Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 2 / 22 (50.000 ký tự/trang)
བྱ་བ་ནི་གྲང་བ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེས་ནི་མེ་ཉེ་བར་འཇོག་པར་བྱེད་ལ། དེས་ཀྱང་གྲང་བ་
སེལ་བར་བྱེད་དོ། །རེ་ཞིག་དེ་ལྟར་ན་དེ་ནི་འགལ་བ་དང་འབྲས་བུ་དག་གྲུབ་པ་ཞེས་བྱ་བ་རྣམ་པར་བཤད་པ་ཡིན་ནོ། །དེ་ནི་རྒྱུ་དང་ངོ་བོ་དག་མ་གྲུབ་པ་ཞེས་བྱ་བ་དེ་དཔེ་བརྗོད་པའི་ཚུལ་གྱིས་སྟོན་ཏེ། རྒྱུ་མ་གྲུབ་པས་ཞེས་བྱ་བ་ནི་རྒྱུ་མི་དམིགས་པས་སོ། །འདི་ན་དུ་བ་མེད་དེ་མེ་མེད་པའི་ཕྱིར་
རོ་ཞེས་བྱ་བ་ནི་དུ་བའི་རྒྱུ་ནི་མེའོ། །མེ་མེད་པ་ནི་དེས་དབེན་པའི་ས་གཞི་ལ་སོགས་པའོ། །འདི་ལ་ཡང་ཕྱོགས་གང་ན་མེ་དང་དུ་བ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དག་མི་དམིགས་པ་དེ་ན་མེ་མེད་པ་བཞིན་དུ། དུ་བ་མེད་པ་ཡང་རང་བཞིན་གྱིས་མི་དམིགས་པ་ཁོ་ནས་ངེས་པ་ཡིན་
པས་དེ་ལ་རྒྱུ་མི་དམིགས་པ་སྦྱོར་བ་ནི་མ་ཡིན་ནོ། །འོན་ཀྱང་མཚོ་ཆེན་པོ་ལ་སོགས་པ་གང་ན་རླངས་པ་འཐུལ་བ་ལ་སོགས་པ་དུ་བ་དང་འདྲ་བས་བསླུས་པ་དང་རང་བཞིན་མི་དམིགས་པ་ལས་དུ་བ་མེད་པར་ངེས་པར་གཟུང་མི་ནུས་ལ། མེ་མེད་པར་ནི་ངེས་པར་ཟིན་པ་དེ་ཁོ་ནར་རྒྱུ་
མི་དམིགས་པ་མེད་པར་བསྒྲུབ་པ་ཡིན་ནོ། །རང་བཞིན་མ་གྲུབ་པས་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པས་སོ། །འདི་ན་དུ་བ་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་བྱ་བར་བལྟ་བར་བྱའོ། །འདིས་ནི་ཞེས་བྱ་བ་ནི། རང་
བཞིན་མི་དམིགས་པའི་སྦྱོར་བས་སོ། །ཁྱབ་པར་བྱེད་པ་ཡང་ཡིན་ལ་རང་བཞིན་ཡང་ཡིན་ཏེ། དེ་མ་གྲུབ་པའི་མི་དམིགས་པ་ཡང་བཤད་དེ། དཔེར་ན་འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ། །ཤིང་གི་དངོས་པོས་ནི་ཤིང་ཤ་པ་ལ་ཁྱབ་པ་སྟེ། ཤིང་ཤ་པ་ནི་ཤིང་
གི་ཁྱད་པར་ཁོ་ན་ཡིན་པའི་ཕྱིར་རོ། །མེད་པ་སྒྲུབ་པ་ཞེས་བྱ་བ་ལ་མེད་པ་དང་མེད་པའི་ཐ་སྙད་ནི་མེད་པའི་སྒྲར་བཤད་དེ་མེད་པ་སྒྲུབ་པ་དང་མེད་པའི་ཐ་སྙད་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ལ་ཡང་ཞེས་བྱ་བ་ནི་བསྒྲུབ་པའི་སྒོ་དང་དགག་པའི་སྒོ་ནས་སྦྱར་

བའོ། །དེ་དག་དང་འགལ་བ་དག་གྲུབ་པ་དང་མ་གྲུབ་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྦྱར་བ་ནི་མ་ཡིན་ནོ། །འོན་ཀྱང་ཅི་རིགས་པར་ཏེ། གང་དག་མེད་པས་མེད་པ་སྒྲུབ་པར་བྱེད་པ། རྒྱུ་ལ་སོགས་པ་བལྟར་རུང་བའི་བདག་ཉིད་དེ་དག་ཁོ་ན་མ་གྲུབ་པ་དང་། དེ་དག་
དང་འགལ་བ་སྟེ། དགག་པར་བྱ་བའི་དོན་དང་འགལ་བ་རང་བཞིན་འགལ་བ་ལ་སོགས་པ་བལྟར་རུང་བའི་བདག་ཉིད་དག་ཁོ་ན་གྲུབ་པའི་རྟགས་ཉིད་ཡིན་པར་རིག་པར་བྱའོ། །འདིར་ཡང་བལྟར་རུང་བའི་བདག་ཉིད་དག་ཅེས་བྱ་བ་དང་། དེ་དང་འགལ་བ་དག་ཅེས་བྱ་བའི་དྲུག་པ་
དག་གཞི་མཐུན་པ་ནི་མ་ཡིན་ཏེ། གྲུབ་པ་ཞེས་བྱ་བའི་སྒྲ་ཁོ་ནས་བལྟར་རུང་བའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །བལྟར་མི་རུང་བའི་བདག་ཉིད་རྣམས་ནི་དམིགས་པ་མེད་དོ། །འོན་ཀྱང་འདི་སྐད་དུ་གལ་ཏེ་དེ་དང་འགལ་བ་དག་དགག་པར་འདོད་པ་བལྟར་རུང་བའི་བདག་ཉིད་
རྣམས་དང་མི་མཐུན་པ་ཡིན་ན་དེ་དག་གྲུབ་པའི་རྟགས་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལ་སོགས་པ་བལྟར་མི་རུང་བའི་བདག་ཉིད་གཞན་དག་ནི་མེད་པ་ཡང་མི་འགྲུབ་པའི་ཕྱིར་ལ། དགག་པར་འདོད་པ་བལྟར་མི་རུང་བའི་བདག་ཉིད་རྣམས་ནི་རང་བཞིན་
འགལ་བ་ལ་སོགས་པ་དང་། འགལ་བ་ཡང་མི་འགྲུབ་པའི་ཕྱིར་རོ། །གཞན་གྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གྲང་བ་དང་འགལ་བ་མེའི་འབྲས་བུ་དུ་བ་སྟེ། དེ་དམིགས་པས་ཀྱང་གྲང་བ་མེད་པ་འགྲུབ་ན། དེའི་རྒྱུ་དམིགས་པས་ཏེ་གྲང་བ་དང་འགལ་
བ་མེ་དེའི་རྒྱུ་ཤིང་ལ་སོགས་པ་གང་ཡིན་པ་དེ་དམིགས་པས་གྲང་བ་མེད་པ་ཅི་སྟེ་འགྲུབ་པར་མི་འགྱུར་ཞེ་ན་སློབ་དཔོན་གྱིས་དེ་དང་འགལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲང་བའི་རེག་པ་དེ་དང་འགལ་བ་མེའི་རྒྱུ་མཚན་ཤིང་ལ་སོགས་པ་དེ་དམིགས་པ་སྦྱོར་བ་གང་ཡིན་པ་དེ་ནི་
འཁྲུལ་པ་ཅན་ཡིན་ནོ། །ནམ་ཞེ་ན་རྒྱུ་མཚན་དག་ནི་འགལ་བ་ཉིད་མེད་ན་སྟེ། མེ་དང་གྲང་བའི་རྒྱུ་མཚན་དག་འགལ་བ་མེད་པ་ཡིན་ནའོ། །དཔེར་བརྗོད་པ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མེའི་རྒྱུ་ཤིང་ཙམ་ཡིན་པ་ལྟར་གྲང་བའི་ཡང་དེ་དང་འདྲ་བས་རྒྱུ་

མཚན་ལ་འགལ་བ་མེད་དོ། །མེ་སྐྱེད་པར་བྱེད་པའི་ཤིང་ནུས་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་གྲང་བའི་རྒྱུ་མཚན་དང་འགལ་མོད་ཀྱི། འོན་ཀྱང་ཤིང་དེ་ལྟ་བུ་དེ་ནི་འབྲས་བུ་མཐོང་བ་ཁོ་ནས་ངེས་པའི་ཕྱིར་འབྲས་བུ་འགལ་བ་ཁོ་ནར་འགྱུར་རོ། །རྒྱུ་མཚན་དག་འགལ་ན་ནི་རྒྱུ་དམིགས་
པ་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན་སྐྱེས་བུ་འདི་ལ་བ་སྤུ་ལངས་པ་ལ་སོགས་པ་ཁྱད་པར་མེད་དེ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་སོ་ཐམས་ཐམས་བྱེད་པ་དང་འདྲ་བ་ལ་སོགས་པ་བསྡུའོ། །ཁྱད་པར་ཞེས་བྱ་བ་སྨོས་པས་ནི་གྲང་བའི་འབྲས་བུ་རྣམས་བསྡུ་བའི་ཕྱིར་ཏེ། དེ་དག་
ཤ་ཟ་ལ་སོགས་པས་འགྱུར་བའི་བྱས་པ་ཡང་ཡོད་པས་སོ། །སྐྱེས་བུ་གང་ལ་མེའི་ཁྱད་པར་ཉེ་བར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །འདིར་ཡང་ཁྱད་པར་ཞེས་བྱ་བ་སྨོས་པས་ནི་མེ་ཇི་ལྟ་བུ་ཞིག་གིས་བ་སྤུ་ལངས་པ་ལ་སོགས་པ་སེལ་བར་
བྱེད་ནུས་པ་དེ་ལྟ་བུ་བསྡུ་བའི་ཕྱིར་རོ། །འདིར་ནི་ཚ་བའི་རྒྱུ་མཚན་མེ་དང་། བ་སྤུ་ལངས་པ་ལ་སོགས་པའི་རྒྱུ་གྲང་བར་འགལ་བ་ཡོད་དེ། དེ་ལྟ་བས་ན་རང་དང་འགལ་བའི་གྲང་བ་སེལ་བ་ནི་དེའི་འབྲས་བུ་བ་སྤུ་ལངས་པ་ལ་སོགས་པ་ཡང་སེལ་བར་བྱེད་དོ། །རྒྱུ་འགལ་བ་དཔེར་བརྗོད་
པ་འདིས་ནི་དེའི་འབྲས་བུ་ལས་ཀྱང་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་གང་ཡིན་པ་དེ་ལས་ཀྱང་དེ་དང་འགལ་བའི་འབྲས་བུ་མེད་པར་རྟོགས་པར་བཤད་པ་ཡིན་ཏེ། འགལ་བ་གང་ཞིག་གི་འབྲས་བུ་དམིགས་ན་དེ་དང་འགལ་བ་ཟླ་བོ་གཉིས་པ་གང་ཡིན་པ་དེ་ནི་དེ་དང་འགལ་བ་ཡིན་ཏེ།
དེའི་འབྲས་བུ་གང་ཡིན་པ་དེ་མེད་པར་རྟོགས་པར་བཤད་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེར་བརྗོད་པ་ཡིན་ཏེ། ཕྱོགས་གང་ལ་གྲང་བས་བྱས་པའི་བ་སྤུ་ལངས་པ་ལ་སོགས་པའི་ཁྱད་པར་གང་ཡིན་པ་དེ་དང་ལྡན་པའི་སྐྱེས་བུ་གང་ཡིན་པ་དེ་ཡོད་པ་དེ་ལ་དེ་སྐད་
ཅེས་བྱའོ། །ཕྱོགས་སྨོས་པས་ནི་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཕྱོགས་ཀྱི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར་ཏེ། སྐྱེས་བུ་ཆོས་ཅན་ཡིན་ན་ནི་ཕྱོགས་ཀྱི་ཆོས་གཏན་ཚིགས་མ་ཡིན་པར་འགྱུར་ཏེ། དུ་བ་ནི་ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར་ཏེ། འདི་ལ་ནི་གྲང་བ་དང་

འགལ་བ་མེའི་འབྲས་བུ་དམིགས་པས་མེ་དང་འགལ་བ་གྲང་བའི་འབྲས་བུ་བ་སྤུ་ལངས་པ་ལ་སོགས་པ་མེད་པར་རྟོགས་པར་འགྱུར་ཏེ། དུ་བས་ནི་མེ་འཇོག་པར་བྱེད་ཅིང་དེས་ནི་གྲང་བ་ཟློག་པར་བྱེད་ལ་དེ་བཟློག་པ་ན་རང་གི་འབྲས་བུ་བ་སྤུ་ལངས་པ་ལ་སོགས་པ་ཟློག་པར་
བྱེད་པས་དོན་གྱིས་ན་འདི་ནི་རྒྱུ་འགལ་བ་དམིགས་པ་ཡིན་ནོ། །དེ་དང་འགལ་བ་གྲུབ་པ་འདི་ཡང་ཞེས་བྱ་བར་སྦྱར་ཏེ། རྒྱུ་འགལ་བ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །གོང་དུ་ཞེས་བྱ་བ་ནི་མོད་ལས་རབ་ཏུ་དབྱེ་བ་རྣམ་པ་བཞི་བསྟན་པར་རོ། །རྒྱུ་མ་གྲུབ་པ་ཁོ་ནས་ཞེས་བྱ་བ་ནི་རྒྱུ་མི་དམིགས་པ་ཁོ་ན་
སྟེ། འདི་ལྟར་རྒྱུ་འགལ་བ་དམིགས་པས་ནི་དགག་པར་བྱ་བའི་རྒྱུ་མེད་པ་ཁོ་ནར་སྟོན་པར་བྱེད་དོ། །ཕྱོགས་འདི་ཉིད་ཀྱིས་ན་རྒྱུ་མ་གྲུབ་པ་ཁོ་ནས་རྒྱུ་འགལ་བའི་འབྲས་བུ་དམིགས་པ་ཡང་བཤད་པ་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་རྩ་བའི་རབ་ཏུ་དབྱེ་བས་རྣམ་པ་
བཞི་ཡིན་ཡང་། བར་སྐབས་ཀྱི་སྦྱོར་བའི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དུ་འགྱུར་ཏེ། འདི་ལྟར་རང་བཞིན་འགལ་བ་དམིགས་པའི་རབ་ཏུ་དབྱེ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པ་ཡིན་པར་བཤད་དོ། །རང་བཞིན་མི་དམིགས་པའི་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །རྒྱུ་མི་དམིགས་པ་ནི་
རྒྱུ་འགལ་བ་དམིགས་པ་དང་རྒྱུ་འགལ་བའི་འབྲས་བུ་དམིགས་པའོ། །འགལ་བའི་འབྲས་བུ་དམིགས་པ་ནི་རྣམ་པ་གཅིག་སྟེ། དེ་ལྟར་ན་རྣམ་པ་བརྒྱད་ཡིན་ནོ། །རེ་ཞིག་འདིར་རྣམ་པ་བརྒྱད་དུ་བཤད་ཀྱི་མི་དམིགས་པ་འདི་ནི་རྣམ་པ་བཅུ་གཅིག་ཡིན་ནོ། །མལ་ཁང་ལ་སོགས་པ་ནི་མེ་ཤི་ནས་
རིང་མོ་ཞིག་ལན་པའི་དུ་བ་ཡང་ཡོད་པ་ཡིན་ནམ། ཇི་ལྟར་འགལ་བའི་འབྲས་བུ་དམིགས་པ་མི་འཁྲུལ་ཞེ་ན། དེའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགལ་བའི་འབྲས་བུ་དེ་ལ་ཡང་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་པར་འདོད་དོ། །ནམ་མཁའ་ལ་དུ་བ་འཐུལ་བས་འདི་ན་གྲང་
བ་མེད་དེ་གང་གི་ཚེ། མེད་ལྟར་གྱི་ཡིན་པར་གྱུར་པའི་དུས་འགའ་ཞིག་ནའོ་ཞེས་བྱ་བ་ནི་དུས་ལ་ལྟོས་པའོ། །འདི་ན་གྲང་བ་མེད་དེ་གང་ན་གང་ལས་དུ་བ་འདི་བྱུང་བའི་མེ་ཉེ་བའི་ཡུལ་འགའ་ཞིག་ནའོ་ཞེས་བྱ་བ་ནི་ཡུལ་ལ་ལྟོས་པ་ཡིན་ནོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་གནས་སྐབས་ཀྱི་ཁྱད་

