Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 7 / 22 (50.000 ký tự/trang)
པ་བསྡུའོ། །དེ་མི་བྱེད་པ་ཅན་དག་ལས་ཞེས་བྱ་བ་ནི་མངོན་པར་
ཤེས་པ་ལ་སོགས་པ་མི་བྱེད་པ་ཅན་དག་ལས་ཐ་དད་པའི་ཕྱིར། ཐ་མི་དད་པ་ཞེས་བྱ་བའི་སྤྱི་གཅིག་དང་ལྡན་པའི་ཕྱིར་ནི་མ་ཡིན་ནོ། །འབྲས་བུའི་སྒོ་ནས་ཐ་མི་དད་པར་བསྟན་ནས། རྒྱུའི་སྒོ་ནས་བསྟན་པའི་ཕྱིར། གཅིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྩོལ་བ་གཅིག་
གིས་བུམ་པའི་ཁྱད་པར་རྣམས་ལྟ་བུའོ། །དེས་བསྐྱེད་པར་བྱ་བ་མ་ཡིན་པ་དག་ལས་ཞེས་བྱ་བ་ནི་བསྩལ་བས་བསྐྱེད་པར་བྱ་བ་མ་ཡིན་པ་དག་ལས་ཐ་དད་པ་ཞེས་བྱའོ། །བུམ་པ་རེ་རེ་ཞིང་རྩོལ་བ་ཐ་དད་མོད་ཀྱི་འོན་ཀྱང་གཅིག་ཏུ་མངོན་པར་ཤེས་པའི་རྒྱུ་ཉིད་ཀྱིས་དེ་ཡང་གཅིག་པ་ཉིད་
ཡིན་ཏེ་འདི་ནི་འོག་ནས་གཏན་ལ་འབེབས་པར་འགྱུར་རོ། །གཞན་གྱིས་ཡང་ཅི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ལ་མཚན་ཉིད་ཐ་དད་ཅིང་ལྡོག་པ་ཡོད་པའི་སྤྱི་དེ་དེའི་འབྲས་བུ་ཅན་མ་ཡིན་པ་དག་དང་དེའི་རྒྱུ་ཅན་མ་ཡིན་པ་དག་ལས་ལོག་པ་རང་གི་མཚན་ཉིད་དང་མཚུངས་སོ་ཞེས་བྱ་བར་
ཤེས་པར་བྱའམ། འོན་ཏེ་གཞན་ཁོ་ན་དང་ཡིན་ཞེ་ན་ཞེས་བྱ་བ་མཚན་ཉིད་ཐ་དད་པ་ཅན་གྱི་སྤྱི་དེ་རང་གི་མཚན་ཉིད་ལས་གཞན་པ་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ངོ་བོ་དོན་བྱ་བ་མི་བྱེད་པའི་དང་མཚུངས་སོ་ཞེས་བྱ་བར་ཤེས་པར་བྱ་ཞེ་ན། དེ་བས་ན་རྗེས་སུ་བྱེད་པ་རྣམས་ཀྱིས། བློའི་སྣང་བ་

ལ་བློའི་སྣང་བའི་དངོས་པོ་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པས་ཕྱི་རོལ་ལྟ་བུར་ཀུན་དུ་འཕྲོ་བ་དེ་དག་ཁོ་ནའི་སྤྱི་ཡིན་པར་བརྗོད་དོ་ཞེས་བྱ་བ་བཤད་པའི་ཕྱིར་ཐེ་ཚོམ་ཟ་བར་མི་འཐད་པ་ཉིད་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཉེས་པ་གཞན་བརྗོད་པའི་ཕྱིར་ཉེ་བར་བཀོད་དོ། །
ཉེས་པའི་དམིགས་ཤེས་པར་བྱ་བའི་ཕྱིར་དེ་ལས་ཅིར་འགྱུར་ཞེས་བྱ་བ་སྨོས་སོ། །ཅིག་ཤོས་ཀྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པས་དྲིས་པའི་བསམ་པ་སྨྲས་ཏེ། གལ་ཏེ་རང་གི་མཚན་ཉིད་དང་ཤེས་པར་བྱ་བ་ཡིན་ན་ནི། ཇི་ལྟར་རྣམ་པར་རྟོག་པའི་ཡུལ་ཡིན་འདི་ལྟར་དེ་ལ་བསམ་པའི་དབང་
གིས་ན། སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས་ཞེས་སྨོས་པའི་ཕྱིར་རྣམ་པར་རྟོག་པ་ཅན་གྱི་བློའི་བསམ་པའི་དབང་གིས་མཚན་ཉིད་ཐ་དད་པ་ཅན་གྱི་སྤྱི་རྣམ་པར་འཇོག་སྟེ། གལ་ཏེ་སྤྱི་དེ་ལྟ་བུ་རང་གི་མཚན་ཉིད་མཚུངས་པར་ཤེས་པར་བྱ་ན་ནི། དེའི་ཚེ་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་ཞིག་ན་དེ་ཡང་
རིགས་པ་མ་ཡིན་ནོ། །འོན་ཏེ་བློ་ལ་སྣང་བའི་ངོ་བོ་གཞན་ཁོ་ན་དང་མཚུངས་སོ་ཞེས་བྱ་བར་ཤེས་པར་བྱ་བ་ཡིན་ནོ་ཞེ་ན། འདི་ལ་ཡང་སྐྱོན་ཡང་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡང་ན་ནི་གཞན་གྱིས་ཇི་ལྟར་དོན་བྱེད་དོ་བློ་ལ་སྣང་བའི་ངོ་བོ་ནི་དོན་བྱེད་པར་མི་སྲིད་དོ། །དེ་བས་ན་དེ་མི་བྱེད་པ་ཅན་
དག་ལས་ཐ་དད་པའི་ཕྱིར་ཐ་མི་དད་པ་ཞེས་བྱའོ་ཞེས་འབྲས་བུའི་སྒོ་ནས་སྤྱི་རྣམ་པར་གཞག་པ་མི་རུང་ངོ་། །གང་གི་ཕྱིར་སྤྱི་བློ་ལ་སྣང་བའི་ངོ་བོ་ཡིན་པ་དེའི་ཕྱིར་རང་གི་མཚན་ཉིད་ལ་ཡང་སྤྱི་མི་རྟག་པ་ཉིད་ལ་སོགས་པ་མི་རྟོག་པའི་ཕྱིར་དེ་ངོ་བོ་མ་ཡིན་ཏེ། རང་གི་མཚན་ཉིད་མི་རྟག་པ་ལས་
སོགས་པའི་ངོ་བོ་ཉིད་དུ་མི་འགྱུར་ལ་རང་གི་མཚན་ཉིད་ལ་མི་རྟག་པ་ཉིད་ལ་སོགས་པ་མི་འཇུག་པའི་ཕྱིར་མི་རྟག་པ་ཉིད་ལ་སོགས་པ་དེ་དག་ཀྱང་དངོས་པོའི་ཆོས་ཉིད་མ་ཡིན་ནོ་ཞེ་ན། དེ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་ཏེ། བློ་ལ་སྣང་བའི་ངོ་བོ་ཁོ་ན་ལ་སྤྱི་ལ་སོགས་པའི་
ཐ་སྙད་འདོགས་སོ་ཞེས་བྱ་བའི་ཕྱོགས་འདི་གཟུང་བ་ཡིན་ནོ། །དེ་ཉིད་ཤེས་པ་ལ་སྣང་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདི་ནི་མདོར་གཞག་པའི་ཚིག་ཡིན་ནོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་ནི་དངོས་པོའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྣམ་པར་རྟོག་པའི་ཞེས་བྱ་བ་ནི་ཤེས་

པ་སྐྱེ་བ་གང་ཡིན་པ་འདི་ནི་ཞེས་བྱ་བ་འདི་དང་སྦྱར་རོ། །དེའི་ཡུལ་ཅན་མ་ཡིན་ཡང་དངོས་པོའི་རང་གི་ངོ་བོའི་ཡུལ་ཅན་མ་ཡིན་ཡང་། དེའི་ཡུལ་ཅན་ལྟ་བུ་སྟེ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ལྟ་བུའོ། །གང་ལ་རང་གི་ངོ་བོར་དེའི་ངོ་བོར་ལྷག་པར་ཞེན་ཅིང་ཕྱི་རོལ་གྱི་དངོས་པོར་སྒྲོ་བཏགས་པ་ཡོད་
པ་དེ་ལ་དེ་སྐད་ཅེས་བྱ་སྟེ་གང་གི་ཕྱིར་དེའི་དངོས་པོར་ལྷག་པར་ཞེན་པ་ཅན་ཡིན་པ་དེའི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ལྟ་བུ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་དེའི་དངོས་པོར་ལྷག་པར་ཞེན་པའི་རང་གི་ངོ་བོ་ཉིད་ཇི་ལྟར་ཡིན་ཞེ་ན། དེ་ཉམས་སུ་མྱོང་བས་གཞག་པའི་བག་ཆགས་
ལས་སྐྱེ་བའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉམས་སུ་མྱོང་བ་གང་ཡིན་པ་དེས་གཞག་པའི་བག་ཆགས་དེ་ལས་སྐྱེ་ཞིང་འབྱུང་བ་དེའི་རང་བཞིན་ངོ་བོ་ཉིད་ནི་གང་གིས་ན་དངོས་པོའི་རང་གི་ངོ་བོར་ལྷག་པར་ཞེན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུམ་པ་ལ་སོགས་
པ་འབྲས་བུ་ཐ་མི་དད་པའི་དངོས་པོ་རྣམ་པ་གཅིག་པ་མངོན་པར་ཤེས་པའི་རྒྱུ་གང་དག་ཡིན་པ་དེ་དག་ལས་བརྒྱུད་དེ་སྐྱེ་བའི་ཕྱིར་དོན་ཐ་མི་དད་པ་འཛིན་པ་ལྟ་བུ་ཡིན་གྱི། སྤྱི་ཐ་དད་པའམ་ཐ་མི་དད་པ་ཡིན་པ་ཡང་རུང་བར་བྱ་བའི་དངོས་པོར་གྱུར་པ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་མེད་དོ། །དོན་དམ་པར་
ནི་དེ་ལས་གཞན་པ་ལས་ཐ་དད་པ་དང་རྣམ་པ་མཚུངས་པ་ཅན་ཡིན་ཏེ། རིགས་མཐུན་པར་འདོད་པ་དེ་ལས་གཞན་པ་ནི་དེ་ལས་གཞན་པ་སྟེ་རིགས་མི་མཐུན་པའོ། །གང་ལ་དོན་དམ་པར་དེ་ལས་ཐ་དད་པ་ཁོ་ན་དང་རྣམ་པ་མཚུངས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། བརྒྱུད་པས་དེ་ཁོ་ན་
ལས་སྐྱེ་བའི་ཕྱིར་དང་། དེའི་མཐར་ཐུག་པ་ཡིན་པའི་ཕྱིར། དེའི་རྣམ་པ་དེ་ལས་གཞན་པ་ལས་ཐ་དད་པ་དང་མཚུངས་པ་ཞེས་བྱའོ། །དེ་ལ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཤེས་པ་ལའོ། །ཕྱི་རོལ་ལྟ་བུ་ཞེས་བྱ་བ་ནི་གསལ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལྟ་བུའོ། །དེ་བྱེད་པ་ལྟ་བུར་
ཞེས་བྱ་བ་ནི་དོན་བྱ་བ་བྱེད་པ་ལྟ་བུར་རོ། །ཡང་གལ་ཏེ་ཅི་སྟེ་དེ་དག་ལྟར་སྣང་ཞེ་ན། ཐ་སྙད་འདོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ལྷག་པར་ཞེན་ནས་ཞེས་བྱ་བ་ནི་ཐ་སྙད་འདོགས་པ་རྣམས་རྣམ་པར་རྟོག་པའི་ཆ་ཁོ་ན་ལ་ཕྱི་རོལ་ཉིད་དང་། གཅིག་པ་ཉིད་དང་། དོན་བྱ་

བ་བྱེད་པ་ཉིད་དུ་ལྷག་པར་ཞེན་ནས་འཇུག་པའི་ཕྱིར་རོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་རྣམ་པར་རྟོག་པའི་ཆ་ལ་ཕྱི་རོལ་དུ་ལྷག་པར་ཞེན་པ་ཞིག་ཏུ་མ་གྱུར་ན་དེའི་ཚེ་རྣམ་པར་རྟོག་པ་དེ་ལྟ་བུ་སྐྱེས་ཀྱང་དོན་བྱ་བ་བྱེད་པ་ལ་འཇུག་པར་མི་འགྱུར་རོ། །དེ་ནི་ཞེས་བྱ་བ་ནི་རྣམ་
པར་རྟོག་པའི་གཟུགས་བརྙན་ཏེ། ཐ་སྙད་འདོགས་པར་བྱེད་པའི་སྐྱེས་བུའི་ལྷག་པའི་དབང་གིས་དོན་བྱ་བ་བྱེད་པ་ཉིད་དུ་སྣང་བས་དེའི་ཕྱིར་དེ་མི་བྱེད་པ་དག་ལས་ཐ་དད་པ་ལྟ་བུ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པའི་གཟུགས་བརྙན་ཁོ་ན་ཅིའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྣམ་པར་རྟོག་པའི་གཟུགས་བརྙན་དེ་ནི་དེ་ཁོ་ན་ཡིན་ཞིང་དངོས་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་བྱ་བ་མི་བྱེད་པ་ཉིད་ཀྱིས་བརྟག་ཅིང་དཔྱད་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དོན་བྱ་བ་མི་བྱེད་པ་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ། འདི་ནི་འོག་ཉིད་ནས་བཤད་པར་བྱའོ། །དེ་ལ་རང་གི་
མཚན་ཉིད་ཀྱི་སྒོ་ནས་འོངས་པ་དོན་གྱི་རྣམ་པ་རྣམ་པར་རྟོག་པའི་བློ་ལ་སྣང་བ་གང་དག་ཡིན་པ་རྣམ་པར་རྟོག་པའི་བློ་ལ་གནས་པའི་དོན་དེ་དག་ནི། མཚན་ཉིད་ཐ་དད་པ་ཅན་གྱི་སྤྱི་དེ་དང་མཚུངས་སོ་ཞེས་བྱ་བར་འཛིན་ཏོ། །འགའ་ཞིག་ལས་ལོག་པར་ཞེས་བྱ་བ་ནི་རིགས་མི་མཐུན་པ་ལས་ལོག་
པར་ཏེ། འདི་ལྟར་རྣམ་པར་རྟོག་པ་ལ་སྣང་བའི་ཤིང་གི་ཁྱད་པར་རྣམས་ཀྱང་། ཕྱི་རོལ་ལ་ལྷག་པར་ཞེན་པའི་ངོ་བོ་ཡིན་པའི་ཕྱིར། ཤིང་མ་ཡིན་པ་རྣམས་ལས་ལོག་པ་ལྟ་བུར་སྣང་སྟེ། གཞན་དག་ཀྱང་དེ་དང་འདྲའོ། །རང་གི་མཚན་ཉིད་ནི་དེ་དང་མཚུངས་སོ་ཞེས་བྱ་བར་འཛིན་པ་མ་ཡིན་ཏེ། ཅིའི་
ཕྱིར་ཞེ་ན། སྤྱི་སྣང་བའི་རྣམ་པར་རྟོག་པ་དེ་ལ་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་བློ་ལ་སྣང་བའི་དོན་ལ་སྤྱིའི་ཐ་སྙད་འདོགས་པར་བཤད་པ་ཡིན་ནོ། །ད་ནི་གཞི་མཐུན་པ་ཉིད་ཀྱི་ཐ་སྙད་གདགས་པའི་ཕྱིར་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་
ལ་སྣང་བའི་དོན་དེ་དག་ཉིད་འགའ་ཞིག་ལས་ལོག་པ་ལྟ་བུར་འདུག་པ་ན་སྟེ། དཔེར་ན་ཨུཏྤ་ལ་མ་ཡིན་པ་ལས་ལོག་པ་ཨུཏྤ་ལའི་ཁྱད་པར་དེ་དག་ཉིད་གཞན་སྔོན་པོ་མ་ཡིན་པ་ལས་ཀྱང་ལོག་པ་ལྡན་པ་ལྟ་བུར་ལྡོག་པ་གཉིས་དང་ལྡན་པར་ཡང་སྣང་ལ། ཆོས་ཅན་གཅིག་གི་ངོ་བོར་ཐ་མི་དད་པར་

