Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 176
Văn bản gốc(Tây Tạng)
Trang 6 / 22 (50.000 ký tự/trang)
ིན་ཞེས་བྱ་བར་སྦྱར་རོ། །གང་དག་ལ་དེའི་འབྲས་བུ་དང་དེའི་རྒྱུ་མཐུན་པ་ཡོད་པ་དེ་དག་ནི་དེའི་འབྲས་བུ་དང་རྒྱུ་ཅན་ནོ། །དེའི་ངོ་བོ་ཉིད་དེ་རྒྱུར་གྱུར་པ་དེའི་ཕྱིར་རོ། །གཞན་དག་ལས་ཞེས་བྱ་བ་ནི་དེའི་འབྲས་བུ་དང་རྒྱུ་ཅན་མ་ཡིན་པ་དག་ལས་ཐ་དད་པའི་དོན་ རྣམས་ནི་སྤྱི་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀྱི་རྟེན་ཡིན་ནོ། །འདི་སྐད་དུ་ལོག་པ་རང་གི་མཚན་ཉིད་དེ་ལྟ་བུ་ཉམས་སུ་མྱོང་བའི་མཐུས་བྱུང་བའི་བློ་རྣམ་པར་རྟོག་པ་ཅན་གང་ཡིན་པ་དེ་ལ་སྤྱི་ལ་སོགས་པའི་ཐ་སྙད་འདོགས་པ་ན་བརྒྱུད་པས། ལོག་པ་རང་གི་མཚན་ཉིད་ཀྱི་རྟེན་ ཅན་ཡིན་པས། རྒྱུ་དེས་ན་དགྲའི་ཐ་སྙད་གཞན་སེལ་བའི་ཡུལ་ཅན་དུ་བཤད་དོ་ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་སྒྲ་རབ་ཏུ་སྦྱར་བས་ཀྱང་མི་འདོད་པ་སྤངས་ཏེ། མི་འདོད་པ་ལས་ལོག་པ་རང་གི་མཚན་ཉིད་ལ་སྐྱེས་བུ་འཇུག་པར་བྱེད་པའི་རྒྱུ་དེའི་ཕྱིར་ཡང་གཞན་ སེལ་བའི་ཡུལ་ཅན་དུ་བཤད་དེ། འདིས་ནི་ཉེ་བར་བཏགས་པས་སྒྲ་རྣམས་རང་གི་མཚན་ཉིད་དུ་གཏོགས་པའི་གཞན་སེལ་བའི་ཡུལ་ཅན་ཉིད་ཡིན་པར་བསྒྲུབ་པ་བསྟན་ཏོ། །ལོག་པ་རང་གི་མཚན་ཉིད་མཐོང་བ་ལས་འོངས་པ་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་གང་ཡིན་ པ་རྣམ་པ་གཞན་ལས་ལོག་པའི་ཕྱིར་གཞན་སེལ་བར་གྱུར་པ་དེ་ནི་ཉེ་བར་བཏགས་པ་མ་ཡིན་པའི་ངོ་བོ་ཁོ་ནས་སྒྲའི་ཡུལ་ཡིན་ཏེ། དེ་ཁོ་ན་སྒྲའི་ཤེས་པ་ལ་སྣང་བའི་ཕྱིར་རོ། །དེའི་ཚེ་ནི་ཐ་སྙད་གཞན་སེལ་བའི་ཡུལ་ཅན་ཉིད་དུ་གྲུབ་པོ། །དེ་ཉིད་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་ པས་སྟོན་ཏེ། རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བའི་ཆོས་ཅན་གང་ཞིག་ཕྱི་རོལ་གྱི་དོན་གྱི་དེ་ཁོ་ན་ཉིད་ལ་མི་ལྟོས་པ་དེ་ལ་དེ་སྐད་ཅེས་བྱའོ། །བློ་སྣང་བའི་དབང་གིས་གཅིག་པུ་དུ་མ་ལས་ལོག་པ་ཞེས་བྱ་བ་ནི་བློ་དུ་མ་ལས་ལོག་པའི་ཆོས་ཅན་ལ་གཅིག་པ་ལྟ་བུར་སྟོན་པར་སྣང་བའི་ ཕྱིར་དེའི་དབང་གིས་དུ་མ་ལས་ལོག་པའི་ཆོས་ཅན་གཅིག་ཏུ་རྣམ་པར་བཞག་སྟེ། གང་གི་ཕྱིར་དུ་མ་ལས་ལོག་པ་དེའི་ཕྱིར་དེ་ལ་ལོག་པའི་ཆོས་ཀྱི་ཁྱད་པར་རྣམས་བརྟག་གོ་སྙམ་དུ་བསམས་པ་ཡིན་ནོ། །ཆོས་ཅན་དེ་ལྟ་བུ་དེ་ནི་སྒྲ་རྣམས་ཀྱི་ཡུལ་དུ་བྱེད་ཅིང་ཞེས་བྱ་བར་སྦྱར་ཏེ་སྨྲ་བ་པོ་ རྣམས་ཀྱི་རྣམ་པར་རྟོག་པ་སྣང་བ་དེ་ལྟ་བུ་བསྐྱེད་པའི་ཕྱིར་སྒྲ་བརྗོད་པའི་ཕྱིར་རོ། གང་གི་ཕྱིར་གཞན་ལས་ལོག་པའི་རྣམ་པར་རྟོག་པའི་སྣང་བའི་སྒྲ་རྣམས་ཀྱི་ཡུལ་དུ་བྱེད་པ་དེའི་ཕྱིར། གཞན་སེལ་བའི་ཡུལ་ཅན་ཉིད་དུ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། ། སྒྲ་འབའ་ཞིག་ཏུ་མ་ཟད་ཀྱི་རྣམ་པར་རྟོག་པ་རྣམས་ཀྱིས་ཀྱང་ཡུལ་དུ་བྱེད་པས། དེ་ཉམས་སུ་མྱོང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉམས་སུ་མྱོང་བ་ནི་དེ་ཉམས་སུ་མྱོང་བའོ། །དེས་གཞག་པའི་བག་ཆགས་ཏེ་ནུས་པའོ། །དེ་སད་པ་ནི་འབྲས་ བུ་བསྐྱེད་པ་དང་མཐུན་པ་སྟེ། རྣམ་པར་རྟོག་པ་གང་དག་ལ་དེ་ལ་སྐྱེ་བ་ཡོད་པ་དེ་དག་གིས་ཡུལ་དུ་བྱེད་ཅིང་ཞེས་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་དག་གིས་ཤེ་ན། དེའི་དངོས་པོ་ངེས་པའི་དོན་ཅན་རྣམས་ཀྱིས་ཏེ་རྣམ་པར་རྟོག་པ་སྣང་བ་གང་ལ་དེའི་དངོས་པོ་ ཕྱི་རོལ་གྱི་དངོས་པོ་ངེས་པ་ཡོད་པ་དེ་ནི་དེའི་དངོས་པོ་ངེས་པའོ། །རྣམ་པར་རྟོག་པ་གང་དག་ལ་དོན་དེ་ལྟ་བུ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་འཇུག་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། ། གཞན་ལས་ནི་དེའི་དངོས་པོ་ངེས་པའི་དོན་ཞེས་འབྱུང་སྟེ། དེའི་ཚེ་དེའི་དངོས་པོ་ངེས་པ་ཡང་ཡིན་ལ་དོན་ཡང་ཡིན་པ་ཞེས་ལས་འཛིན་པར་བྱ་སྟེ། དེའི་དངོས་པོ་ངེས་པའི་དོན་གཅིག་ཡིན་ཡང་དུ་མ་ལས་ལོག་པ་ཞེས་སྦྱར་རོ། །བློ་སྣང་བ་དེ་ཉིད་ལ་ཆོས་དང་ ཆོས་ཅན་གྱི་ཐ་སྙད་ཅེས་བྱ་བ་ནི་ཐ་སྙད་དུ་གདགས་པར་བྱ་བ་ཡིན་པས་ཐ་སྙད་དེ་ཆོས་དང་ཆོས་ཅན་དག་ཉིད་ཐ་དད་ཡིན་ནོ། །འདི་ཞེས་བྱ་བ་ནི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་དོ། །འདི་སྐད་དུ་བློ་སྣང་བ་ལ་ཆོས་དང་ཆོས་ཅན་དུ་རྣམ་པར་གཞག་པ་གང་དག་ཡིན་པ་ དེ་དག་ནི་ཕན་ཚུན་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཇི་ལྟར་བློ་ལ་སྣང་བའི་དོན་གྱི་ཁྱད་པར་ལས་སྒྲའི་བདག་ཉིད་ཀྱི་ཐ་སྙད་དེ་ཉིད་དང་། གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར། དེ་ཉིད་དང་གཞན་ཉིད་དག་ལས་ ཉེས་པ་ཆོས་ནི་ཆོས་ཅན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་ཆོས་ཅན་ལས་གཞན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གཞན་མི་བརྗོད་པའི་ཕྱིར་ཏེ། ཆོས་དང་ཆོས་ཅན་གྱི་སྒྲ་དག་གིས་རྣམ་པར་བཅད་པ་གཅིག་བརྗོད་པའི་ཕྱིར། ཆོས་ནི་ཆོས་ཅན་གང་ཡིན་ པ་དེ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་བརྗོད་པ་དག་བཞིན་དུ་ཆོས་ཅན་བརྗོད་པའི་སྒྲ་དག་བཞིན་དུ་ཆོས་བརྗོད་པ་རྣམས་ཀྱིས་ཀྱང་རྣམ་པར་གཅོད་པ་གཞན་འཕེན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་འདོད་པ་ཤེས་པར་མི་འགྱུར་བའི་ཕྱིར་ཆོས་ཞེས་བྱ་ བའི་སྒྲས་འདོད་པ་ཁྱད་པར་གཞན་སྤོང་བའི་ཁྱད་པར་གཞན་ཤེས་པར་མི་འགྱུར་བའི་ཕྱིར། བརྡའི་ཁྱད་པར་མི་བྱ་བར་འགྱུར་ཏེ། ཆོས་ཞེས་བྱ་བའི་སྒྲས་རྣམ་པར་གཅད་པའི་ཁྱད་པར་གཞན་སྤངས་པ་སྟོན་ཏོ་ཞེས་བྱ་བའི་བརྡའི་ཁྱད་པར་འདི་མི་བྱ་བར་འགྱུར་རོ། །ཆོས་དང་ ཆོས་ཅན་དག་དེ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་བཤད་མ་ཐག་པ་འདི་ནི་སྒྲའི་དོན་བློ་ལ་སྣང་བ་བཤད་པ་ཡིན་ནོ། །དངོས་པོ་ལ་ནི་ཞེས་བྱ་བ་ནི་ཕྱི་རོལ་གྱི་ལ་སྟེ། མེད་པ་ཁོ་ནའི་ཕྱིར་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ནོ། །གཞན་གྱིས་ཆོས་དང་ཆོས་ཅན་ དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲུག་པ་ནི་བ་ལང་གི་བ་ལང་ཉིད་ཅེས་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བ་ལང་ལ་བ་ལང་ཉིད་གནས་སོ། །ཞེས་བྱ་བ་དང་། བ་ལང་ཉིད་ཀྱི་རྒྱུ་མཚན་གྱིས་བ་ལང་ལ་སྒྲ་འཇུག་གོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དབྱེ་བ་བསྡུའོ། །མཐོང་ བ་དང་ཞེས་བྱ་བ་ནི་སྦྱོར་བ་དག་ལ་དམིགས་པ་དང་ངོ་། །བ་ལང་ཉིད་ལ་སོགས་པའི་ཆོས་མང་པོའི་ཕྱིར་ཆོས་མང་པོ་དེ་ལ་མང་པོའི་ཚིག་གི་བྱེ་བྲག་བ་ལང་ཉིད་དང་། རྫས་ཉིད་དང་ས་ལས་གྱུར་པ་ཉིད་རྣམས་ཞེས་བྱ་བ་མཐོང་བ་གང་ཡིན་པ་དེ་ཡང་ཆོས་ཅན་གཅིག་ལའང་མི་རུང་ སྟེ། ཆོས་རྣམས་ཆོས་ཅན་ལས་ཐ་མི་དད་པའི་ཕྱིར་རོ། །མང་པོའི་ཚིག་འདི་ནི་ཁྱོད་ནི་གཞུང་ལུགས་ཀྱི་ཆོས་ཅན་ཁོ་ན་ལ་སྦྱར་ན། ཆོས་ཅན་ཡང་གཅིག་ཡིན་པའི་ཕྱིར་དེ་ལ་མང་པོའི་ཚིག་མི་རུང་ངོ་། །གྲུབ་པའི་མཐའ་སྨྲ་བས། འདི་ལ་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། སྒྲ་རྣམས་ཀྱི་འཇུག་པ་ཡུལ་གྱི་རང་གི་ངོ་བོ་ལ་རག་ལས་པ་ནི། འགའ་ཡང་མེད་དེ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །ཡང་རྣོན་གྱི་དོན་དུ་བྱ་བ་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་གང་དག་གི་ལྟར་ན་ཚིག་དངོས་པོའི་དབང་དངོས་པོ་ལ་རག་ ལས་པ་ཡིན་གྱི་ལྷུར་བརྗོད་འདོད་པ་ལ་མི་རྟེན་པ། ཚིག་གང་དག་ལྷུར་གཙོ་ཆེར་བརྗོད་པར་འདོད་པ་ལ་མི་རྟེན་ཡང་དེ་དག་ནི་ལྷུར་བརྗོད་པར་འདོད་པ་ལ་མི་རྟེན་པ་སྟེ། དངོས་པོར་སྨྲ་བ་དེ་དག་ལའོ། །དྲུག་པར་མི་འགྱུར་རོ། །ཚིག་དབྱེ་བ་ལ་སོགས་པར་མི་འགྱུར་རོ་ཞེས་ དེ་སྐད་དུ་དྲུག་པ་དང་། ཚིག་དབྱེ་བ་ལ་སོགས་པ་ལ་ཀླན་ཀ་བཙལ་བ་ནི། དྲུག་པ་དང་ཚིག་དབྱེ་བ་ལ་སོགས་པ་ཀླན་ཀའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། བ་ལང་གི་དངོས་པོ་ནི་བ་ལང་ཉིད་དུ་ཞེས་བྱ་བ་ལ་སོགས་པ་དེ་ལ་ཕན་པའི་རྐྱེན་མེད་པར་ཀླན་ཀ་བཙལ་བ་ སྡུ་སྟེ། རིགས་པ་དང་ལྡན་ནོ། །དྲུག་པ་ལ་སོགས་པའི་སྒྲ་འདི་དག་སྐྱེས་བུ་རྣམས་ཀྱིས་འགའ་ཞིག་ལ་ཞེས་བྱ་བ་དངོས་པོ་ཐ་མི་དད་པ་ལ་ཡང་བྱ་བར་འདོད་དུ་ཟིན་ཀྱང་དུ་བ་ལ་སོགས་པ་བཞིན་དུ་མེ་དང་འབྲེལ་པའི་དུ་བ་མེ་གོ་བར་བྱེད་པས་དེ་ལས་བཟློག་པ་ཆུ་ ལ་སོགས་པ་ཤེས་པར་བྱ་བ་ལ་སྦྱར་བར་མི་ནུས་པ་བཞིན་དུ། དངོས་པོ་དང་འབྲེལ་པའི་ཕྱིར་དངོས་པོ་ཐ་དད་པ་ལ་རག་ལས་པའི་ཕྱིར་བྱ་བར་མི་ནུས་ན། སྒྲ་རྣམས་དངོས་པོ་དང་འབྲེལ་པ་དེའི་ཚེ། ཐ་དད་པ་མེད་ན་ཇི་ལྟར་དྲུག་པ་ལ་སོགས་པར་ འགྱུར་ཞེས་བྱ་བའི་ཀླན་ཀ་འདི་འགྱུར་བ་ཞིག་ན། དེ་ཉིད་མེད་པས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་གང་ཞེས་བྱ་བ་ལ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཕྱི་རོལ་དོན་ལ་མི་ལྟོས་པ་སྟེ་སྨྲ་བ་པོ་རྣམས་ཀྱིས་ཇི་ལྟ་བུར་ཞེས་བྱ་བ་ལ་ཐ་དད་པའམ། ཐ་དད་པ་མ་ཡིན་ པ་ཤེས་པར་བྱ་བའི་ཕྱིར་རྣམ་པ་གང་གིས་རྗོད་པར་བྱེད་པའི་ངོ་བོ་ཉིད་དུ་ངེས་པར་བྱེད་ཅིང་སྦྱོར་བར་བྱེད་པའི་ཚིག་དེ་ནི་དེ་བཞིན་དུ་ཞེས་བྱ་བ་སྦྱོར་བ་ཇི་ལྟ་བ་བཞིན་དུ་རྗོད་པར་བྱེད་པ་ཡིན་ནོ། །དེ་ཉིད་ཐ་དད་པ་ལ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བརྡ་སྤྲོད་པ་པ་རྣམས་ ཀྱིས་རྣམ་པར་གཞག་པ་ལྡོག་པའི་དངོས་པོ་ཐ་དད་པ་ལ་ནི་དྲུག་པའོ། །མང་པོ་ལ་ནི་མང་པོའི་ཚིག་བྱེད་པ་པོ་རྣམས་སོ་ཞེས་བྱ་བ་ལ་སོགས་པའི་རྐྱེན་ཅན་དུ་འགྱུར་རོ་ཞེས་བྱ་བ་དེ་ཡང་སྐྱེས་བུའི་འདོད་པ་ལ་མི་ལྟོས་པ་ཉིད་དུ་དངོས་པོ་ཉེ་བ་ཙམ་གྱིས་རང་ཉིད་ཞུགས་པ་ནི་མ་ཡིན་ཏེ། བརྡའི་སྟོབས་ཁོ་ན་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བརྡ་སྤྲོད་པ་ལ་སོགས་པ་དེ་དག་ནི་ཐ་དད་པ་དང་མང་པོ་དེ་ལ་དེ་ལྟར་ཞེས་བྱ་བ་དྲུག་པ་དང་མང་པོའི་ཚིག་ཏུ་བརྡ་ཇི་ལྟ་བ་བཞིན་དུ་སྦྱོར་བས་ན་དྲུག་པ་ལ་སོགས་པ་ དེ་ལས་དེ་ལྟར་གོ་བར་འགྱུར་ཏེ། གཞན་དག་གིས་ཀྱང་དེ་ལྟ་བུའི་ཐ་སྙད་དམིགས་པའི་སྒོ་ནས་ཐ་དད་པ་ལ་སོགས་པ་གོ་བར་ནི་འགྱུར་ན་དེ་ཙམ་གྱིས་དངོས་པོའི་སྟོབས་ཀྱིས་ཐ་དད་པ་དང་མང་པོའི་ལ་དྲུག་པ་ལ་སོགས་པར་ངེས་པར་ནི་མ་ཡིན་ནོ། །དེ་བཞིན་དུ་ གཞན་ལ་ཡང་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་དག་ཐ་དད་པ་མ་ཡིན་པ་ལ་ཡང་སྟེ་བྱས་པ་ཉིད་དང་། མི་རྟག་པ་ཉིད་ལ་སོགས་པ་དངོས་སུ་གཅིག་པ་ཉིད་ལ་ཡོད། སྨྲ་བ་པོ་དེ་དག་གིས་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་ཇི་ལྟར་ཡང་སྟེ། ཆོས་དང་ཆོས་ ཅན་ཐ་དད་པ་ལ་ཡང་རྟེན་བྱས་པ་ཉིད་ལ་སོགས་པ་ལ་ལྡོག་པའི་ཁྱད་པར་བརྟགས་པའི་མང་པོ་ཉིད་ལ་ཡང་བརྟེན་ནས་གོ་རིམས་བཞིན་དུ་དྲུག་པ་དང་མང་པོའི་ཚིག་ལ་སོགས་པ་རབ་ཏུ་སྦྱར་བས་དེ་ཁོ་ན་བཞིན་དུ་སྦྱོར་བ་ཇི་ལྟ་བ་བཞིན་དུ་གོ་བའི་རྒྱུ་དག་ཏུ་འགྱུར་རོ། །དེ་ལྟར་སྒྲ་རྣམས་ འདོད་པ་ཙམ་གྱི་རྒྱུ་ཅན་ཉིད་དུ་གནས་པ་ཡིན་པ་དེ་ལ་ནི་སྐྱེས་བུའི་འདོད་པའི་དབང་གིས་འཇུག་པའི་ཕྱིར་སྐྱེས་བུ་ལ་རག་ལས་ཏེ་འཇུག་པ་སྒྲའི་སྒོ་ནས་རང་གི་མཚན་ཉིད་མི་སྣང་བའི་ཕྱིར། དངོས་པོ་ཡང་དག་པར་མི་སྟོན་པར་ཇི་ལྟར་གོམས་པའི་བཞིན་གང་གིས་བརྡ་ལ་གོམས་པ་ཅི་འདྲ་བ་ དེ་བཞིན་དུ་རྣམ་པར་རྟོག་པ་སད་ཅིང་རྣམ་པར་རྟོག་པ་སྐྱེ་བ་དེའི་རྒྱུར་གྱུར་པ་རྣམས་ཏེ། ཉན་པ་པོའི་རྒྱུད་ལ་བརྡ་དང་མཐུན་པའི་རྣམ་པར་རྟོག་པའི་རྒྱུར་གྱུར་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །བརྡ་སྤྲོད་པ་པ་ལ་སོགས་པ་སྒྲ་དེ་ལྟ་བུ་རྣམས་བརྗོད་པར་བྱ་བའི་དོན་དག་ལ། འཇུག་ པ་སེམས་པ་ཐ་དད་པ་ལ་ནི་དྲུག་པའོ། །ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དང་། དེའི་དབང་གིས་ཞེས་བྱ་བ་སྒྲའི་དབང་གིས་དངོས་པོ་རྣམ་པར་འཇོག་པ་དངོས་པོ་ཐ་དད་པ་ཁས་ལེན་པ་གང་གི་ཕྱིར། བ་ལང་གི་བ་ལང་ཉིད་ཅེས་བྱ་བ་དྲུག་པ་ཡིན་པ་དེའི་ཕྱིར་སྤྱི་ཐ་དད་པ་ཡིན་ནོ་ཞེས་ བྱ་བ་ལ་སོགས་པ་ནི་བླུན་པར་ཏེ། སྒྲའི་དོན་རྣམ་པར་གཞག་པ་མངོན་པར་མི་ཤེས་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །གཞན་གྱི་ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་དང་ཆོས་ཅན་ལ་སོགས་པ་ལ་སྒྲ་དག་དེ་ལྟར་རྣམ་པར་བྱས་ཀྱི་ཞེས་བྱ་བ་ནི་ཆོས་དང་ཆོས་ ཅན་ལ་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་དག་གིས་ཆོས་དང་ཆོས་ཅན་ཞེས་བྱ་བ་ལ་སོགས་པར་རྣམ་པར་གཞག་པ་བྱས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལྡོག་པའི་བྱེ་བྲག་གིས་རྫས་ཉིད་དང་། ས་ལས་གྱུར་པ་ཉིད་ལ་སོགས་པ་རྣམས་ཞེས་མང་པོའི་ཚིག་གིས་ སྒྲ་རྣམ་པར་གཞག་པ་བྱས་པ་བསྡུས་ཏེ། ཆོས་དང་ཆོས་ཅན་དག་ལྡོག་པ་དངོས་པོ་ལས་གྱུར་པའི་སྒོ་ནས་དྲུག་པ་དང་དངོས་པོ་ཐ་དད་པའི་སྒོ་ནས་རྫས་ཉིད་ལ་སོགས་པའི་ཆོས་རྣམས་དོན་དམ་པར་ཐ་དད་པའི་སྒོ་ནས་མང་པོའི་ཚིག་ཏུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ ན། དེ་ལྟ་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། དེ་ལྟ་ན་ཐ་སྙད་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་ཐ་སྙད་ཀྱི་ཡུལ་ཆོས་དང་ཆོས་ཅན་དག་ལྡོག་པ་ཡང་དངོས་པོ་ལས་གྱུར་པ་ཡིན་ལ་ཆོས་རྣམས་ཀྱང་ཕན་ཚུན་དོན་དམ་པར་ཐ་དད་པ་ཡིན་ན་སྤྱི་ལ་སོགས་པའི་ཐ་ སྙད་མི་རུང་བའི་ཕྱིར་རོ། །མདོར་བཞག་པའི་ཚིག་དེ་ཉིད་ཆོས་དང་ཆོས་ཅན་དག་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། ཐ་སྙད་ཀྱི་ཡུལ་ཆོས་དང་ཆོས་ཅན་དག་དངོས་པོ་ཉིད་གཅིག་ཡིན་ན། དངོས་པོ་ལ་རྣམ་པ་གཞན་མི་སྲིད་པའི་ཕྱིར་ཕན་ཚུན་དེ་ཉིད་དམ་གཞན་ཉིད་གཅིག་ ཡིན་པས་ཁས་བླངས་དགོས་ཏེ་ཕྱོགས་གཉིས་ཀ་ལ་ཡང་སྐྱོན་བརྗོད་པའི་ཕྱིར་ཐ་དད་པའམ་དེ་ཉིད་ཀྱི་ངོ་བོ་ཡིན་པའམ་ཞེས་ཕྱོགས་གཉིས་ཉེ་བར་བཀོད་དོ། །དེ་ལྟ་མ་ཡིན་ན་གཞན་གྱི་ལྡོག་པ་དང་དངོས་པོ་ཐ་དད་པའི་ཕྱིར་རོ་ཞེས་ཐ་དད་པའི་ཕྱོགས་ལ་འཆེལ་ན། དེ་ཉིད་ཅེས་ བྱ་བའི་ཕྱོགས་ཉེ་བར་བཀོད་པ་སྐབས་དང་མཐུན་པ་མ་ཡིན་པར་འགྱུར་རོ། །དེ་དག་གི་འབྲེལ་པ་ཞེས་བྱ་བ་ནི་སྤྱི་དང་དེ་དང་ལྡན་པ་དག་གི་འབྲེལ་པའོ། །སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་ཞུགས་པ་ཡིན་པར་ཁས་ལེན་ན་ཡང་སྤྱི་ལ་སོགས་པ་མི་རུང་སྟེ། འདི་ནི་འོག་ཉིད་ ནས་འཆད་པར་འགྱུར་རོ། །སྒྲ་འཇུག་པའི་ཁྱད་པར་ནི་གཅིག་གི་ཚིག་དང་མང་པོའི་ཚིག་ལ་སོགས་པ་འཇུག་པའི་ཁྱད་པར་རོ། །དངོས་པོས་བྱས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱིས་གཅིག་དང་དུ་མ་ཉིད་ཀྱིས་བྱས་པའོ། །བཙུན་མོ་ཞེས་བྱ་བའི་སྒྲ་ནི་རྟག་ཏུ་མང་ པོའི་ཚིག་གི་མཐའ་ཅན་དང་། ཕོའི་རྟགས་ཅན་ཡིན་པར་འདོད་དོ། །དེ་ལ་གང་གི་ཚེ་བཙུན་མོ་ཞེས་བྱ་བའི་སྒྲ་བུད་མེད་གཅིག་གི་ཡུལ་ཅན་ཡིན་པ་དེའི་ཚེ་ཐ་དད་པ་རྣམ་པར་གཞག་པའི་རྒྱུའི་ཕྱི་རོལ་པ་ཅི་ཞིག་ཡོད་དེ་མེད་པ་ཉིད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བྱེ་མ་ རྣམས་ཞེས་བྱ་བ་དང་ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ལ། ཐ་དད་ཐ་དད་མིན་གཞག་པའི་རྒྱུ་ཅི་ཡོད་ཅེས་བྱ་བ་བསྡུའོ། །ནམ་མཁའི་རང་བཞིན་མཁའ་ཉིད་ཅེས་བྱ་བ་ནམ་མཁའི་རང་བཞིན་ཞེས་ཐ་དད་པར་འབྱེད་པའི་དྲུག་པ་འདི་ལ་རྒྱུ་ཅི་ཡོད། ཡང་མཁའ་ ཉིད་ཅེས་བརྗོད་པ་འདིས་ཅི་ཞིག་བྱ། གལ་ཏེ་ནམ་མཁའི་རང་བཞིན་ཞེས་བྱ་བའི་ཚིག་འདི་མཁའ་ཉིད་ཅེས་བྱ་བ་ཡིན་པས་དེ་ལ་ཕན་པ་འདི་འཇུག་གོ་ཞེས་བྱ་བ་དེ་སྟོན་ཏོ་ཞེ་ན། དེ་ནི་མ་ཡིན་ཏེ་རང་བཞིན་ཞེས་བྱ་བའི་དོན་འདི་ལ་དངོས་པོའི་རྐྱེན་སྦྱོར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ངོ་ བོའི་དོན་ལ་ཡིན་ནོ། །དེ་ལ་ཕན་པ་འཇུག་པ་བསྟན་པ་ཡང་ཅིར་ཡང་མི་དགོས་སོ། །དེ་ལྟ་བས་ན་ཁ་ཅིག་ན་རེ་སོ་སོར་སྦྱོར་བ་གཉིས་ཏེ། ནམ་མཁའི་རང་བཞིན་ཞེས་བྱ་བ་དང་། དེ་བཞིན་དུ་ནམ་མཁའི་མཁའ་ཉིད་ཅེས་བྱ་བ་སྦྱོར་བ་གཉི་ག་ལ་ཡང་དྲུག་པ་ནི་ཐ་དད་པའི་རྒྱུ་ ཅན་དུ་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་ཡང་སྦྱོར་བ་གཉི་གས་དྲུག་པ་མེད་པ་འབའ་ཞིག་གླེང་བས་གཉིས་སྨོས་པ་དོན་མེད་དོ། །དེ་བས་ན་གཞན་དག་ནི་གཞན་དུ་འཆད་དེ་ནམ་མཁའི་རང་བཞིན་ཞེས་བྱ་བ་ཐ་དད་པར་བྱེད་པ་ལ་ནི་རྒྱུ་ཅི་ཡོད། དེ་བཞིན་དུ་ མཁའ་ཉིད་ཅེས་བྱ་བར་ཐ་དད་པར་བརྗོད་པའི་སྒྲ་དངོས་པོའི་རྐྱེན་ཅན་ལ་ནི་རྒྱུ་ཅི་ཡོད་ཅེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ་དུས་གང་གི་ཚེའོ། །གཞན་དག་ནི་གང་གི་ཕྱིར་ཞེས་བྱ་བའི་སྒྲར་འདོན་ཏེ་འདི་ལྟར་ཞེས་བྱ་བའི་དོན་ ཡིན་ནོ། །གང་གིས་ནི་དེ་ལྟ་བུར་འགྱུར་བ་ཞེས་བྱ་བ་ནི་བཙུན་མོ་རྣམས་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཏུ་འགྱུར་བ་སྟེ། གཅིག་ཡིན་པའི་ཕྱིར་གཅིག་གི་ཚིག་ཁོ་ནར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་བུད་མེད་དང་བྱེ་མ་གཅིག་ལ་ཡང་ནུས་པ་དུ་མ་གཅིག་ ཡོད་དེ་དེའི་ཕྱིར་ནུས་པ་ཐ་དད་པ་མང་པོའི་ཚིག་གི་རྒྱུ་ཡིན་ནོ་ཞེ་ན། ཐམས་ཅད་དུ་ཞེས་བྱ་བ་ནི་ཤིང་ཞེས་བྱ་བ་ལ་སོགས་པ་གང་ལ་གཅིག་གི་ཚིག་ཏུ་འདོད་པ་ལ་ཡང་ངོ་། །དོན་ནུས་པ་གཅིག་པ་མེད་པའི་ཕྱིར་ཏེ་ཐམས་ཅད་ཀྱི་ནུས་པ་དུ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་ གཅིག་ལ་གཅིག་གི་ཚིག་ཡིན་ནོ་ཞེས་བྱ་བའི་འབད་པ་འདི་ཡང་དོན་མེད་པར་འགྱུར་རོ། །གལ་ཏེ་ནུས་པ་ཐ་དད་ཀྱང་དངོས་པོ་ཐ་མི་དད་པའི་ཕྱིར་ནུས་པའི་རྟེན་ཐ་མི་དད་པའི་ཕྱིར་གཞན་ལ་ཞེས་བྱ་བ་གཅིག་གི་ཚིག་གི་ཡུལ་ཤིང་ཞེས་བྱ་བ་དང་རས་ཡུག་ཅེས་བྱ་བ་ལ་སོགས་ པ་ལ་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། བཙུན་མོ་རྣམས་ཞེས་བྱ་བ་ལ་སོགས་པ་འདི་ལ་ཡང་གཅིག་གི་ཚིག་ཏུ་འགྱུར་ཏེ་བུད་མེད་གཅིག་ལ་དངོས་པོ་ཐ་དད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྒྲ་འཇུག་པའི་བྱེ་བྲག་དངོས་པོའི་རྟེན་ཅན་ནམ་ནུས་པའི་རྟེན་ ཅན་མ་ཡིན་པ་དེའི་ཕྱིར་སྒྲ་འཇུག་པའི་ངེས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་ལ་བརྟེན་པ་མ་ཡིན་པ་འདི་བྱེད་པ་ན་སྒྲ་སྦྱོར་བ་ལ་སྐྱེས་བུའི་འདོད་པ་རང་དབང་ཅན་དུ་སྟོན་པ་ཡིན་ནོ། །གལ་ཏེ་གྲོང་ཁྱེར་དྲུག་པོ་དག་ལ་སྡུད་པ་ཞེས་བྱ་བ་བྱ་བའི་བདག་ཉིད་དམ་ཡོན་ཏན་གྱི་བདག་ཉིད་གཅིག་ཅིག་ ཡོད་དེ་དེས་ན་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། གྲོང་ཁྱེར་ཉིད་ཀྱང་ཆུང་ཀྱང་མེད་ན་ཞེས་བྱ་བ་སྨོས་ཏེ། གྲོང་ཁྱེར་ཞེས་བྱ་བ་ཡན་ལག་ཅན་གྱི་རྫས་ཁས་མི་ལེན་པའི་ཕྱིར་གྲོང་ཁྱེར་དེ་རྣམས་ལ་དེ་སྐད་དུ་བརྗོད་པར་འགྱུར་བ་བྱ་བའི་བདག་ཉིད་དམ་ཡོན་ཏན་གྱི་བདག་ཉིད་ཀྱི་སྡུད་པ་ ལྟ་ཅི་ཞིག་ག་ལ་ཡོད་དེ་བྱ་བ་དང་ཡོན་ཏན་གྱི་རྫས་ལ་བརྟེན་པའི་ཕྱིར་རོ། །ཅི་སྟེ་རྫས་མ་ཡིན་ཞེ་ན། ཁང་བཟངས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོང་ཁྱེར་ན་ཁང་བཟངས་ལ་སོགས་པའི་སྤྱི་ཡིན་ན་ཁང་བཟངས་ལ་སོགས་པ་རིགས་མི་མཐུན་པ་རྣམས་ཀྱིས་ཀྱང་ རྫས་རྩོམ་པར་ཁས་མི་ལེན་པའི་ཕྱིར་རོ་དེ་རྣམས་ཀྱི་སྤྱི་ལྟ་ཞིག་ཁང་བཟངས་ལ་སོགས་པའི་སྤྱི་གྲོང་ཁྱེར་ལྟ་ཞིག་རྫས་ཡིན་པར་ག་ལ་འགྱུར། ཁང་བཟངས་དང་རྟ་བབས་དང་སྐྱེས་བུ་ལ་སོགས་པ་ཇི་ཙམ་གྱི་སྤྱི་ལ་གྲོང་ཁྱེར་དུ་འདོད་པ། ཁང་བཟངས་ལ་སོགས་པ་དེ་དག་རིལ་ ལ་ལྡན་པ་མེད་པའི་ཡང་ཕྱིར་གྲོང་ཁྱེར་རྫས་མ་ཡིན་ཏེ། ལྡན་པ་གྲོགས་བྱེད་པའི་རྫས་རྣམས་རྫས་རྩོམ་པར་བྱེད་པ་ཉིད་ཡིན་པར་འདོད་ན་ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་བྲལ་བ་རྣམས་ལ་ནི་གང་གིས་ན་ཁང་བཟངས་ལ་སོགས་པ་སྤྱིའི་གྲོང་ཁྱེར་རྫས་ཡིན་པར་འགྱུར་བ་ལྡན་པ་ ནི་མེད་དོ། །གལ་ཏེ་ཁང་བཟངས་ལ་སོགས་པ་རིལ་ལ་ལྡན་པ་མེད་དུ་ཟིན་ཀྱང་གྲོང་ཁྱེར་ནི་ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་གང་དག་ལ་ཕན་ཚུན་ལྡན་པ་ཡོད་པ་དེ་དག་གིས་ལྡན་པའི་བདག་ཉིད་ཡིན་པར་འགྱུར་བས་དེ་ལྟ་ན་ཡང་གྲོང་ཁྱེར་རྫས་ཉིད་དུ་གྲུབ་སྟེ་ལྡན་པ་ནི་ཡོན་ ཏན་གྱི་དངོས་པོ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་ན་དེའི་ཕྱིར་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་ཁྱེར་ནི་ལྡན་པའི་ངོ་བོ་ཉིད་མ་ཡིན་ཏེ་འདི་ལྟར་ཤིང་དང་སོ་ཕག་ལ་སོགས་པ་རིགས་མི་མཐུན་པ་རྣམས་ཀྱིས་འབྲས་བུའི་རྫས་མི་རྩོམ་པའི་ཕྱིར་རོ། །ཁང་བཟངས་ ཀྱང་རྫས་ཀྱི་བདག་ཉིད་ནི་མ་ཡིན་ཏེ་འོན་ཀྱང་ལྡན་པའི་ངོ་བོ་ཉིད་ཡིན་པར་འདོད་དོ། །ལྡན་པ་ཡང་ཡོན་ཏན་རྣམས་ཡོན་ཏན་མེད་པ་ཡིན་པས་ཁང་བཟངས་ལ་གང་གིས་ནི་དེའི་ལྡན་པའི་བདག་ཉིད་གྲོང་ཁྱེར་ཡིན་པར་འགྱུར་བ་ལྡན་པ་ལྟ་ཞིག་ཡོད་རེ་སྐན། དེ་ཉིད་ཁང་བཟངས་རང་ཉིད་ ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། གཞན་དང་ཞེས་བྱ་བ་དོན་གཞན་མི་ལྡན་པའི་ཡང་ཕྱིར་ལྡན་པ་གྲོང་ཁྱེར་མ་ཡིན་ནོ། །ཡང་ཞེས་སྨོས་པས་ནི་ཁང་བཟངས་ལ་སོགས་པ་བྲལ་བ་རྣམས་ལ་ལྡན་པ་མེད་པ་བསྟན་མ་ཐག་པའི་ཡང་ཕྱིར་ལྡན་པ་གྲོང་ཁྱེར་མ་ཡིན་ནོ་ཞེས་བྱ་བ་འདི་ སྡུད་དེ་དེ་ལྟར་ན་ཁང་བཟངས་ལ་སོགས་པ་ལ་ཡང་ལྡན་པ་མེད་པས་གྲོང་ཁྱེར་ལྡན་པའི་ངོ་བོ་ཉིད་ཡིན་པ་བསལ་བ་ཡིན་ནོ། །གལ་ཏེ་གྲོང་ཁྱེར་ནི་ཁང་བཟངས་ལ་སོགས་པའི་གྲངས་གང་ཡིན་པ་དེའི་བདག་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་གྲངས་ཀྱང་མེད་དོ་ཞེས་བྱ་ བ་སྨོས་ཏེ། གང་གི་ཕྱིར་ཁང་བཟངས་ལྡན་པའི་བདག་ཉིད་ཡིན་པ་རྒྱུ་དེའི་ཕྱིར་ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་ཁང་བཟངས་ལ་གྲངས་ཀྱང་མེད་དེ། གྲངས་ཀྱང་ཡོན་ཏན་གྱི་ངོ་བོ་ཉིད་ཡིན་ནོ། །འདི་ནི་ལྡན་པ་ཡང་ཡིན་ལ་དེ་ཡང་ཡིན་པས་ལྡན་པ་དེ་སྟེ་ཁང་ བཟངས་ཀྱི་བདག་ཉིད་ཀྱི་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གྲོང་ཁྱེར་ནི་ལྡན་པ་དེ་དང་སྐྱེས་བུ་དག་གིས་ཁྱད་པར་དུ་བྱས་པའི་ཡོད་པ་ཡིན་ནོ་ཞེ་ན། གཅིག་པ་ཉིད་ཡིན་པའི་ཕྱིར་དང་རྟག་པ་ཡིན་པའི་ཕྱིར་ཡོད་པ་བོགས་དབྱུང་དུ་མེད་པ་འདི་ལ་ཁྱད་པར་ཅི་ཞིག་ཡོད་ ཁང་བཟངས་དང་སྐྱེས་བུ་ལ་སོགས་པས་ནི་ཡོད་པ་ཁྱད་པར་དུ་མི་བྱེད་དོ་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཡོད་པ་ལ་ཁྱད་པར་མེད་པས་དེ་གྲོང་ཁྱེར་ཉིད་ཡིན་ན་ཐམས་ཅད་གྲོང་ཁྱེར་དུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ན། །ཡོད་པ་ཡང་གཅིག་ ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡོད་པ་ནི་རྫས་དང་ཡོན་ཏན་དང་ལས་དག་ལ་ཁྱབ་པ་གཅིག་པུ་ཁོ་ན་ཡིན་ནོ། །གྲོང་ཁྱེར་མང་པོ་ཉིད་ཡིན་ཡང་ཞེས་བྱ་བ་ནི་གྲོང་ཁྱེར་དུ་རྣམ་པར་གཞག་པའི་རྟེན་ཁང་བཟངས་ལ་སོགས་པའི་ཚོགས་རྣམས་མང་པོ་ཉིད་ཡིན་ཡང་ཞེས་ བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ཏེ་ཡོད་པའི་བདག་ཉིད་ཀྱི་གྲོང་ཁྱེར་གྱི་སྐབས་ཤིག་ཡིན་ན་ཇི་ལྟར་གྲོང་ཁྱེར་མང་པོ་ཉིད་དུ་འགྱུར། གལ་ཏེ་གཉིས་ཞེས་བྱ་བ་ནི་ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་དང་ཡོད་པ། ཕན་ཚུན་གྲོགས་བྱེད་པ་ཉིད་གྲོང་ཁྱེར་ཡིན་ནོ་ཞེ་ན་སྟེ། གཞན་ གྱི་བསམ་པ་ནི་དེ་ལྟ་བུ་ཡིན་ན་ཐམས་ཅད་ལ་ཁང་བཟངས་ལ་སོགས་པ་མེད་པའི་ཕྱིར་ཐམས་ཅད་ལ་གྲོང་ཁྱེར་གྱི་བློ་ཡང་མི་འབྱུང་ལ། ཁང་བཟངས་ལ་སོགས་པའི་ཕྱིར་མང་པོའི་ཚིག་ཀྱང་གྲུབ་པོ་སྙམ་པ་ཡིན་ནོ། །ཕན་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ་ཡོད་ པ་དང་ཁང་བཟངས་ཕན་པར་བྱ་བ་དང་ཕན་པར་བྱེད་པ་པོ་མ་ཡིན་པ་དག་ལ་གྲོགས་བྱེད་པའི་དངོས་པོ་ཅི་ཞིག་ཡོད། འདི་ལྟར་གྲོགས་བྱེད་པའི་དོན་ནི་རྣམ་པ་གཉིས་ཏེ་ཕན་ཚུན་བོགས་འབྱིན་པར་བྱེད་པས་རྒྱུད་ལ་སྐད་ཅིག་མ་ཁྱད་པར་ཅན་བསྐྱེད་པའི་མཚན་ཉིད་དང་རང་གི་རྒྱུ་སྔ་མའི་ནུས་ པ་ཁོ་ན་ལས་བྱུང་བ་རྣམས་འབྲས་བུ་གཅིག་བྱེད་པའི་མཚན་ཉིད་དོ། །དེ་ལ་རེ་ཞིག་སྔ་མ་ནི་མ་ཡིན་ཏེ་ཡོད་པ་ལ་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ་འདི་ལྟར་ཇི་ལྟར་ཡོད་པ་འབའ་ཞིག་གིས་གྲོང་ཁྱེར་གྱི་བློ་བསྐྱེད་པར་མི་ནུས་པ་ལྟར་ཁང་བཟངས་ལ་ སོགས་པ་གྲོགས་བྱེད་པས་ཀྱང་དེ་དང་འདྲའོ། །འོན་ཏེ་ནུས་ན་ནི་འབའ་ཞིག་གིས་ཀྱང་བསྐྱེད་པར་འགྱུར་རོ། །ཡང་གལ་ཏེ་དེ་གཉིས་ཕན་ཚུན་གྲོགས་བྱེད་པ་ཉིད་གྲོང་ཁྱེར་ཡིན་ན་དེའི་ཚེ་གྲོང་ཁྱེར་གཅིག་པུ་ཡང་དུ་མའི་བདག་ཉིད་དུ་འགྱུར་ཏེ། ཁང་བཟངས་ལ་སོགས་ པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སྐྱེས་བུ་དང་ལྡན་པ་དང་ཡོད་པ་རྣམས་ཀྱང་མེད་པའི་ཕྱིར། གྲོང་ཁྱེར་ཞེས་བྱ་བ་གཅིག་པུའི་ཚིག་ཏུ་མི་འགྱུར་རོ། །ལྡན་པ་ཞེས་བྱ་བའི་སྒྲས་ནི་ཁང་བཟངས་ཀྱི་བདག་ཉིད་ཀྱི་ལྡན་པ་བསྟན་ཏོ། །གལ་ཏེ་དེ་ལྟ་བུ་རྣམས་ ཞེས་བྱ་བ་ནི་སྐྱེས་བུ་དང་ལྡན་པ་དང་ཡོད་པ་ཕན་ཚུན་གྲོགས་བྱེད་པ་རྣམས་སོ། །དོན་འགའ་ཞིག་ལ་ཞེས་བྱ་བ་ནི་གྲོང་ཁྱེར་ཞེས་བྱ་བའི་ཤེས་པ་དང་སྒྲ་བསྒྲུབ་པར་བྱ་བ་ལ་སྟེ། ནུས་པ་ཐ་མི་དད་པ་གཅིག་ཡོད་པས་སོ། །དེ་ཞེས་བྱ་བ་ནི་ནུས་པ་ཐ་མི་དད་པས་ཏེ། དེ་གཅིག་གི་ ཚིག་གི་རྒྱུ་མཚན་ཡིན་ནོ་ཞེ་ན། མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ནུས་པ་ནི་དངོས་པོའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་ཏེ། སྐྱེས་བུ་ལ་སོགས་པའི་དངོས་པོའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་དེ་དག་དང་འདྲ་བར་དུ་མ་ཉིད་ཡིན་པས་དེའི་རྟེན་ཅན་གྱི་གཅིག་གི་ཚིག་ཏུ་ལྟ་ག་ལ་འགྱུར། འོན་ཏེ་ ནུས་པ་དངོས་པོའི་ངོ་བོ་ལས་ཐ་དད་པར་ཁས་ལེན་ན་ནི་ནུས་པའི་ངོ་བོ་སྐྱེས་བུ་དང་ལྡན་པའི་ངོ་བོ་དང་ཡོད་པ་རྣམས་ཀྱི་ཕན་པར་བྱ་བ་མ་ཡིན་པ་ལ་སྐྱེས་བུ་ལ་སོགས་པའི་གཞན་གྱི་དབང་དུ་མི་འགྱུར་ཏེ། དེས་ན་སྐྱེས་བུ་ལ་སོགས་པའི་ནུས་པའོ་ཞེས་འབྲེལ་པར་མི་འགྱུར་རོ་སྙམ་དུ་ བསམས་པ་ཡིན་ནོ། །འོན་ཏེ་ནུས་པ་ཐ་དད་པ་ལ་ཡང་སྐྱེས་བུ་ལ་སོགས་པའི་གཞན་གྱི་དབང་གྲུབ་པར་བྱ་བའི་ཕྱིར་སྐྱེས་བུ་ལ་སོགས་པས་བྱས་པའི་ཕན་པ་འདོད་ན་ནི་དེའི་ཚེ་ནུས་པ་ལ་སྐྱེས་བུ་ལ་སོགས་པས་བྱས་པའི་ཕན་པ་འདོད་ན་ནི་སྐྱེས་བུ་ལ་སོགས་པས་ནུས་པ་གང་གི་ནུས་པ་དང་པོ་ ལ་ཕན་འདོགས་པར་བྱེད་པ་ནུས་པ་དང་པོ་ལ་ཕན་འདོགས་པའི་ནུས་པ་ཡང་ནུས་པ་དང་པོ་བཞིན་དུ་ཐ་དད་དེ། ནུས་པ་ལ་ཕན་འདོགས་པའི་ནུས་པ་ཡང་ཐ་དད་ཐ་དད་ན་ནི་དེ་ཁོ་ན་བཞིན་དུ་སྐྱེས་བུ་ལ་སོགས་པས་ཕན་མི་འདོགས་པའི་ཕྱིར་འབྲེལ་པ་མེད་པས་དེ་ལ་ཕན་འདོགས་པར་རྟོག་ན་ནི་ ནུས་པ་ཐ་དད་པས་གཞན་ཞིག་ཏུ་འགྱུར་བས། ཐུག་པ་མེད་པའི་ཕྱིར་ནམ་ཡང་སྐྱེས་བུ་ལ་སོགས་པས་བདག་ཉིད་དུ་གྱུར་པའི་ནུས་པས་ནུས་པ་དང་པོ་ལ་ཕན་འདོགས་པར་མི་བྱེད་པས་སྐྱེས་བུ་ལ་སོགས་པའི་དེ་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་རྟོགས་པ་མེད་དོ། །གལ་ཏེ་ནུས་པ་དང་པོ་ ཁོ་ན་ཐ་དད་ཀྱི་དེ་ལ་ཕན་འདོགས་པར་ནི་ཐ་མི་དད་དོ་ཞེ་ན་དེའི་ཕྱིར་འོན་ཏེ་དེ་དང་ཐ་མི་དད་ན་ནི་ཞེས་བྱ་བ་སྨོས་ཏེ། འོན་ཏེ་ནུས་པ་ལ་ཕན་འདོགས་པའི་ནུས་པ་དེ་ཐ་མི་དད་ན་ནི་ནུས་པ་དང་པོ་གཅིག་གི་ཚིག་རྒྱུ་ཉིད་དུ་འདོད་པ་ལ་ཡང་ཐ་མི་དད་པར་ཐལ་བར་འགྱུར་རོ། །ཐ་མི་དད་པའི་ཕྱིར་དངོས་པོ་ དང་འདྲ་བ་ཁོ་ནར་མང་པོ་ཡིན་པས་མང་པོའི་ཚིག་ཏུ་ཐལ་བར་འགྱུར་བ་སོ་ན་འདུག་པའི་ཕྱིར་ནུས་པར་ཡོངས་སུ་རྟོག་པ་དེ་ནི་གྱི་ནའོ། །ནམ་མཁའི་རང་བཞིན་ཞེས་ཐ་དད་པའི་རྟེན་ཅན་གྱི་དྲུག་པར་ཡང་མི་འགྱུར་རོ། །དྲུག་པའི་རྒྱུ་ཡིན་པའི་ཕྱིར་དངོས་པོ་རྐྱེན་ ཀྱང་ཉེ་བར་གདགས་པའི་སྒོ་ནས་དྲུག་པའི་སྒྲ་བཤད་དེ། དེ་ན་མཁའ་ཉིད་ཅེས་དེ་ལ་ཕན་པ་ཐ་དད་པའི་རྟེན་ཅན་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་འདི་དོན་གཞན་ཡིན་ཏེ་ནམ་མཁའི་ངོ་བོ་ནི་ནམ་མཁའི་ཉིད་དོ་ཞེས་བྱ་བའི་བྱེ་བྲག་ཏུ་བཤད་པ་འདིས་དངོས་པོའི་རྐྱེན་འབྱུང་བ་ནི་ཐ་དད་པའི་རྟེན་ ཅན་ཉིད་ཡིན་ནོ། །ཡང་ན་མཁའ་ཉིད་ཅེས་ཐ་དད་པའི་རྟེན་ཅན་དུ་ཡང་མི་འགྱུར་ཏེ། དེ་ལ་ཕན་པ་འབྱུང་བར་ཞེས་བྱ་བ་ཁོ་ནས་དྲང་ངོ་། །ནམ་མཁའི་རང་བཞིན་ཞེས་དྲུག་པར་ཡང་མི་འགྱུར་ཞེས་ཅི་རིགས་པར་སྦྱར་བ་དང་ཚིག་ཀྱང་དབྱེ་བར་བྱ་སྟེ། ནམ་མཁའི་སྒྲས་བརྗོད་པར་བྱ་ བའི་དོན་ལས་གཞན་པ་རང་བཞིན་ནམ་ངོ་བོ་གང་ཞིག་གོ་རིམས་བཞིན་དུ་ཐ་དད་པའི་དྲུག་པ་དང་དེ་ལས་ཕན་པའི་རྒྱུར་འགྱུར་བ་ནི་མེད་དོ། །གལ་ཏེ་ནམ་མཁའི་ཉིད་ཅེས་བྱ་བ་སྤྱི་ཡོད་དོ་དེ་ནི་ཐ་དད་པའི་རྒྱུ་ཡིན་ནོ། །ཞེ་ན་དེ་ལ་སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་བདག་ ཉིད་ནི་གཅིག་པའི་ཕྱིར་ནམ་མཁའི་སྤྱི་མེད་དོ། །ནམ་མཁའི་ལ་ཡང་ཡོད་པ་ཉིད་དང་རྫས་ཉིད་ཡོད་མོད་ཀྱི་འོན་ཀྱང་དེ་དག་ནི་ནམ་མཁའི་རང་བཞིན་ནི་མ་ཡིན་ཏེ། བུམ་པ་དང་རས་ཡུག་ལ་སོགས་པ་དང་ཐུན་མོང་ཡིན་པའི་ཕྱིར་རོ། །ཡོད་པ་ཉིད་དང་རྫས་ཉིད་དག་ནི་ནམ་མཁའ་ཉིད་ ཅེས་བྱ་བ་འདི་ལྟར་དངོས་པོའི་རྐྱེན་གྱི་རྒྱུ་ཡང་མ་ཡིན་ཏེ་དེ་དག་ནི་ནམ་མཁའ་ཞེས་བརྗོད་པ་དང་། ཤེས་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དངོས་པོའི་རྐྱེན་རྒྱུ་ཡིན་པ་ནི་རང་དང་མཐུན་པའི་ཤེས་པ་དང་བརྗོད་པའི་རྒྱུ་ཡིན་ནོ། །ཁྱབ་པ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ཞེས་ བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཅིག་ཉིད་དང་གཞན་ཉིད་ལ་སོགས་པ་བསྡུའོ། །དེ་སྐད་དུ་བརྗོད་པ་ཞེས་བྱ་བ་ནི་ནམ་མཁའི་རང་བཞིན་ཞེས་བྱ་བར་རོ། །རྫས་ལས་དོན་གཞན་པ་ཁྱབ་པ་ཉིད་ལ་སོགས་པ་ཡོན་ཏན་ནི་དེའི་རང་བཞིན་ཡིན་པ་ཉིད་དུ་མི་རུང་བའི་ཕྱིར། ནམ་མཁའི་རང་བཞིན་ཡིན་པ་ཉིད་དུ་མི་རུང་བའི་ཕྱིར་ཏེ་དོན་གཞན་གྱི་ངོ་བོ་ཉིད་དོན་གཞན་དང་གཞན་ཡིན་པར་རིགས་པ་ནི་མ་ཡིན་ནོ། །ཡང་གལ་ཏེ་ཁྱབ་པ་ཉིད་ལ་སོགས་པ་ནམ་མཁའི་རང་བཞིན་ཡིན་ན་དེའི་ཚེ་ཁྱབ་པ་ཉིད་ལ་སོགས་པ་དེ་དག་ཀྱང་ནམ་མཁའི་རང་བཞིན་ཉིད་ཡིན་ ན་རང་བཞིན་མེད་པ་ཉིད་དུ་ཐལ་བའི་ཕྱིར་ཏེ་འདི་ལྟར་དེ་དག་གི་ཡོན་ཏན་གྱི་རང་བཞིན་གང་ཡིན་པ་དེ་ནི་ནམ་མཁའ་ཁོ་ནར་འགྱུར་གྱི་ངོ་བོ་ཉིད་གཞན་ནི་མེད་པས་ངོ་བོ་ཉིད་མེད་པར་འགྱུར་རོ། །དེ་དག་གི་ངོ་བོ་ཉིད་མེད་ན་ནི་ནམ་མཁའི་ངོ་བོ་ཉིད་ཐ་དད་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། ། གལ་ཏེ་ཁྱབ་པ་ཉིད་ལ་སོགས་པའི་རང་བཞིན་ཡང་དོན་གཞན་ཡིན་ནོ་ཞེ་ན་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་ཁྱབ་པ་ཉིད་ལ་སོགས་པ་སྟེ། གང་ལ་རང་བཞིན་དོན་གཞན་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ ནི་ཁྱབ་པ་ཉིད་ལ་སོགས་པའི་རང་བཞིན་ཉིད་དུ་འདོད་པ་དོན་ཐ་དད་པ་གང་ཡིན་པ་དེའི་རང་བཞིན་ཡང་དོན་གཞན་དུ་འགྱུར་བ་སྟེ་དེ་ལྟ་མ་ཡིན་ན་དེ་ཡང་ཁྱབ་པ་ཉིད་ལ་སོགས་པ་ལས་ཐ་མི་དད་པའི་ཕྱིར་དེ་དག་ཁོ་ན་དང་འདྲ་བར་རང་བཞིན་མེད་པར་འགྱུར་རོ། །དེ་ལྟ་ན་ཡང་རང་བཞིན་གཞན་དང་གཞན་ ཡོངས་སུ་ཚོལ་བས་ཐུག་པ་མེད་པའི་ཕྱིར་རང་བཞིན་རྟིང་ཚུགས་པ་གཅིག་ཀྱང་མེད་པས་ནམ་མཁའི་རང་བཞིན་དང་པོ་རྟོགས་པ་མེད་དེ་དེའི་ཕྱིར་དེ་ཉིད་ཐ་དད་པ་མེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་དྲུག་པོ་རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང་ཁྱད་པར་དང་ འདུ་བ་རྣམས་ཀྱི་ཚོགས་དང་། སོགས་པ་ཞེས་བྱ་བའི་སྒྲས་ཁང་བཟངས་ལ་སོགས་པའི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཐ་དད་པ་མེད་ན་ཇི་ལྟར་དྲུག་པར་འགྱུར་ཞེས་བརྗོད་པར་བྱའོ། །དངོས་པོ་དྲུག་པོ་དེ་ལ་ཚོགས་ཀྱི་སྒྲས་བརྗོད་པར་བྱ་བ་གང་ཡིན་པ་སྤྱི་ནི་མེད་དེ་ རྫས་དང་ཡོན་ཏན་དང་ལས་རྣམས་ཁོ་ན་ལ་སྤྱི་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་དུ་གྲངས་དང་ལྡན་པ་ཡང་མི་སྲིད་དེ་དེ་གཉིས་ནི་ཡོན་ཏན་གྱི་དངོས་པོ་ཡིན་པ་ཉིད་ཀྱིས་རྫས་ཁོ་ན་ལ་ཡོད་པའི་ཕྱིར་རོ། །གཞན་གྱིས་ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་ཞེས་བྱ་བ་ནི་ རང་བཞིན་དོན་གཞན་ཡིན་པར་ཁས་མི་ལེན་པའོ། །ནམ་མཁའ་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་དང་། རང་བཞིན་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བའི་དོན་ལ་ཁྱད་པར་མེད་ན་ཇི་ལྟར་ནམ་མཁའ་རང་བཞིན་ཞེས་ཐ་དད་པར་སྟོན་གྱི་ནམ་མཁའ་ཞེས་བྱ་བ་ཁོ་ན་ནི་མ་ཡིན་ ཏེ། ཐ་དད་པའི་རྒྱུ་མེད་པའི་ཕྱིར་ཐ་མི་དད་པ་ཁོ་ནར་བསྟན་པའི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁའི་དོན་གཞན་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའི་སྒྲས་བརྗོད་པར་བྱ་བའི་དོན་གྱིའོ། །ས་ལ་སོགས་པའི་ དོན་གཞན་དང་ཐུན་མོང་བའི་ངོ་བོ་མ་ཟིན་པའི་ཁྱད་པར་གང་ཡིན་པ་དེ་ལ་མི་ལྟོས་པར་བོར་ཏེ་ནམ་མཁའ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུའི་ངོ་བོ་རྫས་གཞན་དང་ཐུན་མོང་མ་ཡིན་པ་དེ་ལྟ་བུར་ཤེས་པར་འདོད་པ་ལ་དོན་གཞན་གྱི་ངོ་བོ་དང་མ་འབྲེལ་པ་ཤེས་པར་འདོད་པ་ལ་ཅི་ནས་ཀྱང་ནམ་ མཁའི་རང་བཞིན་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ནམ་མཁའི་རང་བཞིན་ཞེས་བྱ་བ་དང་། དེ་བཞིན་དུ་མཁའ་ཉིད་ཅེས་དེ་སྐད་དུ་བརྗོད་དོ། །འདི་སྐད་དུ་ནམ་མཁའི་རང་བཞིན་སྟོན་པར་བྱེད་པ་ན་རང་བཞིན་གྱི་སྒྲས་རང་བཞིན་མ་ཡིན་པ་ལས་ལོག་པ་ཙམ་གྱི་སྟོན་ པར་བྱེད་ཀྱི་རང་བཞིན་གཞན་སྤངས་ཏེ་དེ་ནི་མ་ཡིན་ནོ། །མཁའ་ཉིད་ཅེས་བྱ་བའི་སྒྲས་ནི་དེ་ཉིད་ངོ་བོ་གཞན་སྤངས་ནས་སྟོན་པར་བྱེད་དོ། །དེ་བས་ན་རང་བཞིན་གཞན་སྤོང་བ་དང་མི་སྤོང་བའི་ཁྱད་པར་གྱི་བག་ཙམ་གྱིས་ནམ་མཁའི་རང་བཞིན་ཞེས་ཐ་དད་པར་སྟོན་ཏོ་ཞེས་བཤད་པ་ཡིན་ ནོ། །གཞན་གྱིས་འདི་སྙམ་དུ་དོན་གཞན་དང་ཐུན་མོང་བའི་ངོ་བོ་ལ་མི་ལྟོས་པར་ནམ་མཁའ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུའི་ངོ་བོ་ལ་ཞེས་དེ་སྐད་དུ་སྨྲས་པས་ནི་རང་གི་མཚན་ཉིད་ཁོ་ནར་བརྗོད་པར་བྱ་བ་ཡིན་པར་སྨྲས་སོ་སྙམ་དུ་བསམས་ནས་ཐམས་ཅད་ལས་ལྡོག་པའི་ཞེས་བྱ་བ་ལ་ སོགས་པ་སྨྲས་སོ། །གྲུབ་པའི་མཐའ་སྨྲ་བས་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨས་ཏེ། ཐམས་ཅད་ཉིད་ལས་ལོག་པའི་ངོ་བོ་རང་གི་མཚན་ཉིད་ཀྱི་བདག་ཉིད་གང་ཡིན་པ་དེ་ཉིད་སྒྲས་བསླང་བའི་བློ་ལ་སྒྲ་རྣམས་ཀྱི་འཇོག་པ་ནི་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ ཞེ་ན། རང་གི་མཚན་ཉིད་དེའི་དབང་པོའི་བློ་ལ་ཇི་ལྟ་བ་བཞིན་དུ་སྒྲའི་ཤེས་པ་ལ་ཡང་སྣང་ན་ནི་དབང་པོས་མི་སོད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ་མངོན་སུམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འོ་ན་སྒྲས་ཅི་ཞིག་བྱེད་ཅེ་ན། འདི་ནི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་སྟོན་པ་པོའོ། །སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་ལ་གཅིག་པ་ཉིད་དུ་ཞེན་པས་བསླུས་པ་ནི་ཐུན་མོང་མ་ཡིན་པའི་དོན་དེ་ལྟ་བུ་ཤེས་པར་བྱའོ་སྙམ་དུ་དེ་ལྟར་སེམས་ཤིང་སྒྲ་རྒྱུར་གྱུར་པས་ཉན་པ་པོ་ལ་རྣམ་པར་རྟོག་པ་གང་ཡིན་ པ་དེའི་གཟུགས་བརྙན་རྣམ་པར་གཏོད་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ཅི་ལྟ་བུ་ཞིག་ཅེ་ན། དེའི་རང་གི་ངོ་བོ་དང་མ་འབྲེལ་པ་སྟེ་དངོས་པོའི་ངོ་བོ་མ་བཟུང་ངོ་། །འདི་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་བཞེད་དོ་ཞེས་བྱ་བར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། དོན་མ་མཐོང་བ་མཐོ་རིས་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་པ་ལ་ནི་ཉན་པ་པོ་ལ་དོན་གྱི་རྣམ་པར་རྟོག་པ་ཙམ་འབྱུང་གི་དངོས་པོ་ལ་རེག་པ་ནི་མ་ཡིན་ནོ། །དོན་མཐོང་བ་ལ་ཡང་རྣམ་པར་རྟོག་པ་ཙམ་ཡིན་མོད་ཀྱི་དོན་མཐོང་བའི་བརྡའི་དུས་ན་ཉམས་སུ་མྱོང་བའི་ཕྱིར་ཐ་སྙད་ འདོགས་པའི་དུས་ན་རང་གི་མཚན་ཉིད་ལ་ཞེན་པ་འབྱུང་ཡང་དོན་མ་མཐོང་བའི་སྒྲ་ལ་ནི་དེ་ཡང་མེད་པས་དེའི་ཕྱིར་དོན་མཐོང་བ་སྨོས་པ་འབའ་ཞིག་ཏུ་ཟད་དོ། །སྒྲས་ཉན་པ་པོ་ལ་རྣམ་པར་རྟོག་པའི་གཟུགས་བརྙན་བསྐྱེད་པ་དེ་ལྟར་ན་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པ་དག་གིས་གོ་ རིམས་བཞིན་དུ་རང་གི་མཚན་ཉིད་རྟོགས་པ་དང་བསྟན་པ་ནི་མ་ཡིན་ནོ། །གལ་ཏེ་སྒྲས་རང་གི་མཚན་ཉིད་རྟོགས་པར་འགྱུར་ན་ནི་དེའི་ཚེ་མཐོ་རིས་ཞེས་བྱ་བ་ལ་སོགས་པའི་སྒྲས་ཐོས་པ་ལ་ཡང་དེ་ཉམས་སུ་མྱོང་བ་དག་དང་འདྲ་བར་མཐོ་རིས་ལ་སོགས་པ་མངོན་སུམ་དུ་མྱོང་བ་དང་འདྲ་བར་ སྣང་བ་ཐ་དད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ་ཉན་པ་པོས་ཀྱང་མཐོ་རིས་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་རྣམ་པར་རྟོག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་སྒྲ་ལས་རང་གི་མཚན་ཉིད་མི་རྟོགས་པ་དེའི་ཕྱིར་ཉན་པ་པོ་འདིས་སྒྲ་ལས་དངོས་པོའི་རང་གི་ངོ་ བོ་མ་རྟགས་སུ་ཟིན་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ལྟ་བུ་ཁོ་ན་ལ་དངོས་པོའི་རང་གི་ངོ་བོ་དང་མ་འབྲེལ་པ་ཁོ་ན་ལ་དེར་ལྷག་པར་ཞེན་པས། རང་གི་མཚན་ཉིད་དུ་ལྷག་པར་ཞེན་པས་བདག་གིས་རང་གི་མཚན་ཉིད་ཁོ་ན་རྟོགས་སོ་ཞེས་མགུ་བར་འགྱུར་རོ། ། ཅིའི་ཕྱིར་ཞེ་ན། སྒྲའི་དོན་རྟོགས་པ་ནི་དེ་ལྟ་བུ་ཁོ་ན་ཡིན་པའི་ཕྱིར་ཏེ་རང་གི་མཚན་ཉིད་མ་བཟུང་ཡང་རང་གི་མཚན་ཉིད་དུ་ལྷག་པར་ཞེན་པའི་མཚན་ཉིད་ངོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རང་གི་མཚན་ཉིད་དུ་ལྷག་པར་ཞེན་པས་སྒྲའི་དོན་རྟོགས་པ་ཡིན་པ་དེས་ན་སྒྲས་རང་གི་ མཚན་ཉིད་བསྟན་ཏོ་ཞེས་དེ་སྐད་དུ་བརྗོད་དེ་དོན་གཞན་དང་ཐུན་མོང་བའི་ངོ་བོ་ལ་མི་ལྟོས་པར་ནམ་མཁའ་ཞེས་བྱ་བའི་སྒྲས་འཇུག་པའི་རྒྱུ་ཐུན་མོང་མ་ཡིན་པའི་ངོ་བོ་ལ་དེ་སྐད་དུ་བརྗོད་དོ་ཞེས་སྨོས་པའི་ཕྱིར་རོ། །རང་གི་ངོ་བོ་སྣང་བའི་རྣམ་པར་ཤེས་པ་ཁོ་ན་བསྐྱེད་པའི་ཕྱིར། རང་གི་ མཚན་ཉིད་བསྟན་ཏོ་ཞེས་བརྗོད་པ་ནི་མ་ཡིན་ནོ། །གཞན་གྱིས་ད་ནི་འོ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་དག་ལ་གཅིག་ཏུ་ལོག་པའི་ངོ་བོ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དངོས་པོ་དེ་དག་མ་འབྲེལ་པའི་ཕྱིར་ཏེ། གཞན་ཡང་ཞེས་བྱ་བ་ནི་དངོས་པོ་དག་ལ་མ་གཏོགས་ པའི་སྤྱིའོ། །གྲུབ་པའི་མཐའ་སྨྲ་བས་སྤྱི་ཇི་ལྟ་བུ་ཡིན་པ་ནི་བཤད་ཟིན་ཏེ་ཞེས་བྱ་བ་སྨོས་སོ། །ཇི་ལྟ་བུ་ཞིག་ཡིན་པར་བཤད་ཅེ་ན་མ་འདྲེས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འདྲེས་པ་ཕན་ཚུན་ལོག་པ་རྣམས་ཀྱི་ཅིག་ཤོས་རིགས་མི་མཐུན་པ་དང་འབྲེལ་ པ་ནི་དཔེར་ན་བ་ལང་གི་གསལ་བ་རྣམས་ཀྱི་རྟ་དང་འབྲེལ་པ་ལྟ་བུའོ། །མ་འབྲེལ་པ་དེ་ཉིད་དེ་ལས་ལོག་པ་ཅན་རྣམས་ཀྱི་རྟ་དེ་ལས་ལོག་པ་ཅན་བ་ལང་གི་ཁྱད་པར་རྣམས་ཀྱིས་འདྲ་བ་ཉིད་ཡིན་ཞིང་རྟ་མ་ཡིན་པ་ཉིད་ཡིན་ཏེ། སྤྱི་གཞན་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། ། འདི་སྐད་དུ་རང་གི་མཚན་ཉིད་ནི་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལོག་པ་དག་ཡིན་མོད་ཀྱི་འོན་ཀྱང་རིགས་མི་མཐུན་པ་ལས་ལོག་པའི་ངོ་བོར་བལྟས་པ་རྣམས་ལ་སྤྱི་ཞེས་ཉེ་བར་བཏགས་ཏེ་ཐམས་ཅད་རིགས་མི་མཐུན་པ་ལས་ལོག་པའི་ཕྱིར་རོ། །དེ་ཡང་། མཐུན་ དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་དེ་ནི་རྟེན་པ་ཅན། །ཞེས་བྱ་བར་གཞན་གྱི་དངོས་པོ་ལ་ལོག་པ་བསྙད་པས་བཤད་ཟིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་རང་གི་མཚན་ཉིད་དག་ཁོ་ན་ལ་རྣམ་གྲངས་གཞན་གྱི་སྤྱི་ཞེས་ཉེ་བར་གདགས་སོ་ ཞེས་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་རང་བཞིན་གྱི་རྣམ་པ་གཅིག་ཏུ་སྣང་བའི་རྒྱུར་གྱུར་པའི་དངོས་པོ་རྣམས་ལ་བརྟེན་ནས་རྣམ་པར་རྟོག་པའི་བློ་རྣམ་པ་གཅིག་པ་ཅན་སྐྱེ་བ་ན་རྣམ་པ་གཅིག་པ་འདི་དངོས་རྣམས་ལ་སྒྲོ་འདོགས་པར་བྱེད་པར་བློའི་རྣམ་པར་སྒྲ་འཇུག་པའི་ ཡན་ལག་ཏུ་གྱུར་པ་དེ་ཁོ་ན་སྤྱི་ཡིན་ནོ། །དེ་ཉིད་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཐ་དད་པ་དངོས་རྣམས་ལ་བརྟེན་ནས་ཞེས་བྱ་བ་ནི་ལོག་པ་རང་གི་མཚན་ཉིད་རྣམས་ལ་བརྟེན་ནས་བློ་དོན་གཅིག་ཏུ་སྣང་བ་ཅན་སྐྱེ་བ། གང་གིས་རང་གི་ངོ་བོ་ཡིས། རང་ སྣང་བས་གཞན་གྱི་ངོ་བོ་ལོག་པ་རང་གི་མཚན་ཉིད་སྒྲིབ་པར་བྱེད་ཅིང་འགེགས་པར་བྱེད་པའོ། །དེས་ཞེས་བྱ་བ་ནི་བློས་སོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་གིས་ཤེ་ན་ཀུན་རྫོབ་ཀྱིས་ཏེ་འདིས་རང་གི་མཚན་ཉིད་སྒྲིབ་པར་བྱེད་པས་སོ། །བདག་ཉིད་ཀྱིས་ཐ་དད་པ་ཡིན་ཡང་ཐ་ དད་པ་བསྒྲིབས་ཤིང་ཐ་དད་པ་ཉིད་བཀབ་པ་རྣམས་ངོ་བོ་རིགས་མི་མཐུན་པ་ལས་ལྡོག་པར་ཉེ་བར་བཏགས་པ་བ་ལང་ཉིད་ལ་སོགས་པའི་ངོ་བོ་འབའ་ཞིག་གིས། ཐ་དད་པ་མིན་ཞིང་འདྲེས་པ་ལྟ་བུར་སྣང་ངོ་། །བློ་དེ་ལ་བསམ་པའི་དབང་གིས་ན་རྣམ་པ་གཅིག་ཏུ་སྒྲོ་འདོགས་པའི་དབང་ གིས་ནི་སྤྱི་ཡོད་དོ་ཞེས་བྱ་བར་རབ་ཏུ་བསྒྲགས་ཏེ། བློས་བཏགས་པའི་རྣམ་པ་ཁོ་ན་ལ་སྤྱི་ཞེས་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བློ་དེས་ཇི་ལྟར་ཀུན་བཏགས་པ་སྒྲོ་བཏགས་པ་དེ་ལྟར་སྤྱི། དེ་ནི་དམ་པའི་དོན་དུ་མེད། །རྣམ་པར་རྟོག་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ འཆད་དེ། རྣམ་པར་རྟོག་པ་ཅན་ཞེས་བྱ་བ་ནི་བློ་ཞེས་བྱ་བ་འདི་དང་སྦྱར་རོ། །གང་རྣམས་ལ་རིགས་མཐུན་པ་དེ་དག་ལས་གཞན་པ་དེ་ལས་ལྡོག་པ་དེ་ཡོད་པའི་དེ་རྣམས་ནི་དེ་དག་ལས་གཞན་པ་ལས་ལྡོག་པ་ཅན་ཏེ། རིགས་མི་མཐུན་པ་ལས་ལྡོག་པ་རྣམས་ཞེས་བྱ་ བའི་ཐ་ཚིག་གོ།། །།བམ་པོ་དགུ་པ། རང་གི་བག་ཆགས་ཀྱི་རང་བཞིན་ནི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་གི་ངོ་བོ་སྟེ་ཐ་དད་པ་དག་ལས་ཡང་ཐ་མི་དད་པའི་ཤེས་པ་བསྐྱེད་པའི་མཐུའོ། །དེའི་རྗེས་སུ་བྱེད་པ་ནི་མཐུན་པར་བྱེད་པ་སྟེ་གལ་ ཏེ་ཐ་དད་པ་དག་ལ་ཡང་རྣམ་པ་གཅིག་པ་ཅན་སྐྱེ་ན་དེ་ལྟ་ན་དེས་རང་གི་རྒྱུ་དང་མཐུན་པར་བྱས་པ་ཡིན་ནོ། །དེ་དག་གི་ཞེས་བྱ་བ་ནི་དངོས་པོ་དག་གིའོ། །ཞེན་པར་བྱས་ཏེ་ཞེས་བྱ་བ་ནི་འདི་ནི་དངོས་པོ་རྣམས་ཁོ་ནའི་ངོ་བོ་གཅིག་པ་ཡིན་ནོ་ཞེས་དངོས་པོ་རྣམས་ལ་སྒྲོ་བཏགས་ཏེའོ། །དངོས་ པོ་དེ་རྣམས་འདྲེས་ཤིང་ཐ་མི་དད་པ་ལྟ་བུར་བྱེད་པར་ཀུན་དུ་སྟོན་ཏེ། ངོ་བོ་གཅིག་པར་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་བློ་དེ་རང་གི་ངོ་བོ་གཞན་ལ་སྒྲོ་འདོགས་པར་བྱེད་པའི་སྣང་ཞེ་ན། དེའི་ཕྱིར་བསྒྲུབ་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ དག་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་འདྲ་བ་ཅིག་ཡོད་པ་དཔེར་ན་བུམ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཆུ་འཛིན་པ་ལ་སོགས་པ་དང་སྒྲུབ་པར་འཛིན་པའི་གོང་བུ་ལ་སོགས་པ་གཅིག་པ་ལྟ་བུ་དེ་དག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་གཅིག་པ་ཅན་ནོ། །དེའི་དངོས་པོ་ནི་ཉིད་དོ། །དེ་རྒྱུར་ གྱུར་པས་གཞན་དེའི་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་མ་ཡིན་པ་དག་ལས་ཐ་དད་པའི་དངོས་པོ་རྣམས་ཀྱི་རང་བཞིན་རང་གི་ངོ་བོ་མང་པོས་ཀྱང་རང་བཞིན་གྱི་རྣམ་པར་རྟོག་པའི་བློ་རྣམ་པ་གཅིག་པ་ཅན་སྐྱེད་པའི་མཚན་ཉིད་ཀྱང་དེ་ཡིན་ལ། རྣམ་པར་རྟོག་པ་དེ་ལྟ་བུའི་བག་ ཆགས་ཀྱི་རང་བཞིན་ཡང་དེ་དག་ལས་སྐྱེ་བ་ཅན་དེ་གང་ལ་རྣམ་པར་རྟོག་པའི་བག་ཆགས་དང་། ཐ་དད་པའི་དངོས་པོ་རྣམས་ལས་གྲངས་བཞིན་དུ་དངོས་སུ་དང་། བརྒྱུད་པས་སྐྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བློ་འདི་དེ་ལྟ་བུར་རང་གི་ངོ་བོ་གཞན་ལ་སྒྲོ་འདོགས་པར་སྣང་བ་ གང་ཡིན་པ་དེ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་བློ་སྟེ་ཀུན་རྫོབ་ཅེས་བྱའོ། །ཇི་ལྟར་ཞེ་ན་བློ་འདིས་རང་གི་ངོ་བོས་རང་སྣང་བས་གཞན་གྱི་ངོ་བོ་དངོས་པོའི་ངོ་བོ་སྒྲིབ་པའི་ཕྱིར་རོ། །དངོས་པོ་དེ་དག་ནི་དེས་ཞེས་བྱ་བ་བློས་ཐ་དད་པ་བསྒྲིབས་ཤིང་ཐ་དད་པ་ཉིད་བཀབ་པས་ངོ་བོ་འགའ་ཞིག་ གིས་ཞེས་བྱ་བ། རྣམ་པར་རྟོག་པ་ཅན་གྱི་བློས་སྒྲོ་བཏགས་པས་རྣམ་པར་རྟོག་པའི་བློ་ལ་སྣང་ངོ་། །དེ་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་བྱེད་པ་རྟག་པ་པོ་རྣམས་ཀྱིས་བློའི་སྣང་བ་ལ་ཞེས་བྱ་བ་རྣམ་པར་རྟོག་པ་ཅན་གྱི་རྣམ་པ་ལ་སྟེ་བློ་ཉེ་བར་གཞག་པའི་ངོ་བོ་གཅིག་པ་ལ་སྤྱི་ཡིན་ པར་བརྗོད་དོ་ཞེས་བྱ་བ་འདི་དང་སྦྱར་རོ། །གང་དག་གིས་སྤྱི་ཞེས་བརྗོད་ཅེ་ན་བློ་ལ་སྣང་བ་རྣམས་ཁོ་ནའི་སྟེ་བློ་ལ་སྣང་བ་དེ་དག་ཁོ་ནའི་ཞེས་བྱ་བ་དང་སྦྱར་རོ། །རང་གི་མཚན་ཉིད་ཉམས་སུ་མྱོང་ནས་ཇི་ལྟར་ཉམས་སུ་མྱོང་བ་བཞིན་འདི་ཡང་བུམ་པའོ། །འདི་ཡང་བུམ་པའོ་ཞེས་ རྣམ་པར་རྟོག་པའི་བློ་མི་གསལ་བ་བུམ་པ་ལ་སོགས་པའི་རྣམ་པ་ཅན་དེ་དག་ནི་བློ་ལ་སྣང་བའི་དངོས་པོ་སྟེ། སྤྱི་འདི་ནི་དངོས་སུ་དེ་དག་གི་ཡིན་གྱི་རང་གི་མཚན་ཉིད་རྣམས་ཀྱི་ནི་མ་ཡིན་གྱི། དེ་རྣམས་སྤྱིའི་བློ་ལ་མི་སྣང་བའི་ཕྱིར་རོ། །ཕྱི་རོལ་ལྟ་བུར་ཀུན་དུ་འཕྲོ་བ་ཞེས་བྱ་ བ་ནི་བློ་ལ་སྣང་བ་ཞེས་བྱ་བ་ཁོ་ནའི་ཁྱད་པར་ཡིན་ཏེ། ཕྱིའི་ལྟ་བུར་སྣང་བ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་ལྟ་བུར་འཕྲོ་བའི་རྒྱུར་ཡང་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པས་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་དོན་གྱི་ཁ་དོག་དང་དབྱིབས་མི་གསལ་བའི་རྗེས་སུ་བྱེད་པའི་ཕྱིར་རོ། ། གལ་ཏེ་རྣམ་པར་རྟོག་པ་ཅན་གྱི་བློས་བསྟན་པའི་ངོ་བོར་བློ་ལ་སྣང་བ་རྣམས་ཁོ་ནའི་སྤྱི་ཡིན་ན་དེ་ནི་ཇི་ལྟར་གཞན་སེལ་བ། རང་གི་མཚན་ཉིད་རྣམས་ཀྱི་རིགས་མི་མཐུན་པ་ལས་ལྡོག་པ་དེ་དག་གི་བདག་ཉིད་དུ་གྱུར་པ་ཁོ་ན་སྤྱི་ཡིན་ཞེས་བརྗོད་དེ། འདི་ལྟར་གོང་ཉིད་དུ་ ཅིག་ཤོས་དང་མ་འབྲེལ་པ་ནི། དེ་ལས་ལྡོག་པ་ཅན་རྣམས་ཀྱི་འདྲ་བ་ཉིད་ཡིན་ནོ་ཞེས་ནི་བཤད་དོ་ཞེ་ན་གྲུབ་པའི་མཐའ་སྨྲ་བས། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ཅན་གྱི་བློ་ལ་རྣམ་པར་གཞག་པའི་སྣང་བའི་དེ་ཉིད་གཞན་སེལ་བ་ཡིན་ཏེ། གཞན་ལས་ ཐ་དད་པའི་དངོས་པོ་མཐོང་བའི་སྒོ་ནས་འོངས་པའི་ཕྱིར་རོ། །དེ་ཉིད་དངོས་སུ་སྒྲའི་སྤྱོད་ཡུལ་ཡིན་གྱི་ཅིག་ཤོས་དང་མ་འབྲེལ་པ་འདྲ་བ་ཉིད་དུ་བཤད་པ་གང་ཡིན་པ་དེ་ནི་ཉེ་བར་བཏགས་པས་ཡིན་ཏེ། རྒྱུ་མཚན་འདི་ཙམ་ཁོ་ནས་གསལ་བ་རྣམས་ལ་འདྲ་བ་ཉིད་ཉེ་བར་བཏགས་སོ་ ཞེས་བསྟན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཅན་གྱི་བློ་དེ་ནི། དེ་ཁོ་ན་ཞེས་བྱ་བའི་བློ་ལ་སྣང་བ་འཛིན་པ་ན་དངོས་པོ་འཛིན་པ་ལྟ་བུར་སྣང་ངོ་། །ཅིའི་ཕྱིར་ཞེ་ན་རྣམ་པར་རྟོག་པ་རྣམས་ནི་རང་བཞིན་གྱིས་འཁྲུལ་པའི་ཕྱིར་ཏེ། རང་གི་ངོ་བོ་ཁོ་ནས་རང་སྣང་བ་ལ་དོན་ མེད་ཀྱང་། དོན་དུ་འཛིན་པར་འཁྲུལ་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཅན་གྱི་བློ་དེ་ནི་ལྷག་པར་ཞེན་པའི་དབང་གིས་དེ་ལས་གཞན་པ་ལས་ཐ་དད་པའི་དངོས་པོ་རང་གི་མཚན་ཉིད་རྣམས་ཁོ་ན་ལས་སྐྱེ་བ་ན་འབྲས་བུའི་སྒོ་ནས་ཐ་དད་པའི་ཡུལ་ཅན་ནོ་ཞེས་བྱ་བར་ཤེས་ཀྱི་དངོས་པོའི་ རང་གི་ངོ་བོ་ཡུལ་དུ་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གཞན་གྱིས་བསམ་པ་མ་རིག་ནས་ཕྱི་རོལ་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྤྱི་ལས་ཕྱི་རོལ་པ་རྣམས་ནི་རང་གི་མཚན་ཉིད་རྣམས་ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་ནང་གི་དང་ཕྱི་རོལ་པ་རྣམས་བསྡུ་བ་བྱས་ པར་འགྱུར་རོ། །ཐ་དད་པ་ནི་ཕན་ཚུན་མཚན་ཉིད་མི་མཐུན་པའོ། །དེ་དག་ལས་ནི་རྣམ་པར་རྟོག་པ་མི་འཇུག་པ་ཡིན་ནམ་ཞེས་བྱ་བ་ནི་རང་གི་མཚན་ཉིད་རྣམས་ལ་སྟེ། ཇི་ལྟར་དེ་དག་ལ་རྣམ་པར་རྟོག་པ་ཅན་གྱི་བློ་སྐྱེ་ཞེ་ན། འཆད་པར་བྱེད་པ་རྣམས་ཞེས་བྱ་བ་ལ་སོགས་ པས་ལན་འདེབས་ཏེ། དངོས་པོ་ཇི་ལྟར་གནས་པ་བཞིན་རྣམ་པར་འཇོག་པ་དེ་རྣམས་ནི་རྣམ་པར་རྟོག་པའི་བློ་ལས་སྣང་བ་ཡང་གཞན་ཡིན་ལ་རང་གི་མཚན་ཉིད་ཀྱང་གཞན་ཡིན་ནོ་ཞེས་དེ་ལྟར་རྣམ་པར་འབྱེད་པར་བྱེད་དོ། །ཐ་སྙད་འདོགས་པར་བྱེད་པ་རྣམས་ནི་དེ་ལྟར་རྣམ་ པར་འབྱེད་པར་བྱེད་པ་མ་ཡིན་ཏེ། ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རང་གི་དམིགས་པ་ཁོ་ན་ཞེས་བྱ་བ་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བ་ཁོ་ནའོ། །སྣང་བ་ནི་རང་གི་མཚན་ཉིད་དོ། །རྣམ་པར་བརྟགས་པར་བྱ་བའི་དོན་ནི་སྤྱི་སྣང་བ་སྟེ། དེ་དག་གཅིག་ཏུ་བྱས་ནས་རང་ གི་མཚན་ཉིད་ཁོ་ན་རྣམ་པར་རྟོག་པ་ཅན་གྱི་བློ་ཡུལ་དུ་བྱེད་ཅིང་སྒྲས་ཀྱང་བརྗོད་དོ་ཞེས་དེ་ལྟར་མོས་པར་བྱས་ནས་དོན་བྱ་བ་བྱེད་པའི་དོན་ལ་འཇུག་གོ། །ཐ་སྙད་འདོགས་པར་བྱེད་པ་དེ་དག་གི་བསམ་པའི་དབང་གིས་ཐ་དད་པའི་དངོས་པོ་རྣམས་ལ་རྣམ་པར་རྟོག་པའི་བློ་སྐྱེ་བ་ན་ཞེས་དེ་ སྐད་ཅེས་བརྗོད་དོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་ཞེས་བྱ་བ་ནི་བསྡུ་བ་སྟེ། དེ་དག་གི་བསམ་པའི་དབང་གིས་རང་གི་མཚན་ཉིད་རྣམས་ལ་རྣམ་པར་རྟོག་པ་ཅན་གྱི་སྐྱེ་བ་ན་ཞེས་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་བཞིན་དུ་སྨྲ་བ་པོ་སྒྲས་དེ་བྱེད་པ་རྒྱུར་གྱུར་པ་ཉིད་ ཀྱིས་བྱེད་པ་མ་ཡིན་པ་དག་ལས་ལྡོག་པའི་དོན་རྣམས་སྟོན་པར་བྱེད་དོ་ཞེས་ཀྱང་བརྗོད་དོ། །གལ་ཏེ་འབྱེད་པར་བྱེད་པ་རྣམས་ཀྱིས་ཀྱང་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་པ་ཉིད་དོ་ཞེས་བྱ་བར་ཅི་སྟེ་རྟོག་པར་མི་འགྱུར་ཞེ་ན། དེ་ཁོ་ན་ཉིད་སེམས་པར་བྱེད་པ་ རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་སེམས་པ་ནི་རིགས་པའི་རྗེས་སུ་འབྲང་བའི་འཆད་པར་བྱེད་པ་རྣམས་སོ། །སྣང་བ་ཐ་དད་པ་ལ་སོགས་པའི་སྒོ་ནས་ཞེས་བྱ་བ་ནི་སྣང་བ་ནི་གསལ་བར་སྣང་གི་རྣམ་པར་བརྟག་པར་བྱ་བ་ནི་མ་ཡིན་ཏེ་རྣམ་པར་རྟོག་པ་དང་འབྲེལ་ པ་ལ་བསལ་བ་ཉིད་མི་རུང་བའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྣང་བ་འགགས་ཀྱང་རྣམ་པར་བརྟག་པར་བྱ་བ་མི་འགག་པ་དང་། དོན་བྱ་བ་བྱེད་པ་དང་མི་བྱེད་པ་བསྡུ་སྟེ་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་ཐ་དད་པ་མེད་པར་མི་སེམས་སོ་ཞེས་བྱ་བར་རྣལ་མ་དང་སྦྱར་རོ། ། ཀླན་ཀ་པས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕྱི་རོལ་གྱི་རྣམས་ལ་སྤྱི་རྣམ་པར་གཞག་པའི་ཕྱིར་རྟོགས་པ་པོའི་བསམ་པའི་རྗེས་སུ་བྱེད་ན། དེའི་ཚེ་གཞན་སེལ་བ་ཡང་སྤྱི་ཡིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐ་སྙད་ འདོགས་པར་བྱེད་པ་རྣམས་ལ་སྒྲས་གཞན་སེལ་བ་བརྗོད་དོ་ཞེས་བྱ་བ་དེ་ལྟར་རྟོགས་པ་ནི་མེད་དོ་ཞེ་ན། སློབ་དཔོན་གྱིས་ཀྱང་ཉེས་པ་མཚུངས་པ་ཉིད་དུ་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་མི་རྟོགས་པ་ཞེས་བྱ་བ་ནི་གཞན་སེལ་བའི་ངོ་བོར་རོ། ། ཁྱོད་ཀྱིས་ཀྱང་སྤྱི་ཇི་ལྟར་གསལ་བ་ལས་ཐ་དད་པ་ལ་སོགས་པའི་རྣམ་པར་འདོད་པ་དེ་ལྟར་ཡང་མི་རྟོགས་པ་ཉིད་དོ། །བྱེ་བྲག་པ་རྣམས་ཀྱི་ལྟར་ན་ནི་སྤྱི་རྟེན་ལས་ཐ་དད་པ་ཡིན་ནོ། །གྲངས་ཅན་པ་རྣམས་ཀྱི་ལྟར་ན་ནི་ཐ་མི་དད་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ རེ་རེ་ལ་ཡོངས་སུ་རྫོགས་པ་ཉིད་ལ་སོགས་པ་བསྡུའོ། །གལ་ཏེ་སྤྱི་དངོས་པོར་གྱུར་པ་དང་གཞན་སེལ་བ་གཉི་ག་རྟོགས་པ་མེད་པར་མཚུངས་ན་ཅིའི་ཕྱིར་ཐ་སྙད་ལ་གཞན་སེལ་བ་ཁོ་ནར་བརྗོད་ཅེ་ན། བློ་རྣམ་པ་ཐ་མི་དད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་རྣམས་ཀྱི་རིགས་མི་མཐུན་པ་དང་བྲལ་བ་ཉིད་གཞན་སེལ་བ་ཡིན་པས་དེ་བློ་རྣམ་པ་ཐ་མི་དད་པ་ཅན་གྱི་རྒྱུ་མཚན་ཉིད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །ཅིའི་ཕྱིར་ཞེ་ན། རིགས་མི་མཐུན་པ་དང་བྲལ་བའི་མཚན་ཉིད་ཀྱི་གཞན་སེལ་བ་དེ་ནི་དངོས་པོ་ཐ་དད་པ་ཐམས་ ཅད་ལ་ཡང་ཡོད་པའི་ཕྱིར་དང་། གཞན་སེལ་བ་དེ་ལྟ་བུ་སྤྱིའི་བློའི་རྒྱུད་ཉིད་དུ་འགལ་བ་མེད་པའི་ཡང་ཕྱིར་ཏེ་འདི་ལྟར་ཇི་ལྟར་ཤིང་གཅིག་ཤིང་མ་ཡིན་པ་ལས་ལོག་པར་མཐོང་བ་ལྟར་གཞན་ཡང་དེ་དང་འདྲ་བས་དེའི་ཕྱིར་དེ་ལ་བློ་རྣམ་པ་གཅིག་པ་ཅན་སྐྱེ་ལ་འདི་ལ་ནི་གནོད་པ་ཅན་ གྱི་ཚད་མ་ཡང་མེད་དོ། །གཏན་ཚིགས་གསུམ་པ་སྒྲའི་རྟེན་ཅན་གྱི་ཐ་སྙད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་སེལ་བའི་རྒྱུ་ཅན་ཉིད་དུ་སྣང་བའི་ཕྱིར་ཏེ། འདི་ནི་དེ་ལས་གཞན་པ་ཡོངས་སུ་སྤངས་ནས། འཇུག་འགྱུར་ཞེས་ཀྱང་ སྒྲ་བརྗོད་དེ་ཞེས་བྱ་བ་ལ་སོགས་པ་སྟོན་པར་འགྱུར་རོ། །འདི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཅན་གྱི་བློའོ། །ཇི་ལྟར་ཞེ་ན་བྱ་བ་ནི་རྣམ་པ་གཅིག་པ་ཅན་དུ་སྣང་བ་ལྟར་ཏེ། དེ་ལྟར་ཕྱི་རོལ་གྱི་སྤྱི་དེ་མེད་དོ་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ་། །དེ་བས་ན་རྣམ་པར་རྟོག་པ་ཅན་གྱི་མཐོང་ བའི་རྟེན་སྤྱི་དངོས་པོར་གྱུར་པ་ནི་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །སྤྱི་མེད་པའི་གཏན་ཚིགས་སུ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་རང་གི་མཚན་ཉིད་རྣམས་ནི་རྗེས་སུ་མི་འགྲོ་ཞིང་འདྲེ་བར་མི་འགྱུར་ཏེ་འདིས་ནི་སྤྱི་ཐ་མི་དད་པར་ཁས་ལེན་པ་གསལ་ཏོ། ། ཐ་དད་པ་གསལ་བའི་ཕྱིར་རྗེས་འགྲོ་གཞན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་ངོ་བོ་རྗེས་སུ་འགྲོ་བར་འདོད་པ་གང་ཡིན་པ་ཁྱད་པར་དག་ལས་གཞན་པ་དེ་ན་མངོན་སུམ་གྱི་བློ་ལ་སྣང་བ་མེད་དོ། །རྗེས་སུ་འགྲོ་བ་མ་ཡིན་ཞེས་བྱ་བ་ནི་འདྲེ་བ་མ་ཡིན་ཏེ། གལ་ཏེ་ཕན་ཚུན་ རྗེས་སུ་འགྲོ་བ་ཞིག་ཏུ་གྱུར་ན་ནི་དེའི་ཚེ་ངོ་བོ་གཅིག་ཏུ་གྱུར་པས་ཐ་དད་པ་མེད་དོ། །རྒྱུ་དེས་ན་སྤྱི་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཁྱད་པར་མཚུངས་པ་རྣམས་ཀྱི་ཤེས་པ་རྣམ་པ་གཅིག་པ་ཅན་གྱི་རྒྱུ་ཉིད་ཀྱི་ཆོས་ནི་སྤྱི་ཡིན་ན་དེ་ནི་ཁྱད་པར་མེད་ན་མེད་པར་འགྱུར་རོ་ཞེས་བྱ་ བའི་ཐ་ཚིག་གོ། །དེ་རྣམས་ལས་ཞེས་བྱ་བ་ནི་གསལ་བ་རྣམས་ལས་སོ། །གཞན་ཞེས་བྱ་བ་འདིའི་འགྲེལ་པ་ནི་ཐ་དད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་བློ་ལ་ཞེས་བྱ་བ་ནི་མངོན་སུམ་གྱི་བློ་ལའོ། །འདི་སྐད་དུ་ཉམས་སུ་མྱོང་བའི་འོག་རོལ་གྱི་དུས་སུ་འབྱུང་བ་རྣམ་པར་རྟོག་པ་ ཅན་གྱི་བློ་ལ་འཁྲུལ་པའི་དབང་གིས་རྣམ་པ་གཅིག་ཏུ་སྣང་བ་རྗེས་སུ་འགྲོ་མོད་ཀྱི་འོན་ཀྱང་དེ་ཚད་མ་མ་ཡིན་པའི་ཕྱིར་དེའི་དབང་གིས་དངོས་པོ་རྣམ་པར་མི་གཞག་སྟེ། རྣམ་པར་རྟོག་པ་ཚད་མར་གྱུར་པ་མ་ཡིན་པས་དངོས་པོ་རྣམ་པར་གཞག་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་པ་ཡིན་ ནོ། །འདི་ནི་སྤྱི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ལ་རང་བཞིན་མི་དམིགས་པ་བཤད་པ་ཡིན་ནོ། །སྤྱི་མི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་ཡིན་པ་ནི་ཁས་བླང་དུ་ཡང་མི་རུང་སྟེ་འདི་ལྟར་སྤྱི་མི་སྣང་ན་ཇི་ལྟར་བདག་ཉིད་དུ། སྤྱིའི་རང་གི་ ངོ་བོར་གཞན་ཞེས་བྱ་བ་སྤྱི་དང་ལྡན་པ་འཛིན་པའམ་ཇི་ལྟར་རང་གི་ངོ་བོར་གཞན་ཐ་སྙད་འདོགས་པར་བྱེད་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བསྡུས་པའི་དོན་ནི་སྤྱིའི་སྟོབས་ཀྱིས་གསལ་བ་རྣམས་ལ་ཤེས་པ་དང་། བརྗོད་པ་འཇུག་པར་འདོད་དེ། དེ་ལྟ་བས་ན་སྤྱི་ནི་དམིགས་པའི་ མཚན་ཉིད་ཀྱིར་གྱུར་པ་ཁོ་ནར་འདོད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་གཟུང་བའི་མཚན་ཉིད་དུ་གྱུར་པ་མི་དམིགས་པའི་ཕྱིར་དུ་མ་དང་འབྲེལ་པ་ཅན་གཅིག་ནི་མེད་དོ། །དུ་མ་དང་འབྲེལ་པ་ཅན་གཅིག་ཅིག་ཡོད་དུ་ཆུག་ན་འོན་ཀྱང་སྤྱིའི་ངོ་བོ་ཉིད་དུ་རིགས་པ་མ་ཡིན་པས་དེ་ དག་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་དང་ཞེས་བྱ་བ་ནི་གསལ་བའི་ཁྱད་པར་དང་ངོ་། །བཤད་ཟིན་ཏོ་ཞེས་བྱ་བ་ནི་གཉིས་ཉིད་ལ་སོགས་པ་དང་འབྲས་བུའི་རྫས་དག་ཀྱང་སྤྱིའི་ངོ་བོ་ཉིད་དུ་འགྱུར་རོ་ཞེས་བཤད་ཟིན་པའི་ཕྱིར་རོ། །གལ་ཏེ་གཅིག་ཅིག་དུ་མ་ དང་འབྲེལ་ཅེས་ཏེ་དེའི་ཕྱིར་སྤྱི་ཡིན་པ་ནི་མ་ཡིན་ནོ། །འོན་ཀྱང་ཐ་མི་དད་པའི་བརྗོད་པ་དང་བློའི་རྒྱུ་མཚན་དུ་གྱུར་པ་གཅིག་སྤྱི་ཡིན་གྱི། གཉིས་ཉིད་ལ་སོགས་པ་ཐམས་ཅད་ནི་མ་ཡིན་ནོ། །དེ་ནི་སྒྲ་དང་ཤེས་པ་ཇི་སྐད་བཤད་པའི་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ་ཞེ་ ན། ཇི་ལྟར་གཞན་གྱི་སྒོ་ནས་སྤྱིའི་སྒོ་ནས་གཞན་ལ་གསལ་བའི་ཁྱད་པར་སྤྱིའི་ངོ་བོ་ཉིད་གཅིག་པར་མ་བྱས་པ་ལ་ཤེས་པ་འཇུག་ཅིང་ཤེས་པ་རྣམ་པ་གཅིག་པ་ཅན་འཇུག །གཞན་གྱིས་དེ་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གསལ་བ་དེ་དག་དང་འབྲེལ་པའི་ཕྱིར་ གཞན་སྤྱིའི་སྒོ་ནས་ཀྱང་གཞན་ལ་ཤེས་པ་འཇུག་གོ་ཞེ་ན། སློབ་དཔོན་གྱིས་གྲངས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཡོད་པའི་མཚན་ཉིད་ཀྱི་བདུན་པ་ཡིན་ནོ། །བསྡུས་པའི་དོན་ནི་གྲངས་ཡོད་པ་དང་། འབྲས་བུའི་རྫས་ཡན་ལག་ཅན་ལ་སོགས་པ་ཡོད་པ་དང་སོགས་ པ་ཞེས་བྱ་བའི་སྒྲས་ལྡན་པ་ལ་སོགས་པ་ཞིག་ཡོད་ན་ཡང་། སྤྱིར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་གྲངས་ལ་སོགས་པ་ནི་སྤྱིའི་བདག་ཉིད་མ་ཡིན་པའི་ཕྱིར་དེའི་སྟོབས་ཀྱི་རྫས་ལ་ཤེས་པ་རྣམ་པ་གཅིག་པ་ཅན་མི་འཇུག་གོ་ཞེ་ན། སྤྱིའི་བདག་ཉིད་འདི་གང་ཡིན་ཞེས་དེ་ཉིད་ སྤྱོད་པ་མ་ཡིན་ནམ་ཞེས་བྱ་བ་སྨོས་ཏེ། གྲངས་ལ་སོགས་པ་ལ་མ་གཏོགས་པའི་སྤྱིའི་མཚན་ཉིད་ཉིད་མི་ཤེས་པའི་ཕྱིར་འདི་ནི་རིགས་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དེ་ལ་འབྲེལ་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ་སྤྱིའི་བདག་ཉིད་འདི་གང་ཡིན་ཞེས་དྲིས་པ་དེ་ལ་ཁྱོད་ཀྱིས་ གཅིག་ཅིག་དུ་མ་དང་འབྲེལ་པ་ཡོད་ན་གསལ་བ་རྣམས་ལ་ཐ་མི་དད་པའི་ཤེས་པ་འཇུག་སྟེ་དེས་ན་ཞེས་བྱ་བ་ཤེས་པ་འཇུག་པའི་རྒྱུས་ན་དུ་མ་དང་འབྲེལ་པ་གཅིག་ནི་སྤྱི་ཡིན་ནོ་ཞེས། སྤྱིའི་མཚན་ཉིད་སྨྲས་པ་སྤྱིའི་མཚན་ཉིད་དེ་ལ་ཁོ་བོས་བཤད་པ་འབྲས་བུའི་རྫས་ལ་སོགས་ པ་གང་དག་ལ་དུ་མ་དང་འབྲེལ་པ་ཡོད་པ་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཉིས་ཉིད་ལ་སོགས་པ་བསྡུའོ། །དེ་དག་ལས་ཀྱང་དེ་དག་གི་རྟེན་གྱི་རྫས་རྣམས་ལ་ཤེས་པ་རྣམ་པ་གཅིག་པ་ཅན་འཇུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་རྒྱུ་མཚན་སྲིད་པའི་ཕྱིར་ཏེ། འདི་ལྟར་སྤྱི་དུ་མ་དང་འབྲེལ་པ་ཁོ་ན་ལས་གཅིག་ཏུ་ཤེས་པ་སྐྱེ་བར་འདོད་ན། གཅིག་ཏུ་ཤེས་པའི་རྒྱུ་མཚན་དུ་མ་དང་འབྲེལ་པ་ཉིད་ནི་འབྲས་བུ་འབྲས་བུ་ལ་སོགས་པ་ལ་ཡང་ཡོད་དོ། །གཅིག་ཏུ་ཤེས་པ་འཇུག་པ་དེའི་ཕྱིར་གྲངས་ལ་སོགས་པ་ཡང་སྤྱིའི་བདག་ཉིད་ཡིན་ནོ། །དེ་ལྟ་ མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་སྤྱིའི་མཚན་ཉིད་ཇི་སྐད་བཤད་པ་དང་ལྡན་ཡང་གྲངས་ལ་སོགས་པ་ལ་སྤྱིའི་བདག་ཉིད་དུ་མི་འདོད་ན་གཞན་སྤྱིར་འདོད་པ་ལ་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་རྫས་ལ་སོགས་པ་ཡང་སྤྱིའི་ཉིད་དུ་གྱུར་ན་ནི་རྫས་དང་ཡོན་ ཏན་ལ་སོགས་པའི་ངོ་བོ་འཆོལ་བ་ཡིན་ནོ། །བློའི་སྣང་བ་ཁོ་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཅན་གྱི་བློ་ལ་རྣམ་པ་གཅིག་ཏུ་སྣང་བ་སྟེ། ད་ནི་ཤེས་པའི་ངོ་བོ་ཡིན་པའི་ཕྱིར། ཤེས་པ་བཞིན་དུ་ཡོད་པ་ཉིད་པས་སྤྱི་ཡིན་ནོ་ཞེ་ན་ཞེས་བྱ་བར་སྦྱར་རོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ འགོག་པར་བྱེད་དེ། སྤྱི་ཤེས་པའི་ངོ་བོར་འདོད་པ་གང་ཡིན་པ་ཤེས་པའི་རང་གི་མཚན་ཉིད་བཞིན་དུ། ཤེས་པ་དང་ཐ་དད་པ་མ་ཡིན་པ་སྟེ། ཇི་ལྟར་དོན་གཞན་ཕྱི་རོལ་གྱི་ལ་འབྲང་བར་འགྱུར་ཏེ། དེ་དག་གི་སྤྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཤེས་པའི་ངོ་བོ་ཞེས་ བྱ་བ་ལ་སོགས་པས་སྟོན་ཏེ། ཤེས་པའི་ངོ་བོ་དེ་ནི་དོན་དེ་རྣམས་ལ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་པའི་ངོ་བོ་གསལ་བ་རྣམས་ཀྱི་རྗེས་སུ་མི་འགྲོ་བ་ནི་བདེན་ན་འོན་ཀྱང་བློའི་སྣང་བ་དེ་ལ་དེའི་ངོ་བོར་ཞེན་པའི་ཕྱིར། ཕྱི་རོལ་གྱི་དངོས་པོར་སྒྲོ་བཏགས་པའི་ཕྱིར་དེ་ལྟར་འཁྲུལ་པས་ ཞེས་བྱ་བ་འདི་ནི་དངོས་པོ་རྣམས་ཀྱི་མཚུངས་པའི་ངོ་བོ་ཡིན་ནོ་ཞེས་འཁྲུལ་པས་སྤྱིར་ཐ་སྙད་འདོགས་སོ་ཞེ་ན། འདི་ནི་གྲུབ་པའི་མཐའ་སྨྲ་བས་ཡང་འདོན་པ་ཁོ་ན་ཡིན་ན། བསྟན་བཅོས་མཛད་པ་ནི་གསལ་བ་རང་བཞིན་གྱི་འབྲས་བུ་གཅིག་པ་ཅན་དེའི་འབྲས་བུ་ཅན་མ་ཡིན་པ་ ལས་ལོག་པ་རྣམས་བློ་དེ་ལྟ་བུའི་རྒྱུ་མཚན་ཉིད་ཡིན་པས་བློ་དེ་གཞན་སེལ་བའི་རྟེན་ཅན་དུ་བཞེད་ལ། གཞན་ནི་རྒྱུ་མཚན་དེ་ལྟ་བུ་མི་འདོད་པ་འབའ་ཞིག་ཏུ་ཟད་དོ། །དེ་ཉིད་ཀྱི་ཕྱིར་གྲུབ་པའི་མཐའ་སྨྲ་བས་རྒྱུ་མཚན་ཁོ་ན་དྲི་བར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་ བའི་ཁྱད་པར་སྤྱི་དངོས་པོར་གྱུར་པའི་ཆོས་དང་བྲལ་བ་དེ་ལའོ། །གསལ་བའི་རང་བཞིན་གྱི་རིགས་མི་མཐུན་པ་ལ་སོགས་པ་རྣམས་འབྲས་བུ་གཅིག་པ་ཅན་ཉིད་དུ་མི་འདོད་ན་དེ་ལྟར་ཤེས་པ་སྐྱེ་བའི་མཚུངས་སོ་ཞེས་བྱ་བ་དེ་ལྟར་ཤེས་པ་སྐྱེ་བའི་རྒྱུ་གང་ཞིག་ཡིན། ཅུང་ཟད་ཀྱང་མེད་པ་ཉིད་དེ་འདི་ལྟར་གཞན་ཁྱད་པར་རིགས་མི་མཐུན་པ་ལས་ལོག་པ་རྣམས་ནི་ཤེས་པ་གཅིག་གི་རྒྱུ་ཉིད་དུ་མི་འདོད་ལ་སྤྱི་དངོས་པོར་གྱུར་པ་ཡང་མེད་དོ། །རྟེན་མེད་པར་ཞེས་བྱ་བ་ནི་སྤྱིར་ཤེས་པ་རྒྱུ་མཚན་མེད་པར་སྐྱེ་ན་ནི་ཐམས་ཅད་ལ་འགྱུར་རོ་ཞེས་བྱ་བ་ཤིང་དག་ལ་ཡང་ བ་ལང་ངོ་སྙམ་པའི་ཤེས་པ་རྣམ་པ་གཅིག་པ་ཅན་འབྱུང་བར་འགྱུར་རོ། །ཤེས་དང་ཐ་དད་མ་ཡིན་པ། །ཞེས་བྱ་བ་ལ་སོགས་པའི་དོན་གཞན་རྣམ་པ་གཅིག་ཏུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ནི་དོན་གཞན་ཞེས་བྱ་བའི་སྒྲས་ཕྱི་རོལ་གྱི་ཡིན་པར་བཤད་དོ། །ད་ནི་ཤེས་པ་ གཞིན་ཡིན་པར་བསྟན་ཏེ། དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཤེས་པ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་པ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། གསལ་བ་གཞན་ལ་འབྱུང་བའི་སྟེ་བ་ལང་གི་གསལ་བ་གཅིག་ལ་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་སྐྱེས་པ་གང་ཡིན་པ་དེ་ལས་གཞན་པ་བ་ ལང་གི་གསལ་བ་གཞན་ལ་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་སྐྱེས་པའི་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཤེས་པའི་ཁྱད་པར་དུ་མ་ལ་ཁྱབ་པའི་ཕྱིར་རམ་ཕྱི་རོལ་གྱི་གསལ་བ་ལ་ཁྱབ་པའི་ཕྱིར་སྤྱི་ཡིན་པ་ཞིག་ཏུ་འགྱུར་གྲང་ན་ཤེས་པའི་སྣང་བ་ལ་ནི་གཉི་ག་ཡང་མེད་དོ། །དེ་ཉིད་དེའི་ ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ་གསལ་བ་གཞན་ཞེས་བྱ་བ་ནི་ཕྱི་རོལ་གྱིའོ། །དེ་ལྟས་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དོ། །དེ་ཉིད་དོན་རྣམས་ནི་ཞེས་བྱ་བ་ལ་སོགས་པས་འཆད་དེ། བདག་ཉིད་གང་གིས་ཀྱང་ཞེས་བྱ་བ་ནི་སྤྱིའི་ངོ་བོས་སོ། །དེ་རྣམས་ལ་དེ་ལྟར་ འཛིན་པ་ཞེས་བྱ་བ་ནི་དོན་རྣམས་ལ་མཚུངས་པའོ་ཞེས་བྱ་བར་འཛིན་པའོ། །གྲུབ་པའི་མཐའ་སྨྲ་བས་ཀྱང་རྣམ་པར་རྟོག་པ་འདིའི་རྒྱུ་བརྗོད་དགོས་ཏེ། རྟེན་མེད་པར་སྐྱེ་ན་ནི་ཐམས་ཅད་ལ་ཐལ་བར་འགྱུར་རོ་ཞེ་ན། མིང་དོན་གང་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མིང་ནི་ བརྡར་བྱེད་པའོ། །དེ་དོན་གང་དང་ལྡན་པ་སྟེ་གང་ལ་རྟོགས་པར་བྱ་བ་ཉིད་ཀྱི་དོན་འབྲས་བུ་ཕན་ཚུན་ཐ་དད་པ་གང་ཡིན་པ་ཡོད་པ་ནི་ཞེས་བྱ་བ་ཡིན་པའི་ཕྱིར། མིང་བརྡར་བྱེད་པའོ། །དོན་གང་དང་ལྡན་པ་ནི་འབྲས་བུ་ཕན་ཚུན་ཐ་དད་པ་གང་ཞིག་རྟོག་པ་དང་ལྡན་པ་སྟེ། ཕན་ཚུན་དུ་ཐ་དད་པ་ དངོས་པོ་རྣམས་ཀྱི་རིགས་མི་མཐུན་པ་ལ་ལྡོག་པའི་མཚན་ཉིད་དེ་ལྟ་བུ་དེ་ནི་ནོར་བའི་རྣམ་པར་རྟོག་པ་འདིའི་ཡང་ས་བོན་ཡིན་ནོ། །བསྒྲུབ་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་ནི་འཆད་དེ། དེའི་བསྒྲུབ་པར་བྱ་བ་ཅན་མ་ཡིན་པ་དག་ལས་ཞེས་བྱ་བ་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་བསྒྲུབ་ པར་བྱ་བ་ཐ་དད་པ་ཅན་བསྒྲུབ་པར་བྱ་བ་སོ་སོ་བ་ཅན་གྱི་དངོས་པོ་རྣམས་ཐ་དད་པར་ཤེས་པར་བྱ་སྟེ། དེ་དག་ཡོངས་སུ་སྤངས་ནས། དེའི་འབྲས་བུ་ཅན་དག་ལ་འཇུག་པར་འགྱུར་བའི་ཕྱིར་བརྡར་བྱེད་དེ། ཕན་ཚུན་ཐ་དད་པ་གང་ཞིག་ཤེས་པར་བྱ་བའི་ཕྱིར་བརྡར་བྱེད་པ་ཡིན་ནོ། །ཕན་ཚུན་ ཐ་དད་པའི་ཇི་སྐད་དུ་བཤད་པ། དེ་ནི་ལོག་པའི་རྣམ་པར་རྟོག་པ་གཅིག་གི་བདག་ཉིད་དུ་སྣང་བ་ཅན་རྣམ་པ་གཅིག་པ་ཅན་དེའི་ས་བོན་ཡིན་ཏེ། རྒྱུ་ཡིན་ནོ། །རྣམ་པར་རྟོག་པ་འདི་ནི་ཞེས་བྱ་བ་ནི་སྤྱིའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའོ་དེ་ཁོ་ན་འཛིན་པ་ན་ཞེས་བྱ་བ་ནི་ཁྱད་པར་ཏེ། འདི་ཡང་ལྷག་ པར་ཞེན་པའི་དབང་གིས་བརྗོད་ཀྱི་རྣམ་པར་རྟོག་པ་ལ་དངོས་པོ་འཛིན་པ་ནི་མེད་དོ། །རང་གི་བག་ཆགས་ཀྱི་རང་བཞིན་ལས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་ཀྱི་ངོ་བོ་ཉིད་ལས་ཏེ། དེ་ལྟར་ཞེས་བྱ་བ་རྣམ་པ་གཅིག་པ་ཅན་ཉིད་དུ་སྣང་ངོ་། །ཡང་ཇི་ལྟར་ན་འབྲས་བུ་གཅིག་ བྱེད་པ་ཉིད་གང་གིས་ན་དེ་མ་ཡིན་པ་དག་ལས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལོག་པའི་རྒྱུས་གསལ་བ་རྣམས་ཐ་མི་དད་པ་ཞེས་བརྗོད་པ་ཐ་དད་པ་རང་གི་མཚན་ཉིད་རྣམས་ཀྱི་འབྲས་བུ་ཐ་མི་དད་པ་རྣམ་པར་རྟོག་པའི་བདག་ཉིད་རྣམ་པ་གཅིག་པ་ཅན་ཡིན་ཏེ། ཅིག་ཤོས་དང་མ་ འབྲེལ་པ་ནི་དེ་ལས་ལྡོག་པ་ཅན་རྣམས་ཀྱི་འདྲ་བ་ཉིད་ཡིན་ནོ་ཞེས་སྨོས་པའི་ཕྱིར་རོ་ཞེ་ན། དངོས་པོ་རྣམས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ་རང་བཞིན་ནི་ངོ་བོ་ཉིད་དོ། །གཅིག་རྟོགས་པ་ནི་རྣམ་པ་གཅིག་ཏུ་མངོན་པར་ཤེས་པའོ། །དོན་ཤེས་པ་ནི་ཉམས་ སུ་མྱོང་བའི་ཤེས་པ་སྟེ། གཅིག་རྟོགས་པ་དང་དོན་ཤེས་པ་ཞེས་ཟླས་དབྱེ་བ་ཡིན་ནོ། །སྔར་སྨོས་པའི་མཚན་ཉིད་མ་ངེས་པའི་ཕྱིར་དོན་ཤེས་པའི་ཞེས་བྱ་བའི་སྒྲས་ཆེས་ཉུང་བ་ཉིད་ཡིན་ཡང་སྔར་སྨོས་པ་མ་བྱས་སོ། །གང་ལ་དེ་དག་ལ་སོགས་པ་ཡོད་པ་ཞེས་ཚིག་རྣམ་པར་ སྦྱར་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མེ་དང་ཁྱིམ་ལ་སོགས་པའི་བྱ་བ་བསྡུའོ། །གཅིག་རྟོགས་པ་དོན་ཤེས་པ་ལ་སོགས་པ་ཉིད་དོན་གཅིག་ཡིན་པས་ཞེས་ལས་འཛིན་པ་ཡིན་ནོ། །དེ་བསྒྲུབ་ཅིང་གྲུབ་པར་བྱ་བ་ལ་ཁ་ཅིག་ནི་ཐ་དད་པ་ཡིན་ཡང་། སྣ་ཚོགས་པ་ཉིད་ཡིན་ཡང་ རང་བཞིན་གྱིས་ངོ་བོ་ཉིད་ཀྱིས་ངེས་ཏེ་དབང་པོ་ལ་སོགས་པ་བཞིན། དེ་ལ་གཅིག་རྟོགས་པའི་དོན་གཅིག་བསྒྲུབ་པ་ལ་ངེས་པ་ཞེས་བྱ་བ་འདི་ནི་དངོས་ཉིད་དུ་ཉེ་བར་བཀོད་པ་ཡིན་ནོ། །དོན་ཤེས་པ་ལ་སོགས་པ་དོན་གཅིག་བསྒྲུབ་པ་ལ་ངེས་པ་ཞེས་བྱ་བ་འདི་ནི་དཔེ་ཉིད་དུ་ཉེ་བར་བཀོད་པ་ ཡིན་ཏེ། གཉི་ག་ལ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔེ་ཉིད་དང་པོར་རྣམ་པར་དབྱེ་སྟེ། ཇི་ལྟར་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་དབང་པོ་དང་ཡུལ་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ཀྱིས་གཟུགས་ཀྱི་རྣམ་པར་ཤེས་པ་གཅིག་སྐྱེད་པར་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། འདི་ ནི་དངོས་པོའི་སྟོབས་ཀྱིས་གྲུབ་པའི་དཔེར་བརྗོད་པ་ཡིན་ནོ། །བདག་དང་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་གྲུབ་པའི་མཐའ་ལ་བརྟེན་ནས་ཏེ། ཡིད་ནི་བརྟག་པ་ཡུལ་ཕྲ་མོ་ལ་གནས་པ་ཡིན་ནོ། །དེ་རྣམས་ཕྲད་པ་ཞེས་བྱ་བ་ནི་བདག་དང་དབང་པོ་དང་དོན་རྣམས་ཕྲད་པ་སྟེ་བདག་ནི་ཡིད་ དང་སྦྱར་རོ། །ཡིད་ནི་དབང་པོ་དང་ངོ་། །དབང་པོ་ནི་དོན་དང་ངོ་ཞེས་འབྱུང་བའི་ཕྱིར་རོ། །བདག་དང་དབང་པོ་དང་ཡིད་དང་དོན་རྣམས་དང་ཕྲད་པ་ཞེས་ཟླས་དབྱེ་བ་ཡིན་ཏེ། བདག་དང་དབང་པོ་དང་ཡིད་དང་དོན་བདག་ཉིད་ཇི་ལྟ་བ་བཞིན་དུ་ཕྲད་པ་གྲོགས་བྱེད་པ་ཅན་རྣམས་ནི་རྣམ་པར་ ཤེས་པ་བསྐྱེད་དོ་ཞེས་ཁས་ལེན་ཏོ། །དེའི་ངོ་བོར་ངེས་པའི་སྤྱི་མེད་ཀྱང་ཞེས་བྱ་བ་ནི་འབྲས་བུ་གཅིག་པ་ཅན་ཉིད་དུ་ངེས་པ་སྟེ། གཞན་མིག་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་ཅེས་བྱ་བ་སྤྱི་ནི་མི་འདོད་དོ། །ད་ནི་དངོས་ཉིད་དུ་ཉེ་བར་བཀོད་པ་དེ་སྟོན་ཏོ། ། ཤིང་ཤ་པ་ལ་སོགས་པ་ཞེས་བྱ་བ་ནི་ཤིང་ཤ་པ་དང་། སེང་ལྡེང་དང་ནྱ་གྲོ་དྷ་ལ་སོགས་པའོ། །ཕན་ཚུན་རྗེས་སུ་མི་འགྲོ་ཡང་། །ཞེས་བྱ་བ་ནི་ཤིང་དུ་གཅིག་པ་ཉིད་ཀྱིས་སྤྱི་མེད་པར་ཡང་ངོ་། །ཤིང་ཤ་པ་ལ་སོགས་པ་ནི་ཤིང་ཞེས་རྣམ་པ་གཅིག་ཏུ་མངོན་པར་ཤེས་པ་སྐྱེད་པར་བྱེད་པའམ། མངོན་པར་ཤེས་པ་ལ་གཞན་མེ་དང་ཁྱིམ་ལ་སོགས་པ་ཤིང་གིས་བསྒྲུབ་པར་བྱ་བའི་དོན་བྱ་བ་བསྐྱེད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཤིང་རྟ་ལ་སོགས་པའི་བྱ་བ་ཡོངས་སུ་བསྡུའོ། །རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་རེ་ཞིག་གང་གི་ཚེ། མེའི་ལྷན་ཅིག་བྱེད་ པའི་རྐྱེན་དང་ཕྲད་པ་དེའི་ཚེ་ནི་མེ་སྐྱེད་པར་བྱེད་ལ། ཁྱིམ་དང་མཐུན་པའི་རྐྱེན་དང་ཕྲད་པའི་ཚེ་ནི་ཁྱིམ་སྐྱེད་པར་བྱེད་དོ། །ཐ་དད་པར་ཁྱད་པར་མེད་ཀྱང་ཆུ་ལ་སོགས་པ་ནི་ཤིང་གིས་བསྒྲུབ་པར་བྱ་བའི་དོན་བྱེད་པར་ནུས་པ་མ་ཡིན་ཏེ། དེ་དག་ནི་རང་བཞིན་གྱིས་འབྲས་བུ་དེ་དག་དང་ལྡན་པ་མ་ཡིན་ པའི་ཕྱིར་རོ། །འདིར་ཡང་དཔེར་ན་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ལ་རྣ་བ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་རྣ་བ་དང་སྒྲ་ལ་སོགས་པས་གཟུགས་ཀྱི་རྣམ་པར་ཤེས་པ་བསྐྱེད་པར་མི་ནུས་པ་ལྟ་བུའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རོ་ལ་སོགས་པ་ལ་རྣམ་པར་ ཤེས་པ་བསྡུའོ། །དཔེར་ན་རིམས་ལ་སོགས་པ་ཞི་བར་བྱ་བ་ལ་སོགས་པའི་དོན་གཅིག་ལ་སྨན་དག་མཐོང་བ་ལྟ་བུ་སྟེ། ལྷན་ཅིག་པ་ཞེས་བྱ་བ་ནི་གསལ་བ་གཞན་དང་ལྷན་ཅིག་པའོ། །སོ་སོ་ཡིས་ཞེས་བྱ་བ་ནི་རེ་རེའི་ངོ་བོས་སོ། །འམ་ཞེས་བྱ་བའི་སྒྲ་ནི་དཔེ་སྔ་མ་ལ་ལྟོས་ནས་བསྡུ་ བའི་དོན་ཡིན་ནོ། །གཞན་གྱིས་མ་ཡིན་པ་ནི་ཞོ་དང་ག་གོན་ལ་སོགས་པའི་གསལ་བ་རྣམས་ཀྱིས་སོ། །ཡང་ན་དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ་རིམས་ལ་སོགས་པ་ཞི་བར་བྱ་བ་ལ་སོགས་པ་དེ་ལ་སྨན་ཉིད་ཅེས་བྱ་བའི་སྤྱི་ལ་ལྟོས་པ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། ཐ་ དད་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ། རིམས་ལ་སོགས་པའི་འབྲས་བུ་ཞི་བར་བྱེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཐ་དད་པ་རྣམས་ལ་སྤྱི་ཞིག་ཡོད་ན་ནི་སྤྱི་ལ་ལྟོས་པར་འགྱུར་རོ། །དེར་ཁྱད་པར་མེད་ཀྱང་ཞེས་བྱ་བ་ནི་ཐ་དད་པར་ཁྱད་པར་མེད་ཀྱང་ངོ་། །ཞོ་ དང་ག་གོན་ལ་སོགས་པ་ཞེས་བྱ་བ་ནི་ཞོར་མ་དེད་པ་ནི་ཞོ་ཉིད་མ་ལངས་པའོ། །གཞན་དག་ན་རེ་ཞོ་དང་ག་གོན་ཞེས་ཟླས་དབྱེ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་བུ་ཞེས་བྱ་བ་ནི་འབྲས་བུ་གཅིག་བྱེད་པའོ། །དེ་དག་ལས་ཞེས་བྱ་བ་སླེ་ཏྲེས་ལ་སོགས་པ་གསལ་བ་རྣམས་ ལའོ། །སྤྱི་དེ་ཁོ་ན་ལས་རིམས་ཞི་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་གཅིག་པ་དེར་འགྱུར་ཏེ། དེས་ན་དཔེ་མ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ་སྤྱི་ཁྱད་པར་མེད་ཕྱིར་ཞེས་བྱ་བ་སྤྱི་ནི་གཅིག་པའི་ཕྱིར་དང་རྟག་ པའི་ཕྱིར་ཁྱད་པར་མེད་དོ། །འབྲས་བུ་དེ་བྱེད་པར་ཞེས་བྱ་བ་ནི་རིམས་ཞི་བ་ལ་སོགས་པའི་འབྲས་བུ་བྱེད་པའོ། །གཞན་དུ་ནི་སྤྱི་ལ་ཁྱད་པར་མེད་པའི་སླེ་ཏྲེས་ལ་སོགས་པ་གསལ་བ་དེ་དག་གི་ཞིང་ལ་སོགས་པ་ཐ་དད་ཀྱང་རིམས་ཞི་བ་ལ་སོགས་པའི་འབྲས་བུ་དེ་ཡང་། ཁྱད་པར་མེད་པར་ཐལ་ འགྱུར་ཕྱིར་ཏེ། གཅིག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞི་བ་མྱུར་བ་དང་བུལ་བ་ཞེས་བྱ་བ་ལ་སོགས་པ་ནི་ཞིང་ཁྱད་པར་ཅན་ལས་འཁྲུངས་པ་རྣམས་ཀྱིས་ནི་ཞི་བ་མྱུར་རོ། །བཟློག་པ་རྣམས་ཀྱིས་ནི་ཞི་བ་བུལ་ལོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆེས་མྱུར་བ་དང་ཆེས་བུལ་བ་ལ་སོགས་པ་ བསྡུའོ། །ཞིང་དང་ལེགས་པར་བྱ་བ་ལ་སོགས་པས་ཐ་དད་པའི་སླེ་ཏྲེས་ལ་སོགས་པ་ཉེ་བར་སྦྱར་བ་ལས་ལུས་ནད་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡོན་ཏན་མཆོག་དང་ཆེས་མཆོག་ཏུ་ཡང་མི་འགྱུར་ཏེ། སྤྱི་གཅིག་པའི་ཕྱིར་རོ། །འོན་ཏེ་ཞིང་ལ་སོགས་པ་ཐ་དད་པས། སྤྱི་ལ་ ཁྱད་པར་ཡོད་པར་འདོད་ན་ནི་དེའི་ཚེ་སྤྱི་ལ་ཁྱད་པར་ཡོད་པར་འདོད་ན་ངོ་བོ་ཉིད་ཐ་དད་པར་འགྱུར་ཏེ། ཐ་དད་པའི་མཚན་ཉིད་ནི་ཁྱད་པར་ཡིན་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་ཉམས་པ་ཡིན་ཏེ། སྤྱིའི་ངོ་བོ་གཅིག་པ་ཉིད་ཉམས་པར་འགྱུར་རོ། །སྤྱི་བརྟེན་པའི་རྒྱུའི་འབྲས་བུ་ལ་ཕན་ འདོགས་པ་མེད་པའི་ཕྱིར་ཡང་སྤྱི་འབྲས་བུ་མི་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྤྱི་ཕན་འདོགས་པར་བྱེད་ན་ནི་དེའི་ཚེ་རྟག་པ་ཉིད་ཀྱིས་ལྷན་ཅིག་བྱེད་པ་རྣམས་ཀྱིས་བོགས་དབྱུང་དུ་མེད་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར་ལྷན་ཅིག་བྱེད་པ་ལ་མི་ལྟོས་པ་སྤྱི་དེས་རང་གི་འབྲས་བུ་ཐམས་ཅད་ཅིག་ ཅར་བསྐྱེད་པར་འགྱུར་རོ། །འོན་ཏེ་མི་སྐྱེད་ན་ནི་དེའི་ཚེ་དེ་སྐྱེད་པའི་རང་བཞིན་མ་ཡིན་ཏེ། དེ་མི་སྐྱེད་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་འབྲས་བུའི་དུས་ན་ཡང་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་མི་རྟག་པ་རྣམས་འབྲས་བུ་བྱེད་པ་ཉིད་ལ་ནི་ཉེས་པ་འདི་མེད་ པས་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པར་བྱ་བ་ནི་འོ་མས་བཅུ་བ་ལ་སོགས་པའོ། །གང་དག་ལ་ཁྱད་པར་འབྱུང་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་ལ་ཁྱད་པར་ཡོད་པས་ན། འབྲས་བུ་ཁྱད་པར་ཅན་ཏེ་རིམས་ཞི་བ་ལ་སོགས་པའི་མཚན་ཉིད་དོ། །དེ་བཞིན་ དུ་ཞེས་བྱ་བས་ནི་དངོས་ཉེ་བར་དགོད་དེ། དོན་ཁ་ཅིག་ཀྱང་ཞེས་བྱ་བ་ནི་རིགས་མཐུན་པ་དག་གོ། །གཅིག་ཏུ་མངོན་པར་ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཅིག་ཅེས་བྱ་བའི་སྒྲ་དང་ཆུ་བཅུ་བ་ལ་སོགས་