པར་བསྡུས་ཏེ། མེ་ཉེ་བའི་དུ་བ་ནི་གནས་སྐབས་ཀྱི་ཁྱད་པར་གང་ཞིག་མཐོང་བ་དེ་ལ་ལྟོས་ཏེ། ཡང་ད་ལྟར་གྱི་དུས་སུ་གྲང་བ་མེད་པར་རྗེས་སུ་དཔོག་བར་བྱེད་དོ། །ཡང་ཞེས་བྱ་བའི་སྒྲ་ནི་འདི་ན་མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་འབྲས་བུའི་གཏན་ཚིགས་ལ་ཡང་ཡུལ་དང་དུས་ལ་
སོགས་པ་ལ་ལྟོས་པ་འདི་ཁོ་ན་བསྡུ་བའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་པ་མ་ཡིན་ན་དེའི་ཚེ་འགལ་བའི་འབྲས་བུ་འཁྲུལ་པར་འགྱུར་རོ། །ཅི་དང་འདྲ་ཞེ་ན་མི་གྲང་བ་བསྒྲུབ་པ་ལ་ནི་ཐལ་བ་བཞིན། དཔེར་ན་མི་གྲང་བ་བསྒྲུབ་པ་ལ་སྟེ་གྲང་བ་མེད་པར་བསྒྲུབ་
པར་བྱ་བ་ལ་ཡུལ་དང་དུས་ལ་སོགས་པ་ལ་མི་ལྟོས་པའི་ཐལ་བ་འཁྲུལ་པ་ཡིན་པ་དེ་དང་འདྲའོ། །གཞན་གྱིས་འོ་ན་རྒྱུ་ཚོགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚོགས་པས་ཞེས་བྱ་བ་ནི་ཉེ་བ་མ་ཉམས་པས་སོ། །དཔེར་ན་རྒྱུ་སྤུན་གྱིས་གནས་སྐབས་ཀྱི་སྐུད་པ་བྱེད་པ་དང་ལྡན་པའི་སྐྱེས་བུས་
ཟིན་པ་དག་མཐོང་ནས་འབྲས་བུ་རས་ཡུག་འབྱུང་བར་རྗེས་སུ་དཔོག་པར་བྱེད་པ་ལྟ་བུའི་རྒྱུ་ཞེས་བྱ་བའི་གཏན་ཚིགས་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་པོ་རང་བཞིན་དང་འབྲས་བུ་དང་རང་མི་དམིགས་པ་ཞེས་བྱ་བའི་ནང་དུ་འདུ། རེ་ཞིག་མི་དམིགས་པའི་ནང་དུ་ནི་མ་ཡིན་ཏེ། ཡོད་པ་བསྒྲུབ་
པ་ཡིན་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་ཀྱི་ནང་དུ་ཡང་མ་ཡིན་ཏེ། རྒྱུའི་རང་བཞིན་ཡིན་པའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་ཡང་མ་ཡིན་ཏེ། རྒྱུ་དོན་གཞན་གྱིས་འབྲས་བུ་དོན་གཞན་རྗེས་སུ་དཔོག་པའི་ཕྱིར་རོ་ཞེ་ན། ནང་དུ་བསྡུ་བ་བསྟན་པའི་ཕྱིར། རྒྱུ་ཚོགས་པས་
འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་དེ་ལ་འབྲས་བུ་འབྱུང་བ་ཁོ་ན་རྗེས་སུ་དཔོག་པ་མ་ཡིན་གྱི་འོན་ཀྱང་རྒྱུ་ཚོགས་པ་རྣམས་ཀྱིས་འབྲས་བུ་སྐྱེད་པར་རུང་བ་ཉིད་ཀྱི་ཁྱད་པར་རོ། །ཚིགས་སུ་བཅད་པ་ལས་འབྲས་བུ་སྐྱེ་ཞེས་བྱ་བ་འབྱུང་བ་
ཡང་རྒྱུའི་རུང་བ་ཉིད་ཁོ་ན་ལ་བྱ་སྟེ། འདི་ལ་འབྲས་བུ་སྐྱེ་བར་འགྱུར་བས་སོ། །དེའི་ཕྱིར་དེ་ནི་རང་བཞིན་ཡིན་པར་བརྗོད། རུང་བ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་དེ་ནི་རྒྱུ་ཚོགས་པ་དེའི་རང་བཞིན་ཡིན་པར་བརྗོད་དོ། །ཅིའི་ཕྱིར་རང་བཞིན་ཡིན་པར་བརྗོད་ཅེ་ན། དོན་གཞན་ལ་ནི་མི་ལྟོས་

ཕྱིར་རྒྱུ་ཚོགས་པ་དེ་ནི་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་ཞེས་བྱ་བ་ནི་རྒྱུ་ཚོགས་པའོ། །རྒྱུའི་ཚོགས་པ་ཇི་ལྟར་ཉེ་བ་ལས་རྒྱུ་གཞན་ལ་མི་ལྟོས་ཏེ། གཏན་ཚིགས་དེས་ན་དེའི་དེ་ཙམ་དང་འབྲེལ་པ་
སྟེ། རྒྱུ་ཚོགས་པ་ཙམ་དང་འབྲེལ་པའི་རང་བཞིན་ཡིན་ནོ། །གང་གི་ཡིན་ཞེ་ན་ངོ་བོའི་སྟེ་རྒྱུ་ཚོགས་པའི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དེ་ལ་ནི་རྒྱུ་དག་ཚོགས་ན་རྟགས་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་བར་སྲིད་པ་རྗེས་སུ་དཔོག་པར་བྱེད་དོ། །འདི་ལས་སྲིད་པས་ན་སྲིད་པ་སྟེ། འབྲས་
བུ་སྐྱེད་པར་རུང་བ་ཉིད་རྗེས་སུ་དཔོག་པར་བྱེད་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཚོགས་པ་རྣམས་ཀྱིས་འབྲས་བུ་བསྐྱེད་པར་རུང་བ་ཉིད་རྗེས་སུ་དཔོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རུང་བ་ཉིད་ཀྱང་ཚོགས་པ་ཙམ་དང་འབྲེལ་པ་ཡིན་པས་ཞེས་བྱ་བ་ནི་རྒྱུ་གཞན་ལ་མི་ལྟོས་
པའི་ཕྱིར་རོ། །དེ་ལ་འདིར་ཚོགས་པ་འབྲས་བུ་མ་བསྐྱེད་པ་རྣམས་ནི་རུང་བ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ཚོགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྤྱིའི་གཏན་ཚིགས་ཡིན་ནོ། །འབྲས་བུ་བསྐྱེད་ཟིན་པ་རྣམས་ནི་དཔེ་ཡིན་ནོ། །སྦྱོར་བ་ནི་རྒྱུ་ཟད་པར་ཚོགས་པ་གང་དང་གང་ཡིན་པ་དེ་དང་དེ་ནི་སྐད་
ཅིག་མ་ཕྱི་མ་ཕྱི་མ་ཡོངས་སུ་གྱུར་པས་འབྲས་བུ་བསྐྱེད་པར་རུང་བ་ཉིད་ཡིན་ཏེ། དཔེར་ན་རྒྱུ་ཚོགས་པ་འབྲས་བུ་བསྐྱེད་ཟིན་པ་དག་ལྟ་བུའོ། །འདི་ཡང་རྒྱུ་ཟད་པར་ཚོགས་པ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གཞན་གྱིས་ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚོགས་
པ་ལས་འབྲས་བུ་ཁོ་ན་ཇི་སྟེ་རྗེས་སུ་དཔོག་པར་མི་བྱེད། འདི་ལ་ནི་བརྟག་པ་གཉིས་ཡོད་དེ། ནུས་པ་ཐོགས་པ་མེད་པའི་རྒྱུ་ལས་འབྲས་བུ་རྗེས་སུ་དཔག་གམ་བྱེད་རྒྱུའི་རྒྱུ་ལས་རྗེས་སུ་དཔག །རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། དེ་ལ་ནི་དུས་སུ་སྡོད་པ་མེད་པའི་ཕྱིར་འབྲས་བུ་བྱུང་བ་མངོན་
སུམ་ཁོ་ནར་འགྱུར་རོ། །གཉིས་པ་ལ་ཡང་འཁྲུལ་པར་བསྟན་པའི་ཕྱིར། ཚོགས་པའི་འབྲས་བུའི་ནུས་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་ཚོགས་པའི་འབྲས་བུ་ཡང་ཡིན་ལ་ནུས་པ་ཡང་ཡིན་པས། ཚོགས་པའི་འབྲས་བུའི་ནུས་པ་རྣམས་སོ། །འདི་ལྟར་ཚོགས་པ་

སྔ་མ་ལས་ཕྱི་མ་ནུས་པའི་མཚན་ཉིད་སྐྱེ་ལ་དེའི་བདག་ཉིད་ཕུལ་དུ་བྱུང་བ་ཡང་ནུས་པ་ཡིན་པས་ཚོགས་པའི་འབྲས་བུ་ནུས་པ་ཡིན་ནོ། །དེ་རྣམས་འགྱུར་བ་ནི་ཕྱི་མ་ཕྱི་མ་རྒྱུན་གྱིས་འབྱུང་བ་སྟེ། དེ་དང་འབྲེལ་ཅིང་དེ་ལ་ལྟོས་པའི་འབྲས་བུ་རྒྱུས་རྗེས་སུ་དཔག་པར་བྱ་བ་ནི་ངེས་པ་ཉིད་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། གེགས་བྱེད་པ་དག་སྲིད་པའི་ཕྱིར་རོ། །དེ་བསྟན་པའི་ཕྱིར་རྒྱུའི་རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུའི་རྫས་ཚོགས་པ་དག་ཁོ་ན་སྟེ། ཉེ་བ་དག་ཁོ་ན་རང་གི་འབྲས་བུ་སྐྱེད་པར་བྱེད་ཅིང་འབྱིན་པར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་ཞེ་ན། ཚོགས་པ་
ལས་སྐྱེ་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་གང་དག་ལ་ཚོགས་པ་ལས་སྐྱེ་བ་ཡོད་པ་དེ་དག་གི་འགྱུར་བ་ནི་སྐད་ཅིག་མ་སྔ་མ་སྔ་མ་ལས་སྐད་ཅིག་མ་ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་པ་འབྱུང་བ་སྟེ། འབྲས་བུ་སྐྱེ་བ་ནི་དེ་ལ་ལྟོས་པའི་ཕྱིར་རོ། །བར་འདིར་ཞེས་བྱ་བ་ནི་རྒྱུན་
འགྱུར་བའི་ཚེ་གེགས་བྱེད་པ་སྲིད་པའི་ཕྱིར་རོ། །རུང་བ་ཉིད་ཀྱང་སྐད་ཅིག་མ་ཕྱི་མ་ཕྱི་མ་འགྱུར་བ་ལ་རག་ལས་པ་མ་ཡིན་ནམ། དེ་ལ་ཡང་གནོད་པ་སྲིད་པའི་ཕྱིར་ཇི་ལྟར་དེ་རྗེས་སུ་དཔག་ཅེ་ན། རུང་བ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྫས་གཞན་ལ་མི་ལྟོས་པའི་ཕྱིར་ཏེ། རྒྱུའི་
ཚོགས་པ་ཉེ་བ་ལ་མ་གཏོགས་པ་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ནུས་པ་ཕྱི་མ་ཕྱི་མ་འགྱུར་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་སྔ་མ་སྔ་མ་རྒྱུར་བྱས་ནས། ནུས་པའི་སྐད་ཅིག་མ་ཕྱི་མ་ཕྱི་མ་སྐྱེ་བ་ནི་ནུས་པ་ཕྱི་མ་ཕྱི་མ་འགྱུར་བའོ། །རྣམ་པ་དེས་
ན་རྒྱུ་ཚོགས་པ་འདི་འབྲས་བུ་བསྐྱེད་པར་ནུས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནུས་པ་འགྱུར་བའི་རྐྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་འགྱུར་བའི་ལྷན་ཅིག་བྱེད་པའི་རྐྱེན་གཞན་གང་ཡིན་པ་དེ་ལ་ལྟོས་པར་བྱ་བ་མེད་པའི་ཕྱིར་རོ། །འོ་ན་ནུས་པ་འགྱུར་བ་ཅི་ཞིག་ལས་སྐྱེ་ཞེ་ན། རང་
གི་རིགས་སྔ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རིགས་སྔ་མ་ནི་རྒྱུའི་ཚོགས་པ་སྔ་མ་འདྲ་བ་སྟེ། ནུས་པ་སྐྱེ་བ་གང་ལ་རྒྱུ་དེ་ཙམ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །དེའི་ཕྱིར་ན་རུང་བ་ཉིད་ནི་གཞན་ལ་མི་ལྟོས་པ་ཞེས་བྱའོ། །འོ་ན་རྒྱུ་དང་འབྲས་བུ་ཞེས་