ཡང་སྣང་ངོ་། །དེ་བས་ན་ལོག་པ་གཉིས་དང་ལྡན་པའི་ཆོས་ཅན་གཅིག་ཁོ་ནར་སྣང་བའི་ཕྱིར་གཞི་མཐུན་པ་ཉིད་ཡིན་ནོ། །བློ་ལ་སྣང་བའི་དོན་རྣམས་ལ་སྤྱི་དང་གཞི་མཐུན་པའི་ཐ་སྙད་འདོགས་པ་བཤད་མ་ཐག་པ་འདི་ཡང་ནོར་བའི་དོན་ཁོ་ན་ལ་འདོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་པར་
རྟོག་པའི་རྣམ་པ་རྣམས་བདག་ཉིད་ཀྱིས་མེད་ཀྱང་རྣམ་པར་རྟོག་པ་ཅན་གྱི་བློས་དེ་ལྟར་རྣམ་པ་གཅིག་དང་ལྡན་པ་དང་། ལྡོག་པ་གཉིས་དང་ལྡན་པའི་ཆོས་ཅན་གཅིག་གི་ངོ་བོར་སྟོན་པའི་ཕྱིར་ཏེ། རྣམ་པ་གཅིག་ཏུ་སྣང་བའི་ཕྱིར་སྤྱིའི་ཐ་སྙད་འདོགས་ལ། ལྡོག་པ་གཉིས་དང་ལྡན་པའི་ཆོས་
ཅན་གཅིག་གི་ངོ་བོར་སྣང་བའི་ཕྱིར། གཞི་མཐུན་པའི་ཐ་སྙད་འདོགས་སོ། །གལ་ཏེ་རྣམ་པར་རྟོག་པ་འདི་ཐམས་ཅད་ནོར་བའི་དོན་ཁོ་ན་ལ་ཡིན་ན། ཅིའི་ཕྱིར་བྱས་པ་ཉིད་ལ་སོགས་པ་འོངས་པ་མི་རྟག་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་ཚད་མ་ཡིན་ལ། རྟག་པ་
ལ་སོགས་པའི་རྣམ་པར་རྟོག་པ་ནི་མ་ཡིན་ཞེ་ན། འདི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །ཐམས་ཅད་བསླད་པ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། བསླད་པའི་རྣམ་པར་རྟོག་པའོ། །རང་གི་མཚན་ཉིད་དག་ཁོ་ན་མཐོང་བ་
གང་ཡིན་པ་དེས་གཞག་པའི་བག་ཆགས་དེས་བྱས་པ་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་ནི་དངོས་པོ་མཐོང་བའི་སྒོ་ནས་བརྒྱུད་དེ་འོངས་པའི་ཕྱིར་རོ། །འདི་ལྟར་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡང་དངོས་པོ་མཐོང་བ་ཁོ་ན་ལས་བྱུང་བ་ཡིན་ཏེ། འདྲ་བ་གཞན་འབྱུང་བ་ལ་སོགས་པས་འཁྲུལ་
པ་འབའ་ཞིག་ཏུ་ཟད་དོ། །དེ་ལ་རྣམ་པར་རྟོག་པ་ཐམས་ཅད་དངོས་པོ་མཐོང་བའི་སྒོ་ནས་འོངས་པ་ཉིད་དུ་འདྲ་བ་ལས་དེ་དང་འབྲེལ་པ་ལས་སྐྱེ་བ་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ནི་དེ་སྣང་བ་ཉིད་མ་ཡིན་ཡང་། རང་གི་མཚན་ཉིད་སྣང་བ་ཉིད་མ་ཡིན་ཡང་མི་རྟག་པ་ཉིད་ལ་སོགས་པའི་
ངོ་བོ་དེ་དངོས་པོ་ལ་ཡོད་པའི་ཕྱིར་དངོས་པོ་ལ་མི་སླུ་སྟེ། མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་རང་གི་མཚན་ཉིད་ཀྱི་ངོ་བོར་མི་སྣང་བས་འཁྲུལ་པ་ཞེས་བྱ་བ་འབའ་ཞིག་ཏུ་ཟད་དོ། །རང་གི་ངོ་བོར་མ་བཟུང་ཡང་ནོར་བུའི་འོད་ལ་ནོར་བུར་འཁྲུལ་པ་སླུ་བ་ལྟ་བུ་སྟེ་ནོར་བུའི་འོད་ནི་ནོར་བུ་དང་

འབྲེལ་པའི་ཕྱིར་ལ། འཁྲུལ་བ་ནི་འོད་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། དེ་དག་ནི་དངོས་པོ་མཐོང་བའི་སྒོ་ནས་འོངས་པ་ཉིད་ཡིན་ཡང་དངོས་པོ་ལ་མེད་པ་ཁོ་ནའི་རྣམ་པར་སྒྲོ་འདོགས་པའི་ཕྱིར་རོ། །དེ་ཉིད་
གཞན་དག་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གཞན་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་དངོས་པོ་ལ་མི་སླུ་བ་མ་ཡིན་ཞེས་བྱ་བ་དེ་ལྟར་སྦྱར་རོ། །དེ་ཁྱད་པར་ལས་རབ་ཏུ་སྐྱེ་བ་ཡིན་ཡང་ཞེས་བྱ་བའི་དོན་གྱི་ཁྱད་པར་ལས་སྐྱེ་བ་ཡིན་ཡང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མཐོང་
བའི་ཁྱད་པར་མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེའི་རྗེས་སུ་འབྲང་བ་ངེས་པ་ཡོངས་སུ་བོར་ནས་འདྲ་བ་ཅུང་ཟད་ཙམ་གཟུང་བས་འདྲ་བ་གཞན་འབྱུང་བའི་མཚན་ཉིད་ཀྱི་འདྲ་བ་ཡོངས་སུ་གཟུང་བས་ཁྱད་པར་གཞན་སྒྲོ་འདོགས་པའི་ཕྱིར་ཏེ་བརྟན་པ་ཉིད་ལ་སོགས་པར་སྒྲོ་འདོགས་པའི་ཕྱིར་
མར་མེའི་འོད་ལ་གསལ་བར་འདྲ་བའི་སྒོ་ནས་ནོར་བུའི་བློ་ཞུགས་པ་ནོར་བུའི་དངོས་པོ་ལ་བསླུ་བ་ལྟ་བུ་སྟེ་བརྒྱུད་པས་ཀྱང་མར་མེ་དང་འབྲེལ་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་རྟོག་པ་རྣམས་ལོག་པའི་དོན་ཁོ་ན་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པའི་དོན་གྱི་ཡུལ་རྣམས་ལ་དོན་བྱ་བ་བྱེད་པ་ཉིད་མེད་དོ། །
དེས་ན་ཡང་ན་ནི་གཞན་གྱིས་ཇི་ལྟར་དོན་བྱེད་ཅེས་སྨྲས་པ་གང་ཡིན་པ་དེ་ཡོངས་སུ་སྤངས་སོ། །གལ་ཏེ་འོ་ན་ཇི་ལྟར་རྣམ་པར་རྟོག་པའི་དོན་གྱི་ཡུལ་ལ་སྤྱིའི་དེའི་འབྲས་བུ་ཅན་མ་ཡིན་པ་རྣམ་པར་གཅོད་པའི་མཚན་ཉིད་ཅན་དུ་རྣམ་པར་གཞག་ཅེ་ན། དོན་བྱ་བ་བྱེད་པ་ལྟ་བུར་སྣང་བའི་ཕྱིར་ཏེ། དེ་
ཉིད་ཀྱི་ཕྱིར་དེ་ནི་དོན་བྱ་བ་བྱེད་པ་ཉིད་དུ་སྣང་བའི་ཕྱིར་དེ་མི་བྱེད་པ་དག་ལས་ཐ་དད་པ་ལྟ་བུ་སྟེ་ཞེས་བཤད་པ་ཡིན་ནོ། །གང་ཡང་རང་གི་མཚན་ཉིད་ལ་ཡང་མི་རྟག་པ་ལ་སོགས་པ་མི་རྟོགས་པའི་ཕྱིར་དེའི་ངོ་བོ་མ་ཡིན་ལ་ཞེས་སྨྲས་པ་དེ་ཡོངས་སུ་སྤངས་པའི་ཕྱིར་རང་གི་མཚན་ཉིད་ལ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། འདི་ལྟར་གང་ཞིག་དང་འབྲེལ་པའི་ཕྱིར་རང་གི་མཚན་ཉིད་མི་རྟག་པ་ཉིད་དང་མི་ལྡན་པར་འགྱུར་བ་དངོས་པོ་གཡོ་བ་ལ་མ་གཏོགས་པ་མི་རྟག་པ་ཉིད་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མེད་ཀྱི། འོན་ཀྱང་རང་གི་མཚན་ཉིད་ཁོ་ན་མི་རྟག་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་གཡོ་བ་ཉིད་མི་རྟག་

པ་ཡིན་ཏེ། བདག་མེད་པ་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གལ་ཏེ་རང་གི་མཚན་ཉིད་ཁོ་ན་མི་རྟག་པ་ཉིད་ཡིན་ན། དེ་རྣམ་པར་རྟོག་པ་རྣམས་ལ་མི་སྣང་བའི་ཕྱིར་ཇི་ལྟར་དོན་འདི་ནི་མི་རྟག་པའོ། །དོན་འདིའི་མི་རྟག་པ་ཉིད་དོ་སྙམ་དུ་རྣམ་པར་རྟོག་པ་རང་གི་མཚན་ཉིད་ལ་རག་
པར་འཇུག་པར་འགྱུར་ཞེ་ན། དེའི་ཕྱིར་དེ་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དོ། །དེ་ལྟ་བུ་ལ་ཞེས་བྱ་བ་གཡོ་བའི་ངོ་བོ་ལ་སྐད་ཅིག་མར་གནས་པའི་ཆོས་ཉིད་དུ་སྐད་ཅིག་མ་གཅིག་ཏུ་གནས་པའི་ངོ་བོ་ཉིད་དུ་གཟུང་བའི་ཕྱིར། དུས་ཕྱིས་སྐད་ཅིག་མ་ཐ་
མ་མཐོང་བ་རྣམས་ལ་འདི་སྙམ་དུ་འདི་ནི་མི་རྟག་པའོ་ཞེས་བྱ་བ་ལ་སོགས་པར་སེམས་པ་འབྱུང་སྟེ། ཁྱད་པར་གཞན་གཉི་ག་མི་སྤོང་བར་བརྗོད་པར་འདོད་ན་ནི་འདི་ནི་མི་རྟག་པའོ་ཞེས་བྱ་བར་གཞི་མཐུན་པར་སེམས་ལ། ཁྱད་པར་གཞན་སྤོང་བ་བརྗོད་པར་འདོད་ན་ནི་འདིའི་མི་རྟག་པ་ཉིད་དོ་སྙམ་དུ་སེམས་
སོ། །རྣམ་པར་རྟོག་པ་རྣམས་ནི་དེའི་ཆོས་ཉིད་དེ་རང་གི་མཚན་ཉིད་དང་ཆོས་ཁོ་ན་ལ་ལྡོག་པའི་བྱེ་བྲག་གིས་བརྡར་བཏགས་པའི་སྒྲའི་རྗེས་སུ་འབྲང་བས་འཇུག་པ་ནའོ། །ངོ་བོ་དུ་མ་དང་ངོ་བོ་གཅིག་པ་དག་ནི་ཆོས་དུ་མ་དང་གཅིག་པའོ། །དེ་དག་དང་ཐ་དད་པ་ཞེས་ཟླས་དབྱེ་བ་སྟེ་མི་རྟག་པ་དང་བྱས་པ་ཉིད་
ལ་སོགས་པའི་ཆོས་དུ་མ་དང་བུམ་པ་ལ་སོགས་པ་མང་པོ་རྣམས་ཀྱི་མི་རྟག་པ་ཉིད་ཀྱི་ཆོས་གཅིག་པ་དང་བུམ་པའི་མི་རྟག་པ་ཞེས་ཐ་དད་པར་ཡང་སྟོན་ཏེ་དངོས་པོ་རྣམས་ཞེས་བྱ་བ་ཁོང་ནས་དྲང་ངོ་། །རྣམ་པར་རྟོག་པ་དངོས་པོ་འཛིན་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པས་རྣམ་པར་གཞག་པའི་
ཆོས་དུ་མ་ལ་སོགས་པ་དེ་ཁོ་ན་ཉིད་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་སྟོན་པར་བྱེད་དོ་ཞེས་བཤད་དོ། །གལ་ཏེ་འོ་ན་ནི་དངོས་པོ་མི་འཛིན་པའི་ཕྱིར་རྟེན་མེད་པར་འགྱུར་རོ་ཞེ་ན། དེ་རྣམས་རྟེན་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་རྣམས་ཞེས་བྱ་བ་ནི་ཆོས་དུ་མ་ལ་སོགས་པ་སྟོན་པར་བྱེད་པའི་རྣམ་
པར་རྟོག་པ་རྣམས་སོ། །རྣམ་པར་རྟོག་པ་རྣམས་ཀྱི་རྟེན་ནི་དངོས་པོའི་ཁྱད་པར་མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་མཐོང་བ་ཉམས་སུ་མྱོང་བ་དེ་ཡིན་པའི་ཕྱིར་ཏེ། འདི་ལྟར་དོན་དམ་པར་མི་རྟག་པ་ཉིད་ལ་སོགས་པའི་ངོ་བོ་རང་གི་མཚན་ཉིད་མཐོང་ནས་མཐོང་བའི་མཐུས་འབྱུང་བའི་

རྣམ་པར་རྟོག་པ་དག་མཐོང་བའི་རྣམ་པར་ལྷག་པར་ཞེན་པས་འཇུག་གོ། །གང་གི་ཕྱིར་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་རྣམས་ཇི་ལྟར་མཐོང་བའི་རྣམ་པ་ཁོ་ནས་མངོན་པར་བརྗོད་ཅིང་འཇུག་གི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་དོན་
གཞན་གྱི་རྗེས་སུ་འབྲང་བ་ནི་མ་ཡིན་པ་དེའི་ཕྱིར་ཏེ། དེ་དག་ཀྱང་དངོས་པོའི་ཆོས་ཉིད་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ཡོངས་སུ་སྤངས་པ་ཡིན་པས་དངོས་པོ་མེད་པའི་ཆོས་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཉིད་ལ་སོགས་པ་དེ་དག་དངོས་པོའི་ཆོས་ཉིད་མ་ཡིན་
པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་རང་གི་ངོ་བོ་ཁོ་ན་དངོས་པོའི་རང་གི་ཁོ་ན་དེ་ལྟར་མི་རྟག་པ་ཉིད་ལ་སོགས་པའི་ཆོས་ཉིད་དུ་སྣང་ཞིང་སོ་སོར་སྣང་བའི་ཕྱིར་ཏེ། དངོས་པོ་མི་རྟག་པ་ཉིད་ལ་སོགས་པའི་ངོ་བོ་ཡོད་པའི་ཕྱིར་དེ་སྐད་དུ་བཤད་ཀྱི། རྣམ་པར་རྟོག་པ་ལ་དངོས་པོའི་ཆོས་སྣང་
བ་ནི་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་ལ་སོགས་པ་དངོས་པོའི་ཆོས་ཁོ་ན་སྣང་ན། འོ་ན་ཅི་སྟེ་རྣམ་པར་རྟོག་པས་བྱས་པ་འཁྲུལ་པ་ཡིན་ཞེ་ན། དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཅིག་ལ་དུ་མའི་ངོ་བོར་འཛིན་པ་དང་། མང་པོ་རྣམས་ལ་གཅིག་པ་ཉིད་དང་
ཆོས་དང་ཆོས་ཅན་དག་ཐ་དད་པར་འཛིན་པ་ནི་འཁྲུལ་པ་སྟེ་ནོར་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་གཅིག་པ་ཉིད་ལ་སོགས་པ་འཁྲུལ་པ་ཡིན་ཞེ་ན། དོན་གཅིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཅིག་བྱེད་པ་བུམ་པ་ལ་སོགས་པའི་ཁྱད་པར་གྱིས་ཆུ་བཅུ་བ་ལ་
སོགས་པའི་དོན་གཅིག་བྱེད་པ་ལ། དེ་ལྟར་ཤེས་པར་འདོད་ན། དོན་གཅིག་བྱེད་པ་ཉིད་དུ་ཤེས་པར་འདོད་ན་དེ་ལྟ་བུའི་ངོ་བོ་བསྟན་པའི་ཆེད་དུ། དོན་གཅིག་བྱེད་པ་ཉིད་བསྟན་པའི་ཆེད་དུ་དེ་ལྟར་གཞག་པར་བྱ་བའི་ཕྱིར་དེ་ཐ་སྙད་གདགས་པ་བླ་ཆོས་སུ་བྱ་བའི་ཕྱིར་བུམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་
ངོ་བོར་གཅིག་ཏུ་རྣམ་པར་གཞག་པའི་ཕྱིར་རོ། །དེ་བཞིན་དུ་གཅིག་གིས་ཀྱང་དོན་དུ་མ་བྱེད་པ་དཔེར་ན་བུམ་པས་མིག་གི་རྣམ་པར་ཤེས་པ་དང་། ཆུ་བཅུ་བ་དང་ཤེས་པ་ལ་སོགས་པའི་དོན་བྱ་བ་བྱེད་པར་རེས་འགའ་བར་བྱེད་པ་ལྟ་བུ་ལ་དེ་ལྟར་ཤེས་པར་འདོད་ན། དོན་དུ་མ་བྱེད་པ་

