒྱུ་ལས་འབྲས་བུ་སྐྱེ་ན་ནི་ཁྱད་པར་ཉིད་འབྱུང་བར་མི་རུང་ངོ་། །ཁྱད་པར་ཅན་མ་ཡིན་པ་ལས་ཁྱད་པར་སྐྱེ་ན་ནི་ འབྲས་བུ་ཡང་འགྱུར་ཏེ། ལྷན་ཅིག་བྱེད་པ་ཕན་ཚུན་ཁྱད་པར་འབྱུང་བ་ལ་མི་ལྟོས་པས་ཀྱང་འབྲས་བུ་བསྐྱེད་པར་མི་འགྱུར་རོ། །དེས་ན་སྐད་ཅིག་པ་མ་ཡིན་པ་ལྷན་ཅིག་བྱེད་པ་ལས་མི་ལྟོས་པ་རྣམས་ཀྱང་རྒྱུ་ཉིད་དུ་འགྱུར་ལ། ལྟོས་པར་བྱ་བ་རྣམས་ལས་ངོ་བོ་ཉིད་ཁྱད་ པར་དུ་འབྱུང་བ་ནི་མེད་དོ། །འོན་ཏེ་ཁྱད་པར་འབྱུང་ན་ཡང་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ཁོ་ན་ཉེ་བར་གནས་པར་འགྱུར་ཏེ། དེ་ལྟར་ན་ཐུག་པ་མེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་རྣམས་ནི་གང་གིས་ན་འདི་དག་ཕན་ཚུན་ནས་བྱས་པའི་ཁྱད་པར་དང་རྟག་ཏུ་རྗེས་སུ་ འབྲེལ་པར་འགྱུར་བ་ཕན་ཚུན་ནས་འབྲས་བུ་སྐྱེ་བ་དང་མཐུན་པའི་ཁྱད་པར་སྐྱེད་པར་རུང་བ་རྟག་ཏུ་གནས་པ་ཅན་ཡང་མ་ཡིན་ཏེ། དེ་ཡོད་པ་དང་མེད་པ་དག་གིས་འབྲས་བུ་གསལ་བ་དང་བྲལ་བ་མཐོང་བའི་ཕྱིར་རོ། །དེས་ན་ཁྱད་པར་དང་པོ་ནི་ལྷན་ཅིག་བྱེད་པ་དག་གིས་ ཕན་མ་བཏགས་པའི་ཡིན་པར་མི་འཐད་དོ་ཞེའོ། །ཁོ་བོ་ནི་ཡང་དང་ཡང་དུ་སྨྲ་བ་ལ་སྐྱོན་འགའ་ཡང་མེད་དེ། གལ་ཏེ་དེ་ལྟ་ན་ཡང་འཇིག་རྟེན་གྱིས་རིགས་པ་གོ་བར་འགྱུར་བ་ལྟར་ན་ཡང་དང་ཡང་སྨྲ་བར་བྱའོ། །ལྷན་ཅིག་བྱེད་པ་རྣམས་ནི་གང་གིས་ན་དེ་མེད་པའི་ཕྱིར་ཁྱད་ པར་སྐྱེད་པ་ལ་ལྷན་ཅིག་བྱེད་པ་དག་ཏུ་མི་འགྱུར་བ་ཁྱད་པར་བསྐྱེད་པ་ཁོ་ནས་ལྷན་ཅིག་བྱེད་པ་ཉིད་ཡིན་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་གཅིག་བྱེད་པས་ཀྱང་ཡིན་ནོ། །གལ་ཏེ་ཕན་ཚུན་ནས་ཁྱད་པར་མེད་པ་རྣམས་ལ་དེ་ཡང་མེད་དོ། །འོན་ཏེ་ཡོད་ན་ནི་སོ་སོ་ལ་ཡང་ འགྱུར་རོ། །དེ་ལྟ་ན་ནི་ཁྱད་པར་དེ་ལས་འབྱུང་བ་ཅན་གྱི་འབྲས་བུ་ཡང་འབའ་ཞིག་ལས་འབྱུང་བར་འགྱུར་རོ་ཞེ་ན། སྐད་ཅིག་རེ་རེ་ལ་རྐྱེན་གཞན་དང་གཞན་དག་གིས་ཇི་ལྟར་དངོས་པོའི་རྒྱུན་ལ་ཁྱད་པར་སྐྱེ་བ་དང་། ཡུལ་རུང་བ་ཅན་ཉིད་ལ་སོགས་པའི་གནས་སྐབས་ ཀྱི་བྱེ་བྲག་པ་དག་འབྲས་བུ་བསྐྱེད་པ་དེ་དག་ཀྱང་གང་ལས་སྐྱེ་བ་དང་། སོ་སོར་ནུས་ཀྱང་ཇི་ལྟར་འབའ་ཞིག་གིས་མི་བསྐྱེད་དེ། བྱེད་པ་པོའི་ཁྱད་པར་སོ་སོ་ན་ཡོད་པ་དང་མེད་པའི་ཕྱིར་དང་། འབྲས་བུ་རྣམ་པ་གཉིས་པོ་ལྷན་ཅིག་བྱེད་པས་བསྐྱེད་པའི་ཁྱད་པར་འབྱུང་བའི་ཆོས་ ཅན་དང་། གཞན་ཏེ་མྱུ་གུ་ལ་སོགས་པ་ལྟ་བུ་དང་། མི་སྡོད་པར་བསྐྱེད་པའི་དབང་པོའི་རྣམ་པར་ཤེས་པ་ལྟ་བུ་སྟེ། འབྲས་བུ་དང་རྒྱུའི་ངོ་བོ་ཉིད་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ཐམས་ཅད་བཤད་ཟིན་ཏོ། །དེ་ལྷན་ཅིག་བྱེད་པ་དག་ལས་རྒྱུན་གྱིས་ཕན་འདོགས་པ་ལ་ ལྟོས་པའི་འབྲས་བུའི་རྒྱུ་སྐྱེ་བ་ལ་ལྷན་ཅིག་བྱེད་པའི་ཁྱད་པར་དང་པོ་ནི་ལྷན་ཅིག་བྱེད་པས་ཁྱད་པར་ལས་སྐྱེ་བ་ཅན་མ་ཡིན་འབྲས་བུ་མཇུག་ཐོགས་ཅན་ལྟ་བུའོ། །དེ་ཕན་ཆད་ཀྱི་ཁྱད་པར་གང་ཡིན་པ་དེ་དག་ནི་དེ་ལས་སྐྱེ་བ་ཅན་ཡིན་ཏེ། དེ་དང་དེ་དག་ནི་དེའི་རང་བཞིན་ཅན་ཡིན་པའི་ཕྱིར་ ཐུག་པ་མེད་པ་མ་ཡིན་ནོ། །གལ་ཏེ་ཁྱད་པར་དང་པོའི་རྒྱུ་བཞིན་དུ་སྐད་ཅིག་པ་མ་ཡིན་པའི་དངོས་པོ་ཁྱད་པར་དུ་གྱུར་པ་མ་སྐྱེས་པས་ཀྱང་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེ་ན། སྐྱེད་པ་ནི་རག་སྟེ། གལ་ཏེ་འདིའི་ངོ་བོ་ཉིད་དེ་མི་སྡོད་པར་སྐྱེད་པར་བྱེད་པའི་ཆོས་ཅན་ཞིག་ཡིན་ན་ནི་སོ་ སོ་ན་ཡོད་པ་སྲིད་པས་འབའ་ཞིག་གིས་ཀྱང་དེ་ལྟར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེའི་ངོ་བོ་ཉིད་མ་ཡིན་ན་ནི་དེའི་ཚེ་ཡང་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་ཡང་རྗེས་སུ་འགྲོ་བ་དང་བྲལ་བ་ཅན་ཡང་མེད་ཅེས་བྱ་བར་སྦྱར་ཏེ། དེ་ལ་བྱེ་བྲག་འགོག་པ་ནི་ལྡོག་པ་ ཡིན་ལ། དེ་ལ་ཤུགས་ཀྱིས་ལྷག་མ་རྟོགས་པ་ནི་རྗེས་སུ་འགྲོ་བ་ཡིན་ནོ། །གཅིག་རྗེས་སུ་འགྲོ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་གཞུང་འཛུགས་པར་བྱེད་དེ། གཅིག་རྗེས་སུ་འགྲོ་བ་ལ་ཞེས་བྱ་བ་ནི་གཅིག་བསྒྲུབ་པ་ལ་ཡོངས་སུ་སྤང་བར་བྱ་བ་མེད་ཅིང་རྣམ་པར་ གཅད་པར་བྱ་བ་མེད་ན་བརྗོད་པ་འབྲས་བུ་མེད་པའི་ཕྱིར་ཏེ། གལ་ཏེ་ཤིང་ཆོད་ཅིག་ཅེས་སྨྲས་ན། དེ་ལ་ཤུགས་ཀྱིས་ཤིང་མ་ཡིན་པ་རྣམ་པར་མི་གཅོད་ན་དེའི་ཚེ་ཤིང་ཞེས་བྱ་བའི་སྒྲ་སྦྱོར་བ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟ་བས་ན་ལྡོག་པ་དང་བྲལ་བ་ཅན་གྱི་རྗེས་སུ་ འགྲོ་བ་ནི་མེད་དོ། །དེ་བཞིན་དུ་གཅིག་ཡོངས་སུ་སྤངས་པ་ལ་ཡང་ཞེས་བྱ་བ་ནི་གཅིག་དགག་པ་ལ་ཡང་དགག་པས་ཡུལ་དུ་མ་བྱས་པའི་དངོས་པོ་འགའ་ཞིག་ལ་གནས་པ་མེད་ན་བརྗོད་པ་འབྲས་བུ་མེད་པའི་ཕྱིར་ཏེ། འདི་ལྟར་ཆང་གི་ཡུལ་ཅན་གྱི་བཏུང་བ་ བཀག་པ་ལ། གལ་ཏེ་ཆང་ལས་གཞན་པ་ལ་ཡང་བཏུང་བ་མི་གནས་པར་གྱུར་ན་ནི་དེའི་ཚེ་ཡུལ་ཐམས་ཅད་ལ་བཏུང་བ་བཀག་པ་ལ་ཁྱད་པར་དུ་འགོད་པ་དོན་མེད་པ་ཡིན་ནོ། །དེ་ལ་ཆང་མི་བཏུང་ངོ་ཞེས་ཆང་བཏུང་བ་ཙམ་དགག་པ་ལ་ཚིག་གི་དོན་དཔྱད་ཟིན་པའི་ཕྱིར་དེ་ལས་བཟློག་ པ་བཏུང་བར་སྒྲས་མི་བསྒྲུབ་མོད་ཀྱི་འོན་ཀྱང་ཆང་ལས་གཞན་པ་ལ་བཏུང་བ་གནས་པར་གཟུང་བ་ཡིན་པས་ཤུགས་ཀྱིས་རྗེས་སུ་འགྲོ་བ་རྟོགས་སོ། །ཐ་དད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ་རེ་ཞིག་ཐ་དད་པ་གཅིག་ནི་ལྡོག་པ་རང་གི་མཚན་ཉིད་ཁོ་ན་ཡིན་ཏེ། རིགས་མཐུན་ པ་དང་རིགས་མི་མཐུན་པ་ལས་ཐ་དད་པའི་ཕྱིར་རོ། །ཐ་དད་པ་འདི་ནི་རང་གི་མཚན་ཉིད་ཡིན་པའི་ཕྱིར་བདག་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོ་དང་ལྡན་པ་ཉིད་ཡིན་ནོ། །ཡང་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་ངོ་བོ་གཅིག་ལྟ་བུ་སྒྲའི་བརྗོད་པར་བྱ་བ་ཉིད་དུ་རྣམ་པར་གཞག་ པ་ལོག་པའི་དངོས་པོ་མཐོང་བའི་སྒོ་ནས་འོངས་པའི་ཕྱིར་ཐ་དད་པ་ཞེས་བརྗོད་པ་དེ་ཡང་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་དེ་ལས་ཐ་མི་དད་པ་ཉིད་བསམས་པས་རྣམ་པར་ཤེས་པ་བཞིན་དུ་རང་རིག་པར་བྱ་བ་ཡིན་པའི་ཕྱིར་དངོས་པོ་དང་ལྡན་པ་ཁོ་ན་ཡིན་ཏེ། འདི་སྐད་དུ་ཞེས་ འཆད་པར་འགྱུར་རོ། །འདིས་ནི་སྒྲས་བརྗོད་པར་བྱ་བའི་རྣམ་པ་ཁོ་ན་ཡིན་ཏེ། རིགས་མི་མཐུན་པ་ལ་སོགས་པ་རིགས་མཐུན་པ་རང་གི་མཚན་ཉིད་རྣམས་ལ་རྣམ་པར་རྟོག་པ་ཅན་གྱི་བློས་སྒྲོ་བཏགས་པ་དེར་ལྷག་པར་ཞེན་པའི་དབང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྤྱིར་ གྱུར་པའི་ཆོས་ཉིད་དུ་གཟུང་བའི་ཐ་དད་པ་ཡིན་ནོ། །དེ་ནི་ཕྱི་རོལ་གྱི་དངོས་པོ་ལ་ལྟོས་པ་ཉིད་ཀྱིས་དངོས་པོ་མེད་ཅིང་ངོ་བོ་ཉིད་མེད་པ་ཡིན་ཏེ། ཕྱི་རོལ་གྱི་ལ་དེ་ལྟ་བུ་མེད་པའི་ཕྱིར་རོ། །འདི་ལ་དངོས་པོ་དང་ལྡན་པ་ཉིད་དུ་ཕྱི་རོལ་གྱི་དངོས་པོའི་ངོ་བོ་ཉིད་དུ་མཐོང་བའི་བློའི་ བསླད་པ་ཁོ་ན་ཡིན་ནོ། །འབའ་ཞིག་ཏུ་ཟད་དོ་ཞེས་སྨོས་པ་ནི་ཕྱི་རོལ་གྱི་རྒྱུ་མཚན་དགག་པའི་ཕྱིར་རོ། །བློའི་བསླད་པ་ཉིད་ཡིན་པ་འབའ་ཞིག་ཏུ་ཟད་ཀྱི། དངོས་པོ་ཉིད་དུ་བྱ་བའི་ཕྱི་རོལ་གྱི་རྒྱུ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཞེས་བྱ་བ་ནི་བློའི་བསླད་པ་ཉིད་ ཀྱི་ཕྱིར་རོ། །དོན་དམ་པ་མིན་ན་ནི་དངོས་པོ་མེད་པའོ། །དེ་ཉིད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་ཐ་དད་པ་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱི་བདག་ཉིད་ནི་མ་ཡིན་ཏེ། དེ་ནི་དོན་དམ་པར་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་དེ་ལྟར་མི་འདོད་ནའོ། །དངོས་པོ་ནི་ རང་གི་མཚན་ཉིད་ཡིན་ལ། ལྡོག་པ་ནི་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པ་ཡིན་པས་ནི་དངོས་པོར་མི་འགྱུར་རོ། །གལ་ཏེ་རང་གི་མཚན་ཉིད་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པ་རྣམ་པར་རྟོག་པའི་བློས་འདྲ་བ་ཉིད་དུ་སྤྱིར་འགྱུར་བ་ཉིད་ཀྱི་སྒྲོ་བཏགས་པས་དངོས་ པོར་གྱུར་པ་དེའི་ཚེ་དངོས་པོར་འགྱུར་བ་ལྡོག་པའི་མིང་ཅན་གྱི་སྤྱིའི་སྒོ་ནས་དངོས་པོ་དེ་དག་རིགས་མི་མཐུན་པ་ལས་ལོག་པར་འདོད་པར་བྱའོ། །དེ་ལ་ཤིང་ཐམས་ཅད་ཀྱི་ཐ་དད་པ་ཤིང་མ་ཡིན་པ་ལས་ལྡོག་པ་སྤྱིར་གྱུར་པ་གང་ཡིན་པ་འདི་ནི་དངོས་པོ་ཉིད་དུ་འདོད་པ་དེ་ནི་གལ་ཏེ་ ཤིང་པ་ལ་ཤ་གཅིག་གི་ཐ་དད་པ་ལས་གཞན་མ་ཡིན་པ་དེའི་ཚེ་པ་ལ་ཤ་གཅིག་པུ་ཉིད་ཤིང་མ་ཡིན་པ་ལས་ལྡོག་པར་འགྱུར་གྱི། ཤིང་དྷ་པ་ལ་སོགས་པ་ནི་མ་ཡིན་ཏེ། ལྡོག་པ་སྤྱིར་གྱུར་པ་གང་གིས་ཤིང་དྷ་པ་ལ་སོགས་པ་མ་ལུས་པ་ཤིང་མ་ཡིན་པ་ལས་ལྡོག་པར་འདོད་པ་དེ་ནི་ཤིང་ པ་ལ་ཤ་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར་གཞན་དག་ལ་ནི་མི་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་པའོ། །འོན་ཏེ་པ་ལ་ཤ་ལས་གཞན་ཡིན་ན། དེ་ལ་ཡང་ཤིང་མ་ཡིན་པ་ལས་ལྡོག་པ་པ་ལ་ཤ་ལས་གཞན་ཉིད་ཡིན་པའི་ཕྱིར་ཤིང་མ་ཡིན་པ་ལས་ལྡོག་པ་དེ་ལས་ཀྱང་པ་ལ་ཤ་ལྡོག་པར་ འགྱུར་ལ། ཤིང་མ་ཡིན་པ་ལས་ལྡོག་པ་ལས་ཀྱང་པ་ལ་ཤ་ལྡོག་པར་འགྱུར་བ་ནི་ཤིང་མ་ཡིན་པ་ལས་ཐ་དད་པ་ཉིད་དེ་ཞེས་བྱ་བར་མི་འགྱུར་རོ། །ཐ་དད་པར་འདོད་པ་དེ་དག་ཀྱང་འདི་འདི་ལས་ཐ་དད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་པ་ལ་ཤའོ། །འདི་ ལས་ནི་ཤིང་མ་ཡིན་པ་ལས་སོ། །ཐ་དད་ཅེས་བྱ་བ་ནི་དེ་ལྟར་བརྗོད་པའི་ཕྱིར་ཏེ། སྨྲས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་པོ་ནི་ཞེས་བྱ་བ་ལ་སོགས་པས་ནི་འཆད་པ་ཡིན་ཏེ། རང་གི་ངོ་བོ་ནི་དོན་དམ་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐ་དད་ པ་ནི་གལ་ཏེ་རྣམ་པར་རྟོག་པས་སྒྲོ་བཏགས་པའི་ལྡོག་པའོ། །དངོས་པོར་གྱུར་པ་ནི་རང་བཞིན་དུ་འགྱུར་བའོ། །དེ་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལས་ལྡོག་པའི་དངོས་པོའོ། །དེའི་དངོས་པོའམ་ཞེས་བྱ་བ་ནི་ལྡོག་པ་གང་ཡིན་པ་དེ་ནི་པ་ལ་ཤའི་རང་གི་མཚན་ཉིད་དེའི་བདག་ ཉིད་དོ། །དེའི་དངོས་པོ་མ་ཡིན་པར་འགྱུར་ཞེས་བྱ་བ་ནི་དེ་ལས་གཞན་ཞེས་བྱ་བའི་དོན་ཏེ། དངོས་པོ་དེ་ཉིད་དང་གཞན་ཉིད་ལས་མ་འདས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དངོས་པོ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པས་ཕྱོགས་དང་པོའི་ཉེས་པ་སྨྲས་པ་ཡིན་ཏེ། སྤྱིར་གྱུར་ པའི་ལྡོག་པ་གང་གིས་ཤིང་ཐམས་ཅད་ཀྱི་ཐ་དད་པ་ཤིང་མ་ཡིན་པ་ལས་ལྡོག་པར་འདོད་པ་དེ་ནི་དེའི་དངོས་པོ་པ་ལ་ཤ་ལས་གཞན་མ་ཡིན་པ་ཉིད་དུ་ཁས་བླངས་པས་ན། དེ་ཉིད་པ་ལ་ཤའི་རང་གི་མཚན་ཉིད་ཁོ་ན་ལྡོག་པ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་ཤིང་མ་ཡིན་པ་ ལས་པ་ལ་ཤ་ཁོ་ན་ཐ་དད་པ་ཐོབ་པ་ཡིན་ནོ། །གཞན་ནི་ཤིང་དྷ་པ་ལ་སོགས་པའོ། །དེ་ལས་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལས་ཐ་དད་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པ་ལ་ཤ་ནི་ཤིང་མ་ཡིན་པ་ལས་ལྡོག་པ་པ་ལ་ཤ་ཉིད་ ཀྱི་དངོས་པོ་ཡིན་གྱི་དེའི་དངོས་པོ་དྷ་བ་ལ་སོགས་པ་གཞན་གྱིར་ནི་མི་འགྱུར་རོ། །དེ་ཉིད་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་གཉིས་པ་ཉེ་བར་འགོད་པ་ཡིན་ནོ། །དེ་ཉིད་མ་ཡིན་པ་ནི་པ་ལ་ཤའི་རང་གི་མཚན་ཉིད་མ་ཡིན་པའོ། །དེ་ནི་ཐ་དད་པའི་དངོས་པོ་ ཡིན་ནའོ། །དངོས་པོ་ཡང་ཞེས་བྱ་བ་ནི་འདིར་རང་བཞིན་ཡང་སྟེ་ཐ་དད་པར་འདོད་དེ་དེ་བས་ན་གཞན་ཉིད་ནི་པ་ལ་ཤ་ལས་ལྡོག་པའི་ངོ་བོར་འགྱུར་རོ། །དེ་བས་ན་ཞེས་བྱ་བས་ནི་གཞན་ཉིད་ཀྱི་རྒྱུའི་ཕྱིར་རོ། །དངོས་པོ་ནི་པ་ལ་ཤའི་བདག་ཉིད་དོ། །དེ་ལས་བྱ་བ་ནི་ཤིང་མ་ཡིན་པ་ ལས་ལྡོག་པའི་ངོ་བོ་ལས་ལྡོག་པར་འགྱུར་བའོ། །དེའི་ཕྱིར་ནི་རྒྱུ་དེའི་ཕྱིར་རོ། །འདི་ལས་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལས་སོ། །འདི་ནི་པ་ལ་ཤ་སྟེ། ཐ་དད་པ་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །གང་གི་ཕྱིར་དངོས་པོ་གང་ཞིག་གང་ལས་ཐ་དད་པ་ནི་གང་ཡིན་པ་དེ་ལས་ ལྡོག་པར་འགྱུར་བ་དེ་ཉིད་དེར་འགྱུར་བ་སྟེ། ཤིང་མ་ཡིན་པ་ལ་ལྡོག་པ་ལས་ཤིང་ཉིད་ཀྱི་མཚན་ཉིད་ལྡོག་པ་ནི་པ་ལ་ཤའི་རང་གི་མཚན་ཉིད་ནི་ཤིང་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ཤིང་མ་ཡིན་པ་ལས་ཐ་དད་པ་འདི་ནི་པ་ལ་ཤ་ལས་གཞན་དུ་ འགྱུར་བ་དེའི་ཚེ། དེ་སྟེ་འདི་ཤིང་མ་ཡིན་པ་ལས་ཐ་དད་པ་དང་པ་ལ་ཤ་འདི་འབྲེལ་པ་དང་ལྡན་པ་ཞེས་བྱ་བར་མི་འགྱུར་རོ། །གཞན་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་གཞུང་འགོད་པའོ། །འབྲེལ་པ་ཡོད་པ་ཡིན་ན་ཡང་ཞེས་བྱ་བ་ནི་འབྲེལ་པ་ཁས་ བླངས་པར་འགྱུར་བའོ། །འབྲེལ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཁས་བླང་བར་བྱ་སྟེ། ཐ་དད་པ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་མ་གཏོགས་པར་འབྲེལ་པ་གཞན་མི་འཐད་པའི་ཕྱིར་རོ། །དེ་ལྡོག་པ་ཅན་ནི་རྒྱུ་ཡིན་ལ་ལྡོག་པ་འབྲས་བུའོ། །ཡིན་པས་ཞེས་ བྱ་བ་ནི་གཏན་ཚིགས་སོ། །དེ་ལས་སྐྱེས་པ་ནི་རང་གི་མཚན་ཉིད་ལྡོག་པ་ཅན་དེས་བསྐྱེད་པའོ། །དངོས་པོ་ནི་དངོས་པོ་གཞན་ཉིད་དོ། །ཐ་དད་པ་ཞེས་བྱ་བ་ནི་ཚིག་གི་དོན་གཞན་གྱི་མིང་དུ་བྱས་པར་གྱུར་པའོ། །དེ་བས་ན་འབྲས་བུ་ཉིད་དུ་འདོད་པ་ཐ་དད་པ་ཞེས་ བྱ་བ་ཚིག་གི་དོན་ལས་གཞན་ཡང་བྱེ་བྲག་མེད་པའི་ཕྱིར་རྒྱུ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་ལྡོག་པ་སྟེ། ཐ་དད་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟར་གཞན་དུ་ཡང་ཐ་དད་པར་འདོད་པའི་ཐ་དད་པའི་ཐ་སྙད་དུ་མི་འགྱུར་རོ། །ཐ་དད་པའི་དོན་གཞན་ཡིན་པར་ཁས་ བླངས་པ་འདི་ནི་དོན་གཞན་ཡིན་ནོ། །དེ་ལས་ལྡོག་པ་དང་ལྡན་པ་ལས་ཀྱང་ཐ་དད་པ་འདི་ཐ་དད་པར་ཡོད་པ་ཡིན་གྱི། རྣམ་པ་གཞན་དུ་ན་ཐ་དད་པའི་དོན་གཞན་ཉིད་དུ་མི་འགྱུར་རོ། །དེ་བས་ན་ཤིང་མ་ཡིན་པ་ལས་ཐ་དད་པ་གང་ཡིན་པ་དེ་ནི་པ་ལ་ཤ་ལས་གཞན་ཡིན་ ཞེས་བྱ་བའི་དབང་དུ་བྱས་ནས། ཤིང་མ་ཡིན་པ་ལས་ཐ་དད་པ་པ་ལ་ཤ་དང་འབྲེལ་བ་ཅན་པ་ལ་ཤ་ལས་ཐ་དད་པ་བདག་ཉིད་དང་འབྲེལ་པ་ཅན་གྱི་ཁྱད་པར་ཏེ་བྱེ་བྲག་ཡིན་པའི་རྒྱུ་དེའི་ཕྱིར་ཤིང་མ་ཡིན་པ་ལས་འདི་ཐ་དད་པ་ཡིན་གྱི། རྫས་གཞན་དང་འདྲ་བར་ པ་ལ་ཤ་ནི་ཐ་དད་པར་མི་འགྱུར་ཏེ། དཔེར་ན་རྫས་གཞན་བུམ་པ་མ་ཡིན་པ་ལ་སོགས་པ་ལ་ལྟོས་ནས་ཐ་དད་པ་གང་ཡིན་པ་དེའི་ཁྱད་པར་ཉིད་ཡིན་པའི་ཕྱིར་པ་ལ་ཤའི་ཐ་དད་པ་ཉིད་མ་ཡིན་ལ། དེ་བཞིན་དུ་ཤིང་མ་ཡིན་པ་ལས་ཐ་དད་པ་ཡང་པ་ལ་ཤ་ལས་ཐ་དད་པའི་ཁྱད་པར་ཉིད་ཡིན་པའི་ ཕྱིར་པ་ལ་ཤ་ཐ་དད་པར་མི་འགྱུར་རོ། །ཐ་དད་པའི་ཁྱད་པར་ཁོ་ན་ཞེས་བྱ་བ་ནི་གཞུང་འདི་ཉིད་ཀྱི་གཞུང་འཛུགས་པ་ཡིན་ནོ། །འདི་ནི་ཤིང་མ་ཡིན་པ་ལས་ཐ་དད་པའོ། །འདི་ལས་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལས་སོ། །འདི་ཞེས་བྱ་བ་ཉིད་ལ་ལྟོས་པ་ཡིན་པས་ན་འདི་ལྟ་སྟེ། པ་ ལ་ཤ་ཐ་དད་པ་འདི་ནི་ཤིང་མ་ཡིན་པ་འདི་ལས་ཞེས་བྱ་བ་དེ་ལྟར་ཁྱད་པར་བསྟན་པའི་ཕྱིར་རོ། །དེ་སྐད་དུ་གལ་ཏེ་པ་ལ་ཤའི་ཤིང་མ་ཡིན་པ་ལས་ཐ་དད་པ་གང་ཡིན་པ་དེ་ནི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །པ་ལ་ཤ་ལས་ཀྱང་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ཐ་དད་པའི་ཁྱད་པར་དང་ ལྡན་པ་ཡིན་ཏེ། དེ་ལྟར་ན་བུམ་པ་ལ་སོགས་པ་དང་འདྲ་བར་དོན་གཞན་དེ་ཉིད་སྐྱེས་པ་ཁོ་ན་ཡིན་ན་ཤིང་མ་ཡིན་པ་ལས་པ་ལ་ཤ་འདི་ཐ་དད་པ་འདི་ནི་ཞེས་བྱ་བ་ཤིང་མ་ཡིན་པ་ལས་ཐ་དད་པ་གང་ཡིན་པ་འདི་ནི། དེ་བཞིན་དུ་པ་ལ་ཤ་ཡིན་ཞིང་། དེ་ལས་ཀྱང་གཞན་ཉིད་ཡིན་པའི་ཕྱིར་རོ་ཞེས་ བསྟན་པར་འགྱུར་རོ། །དེ་བས་ན་འདི་ལྟར་བཟློག་པའི་ཕྱོགས་ཐ་དད་པའི་ཡང་ཐ་དད་པ་གང་ཡིན་པ་དེ་ཡང་དངོས་པོ་ཅན་དུ་འགྱུར་རོ། །དེ་ཡང་རང་གི་རྟེན་ལས་ཐ་དད་པ་ཉིད་དུ་འགྱུར་བ་དེ་ལྟར་ན་ཐ་དད་པ་ཐམས་ཅད་ནི་ངོ་བོ་ཉིད་དང་ཐ་དད་པའི་ཁྱད་པར་གྱིས་བདག་ཉིད་ཐ་དད་པའི་ངོ་བོ་མེད་ པའི་ཕྱིར་འགའ་ཞིག་ཀྱང་ཐ་དད་པར་མི་འགྱུར་རོ། །དེ་ཉིད་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཁྱད་པར་གྱི་དངོས་པོ་མེད་པ་ལ་ཞེས་བྱ་བ་ལྡོག་པའི་མཚན་ཉིད་ཆོས་སུ་གྱུར་པའི་ཁྱད་པར་གྱིས་དངོས་པོ་མེད་པར་གྱུར་པ་སྟེ། ཐམས་ཅད་ཀྱི་རང་བཞིན་གཞན་དུ་ གྱུར་པ་ཉིད་ཀྱིས་ཆོས་ཅན་ཉིད་ཡིན་པའི་ཕྱིར་ཐ་དད་པ་ཉིད་ནི་དངོས་པོ་མེད་པར་འགྱུར་ལ། དེ་ནི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་སྨྲའོ། །གཞན་དག་ནི་ཐ་དད་པའི་ཁྱད་པར་བཞིན་དུ་ཐ་དད་པ་མེད་པའི་ཞེས་བྱ་བའི་གཞུང་གཞན་དུ་འཆད་དེ། གལ་ཏེ་ཁྱད་པར་དང་། ཁྱད་པར་དང་ལྡན་པ་དང་། ཕྱོགས་གཞན་ཉིད་ལ་ཉེས་པ་བརྗོད་པ་ན། གཞན་དག་ལ་དེ་ལྟར་ན་ཡང་ཁྱད་པར་དེ་དང་ལྡན་པ་དག་གཅིག་ཉིད་ཡིན་པ་དེ་བས་ན་འདི་ལ་ཉེས་པ་མེད་དོ་ཞེས་སྨྲས་པ་དེའི་ཕྱིར་ཐ་དད་པའི་ཁྱད་པར་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པའི་ཁྱད་ པར་དེ་དང་ལྡན་པ་དེ་ཉིད་ཐ་དད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདི་ལས་ཞེས་བྱ་བའི་ཁྱད་པར་བསྟན་པའི་ཕྱིར་རོ། །འདི་ལས་ཞེས་བྱ་བ་ནི་དང་པོ་ཉིད་ལ་སོགས་པ་ཉིད་ཀྱིས་ཕྱིར་དྲུག་པའི་དོན་གྱི་ལྔ་པ་ཡིན་ཏེ། འདི་ལྟ་སྟེ་ཁྱད་པར་དང་ལྡན་པ་ཡིན་ལ་འདི་ནི་ཐ་ དད་པའི་ཞེས་བྱ་བའི་ཁྱད་པར་བསྟན་པའི་ཕྱིར་དེ་དག་ཀྱང་གཅིག་པ་ཉིད་དུ་མི་འཐད་དོ་ཞེས་བྱ་བར་བསམས་པ་ཡིན་ནོ། །དེ་བས་ན་ཁྱད་པར་དང་དེ་དང་ལྡན་པ་དག་གཅིག་པ་ཉིད་མ་ཡིན་པ་དེ་ལྟར་ན་སྔར་བཤད་པའི་ཉེས་པ་དེའི་གནས་སྐབས་སུ་འགྱུར་བ་དེ་བས་ན་ཁྱད་པར་གྱི་ དངོས་པོ་མེད་པ་ཞེས་བྱའོ། །གཞུང་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །གལ་ཏེ་སྤྱིར་གྱུར་པ་ལྡོག་པ་དག་ནི་སྤྱིའི་དངོས་པོ་ཉིད་དམ། གཞན་གྱིས་ཀུན་བཏགས་པ་སྤྱི་ཉིད་དུ་ཡང་མི་འདོད་པ་དེ་ལྟ་ན་སྤྱིའི་དངོས་པོ་ཉིད་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །དེ་ལ་ཡང་ སྐྱོན་ནི་འོ་ན་ཇི་ལྟར་ཞེས་བྱ་བ་སྨྲས་ཏེ། ཐ་དད་པ་མེད་པ་ཞེས་བྱ་བ་ནི་ཆ་མེད་པའི་དངོས་པོ་སྒྲས་བརྗོད་ནའོ། །དེ་ནི་ཉེ་བར་མཚོན་པ་ཡིན་པ་དེ་ལྟར་རྟགས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་ན་ཡང་ངོ་། །དེ་ཉིད་ནི་དངོས་པོ་ཐ་དད་པ་མེད་པ་གཅིག་ལས་ཐ་དད་པ་ནི་གཞན་དག་ ལས་ཀྱང་ཐ་དད་པའི་ཕྱིར་རོ། །དེ་ལྟར་ན་རང་གི་ངོ་བོ་གང་གིས་སྒྲ་མ་བྱས་པ་ཉིད་ལས་ཐ་དད་པ་དེ་ཉིད་ལུས་ཅན་ཡིན་པ་དང་རྟག་པ་ལས་ཀྱང་ཐ་དད་པ་ཡིན་ཏེ། དེ་ནི་ཆ་མེད་པའི་ཕྱིར་རོ། །ཆ་མེད་པའི་དངོས་པོ་ཡང་བྱས་པའི་སྒྲས་མ་བྱས་པ་ལས་ཐ་དད་པ་གཅིག་ བརྗོད་པ་ན། དེ་བཞིན་དུ་རྟགས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པས་ན་ཐ་དད་པ་ཐམས་ཅད་རྟོགས་པས་དེ་ལ་ཆ་མེད་པ་དངོས་པོ་སྒྲ་དང་ཚད་མ་གཞན་དོན་མེད་པར་ཇི་ལྟར་མི་འགྱུར་ཏེ། སྒྲ་གཅིག་གིས་བརྗོད་པ་ན་སྒྲ་གཞན་དག་དང་རྟགས་གཅིག་གིས་ཁོང་ དུ་ཆུད་པར་བྱེད་པ་ན་ཚད་མ་གཞན་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ། །དེའི་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་གྱུར་པ་དེ། །ཞེས་བྱ་བ་ལ་སོགས་པས་གང་རྒོལ་བ་འདི་ཉིད་ཀྱི་ལན་བཏབ་ནས་ དོན་ལྷག་པར་བརྗོད་པའི་ཕྱིར་ཡང་བཀོད་པ་ཡིན་ནོ། །དོན་རྣམས་ལ་རྣམ་པ་གཞན་དུ་སྒྲོ་བཏགས་པ་ནི་འདྲེས་པའི་དོན་ཏོ། །དེ་ལ་འདྲེས་པའི་དོན་གཅིག་རྣམ་པར་གཅོད་པ་ནི་གསལ་བ་ཡིན་ཏེ། སྒྲ་གཅིག་གི་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་བློ་སོ་སོར་སྣང་བའི་ཆོས་ ཅན་ཡིན་ཏེ། དེ་ཉིད་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཏེ་གཞི་མཐུན་པ་ལ་སོགས་པ་ཡང་དེ་ཉིད་ལ་སྲིད་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོའི་མཚན་ཉིད་ཀྱང་གང་དང་འདྲེས་པ་མེད་ལ། འདྲེས་པ་དང་ཐ་དད་པར་གྱུར་པ་ཡང་མེད་དེ། ཇི་སྐད་དུ། དམ་པའི་དོན་ གྱི་དོན་རྣམས་ནི། །རང་གི་འདྲེ་དང་ཐ་དད་མེད། །ཅེས་བསྟན་པའོ། །འདྲེས་པའི་དོན་གཅིག་རྣམ་པར་གཅོད་པ་ནི་རྟགས་ཀྱི་ཡང་བྱ་བ་ཡིན་ནོ། །དེ་ལ་སྒྲོ་བཏགས་པ་གཞན་རྣམ་པར་གཅོད་པ་ན་སྒྲ་དང་ཚད་མ་གཞན་དག་འབྲས་བུ་དང་བཅས་པ་ཡིན་ནོ། །དངོས་ པོ་སྟེ་ཕྱི་རོལ་གྱི་བརྗོད་པར་བྱ་བ་གཅོད་པ་རྣམ་པར་ཤེས་པ་ལས་བཟློག་པ་ཅི་ཡང་མེད་དོ། །དངོས་པོ་གང་གི་རྗོད་པར་བྱེད་པ་ལས་དངོས་པོའི་ངོ་བོ་མ་ལུས་པར་འགྱུར་རོ། །དངོས་པོའི་ནུས་པའི་དངོས་པོ་ནི་སྟོབས་ལས་སོ། །དངོས་པོའི་ཆ་མེད་པ་ལ་གཟུང་བ་ དང་འཛིན་པ་མི་རིགས་སོ། །གང་གི་ཕྱིར་རྣམ་པར་གཅོད་པ་བརྗོད་པར་བྱ་བ་ཡིན་པའི་རྒྱུ་དེའི་ཕྱིར་རྣམ་པར་གཅོད་པ་བྱེད་པ་ནི་སྒྲ་འབྲས་བུ་དུ་མ་ཅན་དང་རྟེན་གཅིག་པར་འགྱུར་རོ། །འདིས་ནི་གཞི་མཐུན་པ་ཉིད་ནི་སྒྲའི་དོན་གཞན་སེལ་བ་ཉིད་ལ་རིགས་སོ་ཞེས་སྨྲས་པ་ ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དེ། བློ་ལ་ཡོངས་སུ་གནས་པ་ཕྱི་དང་ནང་ཐ་དད་པ་འདྲེས་པ་སྟེ། གཅིག་ཏུ་གྱུར་པ་ལྟ་བུའི་རྣམ་པར་རྟོག་པའི་བློ་གང་ལ་ཡོད་པ་དེ་ལའོ། །རང་ཉིད་ཀྱི་སྣང་བ་ལ་སྒྲའི་དོན་ཏེ། སྒྲའི་བརྗོད་པར་བྱ་བ་ཉེ་བར་སྦྱོར་བར་ བྱེད་ཅིང་རྣམ་པར་འཇོག་པར་བྱེད་དོ་ཞེས་སྦྱར་རོ། །ཐ་སྙད་ཀྱི་ཡུལ་ཇི་ལྟ་བུར་གྱུར་པ་ཞེ་ན། སྤྱི་དང་གཞི་མཐུན་པ་ཉིད་དང་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོའི་ཐ་སྙད་དུ་རུང་བའོ། །ཇི་ལྟར་ཞེ་ན་དོན་བྱེད་པར་རུང་བར་ངེས་པར་བྱས་ནས་ཏེ། དོན་གྱི་བྱ་བ་མི་བྱེད་པ་ ཡིན་དུ་ཟིན་ཀྱང་དོན་གྱི་བྱ་བ་བྱེད་པ་ཉིད་དུ་བཟུང་ནས་སོ། །དེ་ཉིད་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་ལའོ། །ཇི་ལྟ་བུར་གྱུར་པ་ན་ཞེ་ན། འཁྲུལ་པའི་རྒྱུ་དེ་དང་དེ་དག་གིས་འདྲེས་པའི་ངོ་བོ་ལྟ་བུར་སྣང་བ་སྟེ། འདྲ་བ་གཞན་དང་གཞན་འབྱུང་ བ་ལ་སོགས་པ་འཁྲུལ་པའི་རྒྱུས་བརྟགས་པ་ལ་སོགས་པའི་རྣམ་པར་འདྲེས་པའི་ངོ་བོ་ལྟ་བུར་སྣང་བར་འགྱུར་བ་ནའོ། །བརྡ་ཇི་ལྟ་བ་བཞིན་དུ་གང་ལ་རྣམ་པར་གཅོད་པར་བྱེད་པའི་བརྡར་བྱས་པ་གང་ཡིན་པ་དེ་ནི་འགལ་བ་རྣམ་པར་གཅད་པའི་ཕྱིར་མི་རྟག་པ་ལ་སོགས་པའི་སྒྲ་ དེ་དག་གི་བྱེད་པ་གང་ཡིན་ནོ། །བརྡ་དང་རྗེས་སུ་མཐུན་པར་བསྟན་པར་བྱ་བའི་ཕྱིར་གཅིག་གིས་བསྒྲུབ་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་བརྡར་ཇི་ལྟ་བ་བཞིན་དུ་བྱེད་པ་དེའི་ཕྱིར་སྒྲ་གཅིག་གིས་སྒྲུབ་པ་ན་སྒྲས་ གཞན་རྣམ་པར་གཅོད་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། བརྡ་སོ་སོར་ངེས་པའི་ཕྱིར་ཏེ། གཅིག་ཅིག་རྣམ་པར་གཅོད་པ་ལ་སྒྲ་འཇུག་པའི་ཕྱིར། ཐ་སྙད་ལ་ཡང་རྣམ་པར་གཅོད་པ་དེ་དང་དེ་ཉིད་ཁོང་དུ་ཆུད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྒྲ་སྨོས་པ་ནི་ཉེ་བར་མཚོན་པ་ ཉིད་ཡིན་པས་རྟགས་ཀྱིས་ཀྱང་ཞེས་བྱ་བར་བལྟ་བར་བྱའོ། །གཞན་རྣམ་པར་གཅོད་པ་ཙམ་བརྗོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་དེ་དངོས་པོ་ཁྱད་པར་ཅན་ཡིན་པ་དེ་བས་ན་སྒྲའི་དོན་གཞན་སེལ་བའི་དངོས་པོའི་སྟོབས་ཀྱིས་མ་ལུས་པར་བརྗོད་པ་དེའི་གནས་ སྐབས་སུ་འགྱུར་རོ་ཞེ་ན། དངོས་པོ་རྣམ་པར་གཅད་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། སྒྲའམ་རྟགས་ཀྱི་དངོས་པོ་ཅུང་ཞིག་རྣམ་པར་གཅད་པ་འཕངས་པ་མེད་པ་ཁོ་ན་ཡིན་མོད་ཀྱི། དངོས་པོ་གང་ གི་རྗོད་པར་བྱེད་པ་དང་། དངོས་པོའི་སྟོབས་ཀྱིས་ཏེ། དངོས་པོ་འཕངས་པ་ནི་དངོས་པོའི་ཆ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་རྟོགས་པར་འགྱུར་ཏེ། ཆོས་རྣམས་དེ་ལས་མ་ལོག་པའི་ཕྱིར་རོ། །ཁྱད་པར་རྣམ་པར་བཟློག་པ་ཡང་། །ཁྱད་པར་སྣ་ཚོགས་ལ་ཕན་པའི། ། ཡན་ལག་ནུས་ལས་མི་གཞན་པ། །བདག་ཉིད་ཀུན་ཏུ་བཟུང་བ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་གཟུང་བ་བསྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་སྒྲ་དག་གིས་དངོས་པོ་འཕངས་པ་མེད་པ་ཡིན་ཞེ་ན། སྒྲ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པའི་བློ་ སྣང་བའི་རྣམ་པ་དངོས་པོ་མེད་པའི་ཕྱིར་བློ་བསླད་པའི་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་བློའི་བསླད་པའི་བརྗོད་པར་བྱ་བའི་དངོས་པོའི་སྟོབས་ཀྱིས་མ་ལུས་པར་རྟོགས་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྣང་བའི་རྣམ་པར་ཡང་ཤེས་པ་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར། ཤེས་པ་དང་འདྲ་བར་དངོས་པོ་དེ་བརྗོད་པ་ན་དངོས་པོའི་སྟོབས་ཀྱིས་མ་ལུས་པར་རྟོགས་པ་འཐོབ་པ་མ་ཡིན་ནམ། ཐོབ་པ་མ་ཡིན་ཏེ། གང་གི་ཕྱིར་གང་གི་ཚེ་ཤེས་པ་དེ་ལས་ཐ་མི་དད་པ་ཉིད་ཀྱིས་རང་གི་མཚན་ཉིད་ཡིན་ཏེ། ཤེས་པ་དང་འདྲ་བར་རང་རིག་པ་ཡིན་པ་ དེའི་ཚེ། དེ་ནི་ཕྱི་རོལ་རང་གི་མཚན་ཉིད་བཞིན་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ནི་ཕྱི་རོལ་གྱི་དོན་ཉིད་དུ་ཞེན་པར་བྱས་ནས་ཕྱི་རོལ་གྱི་སྤྱི་ཞེས་བྱ་བར་སྣང་བ་ན་སྒྲ་ལས་སྐྱེས་པའི་བློ་ལ་སྣང་བའི་ཕྱིར་སྒྲའི་བརྗོད་པར་བྱ་བ་མ་ཡིན་ལ། ཤེས་པའི་ངོ་བོ་ཉིད་ཀྱི་སྒོ་ནས་ དེ་ནི་དེ་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་སྐད་དུ་ཡང་། དོན་ལ་རྣམ་པར་རྟོག་པའི་ཕྱིར། །རང་རིག་ཉིད་ལ་རྟོག་མི་འདོད། །ཅེས་གསུངས་སོ། །གལ་ཏེ་སྒྲ་ཐམས་ཅད་བློའི་བསླད་པའི་ཡུལ་ཅན་ཉིད་ཡིན་ན། ཇི་ལྟར་བྱས་པ་དང་མི་རྟག་པ་ལ་སོགས་པའི་ སྒྲ་དག་ཡང་དག་པའི་དོན་ལ་མ་འཁྲུལ་པ་ཡིན་ཞེ་ན། དེའི་ཕྱིར་ཐ་སྙད་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བྱས་པ་དང་རྟག་པ་ལ་སོགས་པ་དེ་དེ་ལས་དོན་ཐ་དད་པ་ཉམས་སུ་མྱོང་བའི་སྒོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཐ་སྙད་ཅེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞེ་ན། ཆོས་ དུ་མ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་མ་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་ན་དུ་མ་དང་གཅིག་གོ། །དེ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའོ། །དེ་ནས་ཐ་དད་པ་དང་ཐ་མི་དད་པ་མ་ཡིན་པའི་སྒྲ་དག་ཚིག་གསུམ་ཟླས་དབྱེ་བ་སྟེ། ཆོས་ དུ་མ་དང་གཅིག་དང་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་དེ། བློ་ལ་སོ་སོར་སྣང་བའི་ཕྱིར་སྣང་བའོ། །དེ་ཉིད་འཁྲུལ་པ་སྟེ། བསླད་པ་ཉིད་ཀྱི་ཕྱིར་རོ། །དེའི་རྗེས་སུ་འབྲང་བ་ནི་རྣམ་པ་དེས་འཇུག་པའོ། །ཕྱིར་ནི་གཏན་ཚིགས་སོ། །དེ་སྟེ་ཐ་སྙད་དེར་འབྲེལ་པར་ གྱུར་པ་དེ་ལྟ་བུར་གྱུར་པའི་རང་གི་མཚན་ཉིད་དེར་བརྒྱུད་པས་འབྱུང་བའི་འབྲེལ་པ་ཡོད་ན་དེ་མ་འཁྲུལ་ཏེ། དངོས་པོ་ལ་མ་འཁྲུལ་པ་ཡིན་ནོ། །ཇི་ལྟར་བྱས་པ་ལ་སོགས་པའི་རྣམ་པ་ཅན་གྱི་སྒྲ་ལ་མ་བསླད་པ་ཡིན་པ་དེ་ལྟར། དངོས་པོ་དག་ཀྱང་བྱས་པ་ལ་སོགས་ པའི་ངོ་བོར་དོན་དམ་པར་ཡོད་པ་ཡིན་ཞེས་བྱ་བའི་རྣམ་པ་འདིས་མ་འཁྲུལ་པར་བལྟ་བར་བྱ་བའི་སྒྲ་ལ་འཇུག་པ་ན་གདོན་མི་ཟ་བར་དངོས་པོ་དང་ཕྲད་པ་ནི་མ་ཡིན་ཏེ། དངོས་པོ་མེད་པར་ཡང་འདོད་པའི་རྒྱུ་ཅན་གྱིས་སྦྱོར་བ་སྲིད་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་ བའི་ཕྱིར་དེ་བཞིན་དུ་མ་ཡིན་པ་དེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་མ་ཡིན་པ་ཞེས་བྱ་བ་ནི་འཁྲུལ་པ་ལས་སོ། །དེ་ལས་ཞེས་བྱ་བ་ནི་བློའི་བསླད་པའི་ཡུལ་སྒྲ་ལས་བྱུང་བའི་ཐ་སྙད་གཞན་གྱི་རྗེས་སུ་དཔག་པ་ལ་སོགས་པའི་མཚན་ཉིད་ལས་ སོ། །འཇུག་པའི་མཐར་ཏེ། འཇུག་པ་ཡོངས་སུ་རྫོགས་ན་ཡང་དག་པ་ཉིད་ཀྱི་དངོས་པོ་ཡིན་གྱི་མ་བྱས་པ་ལ་སོགས་པའི་ངོ་བོ་ནི་མ་ཡིན་ཏེ། འདིས་ནི་མ་འཁྲུལ་པའི་རང་གི་ངོ་བོ་བསྟན་ཏོ། །ཤེས་པ་མ་བསླུས་པའི་ཕྱིར་ཏེ། རང་གི་མཚན་ཉིད་འཛིན་པའི་ ཤེས་པ་བསྐྱེད་པའི་ཕྱིར་རོ། །སྒྲའི་དོན་གཞན་སེལ་བ་འདི་ཉིད་ཀྱང་གཞི་མཐུན་པའི་སྒྲུབ་པར་བྱེད་པ་ཉིད་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་པ་ཐ་དད་པར་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་ཐ་དད་པ་ནི་ཡོན་ ཏན་དང་རིགས་ལ་སོགས་པ་སྒྲ་འཇུག་པའི་རྒྱུ་མཚན་དུ་གྱུར་པ་དེ་འཛིན་པའི་ཤེས་པ་དང་སྒྲ་དག་ནི་དངོས་པོ་གཅིག་གི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རྣམ་པ་ཐ་དད་པ་ཅན་གྱི་ཤེས་པ་དངོས་པོ་གཅིག་གི་ཡུལ་ལ་འཇུག་པ་དེ་བས་ན་དེའི་རྗེས་སུ་འབྲངས་ནས་སྒྲ་ ཡང་དེ་བཞིན་དུ་འགྱུར་བ་ད་ལྟར་ན། སྒྲ་འབྲས་བུ་དུ་མ་ཅན་རྟེན་གཅིག་པ་སྟེ། གཞི་མཐུན་པ་ཉིད་དུ་འགྱུར་ན་དེ་ཡང་མེད་དེ་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཨུཏྤ་ལ་དང་སྔོན་པོའི་སྒྲ་དག་དངོས་པོ་གཅིག་གམ་དུ་མ་བརྗོད་པར་འགྱུར་གྲང་ན། ཕྱོགས་དང་པོ་ནི་ གཅིག་ཁོ་ནས་དངོས་པོ་ཆ་མེད་པ་བདག་ཉིད་ཐམས་ཅད་བརྗོད་པའི་ཕྱིར་སྒྲ་གཉིས་མི་འཇུག་པའམ་འཇུག་པ་རྣམ་གྲངས་ཉིད་ཡིན་པའི་ཕྱིར་འབྲས་བུ་དུ་མ་ཅན་ཉིད་མ་ཡིན་ནོ། །ཕྱོགས་གཉིས་པ་ལ་རྟེན་གཅིག་པ་མེད་དེ་བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་ བཞིན་དུ་སྣ་ཚོགས་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་སྔོ་བའི་སྒྲས་སྔོན་པོའི་ཡོན་ཏན་ཁྱད་པར་ཅན་གྱི་རྫས་དང་ཨུཏྤ་ལའི་སྒྲས་ཨུཏྤ་ལ་ཉིད་རིགས་ཁྱད་པར་ཅན་གྱི་རྫས་དེ་ཡང་སྨྲས་པ་ཡིན་ནོ། །དེ་བས་ན་ཁྱད་པར་དག་ཐ་དད་པ་འབྲས་བུ་དུ་མའི་སྒྲ་ ཁྱད་པར་གཞི་ཐ་དད་པ་མེད་པའི་ཕྱིར་རྟེན་གཅིག་པ་ཡིན་ནོ་ཞེས་འདོད་པ་དེ་ཡང་བདེན་པ་མ་ཡིན་ནོ། །དེ་ལྟར་ན་སྔོན་པོའི་ཡོན་ཏན་ཁྱད་པར་ཅན་གྱི་རྫས་སྔོ་བའི་སྒྲས་བརྗོད་པར་འགྱུར་བ་ན་བདག་ཉིད་ཐམས་ཅད་བསྟན་པར་འགྱུར་ཏེ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ རྫས་ཨུཏྤ་ལ་ཉིད་ཀྱི་རིགས་ཀྱིས་ཁྱད་པར་དུ་གྱུར་པའི་བདག་ཉིད་མ་བརྗོད་པ་ཅི་ཞིག་ཡོད། གང་ཨུཏྤ་ལའི་སྒྲས་བརྗོད་པའི་ཕྱིར་དེ་ལྟར་ན་རྣམ་གྲངས་ཉིད་དུ་འགྱུར་རོ། །འོན་ཏེ་ཁྱད་པར་ཐ་དད་པས་ཁྱད་པར་གྱི་གཞི་རྫས་ཐ་དད་པ་དེ་ལྟ་ན་ཡང་རྟེན་གཅིག་པ་ཉིད་དུ་མི་ འགྱུར་རོ། །གཞན་སེལ་བ་སྨྲ་བ་ལ་ནི་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་ཇི་སྐད་དུ་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་དོན་གང་ལ་བློའི་སྣང་བ་ལ་བརྟེན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་ཉེས་པ་མེད་པ་དེ་ལྟར་བསྟན་པའི་ཕྱིར། གཅིག་ཅིག་རྣམ་གཅོད་ ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་གཅིག་གིས་སྔོན་པོ་མ་ཡིན་པ་གཅིག་ཅིག་རྣམ་པར་གཅད་པ་སྟོན་པ་ན་གཞན་ཨུཏྤ་ལ་མ་ཡིན་པ་རྣམ་པར་གཅོད་པ་སྤོང་བ་ལ་མི་འཇུག་པ་སྟེ། སེལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེས་ནི་སྟེ་སྔོ་བའི་སྒྲས་སོ། །དེ་ནི་ཨུཏྤ་ ལ་མ་ཡིན་པ་རྣམ་པར་གཅོད་པ་ཁྱབ་པ་སྟེ། གནོད་པར་གྱུར་ན་ཨུཏྤ་ལ་མ་ཡིན་པའི་སྒྲའི་སྦྱོར་བ་ལ་ནི་བློ་གཅིག་ཉིད་དུ་སྣང་བར་འགྱུར་ཏེ། རྣམ་པར་གཅོད་པ་གཉིས་དང་ལྡན་པའི་ཆོས་ཅན་གཅིག་ཉིད་རྣམ་པར