བྱ་བ་ལ་སོགས་པས་ནི་ཡང་དེ་ནི་རྣམ་གསུམ་ཉིད་ཅེས་བྱ་བ་འདི་འགལ་བར་སྟོན་ཏེ། རྒྱུ་དང་འབྲས་བུར་མ་གྱུར་པ། རྗེས་སུ་དཔག་པར་བྱ་བའི་དོན་ལས་གཞན་པ་རོ་ལ་སོགས་པས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དྲི་ལ་སོགས་པ་བསྡུའོ། །གཟུགས་ལ་སོགས་པ་རྟོགས་
པ་སྟེ། འདིར་ཡང་སོགས་པ་ཞེས་བྱ་བའི་སྒྲས་ནི་རིག་པ་ལ་སོགས་པ་བསྡུས་ཏེ། མུན་ཁུང་ན་མ་དུ་ལུང་ག་ལ་སོགས་པའི་རོ་མྱངས་པ་དང་། མེ་ཏོག་ཙམ་པ་ཀ་ལ་སོགས་པའི་དྲི་བསྣམས་པ་དང་། མེའི་རེག་པ་ཉམས་སུ་མྱོང་ནས་དེ་དག་གི་གཟུགས་སྤྱི་རྗེས་སུ་དཔག་པར་བྱེད་པ་དེ་བཞིན་དུ་མེའི་
གཟུགས་མཐོང་ནས་དེའི་རེག་པ་ཡང་རྗེས་སུ་དཔོག་པར་བྱེད་ན་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེས་བྱ་བར་སྐབས་དང་སྦྱར་རོ། །འབྲས་བུར་གྱུར་པ་མ་ཡིན་པས་རྗེས་སུ་དཔོག་པའི་ཕྱིར་འབྲས་བུའི་གཏན་ཚིགས་ཀྱི་ནང་དུ་ནི་མ་ཡིན་ནོ། །རྒྱུར་གྱུར་པ་མ་ཡིན་པའི་ཕྱིར་རང་བཞིན་
གྱི་གཏན་ཚིགས་ཀྱི་ནང་དུ་ཡང་མ་ཡིན་ཏེ། རྒྱུ་ལས་རྗེས་སུ་དཔོག་ན་ནི་རུང་བ་ཉིད་རྗེས་སུ་དཔོག་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཉིད་དུ་འགྱུར་རོ། །རྗེས་སུ་དཔག་པར་བྱ་བའི་དོན་ལས་གཞན་པས་རྗེས་སུ་དཔོག་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་ཡང་མ་ཡིན་ནོ་ཞེ་ན། གྲུབ་པའི་
མཐའ་སྨྲ་བས། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་དེ་ཡང་ཞེས་བྱ་བར་སྦྱར་རོ། །གཟུགས་ལ་སོགས་པ་ཞེས་བྱ་བར་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། ཚོགས་པ་གཅིག་ལ་རག་ལས་པ་སྟེ། རོ་སྐྱེད་པར་བྱེད་པའི་ཚོགས་པ་གང་ཡིན་པའི་ཚོགས་པ་དེ་ཁོ་ན་ལ་རག་ལས་པ་རྟགས་
རོས་རྟོགས་པ་གང་ཡིན་པ་དེ་ནི་རྒྱུའི་ཆོས་རྗེས་སུ་དཔག་པས་ཏེ། རོའི་རྒྱུ་ཉེ་བར་ལེན་པ་སྔ་མ་གང་ཡིན་པ་དེའི་ཆོས་གཟུགས་བསྐྱེད་པར་བྱ་བ་ལྷན་ཅིག་བྱེད་པའི་རྒྱུ་ཐོགས་པ་མེད་པ་ཉིད་གང་ཡིན་པ་དེ་རྗེས་སུ་དཔག་པས་ཡིན་ནོ། །འདི་སྐད་དུ་རོ་ལས་དངོས་སུ་གཟུགས་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །
འོན་ཀྱང་རོའི་རྒྱུ་ཁོ་ན་གཟུགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུ་ནུས་པ་ཐོགས་པ་མེད་པ་ཉིད་རྗེས་སུ་དཔོག་པར་བྱེད་པ་དེ་དེའི་ཕྱིར་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པས་འབྲས་བུའི་གཏན་ཚིགས་ཀྱི་ནང་དུ་འདུའོ་ཞེས་བཤད་པ་ཡིན་ནོ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་བྱ་བ་ནི་དུ་བ་ལས་བུད་

ཤིང་གི་འགྱུར་བ་རྗེས་སུ་དཔོག་པ་བཞིན་ནོ། །འདི་ལ་དུ་བ་དང་བུད་ཤིང་གི་འགྱུར་བ་ནི་ཚོགས་པ་གཅིག་ལ་རག་ལས་པ་དག་ཡིན་ཏེ། མེས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །རོ་དེ་ལ་དུ་བས་རང་གི་རྒྱུ་མེ་ཁོ་ན་རྗེས་སུ་དཔོག་པར་བྱེད་པ་ན། བུད་ཤིང་གི་འགྱུར་བ་སྐྱེད་པར་ནུས་པ་རྗེས་སུ་
དཔོག་པར་བྱེད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། དེ་ལ་ཞེས་བྱ་བ་ནི་རོ་ལས་གཟུགས་རྟོགས་པ་ལའོ། །རྒྱུ་དེ་ལྟ་བུ་ཁོ་ན་ཞེས་བྱ་བ་ནི་རོའི་རྒྱུ་གཟུགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པའོ། །འདི་ལྟར་གང་ལ་ནུས་པ་ཞུགས་ཤིང་ཐོགས་པ་མེད་པ་ཅན་ཡོད་པ་དེ་ནི་ནུས་པ་
ཞུགས་པ་ཅན་ནོ། །དེ་ནི་དེ་ལྟ་བུ་ཡང་ཡིན་ལ་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ་རོ་དེའི་རྒྱུ་ནི་དེའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་། རོ་སྐྱེད་པར་བྱེད་དོ། །རྒྱུ་དེ་ལྟ་བུ་རྗེས་སུ་དཔག་པ་ན་ཤུགས་ཀྱིས་གཟུགས་ཀྱང་རྗེས་སུ་དཔག་པ་ཡིན་ཏེ། གཟུགས་དང་རོ་དག་ནི་
ཚོགས་པ་གཅིག་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །བུད་ཤིང་འགྱུར་བ་ནི་ཚ་བའོ། །དེའི་ཉེ་བར་ལེན་པའི་རྒྱུ་ནི་ཤིང་ངོ་། །དེའི་ལྷན་ཅིག་བྱེད་པ་དེའི་རྐྱེན་ནི་མེ་སྟེ་དེ་ཁོ་ན་དུ་བ་བསྐྱེད་པ་དང་འདྲ་ཞིང་དེ་དང་མཚུངས་སོ། །གཟུགས་དང་རོ་དག་ཀྱང་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཁོ་
ན་ཡིན་ནོ།། །།བམ་པོ་གསུམ་པ། འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་གཞུང་འཛུགས་པར་བྱེད་དོ། །ནུས་པ་འཛུག་པ་ཞེས་བྱ་བ་ནི་མདོ་ཡིན་ནོ། །འདིའི་རྣམ་པར་བཤད་པ་ནི། རང་གི་རྒྱུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རང་གི་རྒྱུ་ཞེས་བྱ་བ་ནི་རོའིའོ། །འབྲས་བུ་བསྐྱེད་པར་
བྱ་བ་ལ་ཞེས་བྱ་བ་ནི་རོ་བསྐྱེད་པར་བྱ་བ་ལའོ། །མངོན་དུ་ཕྱོགས་ཤིང་བར་དུ་མ་ཆོད་པ་མེད་པ་ནི་རོ་མེད་དོ། །དེ་ཉིད་ཅེས་བྱ་བ་ནི་ནུས་པ་འཇུག་པའོ། །གཞན་གྱི་རྒྱུ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི། གཟུགས་ཀྱི་ཉེ་བར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཀྱི་ཉེ་བར་
ལེན་པའི་རྒྱུ་གཟུགས་ཀྱི་རྡུལ་ཕྲ་རབ་སྐད་ཅིག་མ་སྔ་མས་བསྡུས་པ་གང་དག་ཡིན་པ་དེ་དག་གཟུགས་བསྐྱེད་པར་བྱ་བ་ལ་མངོན་དུ་འཇུག་པ་དེའི་རྒྱུ་ཡིན་ནོ། །གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནི་རོའི་རྒྱུ་ལྷན་ཅིག་བྱེད་པ་ཁོ་ནས་རང་གི་འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །

རོའི་ཉེ་བར་ལེན་པའི་རྒྱུ་འཇུག་པ་དེ་ཡང་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་གཟུགས་བསྐྱེད་པར་བྱ་བ་ལ་འཇུག་པ་གང་ཡིན་པ་སྟེ། རོའི་ཉེ་བར་ལེན་པའི་རྒྱུ་འཇུག་པ་གང་ལ་དེ་དང་ལྷན་ཅིག་བྱེད་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་
ཕྱིར་རྒྱུ་ཇི་ལྟ་བུ་ལས་ཞེས་བྱ་བ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནུས་པ་ཞུགས་པ་ཅན་དང་། ལྷན་ཅིག་པའི་རོ་སྐད་ཅིག་མ་སྔ་མས་བསྡུས་པ་ལས་རྟགས་ཉིད་དུ་མངོན་པར་འདོད་པ་འབྱུང་བའི་རོས། འབྲས་བུའི་རྟགས་ཉིད་ཀྱིས་རང་གི་རྒྱུ་དེ་ལྟ་བུ་སྟེ། གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ཇི་སྐད་བཤད་པ་
དང་ལྷན་ཅིག་པ་རྗེས་སུ་དཔོག་པར་བྱེད་པ་ན། རྒྱུའི་ཆོས་རྗེས་སུ་དཔོག་པའི་མཚན་ཉིད་ཀྱི་ཤུགས་ཀྱིས་རང་དང་དུས་མཉམ་པའི་གཟུགས་རྗེས་སུ་དཔོག་པར་བྱེད་ཅིང་རྟོགས་པར་བྱེད་པ་ཡིན་ཏེ། ཇི་ལྟར་རོའི་ཉེ་བར་ལེན་པས་རོ་བསྐྱེད་པ་དེ་བཞིན་དུ་གཟུགས་ཀྱི་ཉེ་བར་ལེན་པས་ཀྱང་རོ་དང་དུས་མཉམ་དུ་
འབྱུང་བའི་གཟུགས་བསྐྱེད་པས་ན། རང་གི་ཉེ་བར་ལེན་པའི་རྒྱུ་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནུས་པ་ཞུགས་པ་ཅན་དང་ལྷན་ཅིག་པ་ཉིད་དུ་རྗེས་སུ་དཔག་པའི་ཕྱིར་དངོས་སུ་རྟགས་ཉིད་ཡིན་པས་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །
ཞེས་བྱ་བ་འདས་པའི་དུས་ནི་རོའི་ཉེ་བར་ལེན་པ་དང་དུས་མཉམ་དུ་བྱུང་བ་རྣམས་སོ། །དུས་གཅིག་པ་ནི་རྟགས་སུ་གྱུར་པའི་རོ་དང་ལྷན་ཅིག་འབྱུང་བ་རྣམས་སོ། །དེ་དག་རྟོགས་ཀྱི་མ་འོངས་པ་རྣམས་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །གང་ཞིག་འཁྲུལ་ཞེ་ན། འགལ་བའི་རྐྱེན་ཉེ་བས་རྒྱུན་འཆད་
ཀྱང་སྲིད་པའི་ཕྱིར་རོའི་ཉེ་བར་ལེན་པ་མ་འོངས་པ་ཁོ་ན་ཡིན་གྱི་གཟུགས་དང་རོའི་རྒྱུ་དག་ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་དུ་འཁྲུལ་པ་ནི་མ་ཡིན་ནོ། །གལ་ཏེ་ཡིན་ན་ནི་འདས་པའི་དུས་དང་དུས་གཅིག་པ་དག་ལ་ཡང་ཇི་ལྟར་རྗེས་སུ་དཔག་པར་འགྱུར། དེ་ལྟ་བས་ན་རོའི་སྒོ་ནས་གཟུགས་ལ་སོགས་
པ་རྟོགས་པ་འདི་ཡང་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །འདས་པའི་དུས་རྣམས་ཀྱིས་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ལ་རག་ན་དུས་གཅིག་པ་རྣམས་ཀྱི་གོ་ཇི་ལྟར་ཞེ་ན། འདི་ནི་ཉེས་པ་མེད་དོ། །འདི་ལྟར་འབྲས་བུའི་རྟགས་ལས་སྐྱེས་པ་ཞེས་བྱ་བ་འདི་ལ་དོན་གཉིས་ཏེ་རེ་

ཞིག་གང་གི་ཚེ་འདས་པ་རྣམས་རྟོགས་པ་ཡིན་པ་དེའི་ཚེ་ནི་དེ་ནི་འབྲས་བུ་ཡང་ཡིན་རྟགས་ཀྱང་ཡིན་པས། འབྲས་བུའི་རྟགས་ཏེ་དེ་ལས་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་དུས་མཉམ་པ་རྣམས་རྟོགས་པ་ཡིན་པ་དེའི་ཚེ་ནི་རྒྱུ་རྗེས་སུ་དཔོག་པ་གང་ལ་འབྲས་བུའི་རྟགས་ཡོད་པའི་འབྲས་བུའི་
རྟགས་ཡིན་ལ་དེ་ལས་སྐྱེས་པ་སྟེ། དེའི་སྒོ་ནས་འོང་བ་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་ལས་གོ་བར་བྱེད་པའི་གཏན་ཚིགས་གཞན་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གི་རྟགས་ཅན་དང་། རང་བཞིན་མ་འབྲེལ་པ་ནི་མེད་ན་མི་
འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །འདིས་ནི་ཞེས་བྱ་བ་ནི་རོ་ལས་གཟུགས་རྗེས་སུ་དཔག་པ་བཤད་པས་སོ། །གྲོག་མ་འཕོ་བ་ནི་དེ་དག་སྒོ་ང་ཁྱེར་ནས་གཞན་དུ་འཕོ་བའོ། །ཉ་འཕར་བ་ནི་ཉ་རྣམས་གྱིན་དུ་མཆོང་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གློག་འགྱུ་བ་དང་སྦལ་བ་སྐད་
འབྱིན་པ་ལ་སོགས་པ་བསྡུའོ། །ཆར་པ་ལ་སོགས་པ་རྗེས་སུ་དཔོག་པ་ཞེས་བྱ་བ་འདིར་ཡང་སོགས་པ་ཞེས་བྱ་བའི་སྒྲས་རླུང་ལ་སོགས་པ་བསྡུ་སྟེ། ཇི་ལྟར་དེ་དང་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་པའི་ཕྱིར། འབྲས་བུའི་གཏན་ཚིགས་ལ་སྐྱེས་པ་ཡིན་པ་ལྟར་བཤད་པ་ཡིན་ནོ། །དེ་ཉིད་བསྟན་
པའི་ཕྱིར་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོག་མ་འཕོ་བ་ལ་སོགས་པ་དེ་ལ་ཡང་ངོ་། །ཆར་པའི་རྒྱུ་འབྱུང་བ་འགྱུར་བ་ཁོ་ན་ཞེས་བྱ་བ་ནི་ཁོ་ན་ཞེས་བྱ་བ་འབྱུང་བ་འགྱུར་བ་ཆར་པའི་རྒྱུ་ཁོ་ན་གྲོག་མ་ལ་སོགས་པ་འཁྲུགས་པ་ལ་སོགས་པ་སྟེ། འཕོ་བ་ལ་སོགས་པའི་མཚན་
ཉིད་ཀྱི་རྒྱུ་ཡིན་ནོ་ཞེས་རིམ་པ་བཞིན་དུ་སྦྱར་བ་ཡིན་ནོ། །དེ་ལྟ་བས་ན་ཆར་པའི་རྒྱུ་འབྱུང་བ་གྱུར་པ་ཇི་ལྟ་བུ་ལས་གྲོག་མ་ལ་སོགས་པ་འཁྲུགས་པར་གྱུར་པའི་རྒྱུ་དེ་ལྟ་བུ་རྗེས་སུ་དཔག་པས་ཆར་པ་རྗེས་སུ་དཔག་པ་ཡིན་ནོ། །འདི་ལ་ནི་རུང་བ་ཉིད་རྗེས་སུ་དཔོག་པར་བྱེད་ཀྱི་ཆར་པ་ཁོ་ན་ནི་མ་ཡིན་ཏེ། གེགས་
བྱེད་པ་སྲིད་པས་འཁྲུགས་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུ་ཚོགས་པ་ལས་ཀྱང་འབྲས་བུ་རྗེས་སུ་དཔག་པ་མེད་ཀྱི་རུང་བ་ཉིད་འབའ་ཞིག་ཏུ་ཟད་དོ། །དཔྱོད་པ་ཅན་ལ་སོགས་པ་གང་དག་རྒྱུ་མ་ཚོགས་པ་ལས་ཀྱང་འབྲས་བུ་རྗེས་སུ་དཔོག་པར་བྱེད་པ་དེ་དག་རིགས་པ་ལས་ཤིན་ཏུ་ཕྱི་རོལ་དུ་