ཉིད་དུ་ཤེས་པར་འདོད་ན། དེ་ལྟ་བུའི་ངོ་བོ་བསྟན་པའི་ཆེད་དུ་དོན་དུ་མ་བྱེད་པ་ཉིད་དུ་བསྟན་པའི་ཆེད་དུ་དེ་ལྟར་གཞག་པར་བྱས་པའི་ཕྱིར་ཏེ་མིག་གིས་གཟུང་བར་བྱ་བ་ཉིད་དང་། ས་ལས་གྱུར་པ་དང་། མི་རྟག་པ་ཉིད་ལ་སོགས་པའི་ངོ་བོར་རྣམ་པར་གཞག་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལ་
ཡང་ཅི་རིགས་པར་བརྗོད་པར་བྱའོ། །དངོས་པོའི་ཁྱད་པར་གྱི་སྒོ་ནས། དངོས་པོ་གཅིག་ལ་ཆོས་དུ་མ་རྣམ་པར་གཞག་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་གཅིག་པུ་དེ་ལ་དུ་མ་མི་རུང་བའི་ཕྱིར་རོ། །དེ་བས་ན་གཅིག་ལ་དུ་མ་ཉིད་དུ་འཛིན་ན་འཁྲུལ་པའོ་ཞེས་བཤད་དོ། །དེ་བཞིན་དུ་
དུ་མ་ལ་གཅིག་ཉིད་དུ་རྣམ་པར་གཞག་པ་ཡང་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལྡོག་པའི་སྒོ་ཁོ་ན་ནས་ཡིན་གྱི་དངོས་པོའི་ཁྱད་པར་ལས་ནི་མ་ཡིན་པས་དུ་མ་ལ་ཡང་གཅིག་ཉིད་མི་རུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་དུ་མ་གཅིག་འཛིན་པ་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་ཆོས་དང་
ཆོས་ཅན་ཐ་དད་པར་འཛིན་པ་ཡང་འཁྲུལ་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསལ་བ་རྣམས་ནི་རྗེས་སུ་མི་འགྲོ་ཞེས་བྱ་བ་ལ་སོགས་པ་སྤྱི་ཐ་དད་པ་ཡང་གོང་ཉིད་དུ་བཀག་པའི་ཕྱིར་རོ། །ཆོས་རྣམས་ནི་ཆོས་ཅན་ལས་ཐ་དད་པ་ཁོ་ན་སྟེ། དེས་ན་སྒྲའི་དོན་དངོས་པོ་ཇི་ལྟ་བ་བཞིན་ཡིན་པར་འགྱུར་
རོ་ཞེ་ན། དེའི་ཕྱིར་དེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཉིད་ལ་སོགས་པའི་ཆོས་དེ་རྣམས་ཀྱི་རང་བཞིན་ངོ་བོ་ཉིད་ཐ་དད་པའི་ཕྱིར་སྒྲའི་དོན་དངོས་པོ་ཇི་ལྟ་བ་བཞིན་ཡིན་པར་ཁས་ལེན་ན། ཨུཏྤ་ལ་སྔོན་པོའོ། །སྒྲ་མི་རྟག་གོ་ཞེས་བྱ་བའི་གཞི་མཐུན་པ་ཉིད་མི་རུང་བའི་ཕྱིར།
སྔོན་པོ་ལ་སོགས་པ་ཡོན་ཏན་རྣམས་དང་ཨུཏྤ་ལ་ལ་སོགས་པ་རིགས་རྣམས་ཕན་ཚུན་ཐ་དད་པའི་ཕྱིར་དེ་དག་རྗོད་པར་བྱེད་པའི་སྒྲ་རྣམས་གཞི་གཅིག་ལ་འཇུག་པ་མེད་པས་གཞི་མཐུན་པ་ཉིད་མི་རུང་སྟེ། དེ་ལྟ་བས་ན་སྒྲའི་དོན་དངོས་པོ་ཇི་ལྟ་བ་བཞིན་རྣམ་པར་གནས་པ་མ་ཡིན་ནོ་སྙམ་དུ་བསམས་
པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་བསམ་པའི་དོགས་པ་བསུ་བར་བྱེད་དེ། རྫས་གང་ལ་སྔོན་པོ་ལ་སོགས་པའི་ཆོས་ཀྱི་ཁྱད་པར་དེ་དག་ཡོད་པ་དེ་གཅིག་ཡོན་ཏན་དང་རིགས་ཀྱི་སྒྲ་གཉིས་ཀྱིས་བརྗོད་པའི་ཕྱིར་ཉེས་པ་མེད་དེ་གཞི་མཐུན་པ་ཉིད་མེད་པའི་ཉེས་པ་མེད་

དོ་ཞེ་ན་ལན་དུ་ཕན་མི་འདོགས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ནི་ཁྱད་པར་དུ་འདོད་པ་སྔོན་པོ་ལ་སོགས་པ་ལ་ཕན་པར་བྱེད་པ་མ་ཡིན་ཏེ། རྫས་ཀྱི་ཡོན་ཏན་སྔོན་པོའམ་རིགས་ཨུཏྤ་ལ་ཉིད་ལ་ཕན་པ་ནི་འགའ་ཡང་མི་བྱེད་དོ། །དེ་བས་ན་རྫས་ཕན་མི་འདོགས་པ་ལ་
རག་མ་ལས་པར་འཇུག་པ་སྔོན་པོ་ལ་སོགས་པ་གཞན་གྱི་དབང་ཉིད་མི་རུང་བའི་ཕྱིར། སྔོན་པོ་ལ་སོགས་པའི་ཆོས་རྣམས་ཁྱད་པར་མ་ཡིན་ཏེ། ཁྱད་པར་ཉིད་ནི་གཞན་གྱི་དབང་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་ནི་འདིའི་ཁྱད་པར་རོ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་རོ། །
འོན་ཏེ་ཆོས་རྣམས་ཀྱི་གཞན་གྱི་དབང་ཉིད་རྫས་ཀྱི་ཡུལ་ཅན་དུ་འདོད་ན། དེའི་ཚེ་གཞན་གྱི་དབང་ཉིད་ཡིན་ན་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་པར་ཁས་བླང་དགོས་ཏེ། ཁྱད་པར་རྣམས་ནི་བསྐྱེད་པར་བྱའོ། །རྫས་ནི་སྐྱེད་པར་བྱེད་པའོ། །གཞན་དུ་ན་གཞན་གྱི་དབང་
ཉིད་མི་རུང་བའི་ཕྱིར་རོ། །སྐྱེད་པར་བྱེད་པ་ཡང་སྐད་ཅིག་མར་འདོད་པར་བྱ་དགོས་ཏེ་སྐད་ཅིག་མ་མ་ཡིན་པ་ལ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །དེ་བས་ན་འབྲས་བུ་འདོད་པ་ཁྱད་པར་རྣམས་དང་། རྒྱུར་འདོད་པ་རྫས་ལྷན་ཅིག་མི་གནས་པའི་ཕྱིར་དུས་གཅིག་ཏུ་
ཁྱད་པར་དང་ཁྱད་པར་གྱི་གཞི་དངོས་པོར་གྱུར་པ་གཉིས་སུ་བརྗོད་པར་བྱ་བ་མ་ཡིན་ཏེ། དེའི་ཚེ་རྒྱུར་འདོད་པ་ཁྱད་པར་གྱི་གཞི་འགགས་པའི་ཕྱིར་རོ། །གཅིག་ཅེས་བྱ་བ་ནི་ཁྱད་པར་དང་ལྡན་པ་འགགས་པའོ། །སྒྲོ་གདགས་པ་ནི་ཉེ་བར་སྟོན་པའོ། །དེའི་ཚེ་སྒྲ་དངོས་པོའི་ཡུལ་ཅན་དུ་
མི་འགྱུར་ཏེ་སྒྲ་བློས་སྒྲོ་བཏགས་པའི་ཁྱད་པར་གྱི་གཞི་ཁོ་ན་བརྗོད་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་གྱི་གཞི་འགགས་པ་གང་ཡིན་པ་དེའི་ཡུལ་ཅན་གྱི་སྒྲ་ནི་བློ་ལ་སྣང་བའི་ཡུལ་ཅན་ཡིན་དུ་ཟིན་ཀྱང་ཁྱད་པར་ཉེ་བ་གང་ཡིན་པ་དེ་ཁོ་ན་རྗོད་པར་བྱེད་པའི་སྒྲ་ནི་དངོས་པོའི་ཡུལ་ཅན་ཉིད་ཡིན་པར་
འགྱུར་ཞེ་ན། བློ་ལ་སྣང་བའི་ཡུལ་ཅན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་གང་ལ་ཡུལ་བློ་ལ་སྣང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ནི་ཉིད་དེ་དེ་ཡིན་ན་ནི་ཁྱད་པར་གྱི་ཡུལ་ཅན་དུ་འདོད་པའི་བརྗོད་པར་ཐམས་ཅད་ཀྱང་དེ་ཁོ་ན་དང་འདྲ་བར་རྣམ་པར་རྟོག་པའི་བློ་ལ་

སྣང་བའི་ཡུལ་ཅན་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཛིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཛིན་པའི་བློ་ལ་དེ་ལྟ་བུའི་ཁྱད་པར་ཐ་དད་པ་དང་ལྡན་པ་ཞེས་བྱ་བ་དངོས་པོའི་ངོ་བོ་སྣ་ཚོགས་པའི་ཁྱད་པར་དང་ལྡན་པའི་ཁྱད་པར་གྱི་གཞི་གཅིག་པུ་མི་སྣང་བའི་ཕྱིར་རོ། །འདི་ལྟར་ཁྱད་པར་ལྡན་
པ་འགགས་པ་སྒྲོ་འདོགས་པར་བྱེད་པའི་བློ་ནི་རྣམ་པར་རྟོག་པ་ཅན་ཡིན་ལ། དངོས་པོར་གྱུར་པའི་ཁྱད་པར་ལ་དམིགས་པའི་བློ་ནི་གཞན་དེ་ཉམས་སུ་མྱོང་བའི་རྣམ་པ་ཅན་ཁོ་ན་ཡིན་པར་ཁས་བླང་དགོས་ཏེ། དངོས་པོ་དང་དངོས་པོ་མེད་པ་ལ་དམིགས་པའི་བློ་ནི་གཅིག་ཡིན་པར་མི་རུང་ངོ་། །
ཁྱད་པར་ཐ་དད་པ་དང་ལྡན་པ་གཅིག་པུ་མི་སྣང་ན་ཡང་གཞི་མཐུན་པ་ཉིད་ག་ལ་ཞིག་ཡིན། གང་གི་ཚེ་ཁྱད་པར་དང་ཁྱད་པར་གྱི་གཞི་གཉི་ག་ཡང་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བ་ཉིད་ཡིན་པར་འདོད་པ་དེའི་ཚེ་ནི་ལྡོག་པ་གཉིས་ཀྱིས་ཉེ་བར་ཟིན་པའི་ཆོས་ཅན་གཅིག་སྣང་བའི་བློ་གཅིག་ཁོ་ན་
སྐྱེ་བས་གཞི་མཐུན་པ་ཉིད་མི་འགལ་ལོ། །གལ་ཏེ་ཁྱད་པར་དང་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་བསམ་པའི་དོགས་པ་བསུ་སྟེ་བློ་གཅིག་སྒྲོ་བཏགས་ན་ནི་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཉེས་པ་འདི་མེད་དོ་ཞེ་ན། ཁྱད་པར་དང་ལྡན་པ་དང་དུས་མཉམ་དུ་གྲུབ་པའི་ཁྱད་པར་ལས་
གཞན་གྱི་དབང་མེད་པའི་ཕྱིར་ཁྱད་པར་ཉིད་མ་ཡིན་ནོ། །གལ་ཏེ་གྲུབ་པའི་སྔ་རོལ་ན་གཞན་གྱི་དབང་ཉིད་ཡིན་པས་དེ་ཁོ་ནའི་ཚེ་ཁྱད་པར་ཉིད་ཡིན་ནོ་ཞེ་ན། མ་གྲུབ་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གྲུབ་པ་རི་བོང་གི་རྭ་འདྲ་བ་ཡང་གཞན་གྱི་དབང་ངམ་ཁྱད་པར་ཉིད་
མ་ཡིན་ནོ།། །།བམ་པོ་བཅུ་པ། རྣམ་པ་ཐམས་ཅད་དུ་ཡོད་པ་དང་མེད་པ་ལ་གཞན་གྱི་དབང་མེད་པའི་ཕྱིར་ཁྱད་པར་རྣམས་ཀྱི་གཞན་གྱི་དབང་ཉིད་རྟོགས་པས་སྒྲོ་གདགས་པ་བྱས་ནས། གཞན་གྱི་དབང་ཉིད་དུ་ཐ་སྙད་འདོགས་ན་ནི། ཐམས་ཅད་དུ་ཞེས་
བྱ་བ་རྣམ་པ་ཐམས་ཅད་དུ་ཇི་ལྟར་གཞན་གྱི་དབང་ཉིད་དུ་ཐ་སྙད་གདགས་པ་ལ་བློའི་རྗེས་སུ་བྱེད་པ་བཞིན་དུ་ཁྱད་པར་དང་ཁྱད་པར་གྱི་གཞིར་ཐ་སྙད་གདགས་པ་ལ་ཡང་སྒྲོ་འདོགས་པར་བྱེད་པའི་བློ་དེ་ཁོ་ན་ཇི་སྟེ་མི་སྦྱོར། དེ་སྦྱར་བར་ནི་རིགས་ཏེ་བློས་བསྟན་པའི་དོན་དུ་སྣང་བ་རྣམས་ལ་མ་བརྟེན་