གྱུར་པ་ཡིན་ནོ་ཞེས་བྱ་བ་དེ་བསྟན་པའི་ཕྱིར་རྒྱུ་མ་ཚོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ཚོགས་པ་ནི་མ་ཚང་བའོ། །རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ནི་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་པའི་ཕྱིར་རོ། །འདིའི་རྣམ་པར་བཤད་
པ་ནི་རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་དག་ཁོ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀྱང་ཞེས་བྱ་བའི་སྒྲས་ནི་འབྲས་བུ་ལྟ་རེ་ཞིག་རྣམ་པ་ཐམས་ཅད་དུ་རྗེས་སུ་དཔོག་པར་མི་བྱེད་ཀྱི་རུང་བ་ཉིད་རྗེས་སུ་དཔོག་པར་བྱེད་ན་ཡང་ཚོགས་པ་ཁོ་ནས་རྗེས་སུ་དཔོག་པར་བྱེད་དོ་ཞེས་བྱ་བ་དེ་སྟོན་ཏོ། །མ་ཚོགས་པ་ལ་
ནི་ཤིན་ཏུ་ནུས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་ཕྱི་མ་ཕྱི་མ་ཡོངས་སུ་གྱུར་པས་ཀྱང་མི་ནུས་པའི་ཕྱིར་རོ། །ལུས་ལ་འདོད་ཆགས་རྗེས་དཔོག་བཞིན། །ཞེས་བྱ་བ་ནི་དཔེར་བརྗོད་པ་ཡིན་ནོ། །འདིའི་རྣམ་པར་བཤད་པ་ནི་དཔེར་ན་ལུས་དང་དབང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་དང་
དབང་པོ་རྣམས་དང་བློ་ཞེས་ཟླས་དབྱེ་བ་ཡིན་ནོ། །སྐྱེས་བུ་འདི་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་ལུས་དང་ལྡན་པའི་ཕྱིར་རོ། །དབང་པོ་དང་ལྡན་པའི་ཕྱིར་རོ། །བློ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ལུས་ལ་སོགས་པ་ལས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པར་བྱེད་པ་ལྟ་བུའོ། །
སོགས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་བསྡུ་སྟེ། མདོ་ལས་ལུས་དང་འདོད་ཆགས་སྨོས་པ་ནི་ཉེ་བར་མཚོན་པར་ཟད་དོ། །འདོད་ཆགས་ལ་སོགས་པའི་རྒྱུ་ནི་དབང་པོ་ལ་སོགས་པ་ཁོ་ན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་པ་ནི་བདག་དང་བདག་གིར་
མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །འདོད་ཆགས་ལ་སོགས་པ་གང་དག་ལ་སྔོན་དུ་འགྲོ་བ་སྟེ། རྒྱུ་བདག་དང་བདག་གི་ལ་ངའོ་ངའིའོ་སྙམ་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་ཐམས་ཅད་སྐྱེ་བའི་སྔོན་དུ་འགྲོ་བ་ནི་ཚུལ་བཞིན་མ་
ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་གཞུང་འཛུགས་པ་ཡིན་ཏེ། ཚུལ་བཞིན་ནི་དངོས་པོ་རྣམས་ཀྱི་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་ལ་སོགས་པ་སྟེ། ཡང་དག་པའི་ལྟ་བ་སྐྱེ་བ་དང་མཐུན་པའི་ཕྱིར་རོ། །དེ་དག་ལ་འཛིན་ཅིང་དམིགས་པ་ནི་ཚུལ་བཞིན་དུའོ། །དེ་ནི་དེ་

ལྟ་བུ་ཡང་ཡིན་ལ་ཡིད་ལ་བྱེད་པ་ཡང་ཡིན་པས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྟེ། བདག་མེད་པའི་ཡེ་ཤེས་སོ། །དེ་དང་འགལ་བ་བདག་ལ་སོགས་པར་ཤེས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། འདོད་ཆགས་ལ་སོགས་པ་ཉེས་པ་ཐམས་ཅད་སྐྱེ་བའི་སྔོན་དུ་འགྲོ་བ་ནི་དེ་ཡིན་པའི་
ཕྱིར་རོ། །ལུས་དང་དབང་པོ་དང་བློ་དག་ཀྱང་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནམ། དེ་དག་མེད་པ་ལ་ནི་འདོད་ཆགས་ལ་སོགས་པ་མ་མཐོང་བའི་ཕྱིར་རོ་ཞེ་ན། ལུས་ལ་སོགས་པ་རྒྱུ་ཉིད་ཡིན་མོད་ཀྱི་ཞེས་བྱ་བ་སྨོས་ཏེ། འབའ་ཞིག་པ་རྣམས་ལ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་
པ་ཡིད་ལ་བྱེད་པ་དང་བྲལ་བ་རྣམས་ལའོ། །འདོད་ཆགས་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་མི་མཐུན་པའི་ཕྱོགས་ནི་འདོད་ཆགས་ལ་སོགས་པ་མེད་པ་རྡོ་བའི་དུམ་བུ་ལ་སོགས་པ་སྟེ། དེ་དག་ལ་གཏན་ཚིགས་ལུས་ལ་སོགས་པ་དང་ལྡན་པ་འཇུག་པ་གང་ཡིན་པ་དེ་དུ་མ་མཐོང་དུ་ཟིན་ཀྱང་བཟློག་
ན་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རྗེས་སུ་དཔག་པ་འདི་ལྷག་མ་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་དུ་འགྱུར་གྱི་ངེས་པ་ནི་མ་ཡིན་ནོ། །ཇི་ལྟར་བཤད་མ་ཐག་པ་དེ་ཚད་མ་མ་ཡིན་པ་དེ་བཞིན་དུ། མི་མཐུན་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་ཙམ་གྱི་འབྲས་བུ་སྤྱི་མཐོང་བ་ལས་རྒྱུ་ཁྱད་པར་
ཅན་རྗེས་སུ་དཔོག་པའི། གཏན་ཚིགས་ཤེས་པ་ཚད་ལྟར་སྣང་། །ཚད་མ་ལྟར་སྣང་བ་ཡིན་ཏེ་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དང་འདྲ་ཞེ་ན། ཚིག་ལས་ཆགས་ཅན་ལ་སོགས་བཞིན། །གཡོ་བ་དང་ཚིག་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དོ། །གཡོ་བ་ནི་
མཆུ་གཉིས་འགུལ་བ་སྟེ་དེ་ནི་སྨྲ་བའི་ཚེ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དེ་ལས་གཞན་པ་སྨྲ་བའི་ཚིག་འབྱུང་བ་བཞིན་འགྱུར་བ་ལ་སོགས་པ་བསྡུའོ། །བརྗོད་པར་འདོད་པ་སྤྱི་ནི་བརྗོད་པར་འདོད་པ་ཙམ་ཁྱད་པར་མེད་པ་སྟེ། གཡོ་བ་ལ་སོགས་པ་གང་
དག་ལ་རྒྱུ་དེ་ཁོ་ན་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །གལ་ཏེ་བརྗོད་པར་འདོད་པ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན་འདོད་པའི་ཕྱིར་ཅུང་ཟད་ཀྱང་གནོད་པར་མི་འགྱུར་ཏེ། དེ་ལྟ་ཡིན་ན་གྲུབ་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་

ཁྱེད་ཀྱིས་འདོད་ཆགས་གང་ཞིག་ཡིན་པར་ཤེས་ཤེ་ན། འདོད་ཆགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁས་པ་རྣམས་ནི་འདོད་ཆགས་སེམས་ཀྱི་མངོན་པར་ཞེན་པ་རྟག་པ་དང་བདེ་བ་དང་བདག་དང་བདག་གི་རྣམ་པར་ལྟ་བ་གང་ཡིན་པ་དེས་འཕངས་ཤིང་བསྐྱེད་པ་
ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཞེས་བྱ་བ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པ་ཅན་ཡིན་པར་སྨྲའོ། །ཇི་སྟེ་འདོད་ཆགས་དང་བྲལ་བ་རྣམས་ལ་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཡོད་པར་འདོད་པ་དེ་དག་ཀྱང་སེམས་ཅན་ལ་དམིགས་པའི་ཕྱིར་བདག་ལ་སོགས་པར་ལྟ་བར་ཞུགས་
པ་ཡང་ཡིན་ལ་སེམས་ཅན་ལ་རྗེས་སུ་ཆགས་པར་ཞུགས་པའི་ཕྱིར་མངོན་པར་ཞེན་པའི་ངོ་བོ་ཉིད་ཀྱང་ཡིན་ཏེ། དེའི་ཕྱིར་འདོད་ཆགས་དང་བྲལ་བ་དག་ཀྱང་ཆགས་པ་ཅན་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་སྙིང་རྗེ་ལ་སོགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང་བྲལ་
བ་རྣམས་ཀྱི་སྙིང་རྗེ་ལ་སོགས་པ་ནི་སེམས་ཅན་ལ་དམིགས་པ་མ་ཡིན་ནོ། །གཞན་དུ་ཡང་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ལ་དམིགས་པ་དག་ཀྱང་སྲིད་པའི་ཕྱིར་ཏེ། འདི་ནི་མཇུག་ཐོགས་སུ་བསྟན་པར་བྱའོ། །དེ་ལ་ཚིག་ལས་འདོད་ཆགས་རྗེས་སུ་དཔོག་པར་བྱེད་ན་ཚིག་ཙམ་ལས་ནི་མི་
རྟོགས་སོ་ཞེས་བྱ་བ་འདི་དང་སྦྱར་ཏེ་འདི་ལྟར་ཇི་ལྟར་ཆགས་པ་སྨྲ་བ་ལྟར་འདོད་ཆགས་དང་བྲལ་བ། འདོད་ཆགས་སྤངས་པ་ཡང་དེ་དང་འདྲ་བས་སོ། །ཚིག་ཙམ་ལས་འདོད་ཆགས་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་འདོད་ཆགས་ཁོ་ནས་བསྐྱེད་པར་བྱ་བ་གང་ཡིན་པའི་ཚིག་
ཁྱད་པར་ཅན་ལས་སོ་ཞེ་ན། དེའི་ཕྱིར་ཁྱད་པར་ལས་ཀྱང་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན་བསམ་པ་ནི་རྟོགས་པར་དཀའ་བའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་ཡང་ཆགས་པ་ཅན་བཞིན་དུ་གཡོ་ལ་ཆགས་པ་ཅན་ཡང་འདོད་ཆགས་དང་བྲལ་བ་བཞིན་དུ་གཡོ་
བས་བསམ་པ་རྟོགས་པར་དཀའོ། །དེ་བས་ན་ཐ་སྙད་འཆོལ་བས་རྟགས་སུ་ཉེ་བར་བཀོད་པའི་ཐ་སྙད་ཐམས་ཅད་འཁྲུལ་པའི་ཕྱིར་ཁྱད་པར་ལས་ཀྱང་འདོད་ཆགས་རྗེས་སུ་དཔག་ཏུ་མི་རུང་ངོ་། །འདོད་ཆགས་དང་བྲལ་བ་ཡང་དེ་དང་འདྲ་བར་སྨྲའོ་ཞེས་གང་བཤད་པ་དེ་ལ་ལན་

འདེབས་པར་དོགས་ནས་གལ་ཏེ་དགོས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་ནི་ཚིག་ཏུ་བརྗོད་པའོ། །འདོད་ཆགས་དང་བྲལ་བའི་ཚིག་ཏུ་བརྗོད་པ་ལ་ནི་འབྲས་བུ་མེད་དོ། །དེ་ལྟ་ཡིན་ན་འདོད་ཆགས་དང་ཚིག་དག་ལ་འཁྲུལ་པ་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །སློབ་དཔོན་
གྱིས་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། སྨྲ་བ་ནི་གཞན་གྱི་དོན་ཡིན་པའི་ཕྱིར་དགོས་པ་མེད་པ་མ་ཡིན་ནོ། །གཞན་གལ་ཏེ་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲ་ན་སྟེ། འདོད་ཆགས་དང་བྲལ་བ་ནི་གཞན་དག་ལ་ཡང་མ་ཆགས་པ་ཡིན་ལ་ཆགས་པ་མེད་པར་ནི་གཞན་གྱི་དོན་
ལ་འཇུག་པ་ཡང་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །དེ་ནི་དེ་ལྟ་མ་ཡིན་ཏེ་སྙིང་རྗེས་ཀྱང་འཇུག་པའི་ཕྱིར་རོ། །གལ་ཏེ་སྙིང་རྗེ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན་སྙིང་རྗེ་ལ་འདོད་ཆགས་ཞེས་མིང་དུ་འདོགས་ན་དེ་ནི་འདོད་པ་ཡིན་ནོ། །གལ་ཏེ་སྙིང་རྗེ་ཡང་སེམས་ཅན་དུ་ལྟ་བའི་ཕྱིར་ཕྱིན་ཅི་ལོག་ལས་
བྱུང་བའི་ཕྱིར་འདོད་ཆགས་ཀྱི་བདག་ཉིད་ཀྱི་ཉེས་པ་ཡིན་ནོ་ཞེ་ན། ཕྱིན་ཅི་མ་ལོག་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱིན་ཅི་མ་ལོག་པ་ལས་བྱུང་བ་ཉིད་བསྟན་པའི་ཕྱིར་སྙིང་རྗེས་ནི་བདག་ཏུ་འཛིན་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡུག་བསྔལ་གྱི་ཁྱད་པར་མཐོང་བ་
ཙམ་གྱིས་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལ་ངེས་པར་རྟོག་པ་ཙམ་གྱིས་སོ། །གོམས་པའི་སྟོབས་ལས་སྐྱེ་བ་ཞེས་བྱ་བ་ནི་སྙིང་རྗེའི་སྐད་ཅིག་མ་རིགས་མཐུན་པ་སྔ་མ་སྔ་མ་ལས་སྐྱེས་པ་ཁོ་ན་ཡིན་ནོ། །ལུང་དང་ཡང་སྦྱར་བར་བྱ་བའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
བྱམས་པ་ལ་སོགས་པ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་ལ་སོགས་པའོ། །སེམས་ཅན་ལ་དམིགས་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །ཆོས་ལ་དམིགས་པ་ནི་འཕགས་པ་རྣམས་ཀྱིའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དམིགས་པ་མེད་པ་དག་བསྡུ་སྟེ། དམིགས་པ་མེད་པ་ནི་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་གཟུང་བ་དང་འཛིན་པ་མངོན་པར་ཞེན་པ་དང་བྲལ་བ་རྣམས་ཀྱི་ཡིན་ནོ། །འདོད་པ་ནི་གྲུབ་པའི་མཐའ་ལས་སོ། །དེ་དག་ཀྱང་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པའོ། །རིགས་མཐུན་པ་ལ་གོམས་པས་འབྱུང་བ་ཅན་ཞེས་བྱ་བ་ནི་སྐད་ཅིག་མ་སྔ་མ་སྔ་མའི་

སྟོབས་ཀྱིས་འབྱུང་བའི་ཕྱིར་རོ། །འདོད་ཆགས་ལ་ལྟོས་པ་ཅན་མ་ཡིན་ཞེས་བྱ་བ་ནི་སེམས་ཅན་དག་ལ་རྗེས་སུ་ཆགས་པའི་དབང་གིས་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་གྱི་ཁྱད་པར་མཐོང་བ་ཙམ་གྱིས་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་ཏེ་ཞེས་དོན་
འདི་བཤད་མ་ཐག་པ་ཁོ་ན་མ་ཡིན་ཞེ་ན། བདེན་ན་དེ་ནི་སྙིང་རྗེ་ཁོ་ན་ལ་བརྟེན་ནས་ཡིན་ལ་ད་ནི་ཐམས་ཅད་ལ་བརྟེན་པ་ཁོ་ནས་ཡིན་པས་ཁྱད་པར་ཡོད་དོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ཡང་དེ་དང་འདྲའོ་ཞེ་ན། འདོད་ཆགས་ལ་སོགས་པ་ནི་དེ་ལྟར་འདུ་བྱེད་མཐོང་བ་ཙམ་གྱིས་འཇུག་པ་མ་ཡིན་
ཏེ། བདག་ལ་སོགས་པར་ཕྱིན་ཅི་ལོག་མེད་ན་མེད་པའི་ཕྱིར་རོ། །གལ་ཏེ་སྙིང་རྗེ་ཅན་གྱི་རྩོམ་པ་བྱམས་པ་ལ་སོགས་པའི་དབང་གིས་སེམས་ཅན་རྣམས་ལ་འབྱུང་བ་འབྲས་བུ་མེད་པ་ཡང་ཕྱིན་ཅི་ལོག་ལས་ཡིན་ཏེ། འདོད་ཆགས་དང་བྲལ་བ་ལ་ནི་རང་གི་དོན་འགའ་ཡང་མེད་པས་སོ། །འབྲས་བུ་ནི་རང་གི་
དོན་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན་འདི་ནི་ཉེས་པ་མ་ཡིན་ཏེ། གཞན་གྱི་དོན་ཁོ་ན་འབྲས་བུ་ཉིད་དུ་འདོད་པའི་ཕྱིར་རོ། །གལ་ཏེ་གཞན་གྱི་དོན་འདོད་པ་ལ་ནི་རག་ན་འོན་ཀྱང་འབྲས་བུ་ཉིད་གོ་ཇི་ལྟར་ཡིན་སྙམ་དུ་སེམས་ན། འབྲས་བུའི་མཚན་ཉིད་ནི་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པས་མཚོན་
པར་བྱེད་པས་ན་འབྲས་བུའི་མཚན་ཉིད་ནི་འདོད་པའོ། །འདོད་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ་འདོད་པ་གང་ཡིན་པ་དེ་འབྲས་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ཏེ། གལ་ཏེ་ཚིག་ལས་འདོད་ཆགས་དང་བྲལ་བ་ལ་བརྗོད་པར་
འདོད་པའམ། འོན་ཀྱང་སྙིང་རྗེ་ཡོད་པར་སྒྲུབ་པར་བྱེད་ལ། དེ་དག་ཀྱང་འདོད་ཆགས་ཞེས་བྱ་བར་རྗོད་པར་བྱེད་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་དུ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པ་མ་ཡིན་པའི་ཕྱིར། འདོད་ཆགས་དང་བྲལ་བ་ལ་སོགས་པ་ལ་ཉེས་པ་མེད་དོ། །དེ་ལས་གཞན་པ་སྟེ།
འདོད་ཆགས་ལ་སོགས་པ་ལས་གཞན་པ་བརྗོད་པར་འདོད་པ་ཉིད་ལ་སོགས་པས་འདོད་ཆགས་དང་བྲལ་བ་ལ་ཉེས་པ་དང་ལྡན་པ་ཉིད་དུ་བསྒྲུབ་པ་ནི་མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །ཇི་སྟེ་སྨྲ་བ་པོ་བདག་ལ་འདོད་ཆགས་ལ་སོགས་པ་མཐོང་སྟེ། དེའི་ཕྱིར་མཐུན་པའི་ཕྱོགས་ལ་ཡོད་པ་

ཉིད་མཐོང་བ་ཙམ་གྱིས་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ལ་ཡང་རྗེས་སུ་དཔག་པར་འགྱུར་རོ་སྙམ་དུ་སེམས་ན་སྨྲ་བ་པོ་བདག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ལ་དེ་རྗེས་སུ་དཔོག་ན་ནི་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ལ་འདོད་ཆགས་ལ་སོགས་པ་རྗེས་
སུ་དཔོག་ན། ཧ་ཅང་ཐལ་བར་འགྱུར་ཏེ། སྨྲ་བ་པོ་བདག་ལ་ཁྱད་པར་གང་ཇི་སྙེད་མཐོང་བ་དེ་ཐམས་ཅད་གཞན་ལ་རྗེས་སུ་དཔག་པར་ཐལ་བར་འགྱུར་རོ། །བདག་ལ་མཐོང་བ་སྔོ་བསངས་དང་དཀར་ཤམ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་ནི་འཁྲུལ་པའི་ཕྱིར་གཞན་རྗེས་སུ་མི་དཔོག་
ན་སྟེ། འདོད་ཆགས་ལས་གཞན་པ་བདག་ལ་ཡོད་པའི་ཁྱད་པར་རྗེས་སུ་མི་དཔོག་ན་ནི། འདི་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བར་འདོད་པ་འདོད་ཆགས་ལ་སོགས་པ་ལ་ཡང་མི་འཁྲུལ་ལོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། འདོད་ཆགས་དང་སྨྲ་བ་དག་འབྲེལ་པ་མེད་པའི་ཕྱིར་འགའ་
ཡང་མེད་པ་ཉིད་དོ། །འདི་ལྟར་ཚིག་གིས་ནི་ཚིག་གང་དག་ཁོ་ན་དང་འབྲེལ་པ་བྱེད་པའི་ཡོན་ཏན་དང་བརྗོད་པར་འདོད་པ་ཉིད་དེ་དག་ཁོ་ན་རྗེས་སུ་དཔོག་པར་བྱེད་དོ། །བྱེད་པའི་ཡོན་ཏན་ནི་དཀན་བྱང་བ་ལ་སོགས་པའོ། །དེ་དང་བརྗོད་པར་འདོད་པ་ཉིད་ཅེས་བྱ་བར་ཟླས་དབྱེ་བ་ཡིན་ཏེ།
འདི་ནི་གཉིས་པ་གཉིས་ཀྱི་ཚིག་ཡིན་ནོ། །འདོད་ཆགས་བསྐྱེད་པར་རུང་བ་ཉིད་དང་བྲལ་བ་རྡོའི་དུམ་བུ་ལ་སོགས་པ་ལ་སྨྲ་བ་མ་མཐོང་བའི་ཕྱིར་དེ་ཁོ་ན་ཚིག་ལས་རྗེས་སུ་དཔོག་པར་བྱེད་དོ་ཞེ་ན། འདོད་ཆགས་བསྐྱེད་པར་རུང་བ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྗེས་སུ་དཔོག་
ན་སྟེ། འདོད་ཆགས་བསྐྱེད་པར་རུང་བ་ཉིད་རྗེས་སུ་དཔོག་ན་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལྟར་ཇི་ལྟར་རྡོ་བའི་དུམ་བུ་ལ་སོགས་པ་ལ་འདོད་ཆགས་བསྐྱེད་པར་རུང་བ་ཉིད་མེད་པ་དེ་བཞིན་དུ་སྐྱེས་བུའི་ཆོས་ཐམས་ཅད་ཀྱང་མེད་དོ། །དེའི་ཕྱིར་གལ་ཏེ་དེ་ལྟ་བུ་ལ་ཚིག་སྨྲ་བ་མ་མཐོང་
བས། འདོད་ཆགས་བསྐྱེད་པར་རུང་བ་ཉིད་རྗེས་སུ་དཔོག་ན་སྐྱེས་བུའི་ཆོས་ཐམས་ཅད་དེ་དང་འདྲའོ། །འོན་ཏེ་འདོད་ཆགས་བསྐྱེད་པར་རུང་བ་ཉིད་ནི་ཚིག་གི་རྒྱུ་ཉིད་དུ་ཕན་འདོགས་པ་ཡིན་པས་དེའི་ཕྱིར་དེ་ཁོ་ན་རྗེས་སུ་དཔོག་གི། སྐྱེས་བུའི་ཆོས་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བར་

འདོད་ན། འདོད་ཆགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ་འདོད་ཆགས་ཀྱིས་བསྐྱེད་པར་བྱེད་པའི་ནུས་པ་ནི་འདོད་ཆགས་ཁོ་ན་ཡིན་ཏེ། རྒྱུན་གྱིས་འཇུག་པ་ན་གང་གི་ཚེ་འདོད་ཆགས་ལས་འདོད་ཆགས་འབྱུང་བ་ལྟ་བུ་ཞིག་ཡིན་ནམ། འདོད་ཆགས་
ཀྱི་བག་ཆགས་རྣམ་པར་ཤེས་པའི་ཁྱད་པར་གྱི་རྟེན་ཅན་ཞིག་ཡིན་གྲང་དེ་ལ་ཕྱོགས་དང་པོ་ལྟར་ན། འདོད་ཆགས་ཀྱིས་སྔར་བཤད་པའི་ཚུལ་དུ་ཚིག་ལ་ཕན་མི་འདོགས་ན་ཇི་ལྟར་དེའི་ནུས་པ་འདོད་ཆགས་ཀྱི་ནུས་པ་འདོད་ཆགས་དེ་ཉིད་ཀྱི་བདག་ཉིད་ཁྱད་པར་ཅན་གྱི་མཚན་ཉིད་ཀྱིས་ཕན་འདོགས་པར་འགྱུར་ཏེ། འདོད་
ཆགས་དང་ཐ་མི་དད་པའི་ཕྱིར་འདོད་ཆགས་བཞིན་དུ་ཕན་འདོགས་པར་མི་འགྱུར་བ་ཉིད་དོ། །འོན་ཏེ་ནུས་པས་ཕན་འདོགས་པར་འདོད་ན་ནི་དེའི་ཚེ་འདོད་ཆགས་དང་ནུས་པ་དག་ཐ་མི་དད་པའི་ཕྱིར། ནུས་པས་ཕན་འདོགས་ན་ནི་འདོད་ཆགས་ཉིད་ཀྱིས་ཕན་བཏགས་པར་འགྱུར་བ་ཞིག་ན་འདོད་
ཆགས་ཀྱིས་ཕན་འདོགས་པ་ནི་མེད་དོ་ཞེས་སྔར་བཤད་ཟིན་ཏོ། །དེའི་ནུས་པ་གང་གི་ཚེ་འདོད་ཆགས་ཀྱི་བག་ཆགས་རྣམ་པར་ཤེས་པའི་རྟེན་ཅན་ཡིན་པ་དེའི་ཚེ་ཡང་དོན་ནི་འདི་ཡིན་ཏེ། ཚིག་གང་ལ་འདོད་ཆགས་ཀྱིས་བརྗོད་པར་འདོད་པ་དང་མཚུངས་པར་ལྡན་པ་ཉིད་ཀྱིས་ཕན་འདོགས་
པ་སྲིད་པ་དེ་ཡང་རེ་ཞིག་རྟགས་སུ་གྱུར་པ་ཚིག་སྤྱི་ལ་ཕན་འདོགས་པ་མེད་དེ། དེ་ཁོ་ན་ལ་རྗེས་སུ་འགྲོ་བ་དང་། ལྡོག་པ་མཐོང་བས་ཚིག་གི་རྒྱུ་ནི་བརྗོད་པར་འདོད་པ་སྤྱི་ཡིན་པའི་ཕྱིར་རོ། །ཚིག་གི་ཁྱད་པར་ནི་རྟོགས་པར་དཀའ་བའི་ཕྱིར་རྟགས་ཉིད་དུ་མི་རུང་ངོ་ཞེས་སྔར་བཤད་ཟིན་ཏོ། །དེ་
ལྟར་ན་བཤད་པའི་ཚུལ་གྱིས་ཚིག་བསྐྱེད་པ་གང་ལ་འདོད་ཆགས་ཉིད་བརྗོད་པར་འདོད་པ་དང་ཆོད་པས་ཕན་མི་ཐོགས་པ་དེ་ལ་འདོད་ཆགས་ཀྱི་ནུས་པ་ཤིན་ཏུ་ཆོད་པས་ཇི་ལྟར་ཕན་འདོགས་པར་འགྱུར་ཏེ། འབྲས་བུ་བསྒྲུབ་པར་བྱ་བའི་འབྲས་བུ་གང་ལ་འབྲས་བུ་ཉིད་ཀྱང་ཕན་མི་འདོགས་པ་དེ་
ལ་ཇི་ལྟར་འབྲས་བུའི་ནུས་པ་ཕན་འདོགས་པར་འགྱུར། འོན་ཏེ་ནུས་པ་ཆོད་པས་ཀྱང་ཕན་འདོགས་ན་དེ་ལྟ་ན་ནུས་པས་ཕན་འདོགས་ན་ནི་འདོད་ཆགས་དེ་ཉིད་ཀྱིས་ཕན་བཏགས་པར་འགྱུར་ཏེ། དེའི་སྒོ་ཁོ་ན་ནས་ནུས་ཕས་ཕན་འདོགས་པའི་ཕྱིར་རོ། །འབྲས་བུའི་ནུས་པས་འབྲས་བུ་