པར་ཐ་སྙད་གདགས་པར་མི་ནུས་པའི་ཕྱིར་རོ། །དངོས་པོ་སྒྲ་གཅིག་དང་ཚད་མ་གཅིག་གིས་ཡུལ་དུ་བྱས་ན་དངོས་པོ་སྟོབས་ཀྱིས་དངོས་པོའི་རང་གི་ངོ་བོར་གྱུར་པའི་ཁྱད་པར་མ་ལུས་པ་འཕངས་པའི་ཕྱིར་དེ་ལས་གཞན་པའི་སྒྲ་ལ་སོགས་པ་དོན་མེད་པ་གང་ཡིན་པ་སྔར་དོན་
གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པས་དངོས་པོར་སྨྲ་བའི་ཕྱོགས་ལ་བཤད་པ་དེར་ཡང་བློ་ལ་སྣང་བའི་རྗེས་སུ་བྱེད་པ་ལ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བློ་ལ་སྣང་བ་ནི་དངོས་པོ་མེད་པའི་ཕྱིར་དངོས་པོའི་མཐུ་ལས་འབྱུང་བའི་ཉེས་པ་རྣམས་སུ་ཐལ་བ་
མེད་དོ། །མང་པོའི་ཚིག་གིས་ནི་འདི་སྐད་དུ་དེ་ལས་གཞན་པ་དོན་མེད་པའི་ཉེས་པར་ཐལ་བར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་བཞིན་དུ་སྤྱི་ཐ་དད་པ་མེད་པ་དང་། ཁྱད་པར་རྣམས་ཀྱི་གཞན་གྱི་དབང་ཉིད་མི་རུང་བའི་ཕྱིར་ཁྱད་པར་དང་། ཁྱད་པར་གྱི་གཞི་ཉིད་མེད་པ་དང་། བློ་ལ་ཁྱད་
པར་ཐ་དད་པ་དང་ལྷན་ཅིག་མི་སྣང་བའི་ཕྱིར་གཞི་མཐུན་པ་ཉིད་མེད་པར་བཤད་པ་གང་ཡིན་པ་དེ་དག་ཀྱང་འདི་ལ་མི་སྲིད་དོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཐ་མི་དད་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདི་ལྟར་བློ་ལ་སྣང་བའི་ངོ་བོ་དེ་ཐ་མི་དད་པར་སྣང་བས་དེའི་ཕྱིར་ཅི་ཇི་ལྟར་ཤེས་པ་བཞིན་མི་
འགལ་ལོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །སྔོན་པོ་ཞེས་བརྗོད་པ་ན་རྣམ་པར་རྟོག་པའི་བློས་སྔོན་པོ་མ་ཡིན་པ་ལས་ལོག་པར་རྣམ་པ་གཅིག་ཡུལ་དུ་བྱས་ཀྱང་སྔོན་པོའི་རྣམ་པ་དེ་ཉིད་ལ་རྣམ་པ་གཞན་ལ་ཐེ་ཚོམ་ལོག་པ་ནི་མ་ཡིན་ནོ། །དེ་བས་ན་བློ་ལ་སྣང་བའི་ངོ་བོ་དེ་རྣམ་པ་གཞན་མ་ངེས་པ་སྟེ་
ཨུཏྤ་ལ་མ་ཡིན་པ་ལས་ལོག་པ་ཨུཏྤ་ལའི་རྣམ་པ་མ་ངེས་པའི་ཕྱིར་རོ། །རྣམ་པ་གང་ལ་ངེས་པ་མ་སྐྱེས་པ་དེ་ནི་རྣམ་པ་གཞན་ཏེ་དེ་ལ་རེ་བ་དང་བཅས་པ་བློ་ཨུཏྤ་ལའི་སྒྲ་སྦྱོར་བ་ལས་སྐྱེས་པ་གཟུང་བར་བྱ་བ་སྣང་བས་ཞེས་བྱ་བར་སྦྱར་ཏེ་འདིས་ནི་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་
པོའི་རྒྱུ་མཚན་བཤད་དོ། །གཞི་མཐུན་པ་ཉིད་ཀྱི་རྒྱུ་མཚན་སྒྲའི་དོན་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་དོན་ཐ་དད་པ་སྔོན་པོ་མ་ཡིན་པ་དང་། ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་སྒྲུབ་ཅིང་སྟོན་པ་ཡང་བློ་ལ་སྣང་བའི་ངོ་བོ་ལྡོག་པ་གཉིས་ཀྱིས་ཉེ་བར་ཟིན་པ་དེ་ནི་

ཆོས་ཅན་གཅིག་པ་ཉིད་དུ་ཐ་མི་དད་པར་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བས་སོ། །སྤྱི་ལ་སོགས་པས་ཇི་ལྟར་ཤེས་པ་བཞིན་ཏེ་ཇི་ལྟར་གྲགས་པ་བཞིན་མི་འགལ་ལོ། །བློ་ལ་སྣང་བ་འདིས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དག་ཀྱང་ཇི་ལྟར་ཤེས་པ་བཞིན་མི་འགལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་དོན་
དུ་མ་ལས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བློ་ལ་སྣང་བ་དོན་དུ་མ་ལས་ཐ་དད་པ་སྲིད་པ་ལས་སོ། །བློ་ལ་སྣང་བ་བརྫུན་པའི་ཕྱིར་དོན་དུ་མ་ལས་ཐ་དད་པ་ལྟ་ག་ལ་ཡོད་དེ། སྐྱེས་བུའི་མངོན་པར་ཞེན་པའི་དབང་གིས་འདི་སྐད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །བློ་ལ་སྣང་བ་དེའི་དོན་གཅིག་ཅིག་
ལས་ཐ་དད་པ་གང་ཡིན་པ་དེ་ཅི་སྒྲ་མི་རྟག་པ་ཉིད་དང་། མིག་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་ཡིན་ནམ་ཞེས་བསྒྲུབ་པ་དང་དགག་པ་ཤེས་པར་འདོད་པ་ལ་བློ་ལ་སྣང་བར་གྱུར་པའི་དངོས་པོ་ཁོ་ན་རབ་ཏུ་སྟོན་ཏོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་གིས་ཤེ་ན། ཆོས་ཞེས་བྱ་བའི་སྒྲ་ཁྱད་པར་གཞན་སྤངས་
པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཐ་དད་པར་བརྗོད་ནས་སོ། །ཆོས་ཐ་དད་པ་ལྟ་བུར་རྣམ་པར་གཞག་ནས་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་མི་རྟག་པ་ཉིད་དང་མིག་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་ཅེས་ཆོས་ཀྱི་སྒྲས་བརྗོད་པ་བྱས་ན། མི་རྟག་པ་ཉིད་ལ་སོགས་པའི་ཆོས་ཐ་དད་ལྟ་བུར་རྣམ་པར་
གཞག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བློ་ལ་དེ་ལྟར་སྣང་བའི་ཕྱིར་ཏེ། ཆོས་ཞེས་བྱ་བའི་སྒྲས་བརྗོད་ན་ཆོས་འཛིན་པའི་བློ་ལ་ཐ་དད་པ་ལྟ་བུར་སྣང་བའི་ཕྱིར་རོ། །བྱེ་བྲག་ཏུ་མ་ཕྱེ་བར་ཞེས་བྱ་བ་ནི་ཁྱད་པར་ཐམས་ཅད་མ་སྤངས་པར་ཏེ། བློ་ལ་སྣང་བ་འདིའི་ངོ་བོ་ཉིད་གཞན་ཁྱད་པར་གཞན་མ་
སྤངས་པ། ཆོས་ཅན་ཉིད་དུ་རྣམ་པར་གཞག་ནས། སྒྲའི་དངོས་པོ་དེ་ཁོ་ན་རབ་ཏུ་སྟོན་ཏོ། །འདི་སྐད་དུ་མི་རྟག་པ་ཉིད་དང་། མིག་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་ཆོས་ཀྱི་སྒྲས་བརྗོད་དོ། །ཆོས་ཐ་དད་པ་ལྟ་བུར་བསྟན་ནས་ཡང་སྒྲ་མི་རྟག་གོ་ཞེས་ཆོས་ཅན་གྱི་སྒྲས་བརྗོད་དེ་ངོ་བོ་
ཉིད་གཞན་ཆོས་ཅན་དུ་རྣམ་པར་གཞག་ནས་དངོས་པོ་དེ་ཉིད་རབ་ཏུ་སྟོན་ཏོ་ཞེས་བཤད་པ་ཡིན་ནོ། །དེ་ཙམ་གྱི་ཆོས་ཞེས་བྱ་བ་ནི་ཁྱད་པར་གཞན་སྤངས་པ་དང་། མ་སྤངས་པས་ཆོས་དང་ཆོས་ཅན་དག་ཐ་དད་པའི་ཕྱིར་རྣམ་པར་རྟོག་པའི་བློ་ཐ་དད་པ་དང་ལྡན་པ་ལྟ་བུར་རྣམ་པ་ཐ་དད་པ་ཅན་ལྟ་བུར་

སྣང་གིས་དངོས་སུ་ཐ་དད་པ་དང་ལྡན་པ་ཉིད་མ་ཡིན་ཏེ། དེའི་རྣམ་པ་ནི་བརྫུན་པའི་ཕྱིར་རོ། །དངོས་པོ་ཐ་དད་པའི་ཕྱིར་ཐ་དད་པ་དང་ལྡན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཐ་དད་པ་ཡིན་ན། ཇི་སྐད་བཤད་པའི་ཉེས་པར་འགྱུར་བའི་ཕྱིར་ཏེ་སྤྱི་དང་གཞི་མཐུན་པ་ཉིད་ལ་
སོགས་པ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་ཐ་དད་པ་མེད་ན་ཇི་ལྟར་གཅིག་ལ་ཚིག་ཐ་དད་པ་དང་དེ་བཞིན་དུ་མི་རྟག་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །བྱས་པ་ཉིད་ནི་བསྒྲུབ་པའོ་ཞེས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་ཐ་དད་པར་ཡང་ཇི་ལྟར་འགྱུར་ཞེ་ན་དེའི་ཕྱིར་ཐ་དད་པ་དེ་ལྟ་བུ་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐ་དད་པ་ཁྱད་པར་གཞན་སྤངས་པ་དེ་ལྟ་བུ་མང་པོ་བརྗོད་པས་ཚིག་ཐ་དད་པ་དང་བསྒྲུབ་པར་བྱ་བ་དང་སྒྲུབ་པ་ཐ་དད་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གང་དག་ལ་བསྟན་དེ་དང་དེ་ལ་ལོག་པའི་དངོས་པོ་དེའི་རང་གི་ངོ་བོ་ཡོད་པ་ཆོས་སྣང་བའི་ཁྱད་པར་དེ་དག་གིས་ཏེ།
རྣམ་པར་རྟོག་པའི་བློ་ལ་གནས་པའི་ཆོས་ཀྱི་ངོ་བོར་སྣང་བའི་ཁྱད་པར་དག་གིས་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་བྱེད་ཅེ་ན་དེའི་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པའི་དངོས་པོའི་རང་གི་ངོ་བོ་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར་ཏེ། དེ་དག་ནི་བརྒྱུད་པས་དངོས་པོ་དང་འབྲེལ་པའི་ཕྱིར་
རོ། །སྐབས་སུ་བབ་པའི་དོན་ཉིད་གཟུང་བདེ་བར་བྱ་བའི་ཕྱིར་བསྡུ་བའི་ཚིགས་སུ་བཅད་པ། རང་བཞིན་དེ་འཛིན་རྣམ་རྟོག་བློ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རང་བཞིན་དེ་ཉམས་སུ་མྱོང་བའི་འོག་ཏུ་སྐྱེ་བ་རྣམ་པར་རྟོག་པ་ཅན་གྱི་བློ་གང་ཡིན་པའོ། །དེའི་དོན་ཅན་འདྲ་བ་ནི་ལྷག་
པར་ཞེན་པའི་དབང་གིས་དངོས་པོའི་ཡུལ་ཅན་ལྟ་བུའོ། །དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ཐ་དད་པ་གང་ཡིན་པ་དེའི་མཐར་ཐུག་པ་སྟེ། དེ་ཉམས་སུ་མྱོང་བའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་དང་། ལོག་པའི་དངོས་པོ་ཐོབ་པར་བྱེད་པའི་ཕྱིར་དེའི་མཐར་ཐུག་པ་ཞེས་བྱའོ། །བློ་དེ་ལྟ་བུ་དེ་ལ་ངོ་བོ་
གང་ཡིན་པ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་གང་ཡིན་པ་སྟེ། སྣང་བ་དང་རྟག་པར་བྱ་བ་དག་གཅིག་ཏུ་བྱེད་པའི་ཕྱིར་ཕྱི་རོལ་ལྟ་བུའོ། །གསལ་བ་རིགས་མཐུན་པ་དག་ལ་མཚུངས་པར་སྣང་བའི་ཕྱིར་གཅིག་ལྟ་བུའོ། །རིགས་མི་མཐུན་པ་གཞན་ལས་ལོག་པ་ལྟ་བུར་སྣང་བ་ཡིན་གྱི་ལོག་པ་ཉིད་ནི་མ་

ཡིན་ནོ། །བློ་ལ་སྣང་བའི་ངོ་བོ་དེ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྟག་པའི་ཡན་ལག་མེད་པའི་ཕྱིར་ཏེ། དོན་བྱེད་ནུས་པ་ཁོ་ན་བརྟག་པའི་ཡན་ལག་ཡིན་ནོ། །དེ་བས་ན་བརྟག་པའི་ཡན་ལག་མེད་པ་ཉིད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་བློ་ལ་སྣང་
བའི་ངོ་བོ་དེ་ཁོ་ན་ཉིད་མ་ཡིན་པ་དེའི་ཕྱིར་དེའི་ཡུལ་ཅན་གྱི་ཐ་སྙད་ནི་ནོར་བའི་དོན་ཁོ་ན་ལ་འཇུག་པ་ཡིན་ཏེ། དེ་བས་ན་ཤེས་པ་ལ་ཡོད་པའི་དོན་དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་ལ་ཡོད་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་བློ་ལ་སྣང་བ་སྟེ་ཤེས་པ་ལ་ཡོད་པ་དེ་རྣམས། འདི་ལྟར་ལྡོག་པའི་ངོ་བོ་ཅན་
ལྡོག་པའི་ངོ་བོ་དང་ལྡན་པ་སྟེ། དཔེར་ན་ཨུཏྤ་ལ་མ་ཡིན་པ་ལས་ལོག་པའི་ངོ་བོ་ཅན་ཨུཏྤ་ལའི་དོན་དག་པ་ལྟ་བུའོ། །དེས་ན་ཞེས་བྱ་བ་གཞན་ལས་ལྡོག་པ་ཅན་གྱི་ངོ་བོའི་ཨུཏྤ་ལ་ཉིད་ཀྱིས་ཐ་དད་པ་མ་ཡིན་པ་ལྟ་བུར་སྣང་གི་དོན་དམ་པར་ནི་མ་ཡིན་ཏེ། བློ་ལ་སྣང་བའི་ངོ་བོ་བརྫུན་པའི་ཕྱིར་རོ། །
འདིས་ནི་སྤྱིའི་ཐ་སྙད་ཀྱི་རྒྱུ་མཚན་བཤད་དོ། །དེ་ཉིད་གཞན་ལས་ལོག་པར་ཡང་སྣང་སྟེ་ཞེས་བྱ་བ་ནི་བློ་ལ་སྣང་བའི་དོན་གཞན་ལས་ལོག་པའི་ངོ་བོ་ཅན་དེ་དག་ཉིད་གཞན་རིགས་མི་མཐུན་པ་ལས་ལོག་པར་ཡང་སྣང་སྟེ་དཔེར་ན་ཨུཏྤ་ལའི་ཁྱད་པར་དེ་དག་ཉིད་སྔོན་པོ་མ་ཡིན་པ་ལས་ལོག་པ་ལྟ་བུའོ། །
དེའི་ཕྱིར་ལྡོག་པ་གཉིས་ཀྱིས་ཉེ་བར་ཟིན་པའི་དོན་གཅིག་སྣང་བའི་ཕྱིར་གཞི་མཐུན་པ་ཉིད་ཀྱི་ས་བོན་བཤད་དོ། །དེ་ཉིད་དེ་ལས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ་ཞེས་བྱ་བ་ནི་བློ་ལ་སྣང་བའི་དོན་དེ་རྣམས་ལ་ཐ་སྙད་རྒྱས་པར་བྱེད་ཅེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། ནོར་
བའི་དོན་ཅན་ནོ། །གང་དག་རྒྱུར་གྱུར་པས་ཞེ་ན། སྤྱི་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་ཡུལ་ཅན་དང་གཞི་མཐུན་པའི་ཡུལ་གྱི་ཤེས་པ་དང་ནི་བརྗོད་པ་ཡིས་སྤྱིའི་སྤྱོད་ཡུལ་ཅན་གྱིས་ནི་སྤྱིའི་ཐ་སྙད་རྒྱས་པར་བྱེད་ལ། ཅིག་ཤོས་ཀྱིས་ནི་གཞི་མཐུན་པ་ཉིད་ཀྱི་ཐ་སྙད་རྒྱས་
པར་བྱེད་དོ། །ཐ་སྙད་ནི་འདིར་སྒྲ་དང་ཤེས་པའི་བདག་ཉིད་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་བྱེད་པ་དང་བཅས་པ་ལ་བརྟེན་ནས་ཤེས་པ་དང་སྒྲ་དག་གིས་བྱེད་པའི་ངོ་བོ་ཉིད་བརྗོད་པར་འདོད་པས་དེ་གཉིས་ཁོ་ནས་དོན་རབ་ཏུ་སྟོན་པའི་མཚན་ཉིད་ཀྱི་བྱེད་པ་ལ་ཐ་སྙད་ཉིད་དུ་བརྗོད་པར་འདོད་