བསྒྲུབ་པར་བྱ་བའི་འབྲས་བུ་ལ་དངོས་སུ་ཕན་འདོགས་པ་ནི་མེད་དེ་མེས་བསྒྲུབ་པར་བྱ་བའི་ཚོས་པ་ལྟ་བུའོ། །གཙུབ་ཤིང་གིས་གཙུབས་པའི་འབྲས་བུའི་འབྲས་བུ་ནི་ནུས་པ་ལ་ཉེ་བར་ཕན་འདོགས་པར་བྱེད་ན། འདོད་ཆགས་ཚིག་ལ་ཕན་འདོགས་པ་ཉིད་དེ་ནི་མེད་དོ། །ཞེས་བརྗོད་
པར་འདོད་པ་སྤྱིའི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེའི་བར་སྐབས་སུ་བཤད་ཟིན་ཏོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །མེད་ན་མི་འབྱུང་བའི་འབྲས་བུ་ཁོ་ནས་ཞེས་བྱ་བ་ནི་རྒྱུ་མེད་ན་མི་འབྱུང་བ་ཁོ་ནས་སོ། །དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ནི་རྒྱུ་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །རག་ལས་པ་མ་ཡིན་པ་གཞན་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་ཡང་མ་ཡིན་ཏེ། ཚུ་རོལ་མཐོང་བའི་མ་མཐོང་བ་ཙམ་གྱིས་ངེས་པ་མེད་པའི་ཕྱིར་རོ། །ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི་ངེས་པར་འགྱུར་
ཏེ། དེའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཡིན་པས་སོ། །དེ་ཉིད་བསྟན་པའི་ཕྱིར་ཐམས་ཅད་གཟིགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅིའི་ཕྱིར་མ་མཐོང་བ་ཙམ་གྱིས་མེད་པར་མ་ངེས་ཤེ་ན། ལ་ལ་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔར་རྣམ་པ་དེ་
ལྟ་བུ་མཐོང་བ་རྣམས་སོ། །ཡང་ཡུལ་དང་དུས་དང་འདུ་བྱ་བའི་ཁྱད་པར་ལས་ཞེས་བྱ་བ་ལ་ཁྱད་པར་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །འདུ་བྱ་བ་ནི་འོ་མས་བཅུ་བ་ལ་སོགས་པའོ། །སྔར་མཐོང་བའི་རྣམ་པ་ལས་གཞན་དུ་སྣང་བའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན་དཔེར་ན་སྐྱུ་རུ་རའི་ཤིང་དག་
ཅེས་བྱ་བ་སྨོས་ཏེ། དེ་ནི་འདུ་བྱ་བའི་དཔེར་བརྗོད་པ་ཡིན་ནོ། །ཡུལ་དང་དུས་དག་གི་ནི་གཞན་དུ་བརྗོད་པར་བྱའོ། །ཕལ་ཆེར་ནི་དེ་ལྟར་མི་སྣང་ཞེས་བྱ་བ་ནི་འབྲས་བུ་ཕལ་ཆེར་མངར་པོར་མི་སྣང་བ་སྟེ། འབྲས་བུ་ཕལ་ཆེར་བསྐ་བར་སྣང་བའི་ཕྱིར་རོ། །དེ་ནི་འབྲས་བུ་ཕལ་ཆེར་
མངར་པོར་མི་སྣང་བའི་ཕྱིར་ལ་ལ་ནི་འབྲས་བུ་མངར་པོར་སྲིད་པ་སྤང་དུ་ནི་མི་རུང་ངོ་། །དེ་བཞིན་དུ་འདོད་ཆགས་མེད་པ་འགའ་ཞིག་ལ་ཚིག་སྨྲ་བ་མ་མཐོང་དུ་ཟིན་ཀྱང་དེ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐམས་ཅད་ལ་སྨྲ་བ་མེད་དོ་ཞེས་བྱ་བར་ནི་ངེས་པ་མེད་དོ། །དེ་བས་

ན་ཚིག་ཙམ་ལྡོག་པར་མ་ངེས་པ་ལས་ནི་འདོད་ཆགས་ལ་སོགས་པ་རྗེས་སུ་དཔག་ཏུ་མི་རུང་ངོ་། །གང་གི་ཕྱིར་དེ་ལྟ་ཡིན་པའི་གཏན་ཚིགས་དེས་ན་འདི་སྐད་དུ་བདག་ལྟ་བུའི་སྨྲ་བ་པོ་སྟེ། གང་ཞིག་བདག་དང་འདྲ་བར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་
ནི། འདོད་ཆགས་ཅན་ཡིན་ནོ་ཞེས་བརྗོད་པར་རིགས་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་འདོད་ཆགས་སྐྱེ་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་གང་ཞིག་ཅེ་ན་བདག་ཏུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཏུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །ཚུལ་བཞིན་མ་ཡིན་པ་
ཡིད་ལ་བྱེད་པ་ནི་རྟག་པ་དང་བདེ་བ་ལ་སོགས་པར་ཕྱིན་ཅི་ལོག་པ་ཡིན་ཏེ། འདི་ནི་ཟླས་དབྱེ་བའི་ཚིག་བསྡུ་བ་ཡིན་ནོ། །ཡང་ན་བདག་ཏུ་ལྟ་བ་ཉིད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་ཁྱད་པར་གྱི་ཚིག་བསྡུ་བ་ཡིན་ནོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་བདག་ལྟ་བུའི་སྨྲ་བ་པོ་ནི་ཞེས་ཁྱད་པར་དུ་
བྱེད་ན་ཡང་སྨྲ་བ་དཔེར་བརྗོད་པ་ནི་དོན་མེད་དོ། །སྨྲ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་བརྗོད་པ་དོན་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གང་ཞིག་བདག་ལྟ་བུར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་དེ་ནི་འདོད་ཆགས་ཅན་ཡིན་ཏེ། དཔེར་ན་བདག་ལྟ་བུའོ་ཞེས་བྱ་བ་འདི་
ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་མ་མཐོང་བ་ཙམ་གྱིས་ངེས་པ་མེད་པ་དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་སྟེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་ནི་རྟགས་ལྡོག་པ་ངེས་པར་བྱ་བ་ལ་གཏན་ཚིགས་མི་རུང་ངོ་། །ཇི་སྟེ་མི་མཐུན་པའི་ཕྱོགས་
ལ་མཐོང་བས་གཏན་ཚིགས་འཁྲུལ་པ་ཡིན་ན་འདོད་ཆགས་དང་བྲལ་བ་ལ་ནི་སྨྲ་བའང་མ་མཐོང་སྟེ། དེ་ལྟ་བས་ན་མ་མཐོང་བའི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པ་གྲུབ་བོ་སྙམ་དུ་སེམས་ན། དེའི་ཕྱིར་མི་མཐུན་ཕྱོགས་ལས་མ་མཐོང་བ་ཙམ་གྱིས་འཁྲུལ་པ་མེད་པ་མིན་ཞེས་བྱ་བ་སྨོས་
ཏེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་འཁྲུལ་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། །གང་ལ་འཁྲུལ་པ་སྲིད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལ་མ་མཐོང་དུ་ཟིན་ཀྱང་འོན་ཀྱང་དེ་ལ་ཡོད་པ་མི་འགལ་

བས་འཁྲུལ་པ་སྲིད་དོ། །ཕྲུ་བའི་འབྲས་ནི་ཕྲུ་བའི་ནང་ན་འདུག་པའི་འབྲས་ཏེ། དེ་དག་ཚོས་པ་བཞིན་ནོ། །དེ་ཉིད་བསྟན་པའི་ཕྱིར་མང་མོ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲུ་བའི་ནང་ན་འདུག་པ་ཕལ་ཆེར་ཚོས་པ་མཐོང་ལ། དེ་བཞིན་དུ་མ་ཚོས་པ་དག་ལ་གཏན་ཚིགས་ཕྲུ་བའི་ནང་ན་
འདུག་པ་ཉིད་མ་མཐོང་བ་ཙམ་ཡང་ཡོད་དུ་ཟིན་ཀྱང་། འོན་ཀྱང་ཕྲུ་བའི་ནང་ན་འདུག་པ་ཙམ་གྱི་གཏན་ཚིགས་ཀྱིས་ནི་འབྲས་ལྷག་མ་ཚོས་པར་མི་འགྲུབ་པོ། །འདི་ལྟ་བུའི་རང་བཞིན་ཡིན་ལ་ཞེས་བྱ་བ་ནི་ཚོས་པར་མཐོང་བ་གང་དག་ཡིན་པ་དེ་དག་དང་རང་བཞིན་འདྲ་བ་ཡིན་ལ། གང་དག་ལ་ཚོས་པ་
དེ་དག་ཁོ་ན་དང་རྒྱུ་འདྲ་བ་ཡོད་པ་དེ་དག་ནི་ཚོས་སོ་ཞེས་བྱ་བར་ནི་རུང་ངོ་། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཕྲུ་བའི་ནང་ན་འདུག་པ་ཉིད་ཙམ་གྱིས་ཐམས་ཅད་ཚོས་པ་སྒྲུབ་ན་ནི། རྗེས་སུ་དཔག་པ་དེ་ལྷག་མ་དང་ལྡན་པ་ཞེས་བྱ་བའི་འཁྲུལ་པ་ཅན་ཡིན་ནོ། །རིགས་པ་ཅན་གྱིས་རྗེས་སུ་དཔག་
པའི་མཚན་ཉིད་སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པ་དང་སྤྱིར་མཐོང་བ་ཞེས་པ་སྨྲས་པ་དེ་ལ་རྒྱུ་ལས་འབྲས་བུ་རྗེས་སུ་དཔག་པ་ནི་སྔ་མ་དང་ལྡན་པ་སྟེ། རྒྱུ་ནི་སྔ་ན་ཡོད་པའི་ཕྱིར་རོ། །རྒྱུ་ལས་ལུས་པ་ནི་ལྷག་མ་སྟེ་འབྲས་བུའོ། །དེ་གང་ལ་ཡོད་པ་དེ་ནི་ལྷག་མ་དང་ལྡན་པ་སྟེ། འབྲས་
བུ་ལས་རྒྱུ་རྗེས་སུ་དཔག་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་གཞན་དག་གིས་ལྷག་མ་དང་ལྡན་པའི་མཚན་ཉིད་གཞན་དུ་རྣམ་པར་གཞག་པའི་ཕྱིར། ཡང་ལྷག་མ་དང་ལྡན་པ་ཞེས་བྱ་བ་འདི་ཅི་ཡིན་ཞེས་འདྲི་བར་བྱེད་དོ། །མཚན་ཉིད་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་
སྨོས་ཏེ། ལྷག་མ་དང་ལྡན་པ་ཞེས་བྱ་བའི་སྒྲ་འདི་ནི་མ་ངེས་པའི་རྣམ་གྲངས་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མི་མཐུན་པའི་ཕྱོགས་འགའ་ཞིག་ལས་གཏན་ཚིགས་ལོག་ཏུ་ཟིན་ཀྱང་། གང་ལ་ལྷག་མ་འཁྲུལ་པར་ཐེ་ཚོམ་ཟ་བའི་ཡུལ་ཡོད་པ་དེ་ནི་ལྷག་མ་དང་ལྡན་པ་ཡིན་ནོ་སྙམ་དུ་
བསམ་པ་ཡིན་ནོ། །གཏན་ཚིགས་གང་ཞིག་མ་མཐོང་བ་ཙམ་ཚད་མ་མ་ཡིན་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་རབ་ཏུ་སྒྲུབ་པར་བྱེད་པ་དེ་ནི་ལྷག་མ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཏན་ཚིགས་དེའི་ལྡོག་པ་དེ་ནི་མ་ངེས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཡང་

འཇུག་པར་ཐེ་ཚོམ་ཟ་བར་འགྱུར་རོ། །ཅི་སྟེ་མ་ངེས་ཤེ་ན་ལྡོག་པ་སྒྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མ་མཐོང་བ་ནི་མི་དམིགས་པ་ཡིན་ལ། དེ་ཡང་ལྡོག་པ་སྒྲུབ་པར་བྱེད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་མི་དམིགས་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བལྟར་
རུང་བ་མི་དམིགས་པ་ཁོ་ན་རྟོགས་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་མ་མཐོང་བ་ཙམ་གྱིས་ལྡོག་པ་མ་ཡིན་པ་དེའི་ཕྱིར་གཅིག་ལོག་པར་བསྒྲུབ་པར་བྱ་བ་ལོག་པས། གཞན་ལོག་པར་སྒྲུབ་པ་ལྡོག་པར་འདོད་པས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དེ་གཉིས་དེའི་བདག་ཉིད་དང་།
དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་ཏེ། ལྡོག་པ་ཙམ་འགའ་ཞིག་གིས་ནི་མི་ཆོག་གོ། །དེ་ལྟ་མ་ཡིན་ཏེ་འབྲེལ་པར་མི་འདོད་ན། གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པར་འགྱུར་ཏེ། ཁྱབ་པ་མ་ངེས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་
ཡིན་པའི་རྒྱུ་དེས་ན་གཏན་ཚིགས་ཀྱི་ཚུལ་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་། ལྡོག་པ་གསུམ་ལའང་སློབ་དཔོན་གྱིས་ཚད་མ་ཀུན་ནས་བཏུས་པ་ལ་སོགས་པ་ལས། གཉི་ག་ལ་ཡང་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ངེས་པ་བརྗོད་པ་མཛད་པ་ཡིན་ནོ། །
གང་ཞིག་གི་གཉེན་པོར་ཞེ་ན། མ་གྲུབ་པ་བཟློག་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་གྲུབ་པའི་གཉེན་པོར་ནི་ཕྱོགས་ནི་ཕྱོགས་ཀྱི་ཆོས་ངེས་པ་བརྗོད་དོ། །བཟློག་དོན་ནི་འགལ་བ་སྟེ་དེའི་གཉེན་པོར་ནི་རྗེས་སུ་འགྲོ་བའོ། །འཁྲུལ་པ་ཅན་ནི་མ་ངེས་པ་སྟེ། དེའི་གཉེན་
པོར་ནི་ལྡོག་པ་ངེས་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་བརྗོད་པར་མཛད་པས་ནི་དོན་གྱིས་ན་འབྲེལ་པ་ཡང་བསྟན་པ་ཁོ་ན་ཡིན་ཏེ། འདི་ལྟར་འབྲེལ་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་། ལྡོག་པ་ངེས་པ་མེད་དོ། །གཏན་ཚིགས་དེས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་
ཉིད་ཀྱི་འབྲེལ་པ་དེ་ཉིད་སྟོན་པར་མཛད་པ་ན་ངེས་པར་བཤད་པ་ཡིན་ནོ། །ཉེས་པ་གང་ཞིག་གི་གཉེན་པོར་ཚུལ་གང་ཞིག་ངེས་པར་བཤད་ཅེ་ན། དེ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་ཞེས་བྱ་བ་ནི་འགལ་

བ་རྣམས་དང་། དེའི་ཕྱོགས་དང་མཐུན་པ་རྣམས་ཏེ། འགལ་བའི་ཕྱོགས་དང་མཐུན་པ་ནི་གང་དག་མི་མཐུན་པའི་ཕྱོགས་ལ་ཡོད་པ་ནི་ངེས་ལ། མཐུན་པའི་ཕྱོགས་ལ་མེད་པར་ནི་ཐེ་ཚོམ་ཟ་བའོ། །དེ་དག་ནི་ཐེ་ཚོམ་ཟ་བའི་མ་ངེས་པ་ཁོ་ན་ཡིན་ཏེ། གཞན་དག་ལ་གྲགས་པས་དེ་སྐད་
དུ་བརྗོད་པར་ཟད་དོ། །ལྡོག་པ་ངེས་པས་ནི་ཞེས་བྱ་བར་སྐབས་དང་སྦྱར་རོ། །མ་ངེས་པ་ཞེས་བྱ་བ་ནི་ཐུན་མོང་གི་མ་ངེས་པའོ། །དེའི་ཕྱོགས་དང་མཐུན་པ་ནི་མ་ངེས་པའི་ཕྱོགས་དང་མཐུན་པ་སྟེ། ལྷག་མ་དང་ལྡན་པ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་མཐུན་པའི་
ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཐེ་ཚོམ་ཟ་བ་བསྩལ་བ་བསྡུའོ། །གང་ཞིག་གིས་མཐུན་པའི་ཕྱོགས་ལ་ཡོད་ལ་མི་མཐུན་པའི་ཕྱོགས་ལ་ནི་མ་མཐོང་བ་ཙམ་གྱིས་ལྡོག་པ་དེ་ནི་ལྷག་མ་དང་ལྡན་པ་ཡིན་ནོ། །གཉི་ག་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་དགག་པ་ཡིན་ནོ་ཞེས་བྱ་བ་ནི་
གཉི་ག་ལ་ཡང་རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་འདིས་ནི་རྒོལ་བའམ། ཕྱིར་རྒོལ་བ་གཅིག་ལ་གྲུབ་པ་གང་ཡིན་པ་དེ་བཀག་པ་ཡིན་ནོ། །རབ་ཏུ་གྲུབ་པ་ཞེས་སྨོས་པས་ཏེ། རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་འདིས་ནི། ལྷག་མ་དང་ལྡན་པ་དང་ཐུན་མོང་མ་ཡིན་པའི་ཐེ་ཚོམ་ཟ་བ་དག་ཀྱང་བཀག་
གོ་ཞེས་བྱ་བར་སྦྱོར་རོ། །གང་ལ་ཐེ་ཚོམ་ཟ་བ་དག་ཅེ་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཞེས་བྱ་བ་སྨོས་ཏེ། ལྷག་མ་དང་ལྡན་པ་ནི་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་བའོ། །ཐུན་མོང་མ་ཡིན་པ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་
ལའོ། །དེ་ལྟ་བས་ན་སློབ་དཔོན་གྱིས་ཀྱང་ངེས་པ་སྨོས་པའི་ཕྱིར་འབྲེལ་བ་བཞེད་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། སློབ་དཔོན་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་འབྲེལ་པ་མེད་པར་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལ་ལྡོག་པར་བཞེད་ན་ནི། འཁྲུལ་པ་ཅན་
གྱི་གཉེན་པོར་ནི། །མ་ངེས་པ་ཡི་གཉེན་པོར་འདོད། །མི་མཐུན་ཆོས་བརྗོད་གང་ཡིན་པ། །དམ་བཅས་པ་དེ་དོན་མེད་དོ། །ཞེས་བྱ་བ་དེ་ཁོ་ནས་དྲང་ངོ་། །སློབ་དཔོན་གྱིས་གང་དུ་དམ་བཅས་ཤེ་ན། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པའི་སྒོ་ནས་དེ་སྐད་དུ་བཤད་

དོ། །གཉི་ག་བརྗོད་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པའོ། །གང་ཞིག་གི་གཉེན་པོར་ཅི་ཞིག་བཤད་ཅེ་ན། ཆོས་མི་མཐུན་པ་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་མཐུན་པ་སྨོས་པ་ནི་འགལ་བའི་གཉེན་པོར་རོ། །གལ་ཏེ་
མ་མཐོང་འབྲས་ཅན་ཏེ། །འབྲས་བུ་མ་མཐོང་བ་ཅན་ཙམ་ཞིག་ཡིན་ནའོ། །དེ་ཞེས་བྱ་བ་ནི་ཆོས་མི་མཐུན་པ་སྨོས་པའོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ཞེས་བྱ་བ་ནི་ཆོས་མི་མཐུན་པ་སྨོས་པས་སོ། །མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་སྟོན་
པར་བྱེད་ནའོ། །དེ་ཞེས་བྱ་བ་ནི་མ་མཐོང་བའོ། །ཆོས་མི་མཐུན་པ་མ་སྨོས་ཀྱང་རྟོགས་པར་འགྱུར་ཏེ། མཐོང་བ་མེད་པའི་མཚན་ཉིད་ཀྱི་མ་མཐོང་བ་ནི་ཆོས་མི་མཐུན་པ་སྨོས་པའི་སྔོན་རོལ་ན་གྲུབ་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ཆོས་མི་མཐུན་པ་སྨོས་པ་ནི་དོན་མེད་པ་ཡིན་ནོ། །གལ་ཏེ་མི་མཐུན་པའི་ཕྱོགས་
ལ་གཏན་ཚིགས་མཐོང་བའི་འཁྲུལ་པ་ཡོད་དེ། དེ་བཟློག་པའི་ཕྱིར་ཆོས་མི་མཐུན་པ་སྨོས་པ་ཡིན་ནོ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་གོ་བར་བྱ་བ་ལའོ། །ཆོས་མི་མཐུན་པའི་སྔོན་རོལ་ན་ཆོས་མི་མཐུན་པ་བརྗོད་པས་ལྡོག་པར་འགྱུར་བ་མི་མཐུན་པའི་ཕྱོགས་ལ་མཐོང་
བའི་འཁྲུལ་པ་གང་ཡིན་པ་དེ་ནི་མེད་དོ། །འདི་ལྟར་འཁྲུལ་པ་ནི་ལོག་པར་རྟོག་པ་ཡིན་ན་བྱས་པ་ཉིད་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་མེད་པ་ཡང་དག་པ་གང་ཡིན་པ་དེ་བཟློག་ནས་ཡོད་པར་འཁྲུལ་པའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །འཁྲུལ་པ་མེད་པའི་ཕྱིར་མ་མཐོང་བ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ནི་བདེན་
ན་འོན་ཀྱང་ཆོས་མི་མཐུན་པ་རྗོད་པར་བྱེད་པའི་ཚིག་གིས་མ་མཐོང་བ་ལ་དྲན་པར་བྱེད་དོ་ཞེ་ན། འདི་ལྟར་ཡུལ་འགའ་ཞིག་ལ་མཐོང་བ་མ་རྟོགས་ཤིང་མི་དྲན་པ་ནི་ཡན་ལག་མ་ཡིན་ཞིང་སྒྲུབ་པ་མ་ཡིན་པས་མཐོང་བ་དེ་ལ་ནི་དྲན་པ་གཞག་ཅིང་དྲན་པ་སྐྱེད་པར་རིགས་ན་མ་མཐོང་བ་ནི་མཐོང་བ་མེད་པ་ཡིན་
ཏེ། དེ་ལ་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མཐོང་བས་གནོད་པར་འགྱུར་རོ། །དེ་མེད་ན་སྟེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མཐོང་བ་མེད་ན་མ་མཐོང་བ་གྲུབ་པ་ཁོ་ན་ཡིན་པས་དེ་གྲུབ་པར་བྱ་བའི་ཕྱིར་ཏེ། མཐོང་བ་མེད་པ་གྲུབ་པར་བྱ་བའི་ཕྱིར་ཆོས་མི་མཐུན་པ་བརྗོད་པ་

དོན་མེད་དོ། །གལ་ཏེ་མི་དམིགས་པའི་སྐྱེས་བུའི་དེ་ཙམ་གྱི་ཞེས་བྱ་བ་སྟེ་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་དོ་ཞེས་བྱ་བ་དེ་ལྟ་བུར་ངེས་པ་མ་ཡིན་པ་ཉིད་དེ་མ་མཐོང་བ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་ངེས་པ་བསྐྱེད་པའི་ཕྱིར་ཆོས་མི་མཐུན་པ་
བརྗོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་མེད་ཅེས་བྱ་བའི་ཚིག་ཚད་མ་མ་ཡིན་པས་ཀྱང་སྤང་བར་བྱ་བ་དེ་མེད་པ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟར་ན་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་ཞེ་ན་སྨྲས་པ། གལ་ཏེ་ཇི་ལྟར་མེད་རིགས་དེ་བརྗོད་ན་སྟེ། གལ་ཏེ་ཇི་ལྟར་རང་བཞིན་འབྲེལ་པའི་མཚན་ཉིད་ཀྱི་རྣམ་པ་
གང་གིས་མེད་པ་དེ་ལྟར་རིགས་པ་དེ་བརྗོད་ན། དེ་ཚེ་མེད་ཅེས་བྱ་བར་རྟོགས། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་ཆ་དང་པོ་འཆད་དེ། གལ་ཏེ་མི་དམིགས་པས་མི་དམིགས་པ་ཙམ་གྱིས་མེད་དོ་ཞེས་བྱ་བར་མི་རྟོགས་ན། དེའི་ཚེ་ཆོས་མི་མཐུན་པ་བརྗོད་པ་ཚད་མ་མ་
ཡིན་པས་ཀྱང་མི་རྟོགས་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ཁྱོད་ཀྱི་གཞུང་ལུགས་ཀྱིས་ཆོས་མི་མཐུན་པ་སྨོས་པ་དེ་ཡང་མི་དམིགས་པ་ཁོ་ན་རྗོད་པར་བྱེད་པ་ཡིན་གྱི་ཁྱད་པར་ལྷག་པ་ནི་མ་ཡིན་ནོ། །ཇི་སྟེ་ཆོས་མི་མཐུན་པ་སྨོས་པས་ན་གཏན་ཚིགས་མེད་པ་བསྒྲུབ་པར་བྱ་བ་མེད་པས་བྱས་པ་
བརྗོད་པ་མེད་དེ། དེའི་ཕྱིར་ཁྱད་པར་ཡོད་དོ་ཞེ་ན། དེའི་ཕྱིར་གཅིག་མི་དམིགས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མི་དམིགས་པའོ། །གཞན་མེད་པ་ཞེས་བྱ་བ་ནི་བསྒྲུབ་པ་མེད་པ་སྟེ། འབྲེལ་པ་མེད་ན་ཞེས་བྱ་བར་བསམས་པ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་
འབྲེལ་པ་མེད་པར་ལྡོག་ན་ནི་བ་ལང་ལོག་པས་ཀྱང་རྟ་གདོན་མི་ཟ་བར་ལྡོག་པར་འགྱུར་རོ། །ཇི་སྟེ་རྒོལ་བའི་ཚིག་གང་ཡིན་པ་དེ་ནི་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ལ་མི་སླུ་བར་མཐོང་ལ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་དོ་ཞེས་བྱ་བ་ཡང་རྒོལ་བའི་ཚིག་ཡིན་ཏེ། དེའི་ཕྱིར་
ངེས་པར་འགྱུར་རོ་ཞེས་བྱ་བར་འདོད་ན། དེའི་ཕྱིར་ངེས་མེད་དོ་ཞེས་བརྗོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དེས་མེད་དོ་ཞེས་བརྗོད་པར་བྱས་པ་གང་ཡིན་པ་དེས་དེ་ལྟར་འགྱུར་བ་ཞེས་བྱ་བ་དངོས་པོ་མེད་པ་ཉིད་ཁོ་ནར་འགྱུར་བ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་

རོ། །དེའི་ཚེ་ཚད་མ་ཉིད་གཅིག་ཡིན་ན་ནི་དམ་བཅས་པ་ཙམ་གྱིས་ཀྱང་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ན་ཇི་ལྟར་ཆོས་མི་མཐུན་པ་སྨོས་པས་མ་ངེས་པ་སྤངས་པ་ཡིན་ཏེ་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་
ལྡོག་པར་འདོད་པས་ལྡོག་པ་དེ་ལ་གང་གིས་ན་ཞེས་བྱ་བ་ནི་རིགས་པས་སོ། །འདི་ལ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་ལ་རིགས་པ་བརྗོད་པར་བྱ་དགོས་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་འབྲེལ་པ་བརྗོད་དགོས་སོ། །གཞན་གྱིས་དེ་མེད་པ་ལ་ཞེས་བྱ་བ་སྨྲས་ཏེ། དེ་མེད་པ་ལ་བསྒྲུབ་པར་བྱ་བ་
མེད་པ་ལ་མི་དམིགས་པས་གཏན་ཚིགས་ལྡོག་པ་གྲུབ་པ་མ་ཡིན་ནམ་འདི་ཉིད་རིགས་པ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ། །འདི་ནི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འཁྲུལ་པ་མེད་པ་མིན་བ་ཞེས་བྱ་བ་དེས་ལན་བཏབ་ཟིན་པ་ཉིད་ཡིན་ཏེ། ཁས་བླངས་ནས་བརྗོད་པ་འབའ་ཞིག་ཏུ་ཟད་
དོ། གལ་ཏེ་མ་མཐོང་བས་གཏན་ཚིགས་ལྡོག་པར་འགྱུར་ན་དེའི་ཚེ་ཅི་སྟེ་གཏན་ཚིགས་ལྷག་ལྡན་འཁྲུལ་ཅན་ཡིན་ཏེ། འཁྲུལ་པ་ཅན་མ་ཡིན་པ་ཁོ་ནར་འགྱུར་རོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་འདི་དག་ནི་ཞེས་བྱ་བ་ནི་ཟོས་པ་ལས་གཞན་
པ་དག་སྟེ། འདི་ནི་ཆོས་ཅན་བསྟན་པ་ཡིན་ནོ། །སྨིན་པའམ་རོ་འདི་བྲོ་བ་ཞེས་བྱ་བའི་བྱེ་བྲག་གིས་ནི་བསྒྲུབ་པར་བྱ་བའི་ཆོས་གཉིས་བསྟན་ཏེ། རོ་འདི་བྲོ་བ་ཞེས་བྱ་བ་ནི་མངར་བའམ་སྐྱུར་བའོ། །གཟུགས་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ཟོས་པའི་གཟུགས་དམར་བ་ལ་སོགས་
པ་གང་ཡིན་པ་དེ་དང་གཟུགས་འདྲ་བའི་ཕྱིར་རོ། །གཅིག་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ཤིང་གཅིག་ལས་སྐྱེས་པའི་ཕྱིར་ཏེ། བྱེ་བྲག་འདི་དག་གིས་ནི་གཏན་ཚིགས་གཉིས་བསྟན་ཏོ། །ཟོས་པ་དང་འདྲའོ་ཞེས་བྱ་བ་ནི་དཔེའོ། །ཅིའི་ཕྱིར་མ་མཐོང་བ་ཙམ་གྱིས་ལྡོག་པར་འདོད་ན་
ལྷག་མ་དང་ལྡན་པ་ཡང་འཁྲུལ་པ་མེད་པ་ཅན་ཉིད་དུ་འགྱུར་ཞེ་ན། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་འདི་ལ་ཡང་བརྗོད་པར་འདོད་པ་སྟེ། ཟོས་པ་ལས་གཞན་པའི་འབྲས་བུ་གཟུགས་ཀྱི་ཁྱད་པར་ལ་སོགས་པ་དང་ལྡན་པ་དེ་མ་