པའི་ཕྱིར་ཉེས་པ་མེད་དེ། དཔེར་ན་ཤེས་པ་ཚད་མ་ཉིད་དང་འབྲས་བུ་ཉིད་ཡིན་པ་ལྟ་བུའོ། །དངོས་པོ་རྣམས་ཀྱི་དེ་ཀུན་ཡང་། །ཞེས་བྱ་བ་ནི་དངོས་པོ་རང་གི་མཚན་ཉིད་རྣམས་ཀྱི་ཐ་སྙད་ཤེས་པ་དང་བརྗོད་པའི་མཚན་ཉིད་ནི་ཕན་ཚུན་མེད་ཅིང་ཕན་ཚུན་རྣམ་པར་གཅོད་པ་གང་ཡིན་པ་དེ་ལ་བརྟེན་པ་སྟེ།
ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྒོ་ནས་འབྱུང་བའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་ཕན་ཚུན་མེད་པ་ལ་བརྟེན་པ་དེ་ཉིད་ཀྱི་ཐ་སྙད་དེ་གཞན་སེལ་བའི་ཡུལ་ཅན་ཞེས་བྱའི། ལྡོག་པའི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ནི་མ་ཡིན་ནོ། །ཐ་སྙད་དེ་ནི་དངོས་པོ་རྙེད་ཅིང་དངོས་པོ་འཐོབ་པའི་རྟེན་ཡང་
ཡིན་ནོ། །ཐམས་ཅད་ནི་མ་ཡིན་གྱི་འོན་ཀྱང་ཐ་སྙད་གང་ལ་བརྒྱུད་པས་དངོས་པོ་དེ་ལྟ་བུ་དང་འབྲེལ་པ་ཡོད་པའོ། །དཔེར་བརྗོད་པ། རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །ཞེས་བྱ་བ་སྨོས་ཏེ། ཇི་བཞིན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཇི་སྐད་བཤད་པ་ལྟ་བུ་སྟེ། སྔར་རྗེས་སུ་དཔག་པ་རྣམ་པར་རྟོག་
པ་ཅན་བཤད་པ་ལྟ་བུ་ཡིན་ནོ། །རྗེས་སུ་དཔག་པ་རྣམ་པར་རྟོག་པ་ཅན་དང་ཅིག་ཤོས་ནི་རང་ལ་སྣང་བའི་དོན་དུ་ལྷག་པར་ཞེན་པའི་ཕྱིར་འཁྲུལ་པར་སྨྲ་ཡང་གཞན་བརྟེན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ནི་མ་ཡིན་ནོ། །དེ་ལ་ནི་རྒྱུད་ལས་ཀྱང་དངོས་པོ་དང་འབྲེལ་པ་མེད་པ་དེ་དངོས་པོ་ནི་མི་བརྟེན་པ་ལ་
སོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །མར་མེའི་འོད་ལ་ནོར་བུ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་ནོར་བུའི་འོད་ལ་ནོར་བུའི་བློ་འཁྲུལ་པ་ལྟར་མར་མེའི་འོད་ལ་ཡང་དེ་དང་འདྲ་དེ་འཁྲུལ་པ་ཉིད་དུ་མཚུངས་མོད་ཀྱི་ནོར་བུའི་འོད་ནོར་བུ་ཉིད་དུ་གཟུང་བ་ནི་ནོར་བུ་རྙེད་པར་བྱ་བ་རྟོག་པར་བྱེད་པ་ཡིན་གྱི་མར་མེའི་འོད་ནི་མ་ཡིན་ནོ། །
དེ་དང་འདྲ་བར་བརྟེན་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཡང་ཐོབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱིའི་ཐ་སྙད་ཀྱི་ས་བོན་བསྟན་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དམ། གསལ་བ་དེ་དག་ལས་འབྲས་བུ་གཅིག་པ་ཅན་གྱི་གསལ་བ་རྣམས་
མི་གསལ་བའམ། སྤྱི་དང་གཞི་མཐུན་པ་ལ་སོགས་པ་དེ་དག་ལས་རེ་ཞིག་སྤྱིའི་ཐ་སྙད་ཀྱི་ས་བོན་བརྗོད་དོ་ཞེས་ངེས་པར་གཟུང་བ་ཡིན་ནོ། །དུ་མའང་འབྲས་བུ་གཅིག་པ་ཅན་ནི་དཔེར་ན་བུམ་པའི་ཁྱད་པར་རྣམས་ཆུ་བཅུ་བ་ལ་སོགས་པ་འབྲས་བུ་གཅིག་པ་ལྟ་བུའོ། །ཤེས་པ་དང་བརྗོད་པ་གང་དག་ལ་

རྟེན་དེའི་འབྲས་ཅན་མིན་ཞེས་བྱ་བ་འབྲས་བུ་དེ་ལྟ་བུ་མི་བྱེད་པ་གང་དག་ཡིན་པ་དེ་དག་ལས་གཞན་པ་ལྡོག་པ་དེ་ཡོད་པ་དེ་དག་གི་དངོས་པོ་དུ་མ་ཡིན་ཡང་གཅིག་ཉིད། ཐ་སྙད་རབ་ཏུ་འཇུག་པར་བྱེད་སྤྱིའི་ཐ་སྙད་ཐོབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བློ་ལ་སྣང་བའི་དོན་ཁོ་ན་ལ་དེ་ལྟར་རྒྱས་པར་བྱེད་དེ།
སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གཅིག་ཏུ་བྱས་ནས་དུ་མ་ཡིན་ཡང་གཅིག་བྱེད་པ་ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་ཞེས་བྱ་བ་ནི་སྤྱི་འདས་མ་ཐག་པ་ལ་ལྟོས་ནས་སོ། །གཅིག་ཀྱང་དུ་མ་བྱེད་པ་ནི་དཔེར་ན་བུམ་པས་མིག་གི་རྣམ་པར་ཤེས་པ་དང་། ཆུ་ཆུ་བ་ལ་སོགས་པའི་འབྲས་བུ་
བྱེད་པ་ལྟ་བུའོ། །དེའི་དངོས་ཡོངས་སུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་དུ་མ་བྱེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་རོ། །དེའི་འབྲས་བུ་ཅན་མ་ཡིན་པའི་དོན་དག་ལས་ཐ་དད་པའི་རྒྱུས། བུམ་པ་ནི་མིག་གིས་གཟུང་བར་བྱ་བ་དང་ས་ལས་གྱུར་པའོ་ཞེས་བྱ་བ་ལ་སོགས་པ་ཆོས་སྣ་ཚོགས་སུ་ཤེས་པར་བྱེད་དོ། །
འདིས་ནི་གཞི་མཐུན་པ་ཉིད་དང་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོའི་ས་བོན་བཤད་དོ། །སྒྲ་དོན་འདི་ཞེས་བྱ་བ་ནི་བློ་ལ་སྣང་བའི་དོན། བརྗོད་དང་ཞེས་པས་གཅིག་ཉིད་དུ། །ཐ་སྙད་རབ་ཏུ་འཇུག་པར་བྱེད། །ཅེས་བྱ་བ་ལ་སོགས་པས་བཤད་པ་གང་ཡིན་པའོ། །གཞི་མཐུན་པ་ཉིད་ཅེས་བྱ་བ་ནི། གྲགས་
པ་བཞིན་དུ་བརྗོད་པ་སྟེ་ཞེས་བྱ་བར་སྦྱར་ཏེ། དོན་དམ་པར་ཡོད་པ་མིན་ཡང་ཇི་ལྟ་བུར་གྲགས་པ་བཞིན་དུ་བརྗོད་པ་སྟེ། ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཅན་གྱིས་བློའི་ངོ་བོར་བརྗོད་པ་ཡིན་ཏེ། འདི་ལྟར་དངོས་པོ་ལ་སྒྲའི་དོན་དང་གཞི་མཐུན་པ་འདི་ནི་མི་སྲིད་དོ། །གྲགས་པ་བཞིན་དུ་བརྗོད་པ་སྟེ་ཞེས་བཤད་པས་
དེའི་ཕྱིར། དེ་ཉིད་བསྟན་པར་ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཆོས་སོ། །འདི་ནི་ཆོས་ཅན་ནོ་ཞེས་རྣམ་པར་གཞག་པའོ། །ཐ་དད་ཐ་དད་མིན་ཅི་འདྲ། །ཞེས་བྱ་བ་ནི་གཅིག་ཀྱང་འབྲས་བུ་དུ་མ་བྱེད་པ་ཉིད་ཀྱིས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པའི་སྒོ་ནས་ཐ་དད་དོ། །
དུ་མ་ཡང་འབྲས་བུ་གཅིག་བྱེད་པ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལོག་པ་ཉིད་ཀྱིས་ཐ་དད་མིན་པའོ། །འདི་ནི་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པའི་ཕྱིར། དེ་ཉིད་དོན་ནི་མ་བརྟགས་པ་སྟེ་གང་གིས་དེ་ཁོ་ན་ཉིད་ཀྱི་དངོས་པོའི་དོན་ལ་མ་ལྟོས་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། འཇིག་རྟེན་ན་ཇི་ལྟར་བློ་ལ་སྣང་

བ་ལ་ཡང་དེའི་ངོ་བོར་ལྷག་པར་ཞེན་པ་ཉིད་ཀྱིས་གྲགས་པ་སྟེ། ཆོས་ལ་སོགས་པ་རྣམ་པར་དབྱེ་བ་དེ་ལའོ། །དེ་བཞིན་ཁོ་ནར་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པ་བཞིན་དུའོ། །བསྒྲུབ་བྱ་སྒྲུབ་པ་ཀུན་གཞག་པ། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན་
དམ་པའི་དོན་ལ་འཇུག་བྱའི་ཕྱིར་མི་རྟག་པ་ལ་སོགས་པའི་རང་གི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་གཅིག་པ་ཉིད་ལ་སོགས་པའི་ཐ་སྙད་དངོས་པོ་ལ་མི་སྲིད་ཅེ་ན། དེའི་ཕྱིར་དམ་པའི་དོན་གྱི་དོན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པ་པའི་དངོས་པོ་རྣམས་ནི་རང་གི་འདྲེ་བ་
མེད་པས་དེའི་ཕྱིར་དངོས་པོ་ལ་སྤྱིའི་ཐ་སྙད་མེད་དོ། །དངོས་པོ་དེ་ལ་དུ་མ་ཉིད་མི་རུང་བའི་ཕྱིར་བྱས་པ་ཉིད་ལ་སོགས་པའི་ཆོས་དག་གིས་སོ་སོར་ཐ་དད་པ་མེད་དེ། དེའི་ཕྱིར་དངོས་པོ་དེ་དག་ལ་ངོ་བོ་གཅིག་པ་དང་། དོན་གཅིག་ལ་དུ་མའི་ངོ་བོར་ལྷག་པར་ཞེན་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཅན་གྱི་བློའི་
བསླད་པ་ཡིན་ཏེ་འཁྲུལ་པ་ཡིན་ནོ། །གང་གི་ཕྱིར་དོན་དམ་པ་པའི་དངོས་པོ་རྣམས་འདྲེ་བ་ཡང་མེད་ཐ་དད་པ་ཡང་མེད་པ་རྒྱུ་དེས་ན་འདི་ནི་ཆོས་མང་པོ་རྣམས་ཀྱི་སྤྱིའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཆོས་མང་པོ་རྣམས་ཀྱི་ཁྱད་པར་རོ་ཞེས་བྱ་བའི་བྱེ་བྲག་ཐ་དད་པ་ཉིད་ཀྱི་ཐ་སྙད་གང་ཡིན་པ་དེ་ནི་བློའི་དོན་ལ་
ཡིན་གྱི་ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་མ་ཡིན་ནོ། །གལ་ཏེ་བློ་ལ་སྣང་བ་བརྫུན་པའི་ཕྱིར་ཇི་ལྟར་དེ་ལ་བྱས་པ་ཉིད་ལ་སོགས་པའི་ཆོས་ཐ་དད་པ་ཡིན་ཞེ་ན། དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློའི་སྣང་བ་ཉིད་ལའོ། །འདི་སྐད་དུ་ཕྱི་རོལ་དང་གཅིག་པ་ཉིད་དུ་ལྷག་པར་ཞེན་པས་ཇི་ལྟར་རང་གི་
མཚན་ཉིད་གཞན་ལས་ལོག་པ་ལྟར། དེ་མཐོང་བ་ལས་འོངས་པ་རྣམ་པར་རྟོག་པ་ལ་སྣང་བ་ལ་ཡང་དེ་བཞིན་དུ་ལྷག་པར་ཞེན་ཏོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་བརྟག་ཅེས་བྱ་བ་སྨོས་སོ། །ཇི་ལྟར་མངོན་སུམ་རང་གི་མཚན་ཉིད་ཁོ་ན་འཛིན་པ་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་
ཉིད་ལ་སོགས་པ་བསྒྲུབ་པས་རྗེས་སུ་དཔག་པས་ཁྱད་པར་དུ་བྱས་པའི་རང་གི་མཚན་ཉིད་ཁོ་ན་ཅིའི་ཕྱིར་མི་འཛིན་ཞེ་ན། དེའི་ཕྱིར་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བསྒྲུབ་པར་བྱའོ། །འདི་ནི་སྒྲུབ་པའོ་སྙམ་པའི་རྟོག་པ་ལ་དངོས་པོར་མཐོང་བ་ཉམས་པའི་ཕྱིར་རང་གི་མཚན་ཉིད་

སྣང་བ་ཉིད་ཉམས་པའི་ཕྱིར་སྤྱིས་ཁྱད་པར་དུ་བྱས་པའི་རང་གི་མཚན་ཉིད་འཛིན་པ་ལྟ་ག་ལ་ཡོད། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པས་གཞན་སེལ་བས་ཁྱད་པར་དུ་བྱས་པའི་ཁྱད་པར་འཛིན་ཏེ་ཞེས་བཤད་པའི་ཕྱིར་རང་གི་མཚན་ཉིད་སྤྱི་དང་འབྲེལ་པ་འཛིན་པར་དམ་བཅས་སོ་སྙམ་དུ་དོགས་
པ་བསལ་བའི་ཕྱིར་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་སྤྱི་དང་འདྲེས་པ་ཤེས་སོ་ཞེས་བྱ་བའི་ཚིག་འདི་ལ་ཡང་། རང་གི་མཚན་ཉིད་གཟུང་བྱ་མིན་རང་གི་མཚན་ཉིད་ཁོ་ན་ཡིན་པར་བསྟན་ཏོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་ནི་མི་བྱ་བའི་ཐ་ཚིག་གོ། །འོན་ཀྱང་དེར་ནི་བློ་ལ་སྣང་བའི་ཁྱད་པར་
དག་ཁོ་ན་གཞན་སེལ་བའི་མཚན་ཉིད་ཀྱིས་སྤྱི་དེ་དང་འདྲེས་པར་འཛིན་ཏོ་ཞེས་བྱ་བར་རྟོགས་པར་བྱའོ། །གལ་ཏེ་ཡང་ཅིའི་ཕྱིར་དེ་ལ་དེ་ལྟར་རྟོག་པར་བྱ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་མ་ལ་གཅིག་པ་ཉིད་ཀྱི་རྣམ་པ་ནི་སྤྱིའི་རྣམ་པའོ། །གཅིག་ལ་ཁྱད་པར་མང་པོ་ཉིད་ནི་ཁྱད་པར་གྱི་
རྣམ་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆོས་དང་ཆོས་ཅན་གྱི་རྣམ་པ་ལ་སོགས་པ་ཡོངས་སུ་བསྡུ་སྟེ། རང་གི་མཚན་ཉིད་དེ་ནི་དེ་དག་སྤྱིར་ཡང་གཟུང་བྱ་མིན་ནོ། །ཅིའི་ཕྱིར་ཞེ་ན། བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པའི་ངོ་བོའི་ཆོས་ཀྱི་བྱེ་བྲག་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། ཁྱད་པར་ཏེ་
དངོས་པོའི་ངོ་བོ་མང་པོ་རྣམས་རང་གི་མཚན་ཉིད་དེ་གཅིག་ལ་སྟེ། རང་གི་མཚན་ཉིད་དེ་གཅིག་པུ་ལ་མི་རུང་བའི་ཕྱིར་རོ། །དངོས་པོ་གཅིག་ཅིག་ལ་དངོས་པོའི་ངོ་བོ་མང་པོ་ནི་མི་རུང་སྟེ། རང་གི་མཚན་ཉིད་ལ་ཆ་ཤས་མེད་པའི་ཕྱིར་རོ། །དེའི་ངོ་བོ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དོ། །ཀུན་ལས་ལོག་
པ་ནི་ཐུན་མོང་མ་ཡིན་པ་སྟེ། དེ་དེ་བཞིན་དུ་རྟོགས་པར་བྱེད་པའི་སྒྲ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་རང་གི་མཚན་ཉིད་དེ་ཐུན་མོང་མ་ཡིན་པའི་ངོ་བོར་འཛིན་པར་བྱེད་པའི་སྒྲ་མེད་པའོ། །རྟོག་པ་ཡང་ཡོད་པ་མ་ཡིན་ཞེས་བྱ་བར་སྐབས་དང་སྦྱར་ཏེ། རང་གི་མཚན་ཉིད་ཐུན་མོང་མ་ཡིན་པའི་ངོ་བོར་འཛིན་པར་བྱེད་
པའི་རྣམ་པར་རྟོག་པ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། སྒྲ་དང་རྟོག་པ་ནི་སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །དེ་རྟོགས་པར་བྱེད་པའི་སྒྲ་མེད་དོ་ཞེས་སྨྲ་བས་རང་གི་མཚན་ཉིད་ལ་སྒྲ་རྣམས་མི་སྦྱོར་རོ་ཞེས་བཤད་པ་ཡིན་པས་དེའི་ཕྱིར་ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གླེང་བ་བྱེད་དོ། །སྤྱི་ཉིད་

དུ་ནི་འཇུག་ཕྱིར་རོ། །ཞེས་བཤད་མ་ཐག་པའི་ཕྱིར་གླེང་བ་མི་རིགས་པ་མ་ཡིན་ནམ་ཞེ་ན། དེ་ནི་བདེན་ན་ལན་ལྷག་པར་བརྗོད་པའི་ཕྱིར་ཉེ་བར་བཀོད་དོ། །བརྡས་ཡུལ་དུ་བྱས་པ་ནི་བརྡར་བཏགས་པ་སྟེ། སྒྲ་རྣམས་ཀྱིས་ནི་དེ་སྟོན་ཏོ། །དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་བྱ་བ་ནི་བརྡའོ། །ཐ་སྙད་ཀྱི་
དུས་དེའི་ཚེ་རང་གི་མཚན་ཉིད་གང་ལ་བརྡར་འདོགས་སོ་ཞེས་བྱ་བར་འདོད་པའི་རང་གི་མཚན་ཉིད་མེད་དོ། །བརྡར་འདོགས་པའི་དུས་ན་རང་གི་མཚན་ཉིད་མཐོང་བ་གང་ཡིན་པ་དེ་ཉིད་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་ནི་མེད་དེ། གསལ་བ་གཞན་གྱི་ངོ་བོ་ནི་གསལ་བ་གཞན་ལ་མི་སྲིད་པའི་ཕྱིར་རོ། །གང་
ཡང་གསལ་བ་གཅིག་ཅིག་བརྡའི་ཡུལ་ཉིད་དུ་འདོད་པ་གང་ཡིན་པ་དེ་ཡང་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དུས་གཞན་ན། དེ་ཉིད་ཀྱིས་ངོ་བོ་རྗེས་སུ་འགྲོ་བ་མེད་ན། ཡུལ་དང་དུས་ཀྱིས་ཐ་དད་པའི་གསལ་བ་ལ་ལྟ་སྨོས་ཀྱང་ཅི་དགོས། རྒྱུ་དེས་ན་རང་གི་མཚན་ཉིད་དེ་ལ་བརྡར་མ་ཡིན་ཏེ་འདོགས་པ་ཞེས་
བྱ་བ་ཁོང་ནས་དབྱུང་ངོ་། །སྒྲ་རྣམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། སྔར་ཞེས་བྱ་བ་ནི་བརྡའི་དུས་ནའོ། །རང་གི་མཚན་ཉིད་གཅིག་ལ་བརྡར་བྱ་བའི་སྒྲ་ཞེས་བྱ་བར་སྦྱར་ཏེ། ཕྱིས་ཞེས་བྱ་བ་ནི་ཐ་སྙད་ཀྱི་དུས་ནའོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བརྡའི་དུས་ན་མཐོང་བའི་རང་གི་མཚན་ཉིད་ནི་ཐ་སྙད་ཀྱི་གནས་སྐབས་ན་ཡོད་པའི་གསལ་བ་ཡུལ་དང་དུས་ཀྱི་ཐ་དད་པ་ལ་མི་འབྲལ་བའི་ཕྱིར་ཞིང་རྗེས་སུ་མི་འགྲོ་བའི་ཕྱིར་ཏེ། གཅིག་ལ་མཐོང་བའི་ཁྱད་པར་ནི་གཞན་ལ་མི་སྲིད་དོ། །འདིས་ནི་དེའི་ཚེ་རང་གི་མཚན་ཉིད་མེད་
ཅེས་བྱ་བ་འདིས་རྣམ་པར་བཤད་དོ། །སྤྱི་ཐ་དད་པ་ཞེས་བྱ་བ་ནི་བྱེ་བྲག་པའི་ལྟ་བ་ཡིན་ནོ། །གྲངས་ཅན་པའི་ལྟ་བ་ནི་ཐ་མི་དད་པ་ཡིན་ཏོ། །གསལ་བ་རིགས་མཐུན་པ་ལ་ཁྱབ་པའི་ཕྱིར་ཁྱབ་པའོ། །གང་གི་ཕྱིར་སྤྱི་བརྗོད་པ་དེས་ན་དེའི་ཕྱིར་ཐ་སྙད་ཀྱི་དུས་ན་མེད་པའི་ཉེས་པ་མེད་ཅིང་ཐ་སྙད་ཀྱི་དུས་ན་སྒྲའི་དོན་
མེད་པའི་ཉེས་པ་མེད་དེ། སྒྲའི་དོན་ནི་སྤྱི་ཡིན་པའི་ཕྱིར་ལ། དེ་ཡང་གཅིག་པ་ཉིད་ཀྱིས་བརྡ་དང་ཐ་སྙད་ཀྱི་དུས་གཉི་ག་ན་ཡོད་པའི་ཕྱིར་རོ། །ཅི་ནས་ཞེས་བྱ་བའི་སྒྲའི་དོན་ནི་ཅི་ནས་ཀྱང་ཞེས་བྱ་བའི་དོན་འདི་ཡིན་ཏེ། ཅི་ནས་ཀྱང་སྐྱེས་བུ་ཐ་སྙད་ཀྱི་དུས་སུ་སྒྲ་བརྗོད་པ་ལས་དོན་བྱེད་པར་ནུས་པའི་དོན་

ཤེས་ནས་དེ་བསྒྲུབ་པའི་ཕྱིར་དོན་བྱེད་པ་བསྒྲུབ་པའི་ཕྱིར་འཇུག་པར་འགྱུར་སྙམ་པའི་བསམ་པ་འདིས། དོན་རྣམས་ལ་རྗོད་པར་བྱེད་པའི་སྒྲ་རྣམས་སྦྱོར་བར་བྱེད་དོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་ནི་འཇིག་རྟེན་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མི་འདི་བརྡ་མི་བྱེད་ཅིང་བརྡར་མི་འདོགས་པའམ། བརྡར་
བཏགས་པའི་དོན་ལ་སྒྲ་མི་སྦྱོར་བས་ཏེ་ཉམ་ང་བ་ནི་འབྲས་བུ་ལ་མི་ལྟ་བར་འགའ་ཞིག་ལ་གཙིགས་ཆེར་འཛིན་པའོ། །རྩོམ་པ་ནི་ཐ་སྙད་དོ། །འབྲས་བུའི་དོན་ཅན་ནི་འབྲས་བུ་མེད་པ་མ་ཡིན་པའོ། །རིལ་ཞེས་བྱ་བའི་སྒྲའམ། གཞན་ཡང་རུང་བའོ། །མཁོ་བ་ཁོ་ནར་བརྩི་བ་ནི་གཟུང་བར་འོས་པར་རོ། །
ཅིའི་ཕྱིར་ཞེ་ན། རྩོམ་པ་འབྲས་བུ་མེད་པ་རྩོམ་པ་འབྲས་བུ་དང་བྲལ་བ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱིས་ཡལ་བར་དོར་བར་བྱ་བ་ཡིན་པའི་ཕྱིར་ཏེ། གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །འགའ་ཞིག་ལ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ལ་སྟེ། སྦྱོར་བ་
ནི་བརྡར་བྱེད་པའོ། །འདིས་ཀྱང་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་པོས་སོ། །འབྲས་བུ་འགའ་ཁོ་ན་ལ་ལྟ་བའི་རིགས་སོ་ཞེས་བྱ་བ་ནི་དགོས་པ་ཁོ་ན་ལ་ལྟོས་པའི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུ་སྟེ། འདོད་པ་ཐོབ་པའི་མཚན་ཉིད་དོ། །མི་འདོད་པ་འདོར་བའི་མཚན་ཉིད་ཅེས་ཅི་
རིགས་པར་སྦྱར་རོ། །གང་གི་ཕྱིར་སྐྱེས་བུའི་དོན་འདོད་པ་དང་མི་འདོད་པ་འཐོབ་པ་དང་སྤོང་བའི་ངོ་བོ་ཁོ་ན་ཡིན་པ་དེའི་ཕྱིར་སྦྱོར་བ་པོའི་སྐྱེས་བུ་འདིས་འདོད་པ་དང་མི་འདོད་པའི་འབྲས་བུ་དེ་དག་གིས་བསྒྲུབ་པ་དང་སྒྲུབ་པ་མ་ཡིན་པའི་དོན་ཤེས་པར་བྱས་ནས། འདོད་པ་བསྒྲུབ་པ་དེ་ལ་འཇུག་པ་
དང་། མི་འདོད་པ་བསྒྲུབ་པ་ལ་ལྡོག་པ་དག་བྱ་བའམ། གཞན་དག་བྱེད་དུ་གཞུག་པའམ། ཉན་པ་པོ་རྣམས་ཀྱང་སྦྱོར་བ་ལ་གུས་པར་འགྱུར་སྙམ་པའི་བསམ་པ་འདིས་སྒྲ་རྣམས་སྦྱར་བར་བྱའོ། །རེ་ཞིག་སྒྲ་སྦྱོར་བ་ནི་གཞན་གྱི་ཡན་ལག་ཡིན་པའི་ཕྱིར་གཞན་ལ་ཐ་སྙད་དུ་བྱའོ་ཞེས་སྒྲ་སྦྱོར་
བར་ནི་རིགས་ནས། རང་ཉིད་འཇུག་པ་དང་ལྡོག་པར་བྱ་བ་ལ་གོ་སྒྲ་ཅི་ཞིག་དགོས་ཤེ་ན། བདེན་ཏེ་སྒྲ་སྦྱོར་བ་གོམས་པ་ལས་བདག་ཉིད་ཀྱང་རྟོགས་པར་བྱེད་པ་ན་རེ་འགའ་དེ་ལྟར་རྟོགས་པར་འགྱུར་བ་ཉེ་བར་བཀོད་པར་བྱས་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་མ་ཡིན་ན་ཡལ་བར་འདོར་བར་བྱ་བ་ཡིན་

པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲ་སྦྱོར་བ་འབྲས་བུ་མེད་ན་བཏང་སྙོམས་སུ་གཞག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རིགས་ཀྱང་དོན་བྱ་བ་བྱེད་པ་ཡིན་ཏེ། དེ་བས་ན་རིགས་ལ་སྒྲ་སྦྱོར་བར་ཡང་འགྱུར་ལ། འབྲས་བུ་མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་ལ་ཞེས་བྱ་བ་རིགས་སྒྲའི་དོན་ཡིན་པར་འདོད་པ་ལ་རིགས་དེ་ནི་དོན་བྱེད་པར་རུང་བ་མ་ཡིན་ནོ། །དེ་ཉིད་རིགས་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། རིགས་ནི་བཞོན་པ་དང་བཞོ་བ་ལ་སོགས་པ་བྱེད་པར་ནུས་པ་མ་ཡིན་ཏེ། དེ་བས་ན་བཞོན་པ་དང་བཞོ་བ་དོན་དུ་གཉེར་བ་ལ་རིགས་བརྗོད་པ་དོན་མེད་པས་
དེའི་དོན་དུ་སྒྲ་སྦྱོར་བ་མ་ཡིན་ནོ། །གལ་ཏེ་འོ་ན་གང་གི་ཚེ་བཞོན་པ་དང་བཞོ་བ་ལ་སོགས་པའི་སྐབས་མ་ཡིན་པ་དེའི་ཚེ་རིགས་ལ་སྒྲ་སྦྱོར་རོ་ཞེ་ན། དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ཞེས་བྱ་བ་ནི་བཞོན་པ་དང་བཞོ་བ་ལ་སོགས་པའི་སྐབས་ཏེ། འབྲས་བུ་མེད་པའི་སྦྱོར་བ་ནི་ཡལ་བར་
དོར་བར་བྱ་བ་ཡིན་ནོ་ཞེས་བཤད་ཟིན་པའི་ཕྱིར་རོ། །གལ་ཏེ་སྤྱི་ནི་དོན་བྱ་བ་མི་བྱེད་ཀྱི་འོན་ཀྱང་གསལ་བ་ཁོ་ནའི་དོན་བྱེད་ན། གསལ་བ་བསྟན་པར་མི་ནུས་པའི་ཕྱིར་སྤྱི་ལ་སྦྱར་བའི་སྒྲས་སྤྱི་མཚོན་པར་བྱེད་ལ། སྒྲས་མཚོན་པའི་སྤྱི་དེས་དེ་དང་འབྲེལ་པའི་ཕྱིར་གསལ་བ་ཡང་མཚོན་པར་བྱེད་དེ། དེ་བས་ན་
མཚོན་ཟིན་པས་མཚོན་པར་བྱ་བའི་རིགས་བརྗོད་དོ་ཞེ་ན། འབྲེལ་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། རིགས་དང་དེ་དང་ལྡན་པར་འབྲེལ་པ་ཡོད་དུ་ཟིན་ཀྱང་འོན་ཀྱང་གསལ་བའི་ཁྱད་པར་སྒྲས་མ་བརྗོད་པ་ལ་ཇི་ལྟར་འཇུག་པར་འགྱུར་ཏེ། མི་འགྱུར་བ་ཉིད་དོ། །དེ་ཉིད་བསྒྲུབ་པར་
འགའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁར་བ་དང་འཁར་བ་ཐོགས་པ་འབྲེལ་པ་ཡོད་དུ་ཟིན་ཀྱང་རྟོག་པ་སྔོན་དུ་གཏོང་བ་འགའ་ཞིག་ལ་འཁར་བ་ཆོད་ཅིག་ཅེས་སྨྲས་ན་འཁར་བ་ཐོགས་པ་གཅོད་པ་ནི་མེད་དེ་སྒྲས་མ་བརྗོད་པའི་ཕྱིར་རོ། །དེ་བཞིན་དུ་རིགས་བརྗོད་ཀྱང་གསལ་བ་ལ་མི་
འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རིགས་ལ་བཞོན་པ་དང་བཞོ་བ་ལ་སོགས་པ་མི་སྲིད་པའི་ཕྱིར། སྒྲས་མ་བརྗོད་དུ་ཟིན་ཀྱང་གསལ་བ་ལ་འཇུག་པར་འགྱུར་རོ་ཞེ་ན། མི་སྲིད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྨྲ་བ་པོས་བསྒོ་བར་བྱ་བ་ལ་དོན་གཞན་ལ་ཡོད་པའི་