ལུས་པར་ཕྱོགས་སུ་བྱས་ན་བསྒྲུབ་པར་བྱ་བ་མེད་པ་ཞེས་བྱ་བ་སྟེ། སྨིན་པ་ལ་སོགས་པ་མེད་པ་གཏན་ཚིགས་གཟུགས་ཀྱི་ཁྱད་པར་ལ་སོགས་པ་མི་དམིགས་པ་ཡོད་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་ཡིན་ནོ། །དེའི་འཁྲུལ་པ་མེད་པ་ཉིད་དུ་འགྱུར་རོ། །འདི་ལྟར་ཕྱོགས་སུ་
བྱས་པ་བརྗོད་པར་འདོད་པའི་འབྲས་བུ་གང་ཡིན་པ་དང་། མཐུན་པའི་ཕྱོགས་ཉིད་དུ་གཟུང་བ་ཟོས་པ་གང་ཡིན་པ་དེ་ལ་མ་གཏོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཕུང་པོ་གསུམ་པ་ལ་ནི་ཇི་སྐད་བཤད་པའི་གཏན་ཚིགས་འཇུག་པ་མེད་དོ། །ཁ་ཅིག་ན་རེ་མངོན་གསུམ་གྱིས་གནོད་
པ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་ན་རེ་རེས་འགའ་གཅིག་ལས་སྐྱེས་པའི་འབྲས་བུ་ལ་ཡང་མ་སྨིན་པའམ། དེ་མི་བྲོ་བ་མངོན་སུམ་དུ་ཉམས་སུ་མྱོང་བ་སྲིད་པའི་ཕྱིར། མངོན་སུམ་གྱིས་གནོད་པར་དོགས་ཏེ། དེ་ཉིད་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་
ཡིན་ཏེ། རོ་ལ་སོགས་པ་མངོན་སུམ་དུ་མ་བྱས་པ་ལ་ནི་རྗེས་སུ་དཔག་པ་ཁོ་ན་འཇུག་པས་ཕྱོགས་སུ་བྱས་པའི་ཡུལ་བསྒྲུབ་པར་བྱ་བ་ཉིད་དུ་གཟུང་བ་ལ་མངོན་སུམ་གྱིས་གནོད་པ་མེད་པའི་ཕྱིར་རོ། །ཇི་སྟེ་མངོན་སུམ་ཞུགས་པས་གནོད་པར་དོགས་པ་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་
ན་མངོན་སུམ་གྱིས་གནོད་པར་འགྱུར་ཞེ་ན། དེ་ལྟ་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུས་དོགས་ན་ཞེས་བྱ་བ་ནི་གལ་ཏེ་མངོན་སུམ་གྱིས་གནོད་པར་འགྱུར་བར་དོགས་ན་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལྟར་མི་འཁྲུལ་པར་མངོན་པར་འདོད་པའི་གཏན་ཚིགས་གཞན་ལ་ཡང་མངོན་
སུམ་གྱིས་གནོད་པར་ངེས་པ་མེད་པའི་ཕྱིར་ཏེ། ཕ་རོལ་པོ་འབྲེལ་པ་ཁས་མི་ལེན་ན་གནོད་པར་དོགས་པ་མི་ལྡོག་གོ་སྙམ་དུ་བསམ་པ་ཡིན་ནོ། །དེ་ལྟ་བས་ན་ཚད་མ་ཞུགས་ཤིང་རབ་ཏུ་ཞུགས་པ་གནོད་པར་བྱེད་པ་ཡིན་པར་འདོད་པར་བྱའོ། །མ་ཞུགས་པར་གནོད་ན་སྟེ། ཚད་མ་མ་བྱུང་བ་
ཁོ་ནར་གནོད་ན་ནི་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ་། །ལྷག་མ་དང་ལྡན་པ་ལ་ནི་ཚད་མ་ཞུགས་པའི་གནོད་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་མ་མཐོང་བ་ཙམ་གྱིས་ལྡོག་པ་ཡིན་ན་ལྷག་མ་དང་ལྡན་པ་ཡང་འཁྲུལ་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་གནས་པ་

ཡིན་ནོ། །གལ་ཏེ་མ་མཐོང་བ་ནི་མཐོང་བ་མེད་པ་ཡིན་པས། དེ་ལ་ནི་དྲན་པ་བསྐྱེད་པ་ལ་ལྟོས་མི་དགོས་སོ་ཞེ་ན། འོ་ན་ནི་ཁྱོད་ཀྱིས་བཤད་པ་ལྡོག་པ་ལ་ཡང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་བཟློག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་མཐུན་པའི་ཕྱོགས་ལས་
གཏན་ཚིགས་ལྡོག་པ་གང་ཡིན་པ་དེ་ནི་གྲུབ་པ་ཁོ་ན་སྟེ་ངེས་པ་ཁོ་ན་སྒྲུབ་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་དེ་ལྟ་བུའི་ངོ་བོ་ནི་ངེས་པ་ལ་སྟེ། ལྡོག་པའི་ངོ་བོ་ནི་ངེས་པ་ལ་ལྟོས་སོ། །དེ་ནི་འདི་སྐད་དུ་ཁོ་བོ་ཅག་གི་ལྡོག་པ་ནི་ཁྱོད་ཀྱི་ལྟ་བུར་མཐོང་བ་མེད་པ་ཙམ་ནི་མ་ཡིན་ནོ། །འོན་ཀྱང་བསྒྲུབ་པར་བྱ་
བ་དང་། སྒྲུབ་པ་དག་འབྲེལ་པ་ཡོད་ལ། བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལོག་པ་རང་ལ་ཡོད་པའི་ཆོས་ཉིད་ཡིན་ནོ། །གཏན་ཚིགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་གདོན་མི་ཟ་བར་རང་ངེས་པ་ལ་ལྟོས་ཏེ། ཤེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱི་
གཞུང་ལུགས་ལྟར་ན་ཡང་ཇི་ལྟར་ལྷག་མ་དང་ལྡན་པ་འཁྲུལ་པ་ཉིད་ཡིན་ཞེ་ན། མི་དམིགས་པའི་སྒོ་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པ་ལ་ཇི་སྐད་བཤད་པ་ལྟ་བུའི་ལྡོག་པ་ནི་མེད་དོ། །འོ་ན་ཅི་ཞེ་ན་མི་དམིགས་པ་ཙམ་དུ་ཟད་དོ། །དེ་ལྟ་བས་ན་མི་དམིགས་པའི་སྒོ་ནས་ནི་མི་མཐུན་
པའི་ཕྱོགས་ཀྱི་ཕྱོགས་འགའ་ཞིག་ལ་གཏན་ཚིགས་མེད་པར་གྲུབ་ཏུ་ཟིན་ཀྱང་། གཏན་ཚིགས་བསྒྲུབ་པར་བྱ་བ་དང་འབྲེལ་པ་མེད་པ་ནི་སྒྲུབ་པར་བྱེད་པ་དེ་མེད་ཀྱང་མི་མཐུན་པའི་ཕྱོགས་སུ་གྱུར་པའི་དངོས་པོ་ཐམས་ཅད་ལ་མེད་པར་མི་འགྲུབ་པའི་གཏན་ཚིགས་ཀྱིས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་
ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་གང་ཡིན་པ་དེ་ཉིད་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་ཉེས་པ་གཞན་བསགས་པ་ཡིན་ཏེ། གལ་ཏེ་མ་མཐོང་བས་ལྡོག་པ་ཡིན་ན། དེའི་ཚེ་ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། ཇི་ལྟ་བུ་ཞིག་ཅེ་ན། གསོན་པོའི་
ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཐལ་བར་འགྱུར་བའི་སྒོ་ནས་བཤད་པ་ཡིན་ནོ། །སྦྱོར་བ་ནི་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །འདི་ལྟར་བདག་མེད་པ་ནི་བདག་དང་བྲལ་བའོ། །འདི་

ཡང་མ་མཐོང་བ་ཚད་མར་བྱས་ནས་གཞན་གྱི་གཞུང་ལུགས་སུ་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བུམ་པ་ལ་སོགས་པ་ཡང་ཇི་ལྟར་བདག་མེད་པ་ཡིན། མཐོང་བ་དང་མ་མཐོང་བ་དག་ལ་སྲོག་ལ་སོགས་པ་མ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་སྲོག་དང་དབུགས་རྔུབ་པ་དང་། འཛུམས་པ་དང་འབྱེད་པ་མ་
མཐོང་བའི་ཕྱིར་རོ། །མཐོང་བ་དག་ལ་ནི་རང་བཞིན་མི་དམིགས་པ་ཁོ་ནས་མ་མཐོང་བ་ཡིན་ཏེ། སྲོག་ལ་སོགས་པ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་པའི་ཕྱིར་རོ། །མ་མཐོང་བ་དག་ལ་ཡང་དེ་དང་རིགས་མཐུན་པས་སོ། །དེ་ལས་ལོག་པས་ཞེས་བྱ་བ་ནི་བདག་མེད་པ་དེ་ལས་སྲོག་
ལ་སོགས་པ་མ་མཐོང་བ་ཙམ་གྱིས་ལོག་པས་གསོན་པའི་ལུས་ལ་བདག་ཡོད་པར་རྟོགས་པར་འགྱུར་རོ།། །།བམ་པོ་བཞི་པ། གལ་ཏེ་ཁྱོད་ཀྱི་ལྟར་ན་ཇི་ལྟར་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། བལྟར་མི་རུང་བ་མི་དམིགས་པས་ཞེས་བྱ་བ་སྨོས་ཏེ། བདག་བལྟར་མི་རུང་བ་མི་དམིགས་
པས་བུམ་པ་ལ་སོགས་པ་ལ་མེད་པར་མ་གྲུབ་ན། བུམ་པ་ལ་སོགས་པ་བདག་མེད་པར་མ་གྲུབ་པའི་གཏན་ཚིགས་ཀྱིས་བདག་མེད་པ་ལས་སྲོག་ལ་སོགས་པ་ལྡོག་པ་མེད་དོ། །བུམ་པ་ལ་སོགས་པ་ལས་སྲོག་ལ་སོགས་པ་ལོག་ཏུ་ཟིན་ཀྱང་། འོན་ཀྱང་བདག་མེད་པ་ལས་ལོག་གོ་ཞེས་བྱ་བ་ནི་
མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སངས་རྒྱས་པས་བདག་མེད་པར་ཁས་བླངས་ཏེ། དེ་བས་ན་ཁས་བླངས་པའི་ཕྱིར་བུམ་པ་ལ་སོགས་པ་བདག་མེད་པ་ཉིད་དུ་འགྲུབ་པོ་ཞེ་ན། གལ་ཏེ་སངས་རྒྱས་པས་ཁས་བླངས་པ་ཚད་མ་ཡིན་ན། ད་ནི་ཇི་ལྟར་ན་གསོན་པོའི་ལུས་ལ་
བདག་འགྲུབ་སྟེ། སངས་རྒྱས་པ་ནི་དེ་ཡང་བདག་མེད་པར་འདོད་དོ། །གསོན་པོའི་ལུས་ལ་བདག་མེད་པར་ཁས་ལེན་པ་ནི་ཚད་མ་མ་ཡིན་པས་དེའི་ཕྱིར་འདི་ནི་བདག་མེད་པར་མི་འདོད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞན་ཏེ། གསོན་པོའི་ལུས་ལས་གཞན་པ་བུམ་པ་ལ་སོགས་པ་
བདག་མེད་པ་ཚད་མ་མ་ཡིན་པ་ཡང་ཇི་ལྟར་འགྲུབ་པར་འགྱུར། སངས་རྒྱས་པའི་ཁས་བླངས་པ་ཁ་ཅིག་ཏུ་ནི་ཚད་མ་ཡིན་ལ་ཁ་ཅིག་ཏུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རུང་ངོ་། །ཇི་སྟེ་གསོན་པོའི་ལུས་ནི་བདག་དང་བཅས་པར་ཁོ་བོ་འདོད་པས་དེའི་ཕྱིར་འདི་ནི་བདག་མེད་པ་མ་

ཡིན་ནོ། །བུམ་པ་ལ་སོགས་པ་ནི་གཉི་གས་ཀྱང་བདག་མེད་པར་ཁས་བླངས་སོ་ཞེ་ན། དེའི་ཕྱིར་ཁས་བླངས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་དང་བཅས་པ་དང་བདག་མེད་པ་དག་རྣམ་པར་ཕྱེ་ནས་ཞེས་བྱ་བ་ནི་གསོན་པོའི་ལུས་ནི་བདག་དང་བཅས་པའོ། །བུམ་
པ་ལ་སོགས་པ་ནི་བདག་མེད་པའོ་ཞེས་རྣམ་པར་དབྱེ་བ་བྱས་ནས་སོ། །བདག་མེད་པ་བུམ་པ་ལ་སོགས་པ་དེ་ལ་སྲོག་ལ་སོགས་པ་མེད་པས་རྟོགས་པར་བྱེད་པ་ཉིད་ཡིན་པར་རྗོད་པར་བྱེད་པ་གཞན་གྱིས་ཀྱང་བདག་ལུང་ལས་བྱུང་བ་ཉིད་དེ་ལུང་གིས་གྲུབ་པ་ཉིད་དུ་ཁས་བླངས་པར་འགྱུར་གྱི།
རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བུམ་པ་ལ་སོགས་པ་ལ་བདག་བལྟར་མི་རུང་བའི་རང་བཞིན་མ་མཐོང་དུ་ཟིན་ཀྱང་བདག་ལྡོག་པ་མ་གྲུབ་པའི་ཕྱིར་བདག་མེད་པ་གང་ལས་ཀྱང་སྲོག་ལ་སོགས་པ་ལྡོག་པ་མེད་པས་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དེ། དེ་ལྟར་ན་རེ་ཞིག་བདག་ནི་
གང་ལས་ཀྱང་ལྡོག་པ་མ་གྲུབ་པ་ཡིན་ནོ། །ཁས་བླངས་ཏེ་ཡང་བརྗོད་པར་བྱ་སྟེ། འགའ་ཞིག་ལ་བུམ་པ་ལ་སོགས་པ་མཐོང་བ་ལའོ། །དེ་ལོག་སྟེ་བདག་ལོག་སྟེ་སྲོག་ལ་སོགས་པ་ལོག་ཀྱང་འབྲེལ་པ་མེད་པའི་ཕྱིར། བདག་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་ཐམས་ཅད་ལ་སྟེ། བུམ་པ་
ལ་སོགས་པ་མ་མཐོང་བ་ལ་ཡང་བདག་ལོག་པས་སྲོག་ལ་སོགས་པ་ལྡོག་པ་མི་འགྲུབ་པས། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དོ། །མ་མཐོང་བ་ཙམ་གྱིས་ལྡོག་པར་ཁས་ལེན་ན་ཉེས་པ་གཞན་འདི་ཡང་ཡོད་པས་གང་ཡང་མི་འགྲུབ་པའི་སྦྱོར་བ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་སློབ་དཔོན་གྱི་གཞུང་ཡིན་ནོ། །དེ་ལས་ནི་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པར་གཟུང་ངོ་ཞེས་བཤད་དེ། དེས་ནི་གཉི་གའམ་གང་ཡང་
རུང་བ་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་དང་། གཞི་མ་གྲུབ་པ་བསལ་བ་ཡིན་ནོ། །ཇི་ལྟར་ཕྱོགས་ཀྱི་ཆོས་ངེས་པ་མ་གྲུབ་པ་རྣམ་པ་བཞི་བསལ་བ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པས་མ་གྲུབ་པའི་རྣམ་པ་བསལ་བ་

ཡིན་ནོ། །ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི། མ་གྲུབ་སྦྱར་བ་དེ་ཡང་བརྗོད་བྱ་མིན། །དེ་བསྟན་པའི་ཕྱིར་མི་དམིགས་པ་ཁོ་ནར་ཟད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པ་ཚད་མ་མ་ཡིན་པ་ཁོ་ནར་ཟད་པ་ཡིན་ན་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཇི་ལྟ་
ཞེ་ན་དམིགས་ན་དེ་མེད་པའི་ཕྱིར་ཏེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་དམིགས་ན་ཐེ་ཚོམ་དེ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མི་དམིགས་པའི་ཕྱིར། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ལྡོག་གོ་ཞེས་བྱས་ན། དོན་གྱི་ལྡོག་པ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་འདོད་པ་ཁོ་ན་ཡིན་ནོ། །དེ་བས་
ན་ཐེ་ཚ