འབྲས་བུ་མི་སྲིད་པའི་དོན་ལ་བརྗོད་ན། རྣར་མི་འོང་བ་སྨྲ་བར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི་མི་ནུས་པ་བརྗོད་པ་དེ་ལས་གཞན་ནུས་པ་ལ་འཇུག་པ་ནི་མ་ཡིན་ནོ། །ཅི་དང་འདྲ་ཞེ་ན། གླང་འཇོ་བ་བརྗོད་པ་བཞིན་ཏེ། འགའ་ཞིག་གིས་གླང་ཞོས་ཤིག་ཅེས་སྨྲས་ན། དེ་ལ་བཞོ་བ་མི་སྲིད་པའི་ཕྱིར་ཉན་པ་
པོ་གླང་ལས་གཞན་པ་ནུས་པ་བ་འཇོ་བ་ལ་འཇུག་པ་ནི་མེད་ཀྱི་དེ་འདི་སྙམ་དུ་འདིས་རྣར་མི་འོང་བ་ཞིག་སྨྲས་སོ་སྙམ་དུ་སེམས་པ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ་གླང་བརྗོད་ན་འབྲེལ་པ་མེད་པའི་ཕྱིར་བ་འཇོ་བར་འཇུག་པར་མི་འགྱུར་གྱི་རིགས་བརྗོད་ན་ནི་འབྲེལ་པའི་ཕྱིར་གསལ་བ་ལ་འཇུག་གོ་སྙམ་དུ་སེམས་
ན། དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་སྤྱི་དོན་གཞན་བརྗོད་ཀྱང་གཞན་ཞེས་བྱ་བ་གསལ་བ་མཚོན་པ་ནི་མ་ཡིན་ནོ། །འབྲེལ་པ་ཡོད་དུ་ཟིན་ཀྱང་སྒྲས་མ་བརྗོད་པ་ལ་ཞེས་བྱ་བ་ལ་སོགས་པས་དོན་འདི་བཤད་ཟིན་པ་ཁོ་ན་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་དོན་ལྷག་མར་བརྗོད་པའི་ཕྱིར་
ཡང་གླེང་ངོ་། །དེ་ཉིད་ཀྱི་ཕྱོགས་སྔ་མ་དགོད་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁར་བ་གང་ལ་འབྲེལ་པ་མ་ངེས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ལྟར་འཁར་བ་ནི་འཁར་བ་ཐོགས་པ་མེད་ཀྱང་ཡོད་དོ། །དེའི་ངོ་བོ་ཉིད་ནི་དེའི་ཕྱིར་དེ་ལ་ཞེས་བྱ་བ་འཁར་བ་ཐོགས་པ་ལ་མི་
འཇུག་སྟེ། འཁར་བ་བརྗོད་ན་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་བརྗོད་ན་ནི་འབྲེལ་པ་ངེས་པ་ཅན་ཉིད་ཀྱི་ཕྱིར་གསལ་བ་ལ་འཇུག་པར་འགྱུར་རོ་སྙམ་དུ་སེམས་ན། གྲུབ་པའི་མཐའ་སྨྲ་བས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་འབྲེལ་པ་མ་ངེས་པ་ཅན་
ཉིད་དེ། རིགས་ལ་ཡང་མཚུངས་སོ། །གལ་ཏེ་ཇི་ལྟར་ཞེ་ན། གསལ་བ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཇི་ལྟར་འཁར་བ་ཐོགས་པ་ལ་འཁྲུལ་པ་དེ་བཞིན་དུ་འཁར་བ་ཐོགས་པ་ཡང་འཁར་བ་ལ་འཁྲུལ་གྱི་རིགས་ནི་གསལ་བ་མེད་པར་ཡོད་དུ་ཟིན་ཀྱང་གསལ་བ་ནི་རིགས་ལ་མི་
འཁྲུལ་ཏེ། དེའི་ཕྱིར་གཞན་ལ་འཇུག་གོ་སྙམ་དུ་སེམས་ན། དེ་ལ་ཡང་ལོག་པ་ཡིན་ཏེ། གལ་ཏེ་གསལ་བའི་སྒོ་ནས་རིགས་མཚོན་པར་འདོད་པ་ཞིག་ཏུ་གྱུར་ན་ནི་དེའི་ཚེ་གསལ་བས་རིགས་མི་འཁྲུལ་ལོ་ཞེས་བྱ་བ་འདི་རུང་ངོ་། །གལ་ཏེ་ཇི་ལྟར་ཕ་ལ་སོགས་པ་འབྲེལ་པ་ཅན་ཅིག་ཤོས་མེད་དུ་

ཟིན་ཀྱང་དེ་ལས་གཞན་པ་སྤུན་དྲུང་ལ་སོགས་པ་རྗོད་པར་བྱེད་པའི་སྒྲ་རྣམས་ཀྱིས་འབྲེལ་པ་ཅིག་ཤོས་འཕེན་པར་བྱེད་པ་ལྟར་ཕྱི་ཡང་དེ་དང་འདྲའོ། །ཞེ་ན་སྤུན་དྲུང་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་བུ་ཞེས་བྱ་བ་ལ་
སོགས་པའི་སྒྲ་བསྡུ་སྟེ། དེ་དག་ནི་འབྲེལ་པ་ཅན་གྱི་སྒྲ་ཡིན་པའི་ཕྱིར། འབྲེལ་པ་ཅན་གཞན་ལ་ལྟོས་པ་ཁོ་ནས་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་འཕེན་པར་འགྱུར་ཞེས་བྱ་བ་ནི་སྤུན་དྲུང་ལ་སོགས་པའི་ཟླ་བོའོ། །འཕེན་པ་ཡང་འབྲེལ་པ་ཅན་ཅིག་ཤོས་ཀྱི་རྣམ་པ་ཅན་གྱི་
རྣམ་པར་རྟོག་པ་སྐྱེད་པ་ཡིན་གྱི་ཉེ་བར་འཇོག་པ་ཉིད་ནི་མ་ཡིན་ཏེ། འབྲེལ་པ་ཅན་མེད་ཀྱང་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཆོས་མི་མཐུན་པ་བསྙད་པ་ཡིན་ནོ། །གལ་ཏེ་འབྲེལ་པ་ཅན་རྗོད་པར་བྱེད་པ་ཡིན་ན། དེའི་ཚེ་ཉེས་པ་འདིར་འགྱུར་རོ་ཞེས་བྱ་བར་རིགས་གསལ་
བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་གང་དག་ལ་གསལ་བ་དང་བྲལ་བ་ཡོད་པ་དེ་དག་གིས་ཀྱང་དེའི་སྒྲ་དག་ལས་རིགས་རྗོད་པར་བྱེད་པའི་སྒྲ་དག་ལས་རྟག་ཏུ་འཇུག་པའི་ཡུལ་དུ་གྱུར་པ་གསལ་བ་རྗེས་སུ་འགྲོ་བར་ཐལ་བར་འགྱུར་ཏེ། རིགས་གསལ་བ་ཞིག་པ་ཅན་གྱིས་ཀྱང་གསལ་བ་དོན་བྱ་བ་
བྱེད་པ་འཇོག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དོགས་པ་བསུ་བར་བྱེད་དེ། དུས་ཐམས་ཅད་དུ་ཞེས་བྱ་བ་ནི་གསལ་བ་ཡོད་པ་དང་མེད་པའི་དུས་དག་ཏུའོ། །དེ་དང་འབྲེལ་པར་རུང་བ་ཉིད་དུ་ཤེས་པའི་ཕྱིར་ཏེ། གསལ་བ་དང་འབྲེལ་པར་རུང་བ་ཉིད་དུ་
ཤེས་པའི་ཕྱིར་གསལ་བ་རྗེས་སུ་དཔག་པར་འདོད་པ་ཁོ་ནའོ་ཞེ་ན། འདི་སྐད་དུ་ཇི་ལྟར་སྤུན་དྲུང་ཞེས་བྱ་བ་ལ་སོགས་པའི་སྒྲ་འབྲེལ་པར་རུང་བའི་ཕྱིར། སྤུན་དྲུང་ནི་གང་གི་ཡིན་པ་འགའ་ཞིག་ནི་ཡོད་དོ་ཞེས་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་ཀྱི་འབྲེལ་པ་ཅན་བྱེ་བྲག་ཕྱེ་སྟེ་འཇོག་པར་བྱེད་པ་ནི་མ་ཡིན་
པ་དེ་བཞིན་དུ་རིགས་ཞེས་བྱ་བའི་སྒྲ་ཡང་རིགས་འདི་ནི་གསལ་བ་འགའ་ཞིག་གི་རུང་བ་ཉིད་ཡིན་ནོ་ཞེས་དེ་ལྟར་རུང་བ་ཉིད་འཕེན་པར་བྱེད་དོ་ཞེས་སྨྲས་པ་ཡིན་ནོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། དུས་ཐམས་ཅད་དུ་ཞེས་བྱ་བ་གསལ་བ་ཡོད་པ་དང་མེད་པའི་དུས་དག་ཏུ་བ་

ལང་ཞེས་བྱ་བའི་སྒྲ་ལས་བཞོན་པ་དང་བཞོ་བར་རུང་བ་གསལ་བའི་ཁྱད་པར་ལ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། ལྷན་ཅིག་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཀྱི་གསལ་བ་དང་ལྷན་ཅིག་པ་དང་། ལྷན་ཅིག་པ་མ་ཡིན་པའི་གནས་སྐབས་དག་ཏུ་གསལ་
བའི་ཁྱད་པར་དོན་བྱེད་ནུས་པ་ཁྱད་པར་དུ་མ་འཕངས་པའི་ཕྱིར་རོ། །འདི་སྐད་དུ་ཇི་ལྟར་རིགས་གསལ་བ་དང་བྲལ་བ་བརྗོད་ན་རུང་བ་ཉིད་ཙམ་འཕེན་པ་ལྟར་རིགས་གསལ་བ་དང་བཅས་པ་བརྗོད་ན་ཡང་དེ་དང་འདྲ་སྟེ། གཉི་གར་འབྲེལ་པར་རུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཞེས་བཤད་པ་ཡིན་ནོ། །
གལ་ཏེ་རིགས་འབའ་ཞིག་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་གསལ་བ་དང་འབྲེལ་པ་ཅན་གྱི་རིགས་བརྗོད་པའི་ཕྱིར་གསལ་བ་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་ཉེས་པ་མེད་དོ་ཞེ་ན། དེ་ལྟར་ཡིན་ལ་ནི་རག་ན་འོན་ཀྱང་གསལ་བ་དེ་ཡང་དེའི་ཁྱད་པར་ཉིད་དུ་ཞེས་བྱ་བ་རིགས་ཀྱི་ཁྱད་པར་ཉིད་དུ་གནས་པས་
རིགས་བརྗོད་པ་ན་འཕངས་པ་ཁོ་ནའི་ཕྱིར། རིགས་འབའ་ཞིག་བརྗོད་པར་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་དང་ལྡན་པ་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཕྱོགས་གཞན་ཡོངས་སུ་གཟུང་བར་འགྱུར་ཏེ། དེ་ལ་ཡང་འོག་ཉིད་ནས་ཉེས་པ་བཤད་པར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །རིགས་དང་དེ་དང་ལྡན་པ་དག་
འབྲེལ་པ་ཁས་བླངས་ནས་དེ་སྐད་དུ་བཤད་ཀྱི་འབྲེལ་པ་ཉིད་ནི་མེད་པས་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་ཞེས་བྱ་བ་ལ་སོགས་པས་ནི་འབྲེལ་པ་མེད་པ་སྟོན་ཏོ། །རིགས་དང་གསལ་བ་ཕན་ཚུན་ཕན་འདོགས་པ་མེད་པའི་ཕྱིར་ཏེ། གསལ་བ་ལ་ཡང་རིགས་ཀྱིས་བྱས་པའི་ཕན་པ་མེད་ལ།
རིགས་ལ་ཡང་གསལ་བས་བྱས་པའི་ཕན་པ་མེད་དོ། །ཕན་པ་མེད་པ་ཉིད་རྒྱུ་གང་གིས་ཤེ་ན། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དུ་ཞེས་བྱ་བ་སྨོས་ཏེ། མཚན་ཉིད་ཐ་དད་པ་དག་ནི་ཕན་པ་མེད་ན་འབྲེལ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ཕྱིར་ཏེ། རིགས་བརྗོད་
པས་རྫས་མཚོན་པར་ཡང་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་གཞན་སྨས་ཏེ། དེ་ལྡན་ཞེས་བྱ་བ་ནི་རིགས་དང་ལྡན་པའོ། །ནུས་པ་ཞེས་

བྱ་བ་ནི་ཕོད་པའོ། །དེ་ལ་ཞེས་བྱ་བ་ནི་རིགས་དང་ལྡན་པ་ལ་སྟེ། དེ་ལ་སྒྲ་སྦྱོར་རོ་ཞེས་སྨྲ་བ་ནི་རིགས་ཀྱི་སྒོ་ནས་རྫས་ལ་སྒྲ་སྦྱོར་བར་འདོད་ཀྱི་དངོས་སུ་ནི་མ་ཡིན་པས། དེ་ལྟར་ན་མཐའ་ཡས་པའི་ཉེས་པ་ཡོངས་སུ་སྤངས་པར་འགྱུར་རོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གྲུབ་པའི་
མཐའ་སྨྲ་བས་དེ་ཉིད་ལ་བརྒལ་བར་དེ་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཀྱི་རྣམ་པར་བཤད་པ་ནི་སྒྲ་དེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལ་བར་དུ་གཅོད་པར་བྱེད་པ་གཞན་གྱིས་ཅི་ཞིག་བྱ་ཞེས་བྱ་བ་ནི་གསལ་བ་དེ་ལ་བར་དུ་གཅོད་པར་བྱེད་པ་སྤྱི་གཞན་བརྟག་པས་ཅི་ཞིག་བྱ་ཞེས་བྱ་བའི་
ཐ་ཚིག་གོ། །གལ་ཏེ་མཐའ་ཡས་ཕྱིར་ཞེས་བྱ་བ་ནི་གཞན་གྱི་དོགས་པ་བསུ་བའོ། །འདི་མཚུངས་ཞེས་བྱ་བ་ནི་ལན་ཏོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དང་ལྡན་པ་ཡང་མཚུངས་སོ་ཞེས་བྱ་བ་ནི་དེ་དང་ལྡན་པའི་བརྗོད་པར་བྱ་བ་ལ་ཡང་འདྲ་བའོ། །གལ་ཏེ་
ཅིའི་ཕྱིར་ཞེ་ན། རིགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཀྱི་ཁྱད་པར་དུ་བྱས་པ་རྣམས་ཀྱིས་གསལ་བའི་ངོ་བོ་ཐུན་མོང་མ་ཡིན་པ་ཉམས་པ་པ་ནི་མེད་དོ། །དེ་ལྟ་བས་ན་རིགས་ཀྱི་ཁྱད་པར་དུ་བྱས་པའི་གསལ་བ་དག་ཀྱང་བརྗོད་པར་བྱ་བ་ཁོ་ན་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་ལ་ཞེས་བྱ་བ་ལ་
གསལ་བ་རྣམས་ལ་སྒྲ་འབྲེལ་པ་བྱ་དགོས་ན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འབྲེལ་བ་མ་བྱས་པ་ཅན་ནི་བརྗོད་དུ་མི་རུང་བའི་ཕྱིར་ཏེ། སྒྲ་གང་ལ་འབྲེལ་པ་མ་བྱས་པ་ཡོད་པ་དེས་བརྗོད་དུ་མི་རུང་བའི་ཕྱིར་བྱེད་པ་པོ་དྲུག་པའམ། སྒྲའི་དོན་གང་དོན་གང་ལ་འབྲེལ་པ་མ་བྱས་པ་ཡོད་པ་དེ་ནི་
བརྗོད་དུ་མི་རུང་བའི་ཕྱིར་ལས་ཀྱིས་དྲུག་པ་ཡིན་ནོ། །སྒྲའི་དེ་དང་ལྡན་པ་དང་ལྷན་ཅིག་འབྲེལ་པ་དེ་ཡང་བྱ་བར་མི་ནུས་ཏེ། མཐའ་ཡས་པའི་ཕྱིར་རོ། །དེ་ལྟ་བས་ན་ཕྱོགས་དེ་ཡོངས་སུ་གཟུང་བ་ནི་རིགས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་དེ་དང་འབྲེལ་པ་ཅན་ལ་གསལ་བ་དང་འབྲེལ་
པ་ཅན་སྤྱི་ལ་སྒྲའི་འབྲེལ་པ་བྱས་པའི་ཕྱིར་རིགས་དང་འབྲེལ་པ་ཅན་གྱི་གསལ་བ་དེ་ལ་ཡང་བྱས་པ་ཁོ་ན་ཡིན་ནོ་ཞེ་ན། འདི་ལ་བཤད་ཟིན་ཏེ། སྤྱི་གསལ་བ་དང་འབྲེལ་པ་ཅན་ཡོད་དུ་ཟིན་ཀྱང་རིགས་གཅིག་ལ་བརྡར་བྱས་པས་གསལ་བ་གཞན་ལ་རྟོག་པ་ནི་མེད་དེ། དཔེར་ན་འཁར་བ་ལ་བྱས་པས་

འཁར་བ་ཐོགས་པ་མི་རྟོག་པ་བཞིན་ནོ། །རིགས་དང་དེ་དང་ལྡན་པ་དག་འབྲེལ་པ་ཡང་མེད་དོ་ཞེས་དེ་སྐད་དུ་ཡང་བཤད་ཟིན་ཏེ། འབྲེལ་པ་ཡོད་དུ་ཟིན་ཀྱང་འཁར་བ་ཞེས་བྱ་བའི་སྒྲས་འཁར་བ་ཐགས་པ་ནི་མེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་རིགས་དང་གསལ་བ་དག་འབྲེལ་པ་འགའ་ཡང་མེད་དོ་ཞེས་
བཤད་མ་ཐག་པའི་ཕྱིར་རོ། །དེ་བྱེད་པ་བརྗོད་པར་འདོད་པའི་དོན་བྱེད་པ་རྣམས་དེ་བྱེད་པ་མ་ཡིན་པ་བརྗོད་པར་འདོད་པའི་དོན་བྱ་བ་བྱེད་པ་མ་ཡིན་པ་གང་དག་ཡིན་པ་དེ་ལས་ལོག་པ་གང་ཡིན་པ་དེས་དེ་བྱེད་པ་ཐམས་ཅད་མཚུངས་སོ། །དེའི་ཕྱིར་ལོག་པར་མཚུངས་པ་གཞན་སེལ་བའི་མཚན་
ཉིད་དེ་ལ་ཅིས་མ་བྱས་ཏེ་ཅི་སྟེ་བརྡར་མ་བྱས། དེ་ཉིད་དོན་བྱེད་པ་གང་གི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྲེག་པ་དང་འཚེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་དོན་བྱེད་ཅིང་སྒྲུབ་པ་གང་གི་དབང་དུ་བྱས་ཤིང་ཆེད་དུ་བསམས་ནས་མངོན་པར་འདོད་པའི་དོན་བྱ་བ་བྱེད་པའི་དོན་རྣམས་ལ་སྒྲ་སྦྱོར་
བ་ཞེས་བྱ་བ་རབ་ཏུ་སྦྱོར་བའི་སྐྱེས་བུ་འདིའི་དེ་བྱེད་པའི་དོན་མངོན་པར་འདོད་པའི་དོན་བྱེད་པ་རྣམས་གཞན་དག་ལས་ཞེས་བྱ་བ་དེ་བྱེད་པ་མ་ཡིན་པ་དག་ལས་ཐ་དད་པའི་ཕྱིར་དེ་དག་བྱེད་པ་ཐམས་ཅད་ནི་རིགས་མི་མཐུན་པ་ལས་ལོག་པར་ཐ་མི་དད་པ་ཡིན་ནོ། །དེ་བས་ན་འདྲི་བའི་བསམ་པ་ནི་དོན་དེ་
དག་གི་ཐ་མི་དད་པ་གཞན་ལས་ལྡོག་པའི་མཚན་ཉིད་དེ་ཁོ་ན་ལ་སྒྲ་ཅི་སྟེ་མི་སྦྱོར། སྒྲའི་དོན་གཞན་སྤྱི་བརྟགས་པས་ཅི་ཞིག་བྱ་སྙམ་པ་ཡིན་ནོ། །གལ་ཏེ་དེ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་སྒྲའི་དོན་དངོས་པོ་ཡིན་པར་སྨྲ་བ་རྣམས་ཀྱི་ལྟར་ན་བརྗོད་པར་བྱ་བའི་ཕྱོགས་ནི་ཁྱད་པར་དང་རིགས་དང་དེ་དང་
ལྡན་པ་དག་འབྲེལ་པ་དང་། རིགས་དང་ལྡན་པ་ཞེས་བྱ་བ་གཞི་ཡིན་པ་དེ་ལ། བཞི་པ་དེ་དང་ལྡན་པའི་ཕྱོགས་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོས། དེ་ལྡན་རང་དབང་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ཉེས་པ་བཤད་པ་དེ་དང་ལྡན་པའི་ཉེས་པ་གང་ཡིན་པ་དེ་དང་མཚུངས་པའི་ཕྱིར་ཏེ།
ཉེས་པ་དེ་འདི་ལ་ཡང་འབྱུང་བར་འགྱུར་བའི་ཕྱིར་གཞན་ལས་ལྡོག་པའི་མཚན་ཉིད་ཀྱི་ཐ་མི་དད་པ་ལ་སྒྲ་མི་སྦྱོར་རོ་ཞེ་ན། ཉེས་པ་འདིར་འགྱུར་ཀྱང་བླ་ཞེས་ཁས་ལེན་པར་བྱེད་དེ། ཇི་ལྟར་ཉེས་པ་འདི་མེད་པ་དེ་ལྟར་ནི་འོག་ཉིད་ནས་འཆད་པར་འགྱུར་བས་ཁས་བླངས་ནས་དེ་སྐད་དུ་སྨྲས་པར་

ཟད་དོ། །རིགས་གཞན་མི་དགོས་སོ་ཞེས་བྱ་བ་ནི་རིགས་གཞན་ཡིན་པར་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་ནི། གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་གཞན་པ་དེ་བྱེད་པ་མ་ཡིན་པ་ལས་ལྡོག་པའི་དངོས་པོ་སྒྲའི་དོན་ཡིན་
པར་ཁས་ལེན་པ་ལ་ཡང་ངོ་། །དེ་དང་ལྡན་པ་ཞེས་བྱ་བ་ནི་ལྡོག་པ་དང་ལྡན་པའོ། །དེའི་ཕྱོགས་ལས་ལྡོག་པའི་ཕྱོགས་འདི་ཁྱད་པར་མེད་དོ། །ཁྱད་པར་མེད་པ་ཉིད་ལོག་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདི་ལྟར་ཁྱོད་ཀྱིས་ལྡོག་པར་ཞེས་སྨྲས་ལ་གཞན་གྱིས་རིགས་ཞེས་སྨྲས་པ་
དང་། ཁྱོད་ཀྱིས་ལྡོག་པ་དང་ལྡན་པ་བརྗོད་དོ་ཞེས་སྨྲས་ལ། གཞན་གྱིས་རིགས་དང་ལྡན་པ་ཞེས་སྨྲས་ལ། བརྗོད་པར་བྱ་བ་འདི་ལ་ཁྱད་པར་ཅི་ཞིག་ཡོད་དེ་སྒྲ་ཐ་དད་པ་ལ་མ་གཏོགས་པ་ཁྱད་པར་གཞན་འགའ་ཡང་མེད་དོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དེ་དང་ལྡན་པའོ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། རིགས་གཞན་ཞེས་བྱ་བ་དངོས་པོར་གྱུར་པ་སྟེ། འདི་ནི་རིགས་གཞན་མི་དགོས་སོ་ཞེས་བྱ་བའི་མདོ་འདིའི་འགྲེལ་པ་ཡིན་ནོ། །ཡང་ཉེས་པ་མཚུངས་པ་ལས་ཇི་སྟེ། ལྡོག་པ་ཁས་ལེན་པར་བྱེད་ཀྱི། སྤྱི་དངོས་པོར་གྱུར་པ་ནི་མ་ཡིན་ཞེ་ན། རིགས་ཁས་ལེན་པས་ཀྱང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ན་ཞེས་བྱ་བ་ནི་ལྡོག་པ་མེད་ནའོ། །དེ་ཡང་ཞེས་བྱ་བ་ནི་རིགས་དངོས་པོར་གྱུར་པ་སྟེ། རིགས་ནི་ཐ་དད་པ་རྣམས་ལ་ཤེས་པ་རྣམ་པ་ཐ་མི་དད་པ་ཅན་གྱི་རྒྱུ་ཡིན་པར་རྟོགས་པས་ཐ་དད་པ་མེད་ན། དེར་རྟོགས་པ་དོན་མེད་པར་འགྱུར་རོ། །དངོས་པོ་རྣམས་ཀྱང་ཕན་
ཚུན་ཐ་དད་པ་མེད་ན་ཐམས་ཅད་གཅིག་ཉིད་དུ་གྱུར་པའི་ཕྱིར། གང་ཞིག་གང་དང་མཚུངས་ཏེ། དེ་ནི་དོན་དུ་མ་དང་ལྡན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་ཐ་དད་པར་ཁས་བླང་དགོས་སོ། །དེའི་འབྲས་བུ་ཅན་མ་ཡིན་པ་གཅིག་ལས་ཐ་དད་པ་དེ་ལས་གཞན་པའི་འབྲས་
བུ་ཅན་མ་ཡིན་པ་དེ་ལས་གཞན་པ་དེའི་འབྲས་བུ་ཅན་རྣམས་ཀྱིས་ཐ་མི་དད་པ་དེ་ཉིད་དེས་ཁྱད་པར་དུ་བྱས་པ་རྣམས་ལ་རྟོགས་པའི་དམིགས་པ་ཡིན་པའི་ཕྱིར་རྟོགས་པ་ཞེས་བཤད་ཀྱི། དེ་ཉིད་རྟོགས་པ་ནི་མ་ཡིན་ནོ། །ཡང་ན་རྟོགས་པ་ཞེས་བྱ་བའི་སྒྲ་བྱེད་པར་བསྒྲུབ་པ་ཡིན་ཏེ། ལྡོག་

པར་བྱེད་པར་གྱུར་པ་དེས་དངོས་པོ་རྣམས་རྟོགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་གལ་ཏེ་བརྗོད་པར་བྱ་བའི་དོན་ལྡོག་པས་ཁྱད་པར་དུ་བྱས་པའང་རུང་། རིགས་ཀྱིས་ཁྱད་པར་དུ་བྱས་པའང་རུང་སྟེ། དེ་དང་ལྡན་པའི་ཕྱོགས་ལ་མཐའ་ཡས་པ་ལ་སོགས་པའི་ཉེས་པ་བཤད་པ་གང་
ཡིན་པ་དེ་ཡོངས་སུ་སྤངས་པར་བྱ་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཅིས་ཏེ་ཉེས་པ་འདྲ་ན་གོ་རིམས་ཁོ་ན་ཅིའི་ཕྱིར་ཁས་མི་བླང་ཞེ་ན། དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་ནི་རིགས་དངོས་པོར་གྱུར་པའོ། །གལ་ཏེ་རིགས་ཀྱི་དངོས་པོ་ནི་ཐ་དད་པ་རྣམས་ལ་ཐ་མི་དད་པའི་བློ་
བསྐྱེད་པ་ཡིན་ནོ་ཞེ་ན། དོན་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་རིགས་ཀྱིས་བསྒྲུབ་པར་བྱའོ། །གཞན་གྱིས་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཀྱིས་ཐ་མི་དད་པས་སོ། །ཁྱོད་ནི་ལྡོག་པར་བརྟགས་པས་རིགས་ཀྱིས་དོན་གྲུབ་པར་བྱེད་ལ།
ཁོ་བོ་ནི་རིགས་སུ་རྟོགས་པས་བྱས་པའི་ཁྱད་པར་འགའ་ཡང་མེད་དོ་ཞེ་ན། དེའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁས་བླང་བ་ཞེས་བྱ་བ་ནི་ལྡོག་པ་ཁས་བླང་བ་སྟེ། དེ་ཁས་མི་ལེན་ན་རིགས་སུ་རྟོགས་པ་ཉིད་ཀྱང་མི་རུང་ངོ་ཞེས་བཤད་ཟིན་ཏོ། །དེ་ལྟར་ན་རེ་ཞིག་གཞན་སེལ་བ་ངེས་པར་
ཁས་བླང་བ་ཉིད་བསྒྲུབ་པ་ཡིན་ནོ། །ད་ནི་སྒྲ་གདོན་མི་ཟ་བར་ལྡོག་པ་བརྗོད་པར་བྱ་བ་ཡིན་པས་དེ་བསྟན་པར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་འདོད་པའི་དོན་ལས་གཞན་པ་ནི་དེ་ལས་གཞན་པ་སྟེ། དེ་ཡོངས་སུ་སྤངས་ནས་ཉན་པ་པོ་འཇུག་པར་འགྱུར་ཞེས་ཏེ་སྟོན་པར་བྱེད་
པས་སྒྲ་བརྗོད་དོ། །ཀྱང་ཞེས་སྨོས་པ་ནི་ཚིག་སྔ་མ་ལ་ལྟོས་ནས་བསྡུས་པའི་དོན་ཡིན་ནོ། །ཡང་ན་ཁོ་ནའི་དོན་དང་རིམ་པ་གཞན་དུ་སྦྱར་བ་ཡིན་པས། དེ་ལས་གཞན་པ་ཡོངས་སུ་སྤངས་ཞེས་བྱ་བའི་མཇུག་ཐོགས་སུ་བལྟ་བར་བྱས་ཏེ། དེ་ལས་གཞན་པ་པ་ཡོངས་སུ་སྤངས་པ་ཁོ་ནས་ཞེས་བྱ་
བའི་ཐ་ཚིག་གོ། །དེ་ཡིས་ཞེས་བྱ་བ་ནི་སྒྲས་སོ། །དེ་དག་རྣམས་ལས་ཞེས་བྱ་བ་ནི་མངོན་པར་མི་འདོད་པ་རྣམས་ལས་སོ། །མངོན་པར་འདོད་པའི་དོན་ནི། རྣམ་པར་མི་གཅོད་ཅིང་རྣམ་པར་གཅོད་པ་བརྗོད་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་དེ་ཇི་ལྟར་ཏེ། ཇི་ལྟར་སྦྱར་བར་འོས་པ་ཡིན།

མི་འོས་པ་ཉིད་དེ་དེའི་ཚེ་སྒྲ་སྦྱོར་བ་དོན་མེད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་འདི་དོན་རྣམས་ལས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྦྱོར་བར་བྱེད་པ་པོས་འདི་མངོན་པར་འདོད་པའི་དོན་བྱ་བ་བྱེད་པའི་དོན་རྣམས་ལ་སྒྲ་སྦྱོར་བ་ན་ཅི་ནས་ཀྱང་ཉན་པ་པོ་མི་འདོད་པ་ཡོངས་སུ་
སྤངས་ནས་ཞེས་བྱ་བ་མི་འདོད་པའི་དོན་རྣམ་པར་བཅད་པས་འཇུག་པར་འགྱུར་སྙམ་པའི་བསམ་པ་འདིས་སྦྱོར་རོ། །གལ་ཏེ་སྒྲས་གཞན་རྣམ་པར་བཅད་པ་བརྗོད་པར་མི་བྱེད་ན་དེའི་ཚེ་རྟོགས་པར་འདོད་པ་དེ་དང་གཞན་ལ་ཡང་ཞེས་བྱ་བ་མངོན་པར་མི་འདོད་པ་ལ་ཡང་འཇུག་ཏུ་སྣང་བ་ཡིན་ནོ། །
དེ་ལྟ་ཡིན་ན་ནི་མངོན་པར་འདོད་པའི་དོན་གྱི་མིང་བརྗོད་པ་གང་ཡིན་པ་དེ་སྨོས་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཁྱེར་ཏེ་ཤོག་ཅིག་ཅེས་སྨྲས་ནས། དངོས་པོ་ཙམ་འཕངས་པ་ཡིན་པས། དེ་ལ་མངོན་པར་མི་འདོད་པ་རྣམ་པར་བཅད་པའི་ཕྱིར་མེ་ཁྱེར་ཏེ་ཤོག་ཅིག་ཅེས་མེའི་སྒྲ་
སྦྱོར་བར་བྱེད་དོ། །གལ་ཏེ་དེ་སྦྱར་ཀྱང་མེ་མ་ཡིན་པ་ཁྱེར་ཏེ་འོངས་པ་རྣམ་པར་མི་གཅོད་ན་ནི་དེའི་ཚེ་མེ་ཞེས་བྱ་བའི་སྒྲས་བརྗོད་པ་ཅུང་ཟད་