Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 176
Văn bản gốc(Tây Tạng)
Trang 11 / 22 (50.000 ký tự/trang)
་རྟོག་པའི་བློ་ལ་སྣང་བའི་ཕྱིར། གང་གི་ཚེ་དེ་ལྟར་གྱུར་ པ་དེའི་ཚེ་བློའི་ངོ་བོར་བྱས་ནས་གཞི་མཐུན་པ་ཉིད་དུ་འགྱུར་རོ། །དེ་སྐད་དུ་སྔོན་པོའི་སྒྲའི་སྦྱོར་བ་ལ་བློས་སོ་སོར་སྣང་བ་ཅན་གྱི་ཆོས་ཅན་སྔོན་པོ་མ་ཡིན་པ་ལས་ལྡོག་པའི་ངོ་བོ་ཉིད་སྣང་བར་འགྱུར་ཏེ། སྔོན་པོའི་སྒྲས་ཨུཏྤ་ལ་མ་ཡིན་པ་རྣམ་པར་གཅོད་པ་སྒྲུབ་པར་ ཡང་མི་བྱེད་སྤོང་བར་ཡང་མི་བྱེད་དོ། །ཨུཏྤ་ལའི་སྒྲའི་སྦྱོར་བ་ལས་ཀྱང་ཨུཏྤ་ལ་མ་ཡིན་པ་ལྡོག་པའི་ངོ་བོ་ཉིད་སྣང་བར་འགྱུར་ཏེ། སྒྲས་སྔོན་པོ་མ་ཡིན་པ་རྣམ་པར་གཅོད་པ་སྒྲུབ་པར་ཡང་མི་བྱེད་འདོར་བར་ཡང་མི་བྱེད་དོ། །ཨུཏྤ་ལ་སྔོན་པོ་ཞེས་བྱ་བའི་སྒྲའི་ སྦྱོར་བ་གཉིས་པ་ལས་ཀྱང་། སྒྲོ་བཏགས་པ་གཉི་ག་ལྡོག་པ་གཅིག་སྣང་བ་ཅན་གྱི་རྣམ་པར་རྟོག་པའི་བློ་སྐྱེ་བར་འགྱུར་བ་དེ་བས་ན། སྒྲ་འབྲས་བུ་དུ་མ་ཅན་དང་། རྟེན་གཅིག་པར་འགྱུར་བ་ན། དེ་ལྟར་བློའི་ངོར་བྱས་ནས་གཞི་མཐུན་པ་ཉིད་དུ་བསྟན་པར་འགྱུར་རོ། ། གཞན་ཡང་སྒྲ་ནི་སྒྲོ་བཏགས་པ་རྣམ་པར་གཅོད་པར་བྱེད་པར་ཁས་བླངས་པར་གྱུར་པ་ན། དངོས་པོ་ཆོས་ཐ་དད་པའི་ངོ་བོའི་ཆོས་རིག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་ཡོད་དོ་ཞེས་བྱ་བ་སྨོས་ཏེ། དེ་ཡོད་པ་ནི་ཐ་དད་པའོ། །དེ་ལ་ཞེས་བྱ་བ་ནི་ དངོས་པོ་སྟེ། ངོ་བོ་ཉིད་ཀྱིས་དངོས་པོ་ཐམས་ཅད་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པའི་ཕྱིར་རོ། །སྤྱིའི་དངོས་པོ་གཅིག་རྗོད་པར་བྱེད་པའི་སྒྲ་ཁས་བླངས་པ་ན་དངོས་པོའི་ཆོས་ཡང་རེག་པ་མ་ཡིན་ཏེ། སྤྱིའི་དངོས་པོ་ གཅིག་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བློ་ལ་སྣང་བ་ཞེས་བྱ་བ་སྨོས་ཏེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་མེད་དོ་ཞེས་བྱ་བའི་བར་དུའོ། །གང་གི་ཕྱིར་དེ་ལྟར་སྒྲའི་དོན་དངོས་པོ་ལ་སྐྱོན་ཡོད་པ་དེའི་ཕྱིར་ གཞན་སེལ་བའི་ཡུལ་ཏེ། རྣམ་པར་རྟོག་པའི་བློའི་སྣང་བའི་ཡུལ་ཅན་སྒྲ་དག་དང་བློ་དག་སློབ་དཔོན་ཕྱོགས་ཀྱི་གླང་པོས་བསྟན་ཏོ། །བློ་ཇི་ལྟ་བུར་གྱུར་པ་ཞེ་ན། སྤྱིའི་སྤྱོད་ཡུལ་ཅན་བསྟན་ཏེ། རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དེ་དག་ནི་ བློ་དག་གི་ཡིན་གྱི་སྒྲ་དག་གི་ནི་མ་ཡིན་ཏེ། དེ་དག་ནི་སྤྱིའི་ཡུལ་ཉིད་དུ་འཁྲུལ་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་དེ་དག་སྟེ། སྒྲ་དང་རྣམ་པར་རྟོག་པ་དག་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དེ་ནི་འདིར་ཞེས་བྱ་ བ་ནི་བསྟན་མ་ཐག་པའི་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་དངོས་པོ་སྟོབས་ཀྱིས་རྟོགས་པར་ཐལ་བར་འགྱུར་རོ། །སོགས་པའི་སྒྲ་ནི་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་མེད་པ་དང་། ཚད་མ་གཞན་མི་འཇུག་པ་ལ་སོགས་པ་གཟུང་ངོ་། །མཛད་པ་པོ་སློབ་ དཔོན་ཕྱོགས་ཀྱི་གླང་པོའོ། །དེ་དག་ཅེས་བྱ་བ་ནི་བློ་དང་སྒྲའོ། །འདི་ལྟར་རྣམ་པ་ཐམས་ཅད་འདོད་པ་དག་གིས་དངོས་པོ་གཅིག་ཡུལ་དུ་བྱེད་པ་དེ་ལྟར་སྒྲས་ཀྱང་བརྗོད་པར་བྱ་བ་ཡིན་གྱི་དེའི་ཚེ་སྒྲ་འབྲས་བུ་ཐ་དད་པ་ཅན་དག་རྫས་གཅིག་ལ་འཇུག་པའི་ཕྱིར་གཞི་ མཐུན་པར་འགྱུར་ན། དེ་ནི་མི་སྲིད་པར་འགྱུར་ཏེ། འདི་ལྟར་སྒྲའི་བརྗོད་པར་བྱ་བ་དེ་སྤྱིའི་མཚན་ཉིད་གསལ་བ་ལས་ཐ་དད་པའམ་ཐ་མི་དད་པར་འགྱུར་གྲང་ན། དེ་ལ་ཕྱོགས་དང་པོ་ནི་དངོས་པོ་ངོ་བོ་གཅིག་ཉིད་ཡིན་པའི་ཕྱིར། གང་ལས་ཐ་དད་པའི་ངོ་བོ་སྟེ། སྤྱིའི་ ཕྱིར་ཁྱད་པར་གྱི་རྣམ་པ་ཐ་དད་པར་འདོད། རང་གི་མཚན་ཉིད་ལས་ཀྱང་སྤྱིའི་མཚན་ཉིད་ཐ་དད་པ་མ་ཡིན་ན། ཁྲ་བོའི་བདག་ཉིད་ཅན་གྱི་ཁྱད་པར་ཁུ་ཡུའི་བདག་ཉིད་ཅན་གྱི་ཁྱད་པར་གང་ལས་ལྡོག་པ་དེ་ཉིད། ཁྲ་བོའི་བདག་ཉིད་ཅན་གྱི་སྤྱི་བ་ལང་ཉིད་རྗེས་སུ་འགྲོ་བ་དེ་ལྟར་ ན། དོན་གཅིག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཞི་གཅིག་པ་ཅན་ཡིན་པ་དེ་ཡང་རིགས་པ་མ་ཡིན་པར་བསྟན་པའི་ཕྱིར་གཅིག་ལ་རྗེས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་གང་ལ་དོན་གཅིག་པའི་སྤྱོད་ཡུལ་ཡོད་པ་དེ་ལ་དེ་སྐད་ཅེས་ བྱའོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དེ། གཅིག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཆ་མེད་པ་ཡིན་ཏེ། གཅིག་ལ་ཆའི་དངོས་པོ་མེད་པའི་ཕྱིར་རོ། །ཀུན་བཏགས་ནས་བྱས་པའི་ཕྱིར་ན་རྣམ་པ་སྟེ་བློའི་སྣང་བའོ། །དེའི་ཐ་དད་པ་ནི་དེ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། ། ཐ་དད་པ་ལ་ཞེས་བྱ་བ་ནི་དངོས་པོ་སྣ་ཚོགས་པ་ཉིད་ལའོ། །གལ་ཏེ་རྣམ་པ་ཐ་དད་པའི་བློ་དག་གིས་གཟུང་ན་ཐ་དད་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་སྔོན་པོ་ཉིད་དང་ཨུཏྤ་ལ་ཉིད་ལ་སོགས་པ་སྤྱི་ཐ་དད་པ་གཅིག་ཀྱང་ཐ་དད་ པའི་རྣམ་པའི་བློས་གཟུང་བ་ཉིད་ཡིན་ནོ་ཞེ་ན། སྤྱི་ནི་དེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ཀྱི་བདག་ཉིད་དེ་ནི་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཏེ། དེ་དང་འདྲ་བར་ཁོ་ནར་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་རོ། ། འདི་ནི་གཞི་མཐུན་པ་ཉིད་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་སྤངས་པ་ནི་གཅིག་ལ་གཅིག་སྤངས་པ་དང་། ཐ་དད་པར་འཇུག་པའི་རྒྱུ་མཚན་གྱིས་ཞེས་བྱ་བའི་བར་དུའོ། །རྫས་གཅིག་ལ་བརྟེན་པའི་དོན་ཡུལ་གཅིག་ལ་སྒྲ་འཇུག་ པ་མི་སྲིད་པའི་ཕྱིར་རོ། །གཅིག་ལ་རྗེས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་ཆ་དངོས་པོའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གང་གི་ཚེ་དངོས་པོའི་བདག་ཉིད་གཅིག་ཁོ་ན་རང་གི་མཚན་ཉིད་ཁོ་ན་སྤྱིའི་མཚན་ཉིད་ཡིན་པ་ དེའི་ཚེ། ཁྲ་བོའི་རང་གི་མཚན་ཉིད་ཀྱི་བ་ལང་ཉིད་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་ཁུ་ཡུ་དེ་ཉིད་ལ་འཇུག་པ་དང་། རང་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་ཉིད་ལ་ཡང་མི་འཇུག་པ་ཐོབ་པ་དེའི་ཚེ། དེ་ཡང་མི་རིགས་སོ། །འགལ་བ་ ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཚད་མས་གནོད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་གཅིག་ནི་གཅིག་ལ་འཇུག་པ་དང་། མི་འཇུག་པར་འགྱུར་བ་དེ་ལྟར་ན་སྤྱི་ནི་རང་གི་མཚན་ཉིད་ལས་ཐ་མི་དད་པའི་ཕྱིར་གཞན་དུ་མི་འཇུག་པ་དེའི་ཕྱིར་གཞན་དུ་མི་འཇུག་པ་ན་ཡང་སྤྱི་ཉིད་དུ་མི་འགྱུར་རོ་ཞེས་སྨོས་སོ། ། གལ་ཏེ་སྤྱིའི་ཞེས་བྱ་བ་ལ་སོགས་པ་ལ། དེ་བས་ན་གཅིག་ལ་འཇུག་པ་དང་མི་འཇུག་པ་མེད་དོ་ཞེས་བྱ་བར་ལ་སེམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱིས་ཏེ། གྲངས་ཅན་གྱིས་འདོད་པ་ལ་སྤྱི་དང་ཁྱད་པར་དག་ཐ་དད་པ་མེད་པའི་ཕྱིར་རོ། །ངོ་བོ་ གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་གཞུང་འཛུགས་པའོ། །དེ་ནི་ཨུཏྤ་ལ་ལ་སོགས་པའི་དངོས་པོ་ངོ་བོ་གཅིག་པ་སྟེ། བདག་ཉིད་གཅིག་པར་འགྱུར་བ་སྤྱིའམ་ཁྱད་པར་དུ་འགྱུར་གྲང་ན་སྟེ་ཁྱད་པར་ནི་སྤྱི་ལས་ཐ་མི་དད་པའི་ཕྱིར་སྤྱི་ཉིད་དུ་འགྱུར་བའམ། སྤྱི་ ཁྱད་པར་ཅན་ལས་ཐ་མི་དད་པའི་ཕྱིར་ཁྱད་པར་ཁོ་ནར་འགྱུར་ན། གཅིག་ལ་འགལ་བའི་ངོ་བོ་ནི་ཡོད་པ་ན་གང་གི་ཕྱིར་ངོ་བོ་ཐ་དད་པ་མེད་པ་འདི་ལ་ནི་རབ་ཏུ་དབྱེ་བ་སྟེ། སྤྱི་དང་ཁྱད་པར་ཞེས་བྱ་བའོ། །སྤྱི་དང་ཁྱད་པར་དག་གིས་རབ་ཏུ་དབྱེ་བ་ཡོད་ན་ཡང་ཐ་དད་པ་མེད་པར་མི་འགྱུར་རོ་ ཞེས་སྔར་བསྟན་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དབྱེ་བ་མེད་པ་ཞེས་བྱ་བ་ནི་ཆ་མེད་པའོ། །འདི་ནི་ཞེས་བྱ་བ་ནི་དངོས་པོའི་བདག་ཉིད་དོ། །གལ་ཏེ་སྤྱི་ཉིད་ཡིན་པ་དེའི་ཚེ་རྗེས་སུ་འགྲོ་བ་སྟེ། གསལ་བ་གཞན་ལ་འགྲོ་བར་འགྱུར་ཞིང་། འོན་ཏེ་ཁྱད་ པར་གྱི་བདག་ཉིད་ཡིན་པ་དེའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། གཅིག་པ་འགལ་བའི་ཆོས་གཉིས་པོ་དེ་མི་སྲིད་དོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་ནི་རྗེས་སུ་འགྲོ་བ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། །།བམ་པོ་བཅོ་ལྔ་པ། གང་ཡང་ཞེས་བྱ་བ་ ནི་བྱེ་བྲག་པ་ལ་སོགས་པས་སྒྲ་བརྗོད་པར་བྱ་བ་སྤྱི་ནི་རྫས་ལས་ཐ་དད་པ་ཉིད་ཡིན་པར་སྨྲ་སྟེ། སྤྱི་དག་གསལ་བ་ལས་ཐ་དད་པར་ཁས་བླངས་པར་གྱུར་ན། ཐ་དད་པ་མེད་པའི་ཐ་སྙད་དེ་གཞི་མཐུན་པའི་ཐ་སྙད་དག་རྒྱུ་མེད་པར་འགྱུར་རོ། །བདག་ཉིད་ཇི་ལྟ་ བ་བཞིན་ཞེས་བྱ་བར་ནི་ཟློས་པའི་དོན་གྱི་ཟད་པར་མི་འགྱུར་བའི་བསྡུ་བའོ། །དེ་ལྟར་ཨུཏྤ་ལ་དང་སྔོན་པོ་ལ་སོགས་པའི་སྒྲས་ཨུཏྤ་ལ་དང་སྔོན་པོ་ལ་སོགས་པ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཕན་ཚུན་ཐ་དད་པ་སྤྱི་བརྗོད་པ་ཡིན་ནོ། །གང་གི་ཚེ་སྔོན་པོའི་ཡོན་ ཏན་བརྗོད་པར་འདོད་པ་དེའི་ཚེ་དོན་ཐ་དད་པ་ཁོ་ནའོ། །དོན་དེ་ཡུལ་དང་གཅིག་སྟེ། ཆོས་ཅན་བློ་གང་ལ་ཡོད་པ་དེ་ནི་དོན་གཅིག་པའོ། །དོན་གཅིག་པ་ཡང་དེ་ཡིན་ལ་བློ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའོ། །དེའི་རྟེན་ཏེ་རྒྱུར་ཇི་ལྟར་འགྱུར། དེ་བས་ ན་གཞི་མཐུན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཨུཏྤ་ལ་དང་སྔོན་པོ་ལ་སོགས་པའི་སྒྲ་དག་གིས་ཁྱད་པར་གཉིས་དང་ལྡན་པའི་ཆོས་ཅན་གཅིག་གི་ཡུལ་ཅན་གྱི་བློ་སྐྱེད་པར་གྱུར་པ་དེའི་ཚེ། དོན་གཅིག་སྟོན་པས་གཞི་མཐུན་པ་ཉིད་དུ་འགྱུར་ན་ དེ་ཡང་མེད་དོ། །གསལ་བ་ལ་དོན་གཞན་ནི་སྤྱི་ཡིན་ཏེ། དེ་བརྗོད་པ་ན་ཡང་དེ་རྟོགས་པས་ཐ་དད་པ་དག་ལ་ལྟོས་པ་མེད་པ་སྟེ། དེ་ཡོངས་སུ་སྤངས་པའི་སྒོ་ནས་འཇུག་པ་ནི་ལྟོས་པའོ། །ཅིའི་ཕྱིར་ཞེ་ན། ཐེ་ཚོམ་མེད་པའི་ཕྱིར་རོ། །གང་གི་ཚེ་ཤིང་གི་སྒྲས་ཤིང་ ཉིད་རྗོད་པ་དེའི་ཚེ་དེའི་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་འདི་ལ་འདོད་པ་མེད་པའི་ཕྱིར་ཇི་ལྟར་ཤིང་དྷ་པ་ལ་སོགས་པར་གཟུང་བར་འགྱུར། མ་བཟུང་ན་ཡང་ཇི་ལྟར་ཤིང་གི་སྒྲའི་དོན་ཐ་དད་པ་དྷ་བ་ལ་སོགས་པ་ཡིན། ཐ་དད་པ་མེད་པ་དེ་ལས་ཀྱང་ཇི་ལྟར་ཤིང་དང་ཤིང་ཤ་པ་ཞེས་ བྱ་བ་ཁྱད་པར་དང་ཁྱད་པར་གྱི་གཞིར་འགྱུར། དེའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སྤྱིས་ཁྱད་པར་དུ་གྱུར་པའི་རྫས་བརྗོད་པའི་ཕྱིར་ཇི་སྐད་དུ་བརྗོད་པའི་ཉེས་པ་མེད་དོ་ཞེ་ན་མ་ཡིན་ཏེ། ཁྱད་པར་ཅན་དུ་འགྱུར་བའི་རྫས་བརྗོད་པ་ན་ཡང་དངོས་ པོའི་སྟོབས་ཀྱི་སྒྲ་གཅིག་གིས་ཀྱང་མ་ལུས་པར་རྟོགས་པའི་ཕྱིར་སྒྲ་གཞན་དེ་ལ་འཇུག་པའམ་མི་འཇུག་པ་རྣམ་གྲངས་སུ་འགྱུར་རོ་ཞེས་ལན་བསྟན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདི་ལྟར་དངོས་པོའི་སྒྲ་དོན་བརྗོད་པ་ལ་གཞི་མཐུན་པ་ཉིད་ལ་སོགས་པ་ ཇི་ལྟར་ཡང་མི་སྲིད་ལ། སྤྱི་ཡང་དེ་དག་ལ་མི་སྲིད་དོ་ཞེས་བསྟན་ཏེ། དེ་ལྟར་ན་གང་གི་ཚེ་རེ་ཞིག་རང་གི་མཚན་ཉིད་ལས་སྤྱི་ཐ་དད་པ་མ་ཡིན་པ་དེའི་ཚེ་རང་གི་མཚན་ཉིད་བཞིན་དུ་གསལ་བ་གཞན་གྱི་རྗེས་སུ་མི་འགྲོ་བའི་ཕྱིར་སྤྱི་མ་ཡིན་ལ། ཐ་དད་ན་ཡང་ཇི་ལྟར་ན་གཞན་གྱི་ སྤྱིར་འགྱུར་ཏེ། ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་ཡིན་ནོ། །ལྡོག་པ་སྨྲ་བ་ལ་ཡང་ཉེས་པ་མེད་དམ་ཞེ་ན། ལྡོག་པ་ཀུན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་དེ་དག་ཅེས་བྱ་བ་ནི་སྤྱི་དང་གཞི་མཐུན་པ་ཉིད་མེད་པ་ལ་ སོགས་པའོ། །ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གཅིག་པོ་ནི་བ་ལང་གི་ཁྱད་པར་ཏེ་ཁྲ་བོའོ། །དེ་ལས་དེ་བ་ལང་མ་ཡིན་པའི་རང་བཞིན་ལས་ཐ་དད་པ་དེ་བཞིན་དུ་གཞན་དག་ཀྱང་སྟེ། ཁུ་ཡུ་ལ་སོགས་པ་ཡིན་པ་དེ་བས་ན་རིགས་མི་མཐུན་པ་ལས་ལྡོག་པར་ཐམས་ཅད་དུ་འདྲ་ བ་དེ་ལྟར་ན་ལྡོག་པའི་མཚན་ཉིད་ཀྱི་ཐ་དད་པ་རྣམ་པར་རྟོག་པའི་བློས་ཐམས་ཅད་དུ་ངོ་བོ་འདྲ་བ་ཉིད་དུ་སྒྲོ་བཏགས་པ་ལ་སྤྱི་མེད་པའི་ཉེས་པའང་ཡོད་པ་མ་ཡིན་ནོ། །ཉེས་པ་ལྷག་མ་པ་ཞེས་བྱ་བ་ནི་གཞི་མཐུན་པ་ཉིད་མེད་པ་ལ་སོགས་པ་མེད་པའོ། །སྔར་བསྟན་པ་ཞེས་ བྱ་བ་ནི། གཅིག་ཅིག་རྣམ་གཅོད་སྟོན་པ་ན། །གང་ཚེ་གཞན་སློང་མི་འཇུག་པ། །ཞེས་བྱ་བ་ལ་སོགས་པས་སོ། །ལྡོག་པ་ཐམས་ཅད་ལ་འདྲ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་ན་ཡང་དངོས་པོ་ཡོད་པ་མ་ཡིན་ཏེ། དངོས་པོར་འགྱུར་བའི་སྤྱི་གཅིག་པུ་མ་གཏོགས་པ་མང་ པོ་དག་ལ་སྒྲ་གཅིག་མི་འདོད་དོ་ཞེས་བྱ་བ་དེའི་ཕྱིར་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་ཡོངས་སུ་བསྟན་པའི་ཕྱིར་ཏེ། འབྲས་བུ་གཅིག་ཡོངས་སུ་བསྟན་པའི་ཕྱིར་རོ། །ཐ་དད་འབྲས་བུ་གཅིག་དག་ལ་ངོ་བོ་ཉིད་གཅིག་དང་བྲལ་བ་དག་ ལའོ། །མཁས་པ་བརྡ་ཤེས་པ་རྣམས་ཀྱིས་སྒྲ་འདྲ་བ་གཅིག་བརྡར་བྱས་པའོ། །དེའི་འབྲས་བུ་དག་སྟེ་ཐ་དད་པའོ། །དེའི་འབྲས་བུ་མེད་པ་ཅན་དག་ལས་ལྡོག་པ་གང་ཡིན་པ་དེའི་རྒྱུ་ཅན་ཡིན་ནོ། །ཅིའི་ཕྱིར་སོ་སོར་གསལ་བ་སྨོས་པ་ཐ་དད་པ་ཉིད་ཀྱི་བརྡར་མ་ བྱས་ཤེ་ན། དཀའ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀའ་བ་དང་མི་ནུས་པ་དང་། འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་དག་བསྟན་པ་ནི་ཐ་དད་པ་མཉན་པའོ། །དེ་ཡང་འགྲེལ་པས་གསལ་བར་བྱའོ། །དངོས་པོ་མེད་པ་སྟེ་སྤྱིའི་དངོས་པོར་གྱུར་པ་འདྲ་བ་ མཉན་པའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ནི་རང་གི་ངོ་བོའི་རང་བཞིན་ལ་གནས་པའི་རྒྱུའི་ཕྱིར་རོ། །ཁྲ་བོའི་ངོ་བོའི་གང་ཞེས་བྱ་བ་ལ་སོགས་པས་རང་གི་ངོ་བོ་ཉིད་ལ་གནས་པ་བསྟན་པ་དེའི་ཕྱིར་སྤྱི་ཐ་མི་དད་པ་མ་ཡིན་ནོ། །ཐ་དད་པ་ཡིན་ན་ཡང་རང་ཉིད་ཀྱི་ ངོ་བོ་ལ་གནས་པ་དེ་ལྟར་ན་ཇི་ལྟར་གསལ་བ་རྣམས་ཀྱི་སྤྱིའི་ངོ་བོ་ཡིན་ཏེ། གཞན་གྱིས་ཀྱང་གཞན་དག་མཚུངས་པ་མ་ཡིན་གྱི་ཞེས་བཤད་དོ། །སྤྱིའི་རྣམ་པ་ཅན་གྱི་ཤེས་པའི་རྒྱུ་མ་ཡིན་པ་དེ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་སྟེ། དེ་དག་ལས་ལྡོག་པའོ། །གཉིས་ པོ་ཞེས་བྱ་བ་ནི་ཁྲ་བོ་དང་སེར་སྐྱ་དག་གོ། །དེ་བས་ན་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལྡོག་པ་ཐ་དད་པ་དག་ཀྱང་འགལ་བ་མེད་པའི་ཕྱིར་དེ་ཉིད་དོན་ཐ་དད་པ་མེད་པ་ན། སྒྲ་ཐ་དད་པ་མེད་པའི་རྒྱུ་ཡིན་པར་འདོད་དེ་གང་གི་ཕྱིར། དོན་གྱི་ཐ་དད་པ་མེད་པར་ཡང་། སྒྲའི་ཐ་དད་མི་རིགས་ཏེ་སྤྱི་དངོས་པོར་གྱུར་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྤྱི་དངོས་པོར་གྱུར་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེའི་འབྲས་བུ་ཉིད་འདི་ཡང་གང་འབྲས་བུ་གཅིག་ཉིད་ཡིན་པ་གང་བསྟན་པར་བྱ་བའི་ཕྱིར་མང་པོ་དག་ལ་མཉན་པ་གཅིག་ཅེས་བསྟན་ པའི་ཕྱིར་འདོད་པ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ཐ་དད་པ་ཉིད་དུ་བལྟ་བར་བྱའོ། །དེའི་འབྲས་བུ་ཉིད་ཅེས་བྱ་བའི་སྤྱི་ཡང་ཡོད་པ་མ་ཡིན་ནོ། །སྤྱི་དངོས་པོར་གྱུར་པ་མེད་དུ་ཟིན་ཀྱང་ཇི་ལྟར་རིགས་མི་མཐུན་པ་དག་སྒྲ་གཅིག་འཇུག་པ་འགལ་བ་མེད་པ་དེ་ལྟར་ བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པ་གང་ལ་གཟུགས་ལ་སོགས་པའི་རྣམ་པར་ཤེས་པའི་འབྲས་བུ་གཅིག་ཡོད་པ་ཞེས་བྱ་བར་སྦྱར་རོ། །གང་ཚེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེད་པར་ནུས་པ་གང་གི་ ཚེའོ། །ཡང་ན་དུས་འགའ་ཞིག་དུ་བརྡ་ལས་བྱུང་བ་བསྙད་པར་བྱ་ཞེས་བྱ་བར་སྦྱར་རོ། །དུས་དེ་ཉིད་བསྟན་པའི་ཕྱིར་ཁྱད་པར་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དེའི་འབྲས་བུ་ཅན་མིག་གི་རྣམ་པར་ཤེས་པའི་འབྲས་བུ་གཅིག་གིས་རྒྱུའི་ཚོགས་པ་སྟོན་ པར་སྲིད་པར་གྱུར་པ་གང་གི་ཚེ་མིག་ལ་སོགས་པ་དག་གིས་ཐུན་མོང་མ་ཡིན་པའི་འབྲས་བུ་ཉིད་སྟོན་པར་བྱེད་པ་དེའི་ཚེ་མཉན་པ་གཅིག་གིས་དེ་དག་ལ་བརྡར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིག་ཅར་ཏེ་དུས་གཅིག་ཏུ་རྒྱུའི་ཚོགས་ཐམས་ཅད་རྟོགས་པར་བྱ་ བའི་ཕྱིར་རོ། །དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་ལ། མིག་ལ་སོགས་པ་དེ་དག་གི་སྤྱིའི་འབྲས་བུ་གཅིག་པ་ཅན་གྱི་མཚན་ཉིད་ཐ་དད་པ་མེད་དུ་ཟིན་ན་ཡང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་དག་གི་སྤྱི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ལ་ཁྱད་པར་མེད་པའི་ཕྱིར་མིག་གི་རྣམ་ པར་ཤེས་པ་དུས་ཐམས་ཅད་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་ཐ་དད་པ་མེད་པར་ཞེས་བྱ་བ་ནི་སྤྱི་དངོས་པོར་གྱུར་པ་མེད་པར་རོ། །མང་པོ་དག་ནི་ཁྲ་བོ་ལ་སོགས་པ་དག་ལའོ། །དེ་དག་ཅེས་བྱ་བ་ནི་ཁྲ་བོ་ལ་སོགས་པའི་ཁྱད་པར་དག་གོ། །གལ་ཏེ་ དེ་དག་ལ་སྤྱི་ཡོད་པར་འགྱུར་བ་དེའི་ཚེ་སྤྱི་དེ་ལ་སྒྲ་འཇུག་པའི་ཕྱིར་ཁྱད་པར་ཐམས་ཅད་ལ་འཇུག་པར་འགྱུར་རོ། །སྤྱི་གཅིག་པུ་མེད་པར་ཡང་མང་པོ་དག་ལ་སྒྲ་གཅིག་འགོད་པར་མི་རིགས་སོ། །དེ་བས་ན་སྒྲ་འདི་བརྡར་བྱས་པ་ནི་ཁྱད་པར་གཅིག་ཁོ་ན་ལ་བརྡར་བྱས་པར་ འགྱུར་བ་དེ་ལྟ་ན་ཡང་གཅིག་ལ་འཇུག་པ་སྟེ། ཁྱད་པར་དུ་བྱས་པ་གཅིག་ལ་འཇུག་པ་ཅན་གྱི་སྒྲ་ནི་ཁྱད་པར་ཅན་གྱི་མཚན་ཉིད་མེད་པ་གཞན་ལ་ཤེས་པ་མི་སྐྱེ་བའི་ཕྱིར་ཏེ། བ་གླང་གི་བ་གཉིས་པ་སྒྲ་དེ་ལས་བ་ལང་ཞེས་བྱ་བ་དེ་ལྟར་རྟོགས་པར་མི་འགྱུར་ཏེ། དེ་ལ་སྤྱི་སོ་སོར་ ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོའི་རྗེས་སུ་འགྲོ་བ་མེད་པར་ཡང་ཁྲ་བོ་ལ་སྒྲ་འགོད་པར་སོ་སོར་ཉེ་བ་མ་ཡིན་པ་སེར་སྐྱ་ལ་ཤེས་པ་སྐྱེ་བར་འགྱུར་རོ་ཞེ་ན། སོ་སོར་ཉེ་བ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་ཐལ་བར་འགྱུར་ཏེ། བ་ལང་གི་སྒྲ་ལས་རྟ་ ཡང་རྟོགས་པར་འགྱུར་རོ། །དེ་ལྟར་ན་རེ་ཞིག་སྤྱི་གཅིག་མེད་པར་མང་པོ་དག་ལ་སྒྲ་གཅིག་འགོད་པ་མེད་པར་བསྟན་ནས། ད་ནི་ཁས་བླངས་པ་དོན་མེད་པ་ཉིད་ནི་དེ་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དུ་མ་ལས་ལོག་པའི་དོན་གཅིག་གམ། ཐ་དད་པ་དེ་ཉིད་ ལ་འདྲེ་བ་མེད་པར་བསྟན་པའི་ཕྱིར་མང་པོ་དག་ལ་མཉན་པ་གཅིག་འགོད་པར་འགྱུར་ནའོ། །དེ་ལ་དང་པོ་ལ་དངོས་པོ་མེད་པ་ནི་དོན་གཅིག་ལ་སྦྱོར་བ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དོན་གཅིག་ལ་སྒྲ་སྦྱོར་བར་འགྱུར་བ་དེའི་ཚེ་དོན་གཅིག་སྟོན་པར་འགྱུར་རོ། ། གཉིས་པ་ལ་དངོས་པོ་མེད་པ་ནི་ཐ་དད་པ་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པའི་རང་གི་ངོ་བོ་མ་འདྲེས་པ་ཁྲ་བོ་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །སོ་སོར་ཞེས་བྱ་བ་ནི་གཅིག་ལ་གཅིག་གི་ཁྱད་པར་རོ། །སྒྲ་གཅིག་གི་སྦྱོར་བ་བརྡར་བྱས་ ནས་ཕྱིས་ཐ་སྙད་ཀྱི་དུས་སུ་དེ་ལྟར་སྟོན་པ་དག་གིས་ཞེས་བྱ་བ་མ་འདྲེས་པར་རྟོགས་པར་བྱ་བའི་དོན་དུ་སྟོན་པ་དག་གིས་རྣམ་པར་དབྱེ་བ་ཡོངས་སུ་མི་ཤེས་པར་དེའི་ཕྱིར་དེ་དག་ལ་སྒྲ་སྦྱོར་བའི་དོན་དང་ལྡན་པ་མ་ཡིན་ནོ། །འདི་ལྟར་གལ་ཏེ་སྒྲ་དེ་ལས་རང་གི་མཚན་ཉིད་ འདྲེ་བ་མེད་པར་རྟོགས་པར་འགྱུར་ན་རང་གི་མཚན་ཉིད་དག་ལ་སྒྲ་སོ་སོར་སྦྱོར་བ་འབྲས་བུ་དང་ལྡན་པར་འགྱུར་ལ་མང་པོ་དག་ལ་སྒྲ་གཅིག་སྦྱོར་བ་ཡང་བྱེད་པ་དེ་བས་ན་སྤྱིའི་དངོས་པོར་འགྱུར་སྙམ་དུ་བསམས་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་སློབ་དཔོན་གྱི་སྟེ། སྤྱི་དངོས་པོ་གཅིག་ཁོ་ནར་ཡོད་དོ་ཞེས་བྱ་བའི་དབང་དུ་བྱས་ནས། དགོས་པ་མེད་དུ་ཟིན་ན་ཡང་འཇིག་རྟེན་པས་སྒྲ་དགོད་པར་བྱ་བ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཅིག་ཡིན་ནོ། །གཉིས་པ་ནི་གཅིག་པོ་དེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཞེས་བྱ་ བ་ནི་སྤྱིའོ། །དངོས་པོའི་ནུས་པ་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་བྱེད་པ་ལ་ལྟོས་པ་མེད་པའོ། །མཉན་པ་འདི་སློང་བར་བྱེད་པ་ནི་སྒྲ་སློང་བར་བྱེད་པའོ། །གཉིས་པོ་དེ་ཡང་ཡོད་པ་མ་ཡིན་ཏེ། དགོས་པ་དང་སྐྱེས་བུའི་བྱ་བ་མེད་པར་སྦྱོར་བ་མེད་པའི་ ཕྱིར་རོ། །དེ་ཉིད་ནི་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པ་འགའ་ཞིག་གིས་ཞེས་བྱ་བ་ནི་ཐ་སྙད་ཀྱི་དུས་སུ་སྒྲ་དེ་དག་ལས་བསྒྲུབ་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པ་ཞེས་བྱ་བ་འདིས་ནི་རྣམ་པར་རྟོག་པ་དང་པོ་མེད་པར་བསྟན་ཏོ། །འགོད་པར་བྱེད་དོ་ཞེས་ བྱ་བ་འདིས་ནི་གཉིས་པ་བསྟན་ཏེ། ཐ་སྙད་བྱེད་པར་འདོད་པ་དག་གིས་འགོད་པར་བྱེད་ཅིང་བརྡར་བྱེད་ཅེས་བྱ་བ་ཁོང་ནས་དབྱུང་ངོ་། །འབྲས་བུ་གཅིག་ལ་རྒྱུ་དུ་མ་ཉེ་བར་སྦྱོར་བར་བྱེད་པ་ནའོ། །དེ་ནི་ཞེས་བྱ་བ་ནི་དུ་མའོ། །རྒྱུའི་ཚོགས་པ་གང་ཡང་འབྱུང་བ་ཡིན་ ན། དེ་ལྟར་ཐ་སྙད་བྱེད་པར་འདོད་པས་འབྲས་བུ་གཅིག་པོ་དེ་ལ་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ཏེ། རྒྱུ་དུ་མ་དེ་ཡང་དེའི་འབྲས་བུ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཅན་གྱི་འབྲས་བུ་གཅིག་ཉིད་ལ་བརྟེན་ནས་སྒྲས་དུ་མ་བརྗོད་པར་བྱའོ། །དུ་མ་ བརྗོད་པའི་ཉེས་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོ་སོ་སོར་ཞེས་བྱ་བ་ནི་སྒྲའི་ཐ་དད་པ་དག་གིས་སོ། །དེ་དག་གིས་ཀྱང་རང་གི་མཚན་ཉིད་ལ་སྒྲ་དགོད་པ་ཁས་བླངས་པ་བསྟན་ནས། དེ་ཉིད་མི་སྲིད་པར་བསྟན་པའི་ཕྱིར། གཞན་དང་ཐུན་ མོང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དངོས་པོའོ། །གཞན་དང་ཐུན་མོང་མ་ཡིན་པའི་ངོ་བོ་ཞེས་བྱ་བ་ལ། གཞན་དང་ཐུན་མོང་དུ་མེད་པ་ནི་གཞན་དང་ཐུན་མོང་མ་ཡིན་པ་སྟེ། རང་གི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལ་ཡང་ཞེས་བྱ་བ་ནི་སྒྲ་ དུ་མ་ལ་འགོད་པ་ལའོ། །དེ་དག་ཀྱང་། དཀའ་དང་མི་ནུས་འབྲས་མེད་ཕྱིར། །ཞེས་བྱ་བའི་གོ་རིམས་བཞིན་དུ་རྣམ་པར་འགྲེལ་པ་ཡིན་ནོ། །ཅིའི་ཕྱིར་འབྲས་བུ་མེད་པ་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་པོ་འདིས་འབྲས་བུ་གཅིག་ པོ་འདི་ལ་དོན་དེ་དག་གི་རྒྱུར་གྱུར་པ་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ཙམ་ནི་དགོས་པའོ། །རྒྱུར་གྱུར་པའི་དངོས་པོ་དེ་དག་སྒྲ་གཅིག་གམ་དུ་མས་བརྗོད་པར་འགྱུར་ཞེས་བྱ་བའི་བརྗོད་པ་འདི་ལ། སྨྲ་བ་པོ་རང་རྒྱུད་ཀྱིས་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་དེའི་ ཕྱིར་བརྗོད་པར་བྱ་བ་མང་པོ་དག་ལ་སྨྲ་བ་པོའི་བསམ་པའི་དབང་གིས་རྒྱུ་ཡིས་འཇུག་པར་འགྱུར་བ་ན་མཉན་པ་གཅིག་པུ་འདི་ལ་ཀླན་ཀ་རིགས་པ་མ་ཡིན་ནོ། །གལ་ཏེ་མང་པོ་དག་ལ་མཉན་པ་གཅིག་པུ་འཇུག་པར་མི་ནུས་སོ་ཞེ་ན། འདི་ལ་ཞེས་བྱ་བ་སྨོས་ ཏེ། འདི་ལ་ཞེས་བྱ་བ་ནི་ཐོས་པ་གཅིག་སྟེ། གང་ལ་འཇུག་པའི་ནུས་པ་མེད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །ཅིའི་ཕྱིར་འཇུག་པར་ནུས་ཤེ་ན། སྨྲས་པ་འདོད་པ་ལ་རག་ལུས་པ་ཉིད་ཀྱི་ཕྱིར་ཏེ། འདོད་པ་ལ་རག་ལུས་པ་འགའ་ཞིག་ལ་འཇུག་པའི་ནུས་པ་ཡོད་ པ་ཡིན་ནོ། །འདོད་པ་ལ་རག་ལུས་པ་ཉིད་བསྒྲུབ་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གཞན་གྱིས་ཀུན་བརྟགས་པ་སྤྱི་གཅིག་ཉིད་ལ་ཡང་དངོས་པོའི་ནུས་པས་ཐོས་པ་གཅིག་འཇུག་པ་ནི་མེད་ལ། འོན་ཀྱང་སྨྲ་བ་པོའི་འདོད་པའི་དབང་གིས་ ཡིན་ན་དེ་མེད་པར་གཅིག་ལ་ཡང་མཉན་པ་གཅིག་པུ་འདི་ཇི་ལྟར་འཇུག་པར་འགྱུར་ཏེ། མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བསམས་པའོ། །དེ་ལ་གཅིག་ལ་ཡང་འཇུག་པ་ཉིད་དུ་འདོད་པ་གང་གི་ཚེ། རྒྱུའི་དངོས་པོའི་ནུས་པས་མ་ཡིན་པ་དེའི་ཚེ་མང་པོ་དག་ལས་ ཡང་གདོན་པ་འགའ་ཞིག་ཀྱང་མེད་པར་བསྟན་པའི་ཕྱིར་འདོད་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ལ་ཡང་འཇུག་པ་ཉིད་དུ་འདོད་པ་རྒྱུ་ཉིད་དུ་བརྟག་པར་གྱུར་པའོ། །འདི་ལྟ་སྟེ་མཉན་པ་གཅིག་ལའོ། །གལ་ཏེ་དགོས་པ་མེད་པའི་ཕྱིར་ཞེས་བྱ་བ་ ལ་སོགས་པ་ལ། དངོས་པོ་གཅིག་ལ་མ་གཏོགས་པར་མང་པོ་དག་ལ་སྒྲ་གཅིག་དགོད་པ་འབྲས་བུ་མེད་པ་བཞིན་ནོ། །གོང་དུ་བསྟན་པ་ཅི་ཞིག་བསྟན་ཞེ་ན། དེའི་དགོས་པ་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དགོས་པ་མེད་པ་ཅན་གྱིས་ཐ་དད་ པས་ཐ་དད་པ་ཁྲ་བོ་ལ་སོགས་པའི་ཐ་དད་པ་དག་ནི་བ་ལང་གི་སྒྲ་གཅིག་ལས་ཁོང་དུ་ཆུད་པར་འགྱུར་རོ། །རྟ་ལ་སོགས་པ་གང་ཡིན་པ་དེ་དག་ལ་བ་ལང་གི་ཁྱད་པར་གྱི་བསྒྲུབ་པར་བྱ་བ་རྨོ་བ་དང་བ་བཞོ་བ་ལ་སོགས་པའི་འབྲས་བུ་ དགོས་པ་མེད་པར་འགྱུར་བའི་ཐ་དད་པས་སོ། །དངོས་པོ་རང་གི་ངོ་བོ་གཅིག་ཉིད་ཀྱང་ཅིའི་ཕྱིར་མི་བརྗོད་ཅེ་ན། སྨྲས་པ་རང་གི་ངོ་བོ་ཉིད་ལ་ཡང་གཅིག་པ་ཉིད་མེད་པའི་ཕྱིར་ཏེ། སྤྱིའི་དངོས་པོར་གྱུར་པ་ཉིད་ལ་ཡང་གཅིག་པ་ཉིད་མེད་པའི་ཕྱིར་རོ། ། སྤྱི་དེ་ཉིད་ལྡོག་པ་དང་ལྡོག་པ་མེད་པ་དང་མི་ལྡན་པས། མང་པོ་དག་ལ་མཉན་པས་གཅིག་ཉིད་ཡིན་ནོ། །སྤྱི་ཐ་དད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་རང་རང་གི་ངོ་བོ་ལ་གནས་པ་མ་འདྲེས་པ་ཁོ་ན་ཡིན་ཏེ། དེ་ཉིད་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། གང་ཞིག་གང་གི་མཚན་ཉིད་དེ་གནས་པ་ཅན་གྱི་རང་གི་ངོ་བོ་དག་ཕན་ཚུན་ངོ་བོ་འདྲེས་པ་མེད་པའི་ཕྱིར། ཇི་ལྟར་ཐ་དད་པ་དག་སྒྲའི་རང་བཞིན་གཅིག་པའི་རྒྱུ་མཚན་ཅན་སྤྱིའི་རྒྱུ་ཅན་དུ་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་བསམས་པའོ། །གཞན་ནི་གཞན་དང་ མཚུངས་པར་འགྱུར་བ་མ་ཡིན་ཏེ། དེ་སྐད་དུ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །ཞེས་བྱ་བའི་སྐབས་སུ་བསྟན་ཏོ། །གཞན་སེལ་བ་སྨྲ་བ་ལ་ནི་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར། དེའི་དགོས་པ་མེད་པ་ཅན་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། དེའི་དགོས་པ་མེད་པ་ཅན་དག་ལས་ལྡོག་པ་ནི་ཐ་དད་པ་དག་ལ་ཡང་འགལ་བ་མེད་དོ་ཞེས་བྱ་བའི་དབང་དུ་བྱས་ནས། དེའི་དགོས་པ་མེད་པ་ཅན་དག་ལས་ཐ་དད་པ་དེ་ཉིད་དོན་ཐ་དད་པ་དེའི་དགོས་པ་ཅན་དག་ཡིན་པ་ནི་ལྡོག་པ་ལ་ཐ་དད་པ་མེད་པའི་ཕྱིར་སྒྲའི་ཐ་ དད་པ་མེད་པའི་རྒྱུར་འགྱུར་རོ། །གང་གི་ཕྱིར་སྤྱི་དངོས་པོར་གྱུར་པ་ཇི་ལྟར་ཡང་མི་འཐད་པ་དེ་བས་ན་བ་ལང་གི་ཁྱད་པར་འདི་དེའི་དགོས་པ་ཅན། རྨོ་བ་དང་བཞོ་བའི་དགོས་པ་ཅན་ཞེས་བསྟན་པ་གང་ཡིན་པ་དེ་ནི་དགོས་པ་ཅན་མ་ཡིན་པ་རྟ་ལ་སོགས་པ་དག་ལས་ཐ་ དད་པ་ཉིད་དུ་བསྟན་གྱི། དེ་དག་ནི་གཞན་དུ་དེའི་འབྲས་བུ་ཅན་ཡང་མ་ཡིན་ཏེ། གཞན་དུ་གཞན་ལས་ཐ་དད་པའི་ཕྱིར་ཏེ། གཞན་དག་ལས་ལོག་པ་ཁོ་ན་རིགས་མཐུན་པ་གཟུགས་དང་རོ་ལ་སོགས་པ་གཞན་དག་ལས་ཐ་དད་པར་ཁྱད་པར་མེད་དུ་ཟིན་ཀྱང་། དེའི་དགོས་པ་ ཡན་ལག་ཉིད་དེ་ཆུ་ལ་སོགས་པ་འཛིན་པའི་འབྲས་བུ་ཁྱད་པར་ཅན་གྱི་ཡན་ལག་ཉིད་ཀྱིས་དེ་གཞན་དག་ལས་ཞེས་བྱ་བ་འབྲས་བུ་དེ་བྱེད་པའི་ནུས་པ་མེད་པ་དག་ལས་སོ། །འདི་སྐད་དུ་བསྟན་ཏེ། ཇི་ལྟར་གཟུགས་ལ་སོགས་པ་ཆུ་འཛིན་པ་ལ་སོགས་པ་ནུས་པ་ གཅིག་ཅིག་བུམ་པའི་སྒྲས་བརྗོད་པར་བྱ་བ་དེ་ལྟར་གཞན་དག་ཀྱང་བུམ་པའི་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། ཐམས་ཅད་འབྲས་བུ་གཅིག་པའི་ཕྱིར་རོ། །དེ་བས་ནི་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ཐམས་ཅད་ཀྱི་ཐ་དད་པ་གང་ཡིན་པ་དེ་ཉིད་དེ་དག་གིས་ཐ་ དད་པ་མེད་པའོ། །ཐ་མི་དད་པ་དེ་ལས་ཞེས་བྱ་བ་ནི་ཐ་དད་པ་མེད་པ་དེ་ལས་ཞེས་བྱ་བའི་དོན་ཏོ། །བུམ་པ་ཞེས་བྱ་བའི་སྒྲས་གཅིག་ལས་ཁྱད་པར་མེད་པ་སྟེ། སྤྱིར་གཟུགས་ལ་སོགས་པ་ཐམས་ཅད་རྟོགས་པར་འགྱུར་རོ། །གཟུགས་ལ་སོགས་པ་ འབའ་ཞིག་ཁོ་ན་ཡིན་གྱི་དེ་ལས་མ་ཡིན་གཏོགས་པའི་རྫས་ནི་མེད་དོ། །གལ་ཏེ་བུམ་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལྡོག་པ་ཇི་ལྟར་རུང་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་འདི་ལ་ཡང་ལྡོག་ པ་གང་ཡིན་པ་དེའི་དོན་ནི་བུམ་པའི་རང་བཞིན་དག་གཟུགས་ལ་སོགས་པ་ལ་ཡིན་གྱི་སྣམ་བུ་ལ་སོགས་པའི་རང་བཞིན་དག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་འཆད་པ་ནི་ཆུ་ཞེས་བྱ་བ་ལ་སོགས་པ་སྟེ། ཆུ་འཛིན་པའི་ཁྱད་པར་བུམ་པ་ལས་གཞན་ གྱིས་བསྒྲུབ་པར་བྱ་བ་ཉིད་མ་ཡིན་པའོ། །སྩོགས་པའི་སྒྲས་ནི་བུམ་པའི་བསྒྲུབ་པར་བྱ་བའི་འབྲས་བུ་གཞན་དག་ཀྱང་ཡོངས་སུ་གཟུང་ངོ་། །འདིར་དོན་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པའི་སྒྲ་ཐམས་ཅད་ཀྱི་གཟུགས་ལ་སོགས་པ་བསྒྲུབ་པར་བྱ་ བའི་འབྲས་བུ་ཙམ་གྱིས་ནུས་པ་དང་ལྡན་པའི་གཟུགས་ལ་སོགས་པ་ཁྱད་པར་མེད་པར་བསྟན་ཅིང་། བུམ་པའི་སྒྲས་ཀྱང་ཁྱད་པར་དུ་བྱས་པའི་འབྲས་བུ་དང་ལྡན་པས། སྣམ་བུ་ལ་སོགས་པའི་རང་བཞིན་དག་ལས་ཐ་དད་པས་ཁྱད་པར་དུ་བྱས་པའི་ གཟུགས་ལ་སོགས་པ་བསྟན་ཏོ། །དེ་བས་ན་བུམ་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སྒྲ་གཉིས་ཀྱི་བྱ་བས་སྤྱི་དང་ཁྱད་པར་གྱི་རྣམ་པའི་བློ་སྐྱེ་བའི་སྤྱི་དང་ཁྱད་པར་གྱི་དངོས་པོ་ལ་ཐ་དད་པའི་རྟེན་ཅན་གྱི་དྲུག་པ་སྦྱོར་བ་ཡིན་ནོ། །དེ་ཉིད་ནི་སྤྱི་ཞེས་བྱ་བ་ལ་སོགས་པས་ བསྟན་ཏེ། སྤྱིའི་འབྲས་བུ་ནི་གཟུགས་ལ་སོགས་པ་ཙམ་དུ་བསྒྲུབ་པར་བྱའོ། །དེ་བསྒྲུབ་པ་ནི་བསྒྲུབ་པའོ། །དེ་དག་ཉིད་ཀྱི་ངོ་བོས་རབ་ཏུ་གྲགས་པའོ། །དེ་ལྟ་བུར་གྱུར་པའི་མཚན་ཉིད་དམ། གཏན་ཚིགས་ཀྱི་གསུམ་པ་ཡིན་ཏེ། ངོ་བོར་དེ་ལྟ་བུར་གྱུར་པས་སམ་ གཏན་ཚིགས་ཀྱིས་སོ། །གཟུགས་ལ་སོགས་པའི་སྒྲ་རྣམས་བྱེད་པར་འགྱུར་བ་རྣམས་ཀྱིས་རབ་ཏུ་གྲགས་པ་ཡོད་ན་ཁྱད་པར་དུ་བྱས་པའི་འབྲས་བུ་བུམ་པ་ཁོ་ནའི་བསྒྲུབ་པར་བྱ་བ་ཆུ་འཛིན་པ་ལ་སོགས་པ་ནི་འདིས་སྒྲུབ་པར་བྱེད་པའི་ཕྱིར་རོ། །གང་ལ་མིང་དེ་ལྟ་བུར་ གྱུར་པ་ཞེས་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ཁྱད་པར་བྱས་པའོ། །དེ་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། དེ་སྐད་ཅེས་བརྗོད་དོ། །འདི་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཚོགས་སམ། བུམ་པ་ཞེས་བྱ་བའི་ཐ་སྙད་ལའོ། ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་ཞེས་བྱ་བ་གཟུགས་ལ་སོགས་པ་ལས་བཟློག་པའི་རྫས་སོ། །དེ་འདྲ་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་བཟློག་པའོ། །དེ་ནི་ཡན་ལག་ཅན་ནོ། །ཕ་རོལ་པོ་དག་གིས་ཡན་ལག་ཅན་དམིགས་པའི་མཚན་ ཉིད་ཀྱིར་གྱུར་པར་ཡང་འདོད་དེ། རྫས་ནི་མཐོང་བ་དང་རེག་པ་དང་ལྡན་པ་ཡིན་ནོ་ཞེས་སྨྲ་བའི་ཕྱིར་རོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེ་བས་ན་ཁས་བླངས་པ་གཟུགས་ལ་སོགས་པ་ལྡོག་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ཇི་ལྟར་ ཡན་ལག་ཅན་མེད་པར་ཡང་རྡུལ་ཕྲ་རབ་ཁོ་ན་མངོན་སུམ་གྱི་ཡུལ་ཡིན་པར་དེ་ནི་ལེའུ་གསུམ་པ་ལ་འཆད་པར་འགྱུར་རོ། །གལ་ཏེ་གཟུགས་ལ་སོགས་པའི་ཚོགས་དེ་དག་ཁོ་ན་ཡིན་ན། ཇི་ལྟར་ན་དེ་དག་ཐ་དད་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་བར་དུའོ། །དེ་དག་གིས་ནི་ དེའི་ཕྱིར་དེ་འབྲས་ཅན་ཉིད་ཅེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པའི་ཆ་བཤད་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི། དཔེར་ན་མིག་ལ་སོགས་པས་ནི། །གཟུགས་ཀྱི་རྣམ་ཤེས་འབྲས་གཅིག་ཅན། །ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དོ། ། བདག་དང་དབང་པོ་དང་ཡིད་དང་། དོན་དག་ཕྲད་པར་འགྱུར་བ་དག་ནི་ཞེས་བྱ་བ་ནི་གཞན་ལ་རབ་ཏུ་གྲགས་པ་བསྟན་ཏོ། །གང་དག་ལ་གཟུགས་ཀྱི་རྣམ་པར་ཤེས་པའི་འབྲས་བུ་གཅིག་ཡོད་པ་དེ་དག་ནི་འབྲས་བུ་གཅིག་པ་ཅན་ཏེ། དེ་དག་གི་ཐུན་མོང་ནི་ཁྱད་པར་མེད་པར་ འབྲས་བུ་གཅིག་བྱེད་པའི་ནུས་པའོ། །དེ་སྟོན་པ་ནི་གསལ་བར་བྱེད་པ་སྟེ། དེའི་སྲིད་པར་འགྱུར་བའོ། །སྐབས་གང་དུ་དེ་སྟོན་པ་ཡང་སྲིད་པ་ཡིན་ཞེ་ན། གང་ལས་གཟུགས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མེད་པའི་ཚོགས་པར་འགྱུར་བའི་དྲི་བ་ ཡོད་ན་ཞེས་བྱ་བའི་དོན་ཏོ། །ཐ་སྙད་ཚོགས་ཆུང་བར་བྱ་བའི་དོན་ནི་གཅིག་གིས་མང་པོ་བསྟན་པར་བྱ་བའི་དོན་ཏོ། །གཟུགས་ཀྱི་རྣམ་པར་ཤེས་པའི་རྒྱུ་ནི་མིག་ལ་སོགས་པའི་ཚོགས་ཏེ། ཡ་ནས་རའི་བར་རམ། ཤ་ནས་སའི་བར་ཞེས་བྱ་བ་མཉན་པ་འགོད་ པར་འགྱུར་ཏེ་ཞེས་བྱ་བར་སྦྱར་རོ། །དེའི་རྒྱུ་ཞེས་བྱ་བ་ལ་སོགས་པས་ཐ་སྙད་ཟོར་ཡང་བ་ཉིད་འཆད་པར་བྱེད་དེ། དེའི་རྒྱུ་ནི་མིག་གི་རྣམ་པར་ཤེས་པ་རྒྱུ་དག་གོ། །འདི་ལ་ཡང་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། རྗེས་སུ་འགྲོ་བའི་ངོ་བོ་གང་གིས་མིག་གི་ རྣམ་པར་ཤེས་པ་གཅིག་གིས་སྐྱེད་པར་བྱེད་པ་དེ་ལྟ་བུར་གྱུར་པའི་སྤྱི་ནི་མིག་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་ཉིད་ཡོད་དོ་ཞེ་ན། དེ་ཐམས་ཅད་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པར་འགྱུར་རོ། །འབྲེལ་ པ་ཅན་ཐ་དད་པས་ཡོད་པ་ཉིད་ཀྱང་ཐ་དད་པ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་ཤིན་ཏུ་ཁྱད་པར་དུ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་དེའི་དོན་གཟུགས་ཀྱི་རྣམ་པར་ཤེས་པ་འབྲས་བུ་གཅིག་པ་ཉིད་ཀྱིས་སོ། །དེའི་དོན་མ་ཡིན་པ་གཟུགས་ཀྱི་རྣམ་ པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དག་ལས་མིག་ལ་སོགས་པའི་དངོས་པོ་དག་ཐ་དད་པ་ཞེས་བྱ་བའི་དབང་དུ་བྱས་ནས། དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པ་ཉིད་ཐ་དད་པ་ཁོ་ན་ཡིན་ནོ། །དེ་དག་ནི་མིག་ལ་སོགས་པ་ཞེས་བྱ་བའི་དོན་ཏེ་ཐམས་ཅད་དག་ལ་དེའི་ འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པར་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་སྤྱི་གཅིག་པོ་མེད་པར་ཡང་འབྲས་བུ་གཅིག་པ་ཉིད་བསྟན་པར་བྱ་བའི་ཕྱིར། མིང་དང་གཟུགས་ལ་སོགས་པ་དག་ལ་སྒྲ་དགོད་པ་ལྟར་ཚོགས་དང་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ དང་རྒྱུ་དང་གནས་སྐབས་ཁྱད་པར་ཅན་རྗོད་པར་བྱེད་པའི་སྒྲ་ནི་ཚོགས་དང་རྒྱུ་དང་། གནས་སྐབས་ཁྱད་པར་ཅན་གྱི་སྒྲའོ། །དེ་ལ་ཚོགས་བརྗོད་པའི་སྒྲའི་དབང་དུ་བྱས་ནས་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལུས་པ་དག་གི་སྟེ་གཟུགས་དང་དྲི་དང་རོ་ལ་ སོགས་པའོ། །འབྲས་བུ་ནི་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པའོ། །དེ་དག་ནི་གཟུགས་ལ་སོགས་པའོ། །ཐམས་ཅད་དག་གི་འབྲས་བུ་གཅིག་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས། འབྲས་བུ་དེ་ལ་བྱེད་པ་ཁྱད་པར་མེད་པའི་ཕྱིར་རོ། །འབྲས་བུ་གཅིག་ བྱེད་པ་དེ་བས་ན་ཁྱད་པར་མེད་པ་ཞེས་བྱའི། རང་གི་མཚན་ཉིད་ཀྱི་ཁྱད་པར་མེད་པའི་ཕྱིར་ནི་མ་ཡིན་ཏེ། དེ་དག་ནི་འབྲས་བུ་གཅིག་བྱེད་པའི་ནུས་པ་སྟོན་པ་ཙམ་བྱེད་པ་ཡིན་ལ། ཁྱད་པར་བརྗོད་པ་དོན་མེད་པ་ཅན་སྒྲ་ཐ་དད་པ་གཟུགས་ལ་སོགས་པ་སོ་སོར་བརྗོད་ པའི་འབྲས་བུ་མེད་པ་ཅན་ཡིན་པའི་ཕྱིར་ཅིག་ཅར་ཏེ་དུས་གཅིག་ཏུ་ཐམས་ཅད་ཀྱི་འབྲས་བུ་འགའ་ཞིག་ལ་སྦྱོར་བར་བྱ་བའི་དོན་དུ་འཇིག་རྟེན་པ་ཐ་སྙད་འདོགས་པའོ། །བུམ་པ་ཞེས་བྱ་བའི་སྒྲ་གཅིག་གཟུགས་ལ་སོགས་པའི་ཁྱད་པར་ཆུ་འཛིན་པ་ལ་སོགས་པ་ནུས་པ་ དག་ལ་སྦྱོར་བར་བྱེད་དོ། །གལ་ཏེ་བུམ་པ་སོ་སོ་ལ་གཟུགས་ལ་སོགས་པ་ཐ་དད་པ་ཡིན་ནོ། །ཇི་ལྟར་བུམ་པའི་སྒྲ་གཅིག་ལ་ཁྱད་པར་མེད་པར་རྟོགས་པར་འགྱུར་ཞེ་ན། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མང་པོ་དག་ལ་བུམ་པ་ལ་སོགས་པའི་ ཚིག་གཅིག་ཡིན་ཞེ་ན། ཚིག་གཅིག་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་མང་པོ་དག་ལ་སྒྲ་གཅིག་གི་ནུས་པ་གཅིག་ཡིན་པའི་དོན་ཡིན་པ་དེ་ལྟར་ཚིག་གཅིག་གིས་ཀྱང་གཟུགས་ལ་སོགས་པ་དེ་དག་གི་ནི་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་ལ་ནུས་པ་ གང་ཡིན་པ་དེ་བསྟན་པའི་ཕྱིར་རོ། །འབྲས་བུ་གཅིག་བྱེད་པ་ཉིད་ཀྱིས་དེ་དག་གཅིག་ཉིད་དུ་སྒྲོ་བཏགས་ནས་ཚིག་གཅིག་བྱ་བའི་དོན་ཏོ། །གཅིག་པ་ཉིད་དུ་སྒྲོ་བཏགས་པ་ལ་བརྟེན་ནས་ཀྱང་ཚིག་གཅིག་པ་ཉིད་དུ་མི་འགྱུར་མོད་ཀྱི། འོན་ཀྱང་ཕྱིའི་དོན་ལ་ ལྟོས་པ་མེད་པར་བརྡའི་གཞན་དབང་གིས་ཀྱང་ཡིན་ཏེ། གང་དག་གི་ཚིག་དངོས་པོའི་དབང་ལྷུར་བརྗོད་འདོད་པ་མི་རྟེན་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་ཟིན་ཏོ། །རྒྱུ་བརྗོད་པའི་དབང་དུ་བྱས་ནས། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུ་ ནི་རྒྱུ་དང་འབྲས་བུའོ། །དེའི་ཁྱད་པར་རྒྱུ་དང་རྒྱུར་བཅས་པའི་དངོས་པོས་རྒྱུད་གཅིག་གི་གནས་སྐབས་ལ་བརྟེན་པ་ཉིད་དོ། །དེ་ལྟར་གྱུར་པ་ན་ཐོབ་པའོ། །ཐོབ་པ་ནི་ཚིག་ཏུ་འགྱུར་བའི་ལས་དང་བཅས་པའོ་སྟེ། སྒྲུབ་པར་བྱེད་པ་བྱེད་པ་དང་ལྡན་པར་ཞེས་བྱ་བ་ ནི་གཉིས་པ་དེའི་སྐྱེས་བུའམ། གང་ལ་རྒྱུ་དང་འབྲས་བུའི་ཁྱད་པར་དུ་འགྱུར་བ་གྲུབ་པ་ཡོད་པ་ཞེས་བྱ་བ་ནི་འབྲུ་མང་པོ་པའོ། །གྱུར་པ་སྒྲ་འོག་ཏུ་སྦྱར་བ་ནི་སྤྱོད་པ་ལ་སོགས་པའི་ཚོགས་པ་ཉིད་ཀྱི་བར་དུ་གཏོགས་པ་ཉིད་ཀྱི་ཕྱིར་རོ། །གཅིག་འགའ་ཞིག་ སྒྲུབ་པར་བྱེད་པའམ་ཞེས་བྱ་བ་ནི་དཔེར་ན་ཞེས་བྱ་བ་ལ་མྱུ་གུ་དང་སྡོང་བུ་དང་། འདབ་མ་ལ་སོགས་པའི་འབྲས་བུ་གཅིག་ཡིན་པ་ལྟ་བུའམ་བསྒྲུབ་པར་བྱ་བ་སྟེ། དཔེར་ན་རྒྱུར་གྱུར་པའི་ས་བོན་གཅིག་གིས་དེ་དག་ཉིད་ལྟ་བུའོ། །སྐད་ཅིག་མ་དུ་མའི་བདག་ ཉིད་མྱུ་གུ་ལ་སོགས་པ་དེ་དག་ཀྱང་། གཅིག་ཅར་རྟོགས་པའི་དོན་དུ་འབྲས་བུ་གཅིག་པ་ཉིད་དམ། རྒྱུ་གཅིག་པ་ཉིད་ཀྱི་སྤྱི་དེས་འབྲུ་ལ་སོགས་པའི་སྒྲ་རྒྱུད་བརྗོད་པ་རྣམས་ཀྱི་བརྡའི་དུས་སུ་བརྡར་བྱས་པ་དག་ཕྱིས་ཐ་སྙད་ཀྱི་དུས་སུ་ཐ་སྙད་ཟོར་ཡང་ བར་བྱ་བའི་ཕྱིར་བསྟན་པར་བྱའོ། །ཐ་དད་པ་དེ་དག་རྒྱུན་ཤེས་པར་འདོད་པ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་ཐ་དད་པས་སྒྲ་དུ་མ་སྦྱོར་བ་ལ་འབྲས་བུ་མེད་པའི་ཕྱིར་རོ། །སོགས་པ་སྨོས་པས་ནི་མིག་ལ་སོགས་པའི་སྒྲ་བཟུང་སྟེ། དེ་དག་གིས་ཀྱང་བྱིས་པ་དང་གཞོན་ ནུ་ལ་སོགས་པའི་ཁྱད་པར་གྱི་ཐ་དད་པའི་རྒྱུན་བརྗོད་པ་མ་ཡིན་པའི་ཕྱིར་རོ། །འབྲུ་ལ་སོགས་པའི་སྒྲ་ཡང་གཟུགས་ལ་སོགས་པའི་སྒྲ་གཟུགས་གཅིག་ལ་སོགས་པའི་ཚོགས་པ་ཉིད་ཡིན་པའི་ཕྱིར་ཚོགས་པའི་སྒྲ་མ་ཡིན་ནམ། བདེན་ཏེ་འོན་ཀྱང་རྒྱུ་དང་འབྲས་བུའི་ ཁྱད་པར་གྱི་རྒྱུན་རྗོད་པར་བྱེད་པ་ཡིན་པའི་ཕྱིར། དེ་སྐད་དུ་བརྗོད་པས་ཉེས་པ་མ་ཡིན་ནོ། །ཇི་ལྟར་བུམ་པའི་གཟུགས་ལ་སོགས་པ་ལ་བུམ་པ་ཞེས་བྱ་བའི་ཚིག་གཅིག་པའི་རྒྱུ་གང་གིས་བསྟན་པ་དེ་ལྟར་འབྲུའི་གཟུགས་ལ་སོགས་པ་ལ་འབྲུ་ཞེས་བྱ་བའི་ཚིག་གཅིག་པ་ ལྟར་བྱེད་པ་དེའི་ཕྱིར་སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་སྨོས་པ་ཡིན་ནོ། །གནས་སྐབས་ཀྱི་སྒྲའི་དབང་དུ་བྱས་ནས་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་དག་གོ། །སོ་སོ་ཞེས་བྱ་བ་ནི་སྔོན་པོ་དང་ སེར་པོ་ལ་སོགས་པ་ཕན་ཚུན་ལྟོས་པ་མེད་པ་དག་གོ། །སྡུད་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་འདུས་པ་དག་གོ། །འགའ་ཞིག་ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའམ། རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པ་ལའོ། །ཅིག་ཅར་ཤེས་པ་ ཉིད་ཀྱི་དོན་དུ་ཞེས་བྱ་བ་ནི་སྒྲ་གཅིག་གིས་མང་པོ་དག་ངེས་པར་བྱ་བའི་ཕྱིར་རོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ལ་ཉེ་བར་སྦྱོར་བ་གང་དག་ཡིན་པ་དེ་དག་ནི་གནས་སྐབས་ཁྱད་པར་ཅན་གྱི་ཚིག་གིས་བསྟན་དུ་ཡོད་པ་ཞེས་བརྗོད་ལ་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པ་གང་ཡིན་ པ་དེ་དག་ལ་ནི་ཐོགས་པ་དང་བཅས་པ་ཞེས་བསྟན་ཏོ། །སྔོན་པོ་དང་སེར་པོ་ལ་སོགས་པ་དག་ནི་ཤིན་ཏུ་ཐ་དད་པ་མ་ཡིན་ནམ། དེ་དག་བསྟན་དུ་ཡོད་པ་ལ་སོགས་པའི་སྒྲ་གཅིག་གིས་ཇི་ལྟར་བརྗོད་ཅེ་ན། དེའི་ཕྱིར་དེ་དག་གཞན་དག་ལས་ཐ་དད་པའི་སྤྱི་ཉིད་དུ་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། དེ་ནི་གཞན་བསྟན་དུ་མེད་པ་དང་ཐོགས་པ་མེད་པ་དག་ལས་ཐ་དད་པ་གང་ཡིན་པ་དེ་ཉིད་དག་གི་སྤྱི་ཡིན་ཏེ། ཐམས་ཅད་དེ་དག་ལས་ཟློག་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་དེ་བས་ནའོ། །གལ་ཏེ་བསྟན་དུ་ཡོད་པ་ལ་སོགས་པའི་སྒྲ་ཡང་རྡུལ་ ཕྲ་རབ་ཀྱི་ཚོགས་བརྗོད་པའི་སྒྲ་ཁོ་ན་ཡིན་ནམ་མ་ཡིན་སྙམ་ན། རྡུལ་ཕྲ་རབ་གཅིག་ཀྱང་ཐོགས་པ་དང་བཅས་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །འབྲས་བུའི་སྒོ་ནས་སྒྲའི་འཇུག་པ་བསྟན་ནས། རྒྱུའི་སྒོ་ནས་བསྟན་པ་ནི་ཇི་ལྟར་འབྲས་ བུ་གཅིག་པ་ཅན་ནི་གཟུགས་ལ་སོགས་པའོ། །དེའི་འབྲས་བུ་བརྗོད་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་གང་ཆུ་འཛིན་པ་ལ་སོགས་པའི་ནུས་པ་དེའི་འབྲས་བུ་གཅིག་པོ་ཡོད་པ་དེ་བརྗོད་པའི་ཕྱིར་ཏེ། ནུས་པ་གཅིག་བསྟན་པར་བྱའོ་ཞེས་བསྟན་པར་བྱ་ བའི་དོན་ཏོ། །དེ་བུམ་པ་མ་ཡིན་པ་ལ་སོགས་པ་གཞན་ལས་ཐ་དད་པ་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ། །སོགས་པ་སྨོས་པས་ནི་འབྲུ་ལ་སོགས་པའི་སྒྲ་ཡོངས་སུ་གཟུང་ངོ་། །བརྡར་བྱས་པ་བསྟན་ཏོ་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་བཞིན་དུ་ རྒྱུ་ལ་ལྟོས་པ་དག་ཀྱང་ཞེས་བྱ་བའི་དོན་ཏོ། །སྒྲ་གཅིག་ཅིག་བརྡར་བྱས་པ་བསྟན་ཅེས་བྱ་བའི་ཚིག་རྣམ་པར་བསྒྱུར་བར་བྱས་ནས་སྦྱར་རོ། །ཐ་སྙད་དུ་བྱས་པའི་དོན་ཁོ་ན་ནི་ཚེགས་ཆུང་བར་ཞེས་བྱ་བར་ཤུགས་ཀྱིས་བལྟ་བར་བྱའོ། །བ་ལང་ཁྲ་མོའི་བུ་ ཐམས་ཅད་དག་ཁོ་ན་ལ་རྒྱུ་གཅིག་གིས་ཁྲ་མོའི་བུའི་སྒྲས་བརྗོད་ཅིང་། སེར་སྐྱའི་བུ་དག་ལ་སེར་སྐྱའི་བུའི་སྒྲས་བརྗོད་ལ། སྐྱེས་བུ་འབད་པའི་རྒྱུས་སྐྱེད་པའི་ཇི་ཙམ་པའི་སྒྲ་དེ་ཐམས་ཅད་ནི་རྒྱུ་མཚུངས་པས་བསྐྱེད་པ་ཉིད་ཀྱི་ཕྱིར་བཙལ་མ་ཐག་ཏུ་བྱུང་བར་བསྟན་ཏེ། བྱའོ་སྙམ་དུ་སེམས་ནི་བཙལ་བའོ། །དེའི་དེ་མ་ཐག་པ་ནི་བར་ཆད་མེད་པའོ། །དེར་བྱུང་བས་ན་བཙལ་མ་ཐག་ཏུ་བྱུང་བའོ། །དེ་དག་གིས་ནི་རྒྱུའི་ཁྱད་པར་ལ་སོགས་པ་བསྟན་ཏོ། །རྒྱུ་ཙམ་ལ་རྟེན་གྱི་སྒོ་ནས་བྱས་པ་ཞེས་བྱ་བ་སྨོས་ཏེ། སྒྲ་ ལ་བཙལ་མ་ཐག་ཏུ་བྱུང་བ་དང་། རྒྱུ་ལ་ལྟོས་པའི་རྐྱེན་ཅན་ལ་བྱས་པ་ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་སྒྲུབ་པའི་སྒོ་ནས་བསྟན་ནས། དགག་པའི་སྒོ་ནས་བསྟན་པའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ལ་སོགས་པ་མིག་ གིས་གཟུང་བར་བྱ་བ་དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་དེ་བཀག་པས། སྒྲ་ནི་མིག་གིས་གཟུང་བར་བྱ་བ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་ནུས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ན། སྤྱིར་མིག་གིས་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་སྒྲས་བརྗོད་ དོ། །མི་རྟག་པའི་སྒྲ་ཡང་རྟག་པ་རྣམ་པར་གཅོད་པས་རྣམ་པར་གཞག་པར་བྱ་བ་ཡིན་པ་ན། དེ་འབྲས་བུ་བཀག་པ་ཁོ་ནས་སོ། །འདི་ལྟར་གཞན་དག་གིས་རྟག་པ་དངོས་པོར་འདོད་གྱི། མེད་པ་ཙམ་ནི་མ་ཡིན་ཏེ། དེ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་ པར་བྱེད་པར་འགྱུར་བ་མ་ཡིན་ན། ཐ་སྙད་ཀྱི་ལམ་མི་འཇུག་པའི་ཕྱིར་བསྒྲུབ་པར་བྱ་བའམ། སྒྲུབ་པར་བྱེད་པ་ཁས་བླང་བར་བྱ་སྟེ། དེ་ལ་རྟག་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ནི་མ་ཡིན་ལ། དེ་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ་དེ་ལྟར་གཞན་དག་གིས་ཀྱང་འདོད་ པར་བྱ་བའོ། །དེ་ལྟར་ན་རྟག་ཏུ་བདག་ཉིད་གནས་སྒྲུབ་པར་བྱེད་པའམ། གཞན་བདག་ཉིད་ལ་བརྟེན་པའི་འབྲས་བུ་གང་ཡིན་པ་དེ་རྟག་ཏུ་སྒྲུབ་པར་བྱེད་པ་དེ་བས་ན། དེའི་འབྲས་བུ་དེ་རྣམ་པར་གཅད་ཅིང་དེ་རྣམ་པར་བཟློག་ཅིང་མི་རྟག་པའི་སྒྲར་འགྱུར་རོ། ། འབྲས་བུ་འགའ་ཞིག་རང་རྒྱུད་དུ་བསྟན་པར་བྱ་བའི་ཕྱིར། བདག་གི་སྒྲར་ཡང་བྱས་པ་ཡིན་པ་དེ་ལྟར་ན་དེའི་འབྲས་བུ་མ་ཡིན་པ་རྣམ་པར་གཅད་པས་བདག་མེད་པའི་སྒྲར་འགྱུར་རོ། །དེ་ལྟར་ན་འབྲས་བུ་དགག་པའི་སྒོ་ནས་བསྟན་ནས། རྒྱུ་དགག་པའི་སྒོ་ནས་ བསྟན་པའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་པོ་དང་བཅས་པ་སྟོང་པ་ཉིད་མ་ཡིན་པ་དེའི་རྒྱུ་གང་ཡིན་པ་དེ་བཀག་པས་སྒྲ་ལ་སོགས་པའི་དངོས་པོ་འདི་ནི་བདག་པོ་མེད་པ་དང་། སྟོང་པ་ཉིད་ཅེས་བྱ་བའི་ཐ་སྙད་ཀྱི་དོན་བསྟན་ཏོ་ཞེས་བྱ་བར་སྦྱར་ རོ། །འདི་ལྟར་བདག་ལ་སོགས་པའི་རང་རྒྱུད་ཀྱིས་བདག་གིར་བྱས་པ་གང་ཡིན་པ་དེ་ནི་བདག་པོ་དང་བཅས་པར་གཞན་དག་འདོད་དེ། བདག་གིར་འདོད་པ་དེ་ལྟར་ན། སྟོང་པ་མ་ཡིན་དུ་ཟིན་ཀྱང་དེ་ལྟ་བུར་གྱུར་པར་བདག་གི་བྱེད་པ་པོས་བདག་གིར་བྱས་པ་ ཉིད་ཀྱི་ཕྱིར་རོ། །བདག་གི་བྱེད་པ་ཉིད་ཀྱང་བདག་གིར་བྱ་བའི་རྒྱུ་ཡིན་གྱི། རྣམ་པ་གཞན་དུ་ན་བདག་གིར་བྱེད་པ་ཉིད་མི་རིགས་པའི་ཕྱིར་རོ། །དེ་བས་ན་གཞན་དག་གིས་བདག་པོ་དང་བཅས་པའི་སྒྲ་ནི་རྒྱུའི་སྒོ་ནས་འཇུག་པ་ཡིན་ནོ། །དངོས་པོ་སྐད་ཅིག་མ་ རེ་རེ་ལ་རྣམ་པར་འཇིག་པའི་ཚོགས་པ་ཙམ་ལ་རག་ལུས་པ་དག་ལ། རང་གི་ངོ་བོས་གནས་པའི་བདག་གི་བྱེད་པ་པོ་འགའ་ཞིག་ཡོད་པ་མ་ཡིན་ཏེ། གང་ལ་རག་ལས་པའི་འདུ་བྱེད་འཇུག་པ་ཡིན་པ་དེ་བས་ན། བདག་མེད་པ་དང་། སྟོང་པ་ཉིད་དག་ནི་ཇི་སྐད་དུ་བཤད་ པའི་རྒྱུ་བཀག་པས་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་གཞན་དག་ལ་ཡང་ཞེས་བྱ་བ་ནི་སྡུག་བསྔལ་བ་དང་། མི་གཙང་བ་དང་། མགོན་མེད་པ་དང་། མི་སྟོན་པ་ལ་སོགས་པ་ལ་ཡང་ངོ་། །ཅི་རིགས་པར་ཞེས་བྱ་བ་ནི་འབྲས་བུ་འགའ་ཞིག་དགག་པ་དང་། རྒྱུ་ འགའ་ཞིག་བཀག་པ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་དང་མི་གཙང་བ་ལ་སོགས་པ་ནི་འབྲས་བུ་བཀག་པས་ཡིན་ཏེ། བདེ་བ་དང་གཙང་བ་ལ་སོགས་པའི་མི་མཐུན་པའི་འབྲས་བུ་རྣམ་པར་གཞག་པ་ཉིད་ཡིན་པའི་ཕྱིར་དང་། འདུས་བྱས་ཐམས་ཅད་ནི་ལོག་ པར་སྨིན་པའི་ཆོས་ཅན་དུ་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །མགོན་མེད་པ་དང་མི་སྟོན་པ་ལ་སོགས་པའི་རྒྱུ་བཀག་པས་ཡིན་ཏེ། རང་གི་རྒྱུད་ལ་མགོན་ལ་སོགས་པའི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་རྒྱུ་དང་འབྲས་བུ་དག་ནི་སྒྲུབ་པ་དང་དགག་ པའི་སྒོ་ནས་སྒྲ་རྣམས་ཀྱིས་འཇུག་པའི་ཡན་ལག་བཞི་དང་ལྡན་པར་བསྟན་པ་ཡིན་ནོ། །གལ་ཏེ་མི་སྟོང་བ་དང་རྟག་པ་ལ་སོགས་པ་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་སྒྲ་དག་ལ་གཞན་རྣམ་པར་གཅོད་པ་རྗོད་ པར་བྱེད་པ་མེད་པ་མ་ཡིན་ནམ་ཇི་ལྟར་བརྗོད་ཅེ་ན། སྟོང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་གང་གི་གྲུབ་པའི་མཐའ་ལ་བརྟེན་ནས་བརྟག་པ་ཅི་འདྲ་བ་དེས་སྦྱར་ཅིང་བཀོད་པའི་མི་སྟོང་པ་དང་། རྟག་པ་ལ་སོགས་པའི་ རྣམ་པ་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་ལ་སྒྲོ་བཏགས་པ་དེ་རྣམ་པར་གཅད་པའི་མི་སྟོང་པ་ལ་སོགས་པའི་རྣམ་པ་ཀུན་ཏུ་བརྟག་པ་རྣམ་པར་གཅད་ནས་སྟོང་པ་ལ་སོགས་པའི་ཐ་སྙད་དུ་བྱེད་དོ། །ཅིའི་ཕྱིར་ཞེ་ན། སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློའི་རྟོགས་ པས་ནི་དོན་འདི་སྒྲོ་བཏགས་པར་བྱའོ་ཞེས་ཀུན་དུ་རྟོག་པའོ། །དེ་བསྟན་པ་རྣམ་པར་འབྱེད་པ་འདྲེས་པ་མེད་པའི་སྒྲའི་དོན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ཡིན་པ་དེའི་ཕྱིར་རོ། །ཐམས་ཅད་སྨོས་པས་ནི་འདིར་དངོས་པོར་གྱུར་པ་གང་ལ་ཡང་མི་ མཐུན་པའི་ཕྱོགས་ཡོད་དོ་ཞེས་སྨྲས་པ་ཡིན་ནོ། །འདི་སྐད་དུ་སྒྲ་རྣམས་ཀྱི་དངོས་པོའི་རང་གི་མཚན་ཉིད་སྒྲུབ་པ་དང་། དགག་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲུབ་པ་དགག་པའི་ཐ་སྙད་ཐམས་ཅད་ནི་རྣམ་པར་རྟོག་པའི་བློ་ཁོ་ནས་བསྟན་པ་ཡིན་ནོ་ཞེས་བསྟན་པར་ འགྱུར་རོ། །དེ་བས་ན་མི་རྟག་པ་ལ་སོགས་པ་སྒྲ་དག་ལ་མི་རྟག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྟག་པ་ལ་སོགས་པ་རྣམ་པར་གཅད་པར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། མི་མཐུན་པའི་ཕྱོགས་མེད་པའི་ཉེས་པའོ། །དེ་བརྗོད་པ་ནི་སྟོན་པའོ། །སོགས་ པའི་སྒྲས་ནི་བདག་མེད་དོ་ཞེས་འགོག་པ་ལས། འགོག་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡང་བརྗོད་པ་ཡིན་ནོ། །བློ་ངན་པ་གསལ་བྱེད་པ་ལ་སོགས་པ་དག་གི་རྣམ་པར་སྤྱོད་པ་དག་སྟེ། རྣམ་པར་བསྒྱིངས་པ་དང་། འབྲེལ་པ་མེད་པ་ཞེས་བྱ་ བའི་བར་དུའོ། །རིགས་པའི་རྗེས་སུ་འབྲངས་བའི་བློ་ཅན་ནི་འབྲེལ་པ་མེད་པ་བརྗོད་པར་མི་འགྱུར་བ་དེ་བས་ན། ཉེས་པ་བརྗོད་པ་དེ་དག་བཏང་སྙོམས་སུ་བྱ་བ་ཡིན་གྱི། བསམ་པར་འོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཀྱང་གི་སྒྲ་ནི་ རིམ་པ་གཞན་དུ་སྦྱར་ཏེ། སྤྱིའི་དངོས་པོ་གཅིག་གནས་པའི་ཡང་རྒྱུའི་ཕྱིར་རོ། །མང་པོ་དག་ནི་གསལ་བའི་ཁྱད་པར་རོ། །མཉན་པ་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་ན་མཉན་པ་གཅིག་གོ། །དོན་དུ་མ་འདི་ལ་རྗོད་པར་བྱེད་པ་ཡོད་པས་ན་དེ་ནི་མཉན་པ་གཅིག་དང་ ལྡན་པ་སྟེ། གལ་ཏེ་སྒྲ་གཅིག་གིས་བརྗོད་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གཅིག་པ་ཅན་ཉིད་ཀྱིས་སམ། སྤྱི་གཅིག་གི་སྒྲ་གཅིག་གི་དོན་མང་པོ་དག་ལ་ཁྱད་པར་ཅུང་ཞིག་ཀྱང་མེད་དོ་སྙམ་དུ་སེམས་སོ། །དེ་ཉིད་ནི་དེ་གཞན་དག་ལས་ཞེས་བྱ་བ་ལ་ སོགས་པ་འཆད་པར་བྱེད་དོ། །དེའི་འབྲས་བུ་ཅན་མ་ཡིན་པ་གཞན་དག་ལས་ཐ་དད་པ་གང་ཡིན་པ་དེ་ཉིད་དེའི་འབྲས་བུ་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་དེའི་ཕྱིར་སྒྲ་གཅིག་གིས་བརྗོད་དོ། །འོན་ཀྱང་གཅིག་གི་གནས་པ་སྟེ། གཅིག་གིས་འཇུག་པས་ཀྱང་ངོ་། ། སྒྲ་གཅིག་གིས་དངོས་པོ་དུ་མ་བརྗོད་པ་དེ་ལྟར་ན་འགལ་བར་འགྱུར་བ་ཅི་ཡོད། ཇི་ལྟར་འབྲས་བུ་གཅིག་པ་ཉིད་ཀྱིས་མང་པོ་དག་ལ་སྒྲ་གཅིག་པ་ཉིད་འཇུག་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་སྤྱི་དངོས་པོར་གྱུར་པས་ཀྱང་ངོ་། །དེ་བས་ན་སྤྱི་དངོས་པོར་གྱུར་པ་རྟོགས་པ་ཡང་། རིགས་པ་ཁོ་ན་ཡིན་ནོ་ཞེས་བསམས་པའོ། །འདིར་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། དམིགས་པའི་ངོ་བོར་འདོད་པ་ནི་དམིགས་པར་འདོད་པ་སྟེ། དམིགས་པར་འདོད་པ་ཉིད་ནི་རྒྱུ་ཉིད་བརྗོད་པར་འདོད་ཅེས་བྱ་བ་ནི། བྱེད་པ་པོ་དང་བྱེད་པ་དག་བྱེད་པ་དང་ལྡན་པ་ཞེས་བྱ་བ་ཁོ་ན་ བསྡུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་སྤྱི་ནི་གསལ་བ་མ་གཏོགས་པར་མི་དམིགས་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །མི་དམིགས་པ་ཉིད་དུ་ཁས་བླངས་པ་ནི་དེ་མཐོང་བ་ལ་བརྟེན་པ་སྟེ། སྤྱི་མཐོང་བ་ལ་བརྟེན་པའོ། །སྒྲ་དང་ངོ་བོ་ཤེས་པ་ལ་ སོགས་པར་མི་འགྱུར་རོ་ཞེས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །དོན་མང་པོ་དག་ལ་བརྗོད་པ་གཅིག་གི་སྒྲ་ཡིན་ལ། རྣམ་པ་འདྲ་བར་ཤེས་པ་ནི་ངོ་ཤེས་པའོ། །སོགས་པའི་སྒྲས་ནི་སྤྱི་རྟེན་གསལ་བ་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། ། བདག་ཉིད་མ་དམིགས་པར་གྱུར་ན་དམིགས་པའི་རྒྱུར་འགྱུར་ན་སྒྲ་དང་ངོ་ཤེས་པ་ནི་གཞན་ལ་འཇུག་པ་ནི་མ་ཡིན་ནོ། །མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲ་འདིས་ཀྱང་སྔར་བཤད་པའི་ཉེས་པ་གཞན་དག་ཀྱང་གཟུང་བ་ཡིན་ཏེ། གཞན་གྱིས་ཀྱང་གཞན་དག་དང་ མཚུངས་པ་ནི་མ་ཡིན་གྱི། དེ་དང་ལྡན་པ་དག་ཏུ་ནི་འགྱུར་ཏེ་ཞེས་བྱ་བ་དང་། དེ་བཞིན་དུ་རིགས་ནི་བཞོན་པ་དང་བཞོ་བ་ལ་སོགས་པ་འགའ་ལ་ཡང་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་ཡིན་ནོ། །འདིས་ནི་འདི་སྐད་དུ། རིགས་ཀྱི་རྣམ་པར་རྟོག་པ་དག་ལ་ གནོད་པ་ཅན་གྱི་ཚད་མ་ཡོད་པ་དེ་བས་ན། དེའི་རྒྱུ་ཅན་གྱིས་སྒྲ་ལ་སོགས་པ་ནི་མ་ཡིན་གྱི། འབྲས་བུ་གཅིག་པ་ཅན་ཉིད་ལ་ནི་འགལ་བ་མེད་པའི་ཕྱིར་དེས་བྱས་པ་ཉིད་ཀྱི་སྒྲ་དང་ངོ་ཤེས་པ་ལ་སོགས་པ་རིགས་པ་ཡིན་ནོ། །སུན་འབྱིན་པ་གཞན་ལ་བསྟན་པའི་ཕྱིར་འོན་ཀྱང་ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། སྤྱི་དངོས་པོར་གྱུར་པ་འདོད་པས་བདག་ཉིད་ཀྱིས་རྟེན་དུ་མ་ལ་དེ་གནས་པར་འདོད་པར་བྱ་སྟེ། དེ་བས་ན་གནས་པ་མེད་པ་དག་ནི་རྟེན་གྱི་སྒྲ་ལ་སོགས་པ་དག་གི་རྒྱུར་མི་རིགས་སོ། །རང་གི་རྟེན་ལ་གནས་པའི་སྤྱི་དེ་ཡང་བརྟེན་པ་མ་ཡིན་པར་འགྱུར་ཏེ། དེའི་སྟོབས་ཀྱིས་གནས་པའི་ཕྱིར་རོ། །རྟེན་གྱི་སྟོབས་ཀྱིས་དམིགས་པ་ནི་གསལ་བ་ཡིན་ཏེ། དེ་ལ་གནས་པར་འགྱུར་ན་དེ་གཉིས་ཀ་ཡང་སྤྱི་དེ་ལ་མི་རིགས་སོ། །གང་གཅིག་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དེ། གང་གཅིག་པོ་དེ་ཡང་སྤྱི་དངོས་ པོར་གྱུར་པའོ། །དུ་མ་ལ་སྟེ་རྟེན་ལ་གནས་པ་ནའོ། །མཉན་པ་གཅིག་འཇུག་པར་བྱེད་པ་ནི་རང་གི་རྟེན་ལ་འཇུག་པར་བྱེད་པའོ། །དེ་ནི་སྤྱིའོ་རྟེན་གཅིག་ལ་འཇུག་པ་འདི་གང་ཡིན་ཞེས་དྲི་བ་བཀོད་ནས་བདག་ཉིད་བརྟན་པ་གཉིས་བྱེད་པ་ནི། དཔེར་ན་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། ཡང་ན་སྤྱིའི་སྒྲ་ནི་སྤོང་བར་བྱེད། འཇུག་པ་འདི་ལ་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གནས་པ་ནི་རང་གི་རྟེན་ལ་བརྟེན་པ་ཡིན་པར་འགྱུར་ཏེ་དཔེར་ན་འཁར་གཞོང་སྟེ་རྟེན་ལ་རྒྱུ་ཤུག་གི་འབྲས་བུ་གནས་པ་ལྟ་བུའམ། སྤྱི་དེའི་རྟེན་ལ་གནས་པ་ནི་ གསལ་བ་ཡིན་པར་འགྱུར་ཏེ། རྟེན་དེ་རྣམས་ཀྱིས་གསལ་བར་བསྟན་པའི་ཕྱིར་རོ། །དེ་ལ་གལ་ཏེ་གནས་པ་བརྟེན་པ་ཉིད་ཡིན་པར་འདོད་པ་དེའི་ཚེ་གསལ་བ་དེའི་རྟེན་ཉིད་དུ་འདོད་པར་བྱའོ། །རྟག་པ་ཡང་སྤྱིར་ཁས་བླངས་པ་དེའི་ཕྱིར་རྟེན་རྣམས་ཀྱི་ཕན་བཏགས་པ་མེད་པའི་ གཏན་ཚིགས་ཀྱིས་རྟེན་དུ་འདོད་པའི་གསལ་བ་དག་ནི་རྟག་པའི་རྟེན་མ་ཡིན་ནོ། །རྟག་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འོན་ཏེ་བརྟག་པར་མི་འདོད་པ་དེའི་ཚེ་ཡང་མི་རྟག་པ་ཉིད་ནི་གཞན་དང་གཞན་ལས་སྐྱེས་པ་སྟེ། ཅིག་ཤོས་དང་ཅིག་ཤོས་ལས་སྐྱེས་པའི་ ཕྱིར་དང་། སྤྱི་དུ་མ་ཉིད་ནི་དུ་མ་ཉིད་ཀྱི་ཕྱིར་དང་། ཁྱད་པར་བཞིན་དུ་སྟེ། ཁྱད་པར་རྣམས་དང་འདྲ་བར་སྤྱི་དེ་ལ་ཤེས་པ་གཅིག་དང་མི་ལྡན་པའི་ཕྱིར་ཏེ། ཤེས་པ་གཅིག་དང་མི་ལྡན་པའི་རྒྱུའི་ཕྱིར་རྟག་པ་ནི་སྤྱིར་འདོད་དེ་ཞེས་བྱ་བ་འདི་དང་སྦྱར་རོ། །རྟག་པ་ལ་ཡང་ཅི་ཞིག་བྱེད་ པ་ན། རྟེན་དེ་གཞིར་འགྱུར་བ་མེད་པ་ཁོ་ན་ཡིན་ནོ་ཞེས་བསམས་སོ། །ཕན་འདོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ནི་རྟེན་མ་ཡིན་གྱི་འོན་ཀྱང་རྟེན་དེ་ལ་སྤྱི་དེའི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་རོ།། །།བམ་པོ་བཅུ་དྲུག་པ། ཕན་གདགས་པར་བྱ་བ་དང་ ཕན་འདོགས་པར་བྱེད་པ་ཉིད་མེད་པ་ལ་ནི་འཕྲོད་པ་འདུ་བ་མི་སྲིད་པ་བསྟན་པའི་ཕྱིར། འཕྲོད་པ་འདུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་དང་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་ཡིན་ཏེ། ཡུལ་ཐ་དད་པ་མེད་པར་གྲུབ་པ་ནི་ཐ་མི་དད་པར་གྲུབ་པ་དག་སྟེ། དེ་དག་གི་ རྟེན་དང་བརྟེན་པའི་དངོས་པོ་གང་ཡིན་པ་དེའི་འཕྲོད་པ་འདུ་བའོ། །ཕན་འདོགས་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་སྟེ། ཕན་འདོགས་པར་མི་བྱེད་པའི་རྟེན་ཏེ། གཞི་དེ་ཉིད་ནི་འདིར་བསམ་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུ་ ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་རྟེན་ཉིད་དུ་འདོད་ན། དེའི་ཚེ་ཐམས་ཅད་ཐམས་ཅད་ཀྱི་རྟེན་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་འཕྲོད་པ་འདུ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཐ་མི་ དད་པར་གྲུབ་པ་དག་ནི་འཕྲོད་པ་འདུ་བ་དག་ཡིན་ཏེ། དཔེར་ན་བརྩམ་པར་བྱ་བ་དང་། རྩོམ་པ་པོ་དག་ལྟ་བུའོ། །ཐ་དད་པར་གྲུབ་པ་དག་ནི་ལྡན་པ་ཡིན་ཏེ། དཔེར་ན་མེ་དང་དུ་བ་དག་ལྟ་བུའོ། །དོན་གཅིག་པ་འཕྲོད་པ་དང་ལྡན་པ་ནི་དོན་གཅིག་ལ་འཕྲོད་པ་དང་ ལྡན་པ་སྟེ། དཔེར་ན་རྫས་གཅིག་ལ་གཟུགས་དང་རོ་དག་ལྟ་བུའམ། རྫས་གཅིག་ལ་རྒྱུ་དག་ནི་འཕྲོད་པ་དང་འདུ་བ་ཡིན་ཏེ། དཔེར་ན་ལུས་ལ་རྐང་པ་དང་ལག་པ་ལྟ་བུ་དག་གོ། །སོགས་པའི་སྒྲ་ནི་རྗེ་ཁོལ་ཉིད་ཀྱི་འབྲེལ་པ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །དངོས་པོར་གྱུར་ པའི་འབྲེལ་པའམ། དངོས་པོ་དག་གི་འབྲེལ་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ཁྱད་པར་གྱི་བསྡུ་བའམ། དྲུག་པའི་བསྡུ་བའོ། །དངོས་པོ་སྨོས་པ་ནི་རྟོག་པས་བྱས་པ་བཟློག་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་བསྒྲུབ་པའི་ཕྱིར། གཅིག་ ལ་གཅིག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ལ་གཅིག་ཏེ། ཕན་ཚུན་ནམ་རྟེན་དུ་མངོན་པར་འདོད་པ་གཞན་གྱིས་ཕན་བཏགས་པ་མེད་པའོ། །ཕན་བཏགས་པ་མེད་པ་ནི་རག་ལུས་པ་མེད་པའི་ཕྱིར་ཏེ། ལྟོས་པ་མེད་པའི་རྒྱུའི་ཕྱིར་དངོས་པོ་ཐམས་ཅད་ ཀྱི་འབྲེལ་པ་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །རྟེན་གྱིས་ཕན་བཏགས་པ་ཡོད་དུ་ཟིན་ཀྱང་བརྟེན་པ་དག་ནི་གཅིག་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་དངོས་པོ་མེད་པ་ཉིད་མ་ཡིན་ནམ། ཅིའི་ ཕྱིར་ཞེ་ན། གཅིག་ལ་གཅིག་གམ་གཞན་དག་གི་ཅེས་གཉི་ག་བཀོད་ཅེ་ན། དེ་ནི་བདེན་ཏེ་འོན་ཀྱང་གལ་ཏེ་གཞན་མངོན་སུམ་དུ་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་ཡང་། རྒྱུ་གཅིག་ལ་ལྟོས་པ་ཉིད་ལས་བརྒྱུད་པས་ཀྱང་འབྲེལ་པ་ཀུན་དུ་རྟོག་པ་ཡིན་པའི་ཕྱིར་ བཀོད་པ་ཡིན་ནོ། །གལ་ཏེ་ཡང་ཕན་ཚུན་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་དངོས་པོ་ནི། དོན་གཅིག་ལ་འཕྲོད་པ་འདུ་བ་དག་ཏུ་མི་འདོད་ཅེ་ན། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་རྟེན་གཅིག་གིས་ཕན་འདོགས་པར་ བྱེད་པའི་དངོས་པོ་མེད་པ་ལ། ཇི་སྐད་དུ་བཤད་པའི་ཉེས་པ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཐལ་ཆེས་པར་འཇིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེས་པ་བསྟན་པ་ཡིན་ནོ། །གང་གི་ཕྱིར་རང་གི་རྟེན་ལས་དོན་གཅིག་ལ་འཕྲོད་པ་འདུ་བ་དག་ནི་གདོན་མི་ཟ་བར་ཕན་ འདོགས་པར་བྱེད་པའི་རང་གི་རྟེན་གྱིས་བྱས་པ་ཡིན་པ་དེ་བས་ན། འཕྲོད་པ་འདུ་བ་དག་ནི་བདག་ཉིད་ལ་ཕན་པར་བྱེད་པ་སྟེ། རང་ཉིད་ལ་ཕན་པར་བྱེད་པ་གང་ཡིན་པ་དེའི་སྒོ་ནས་བློས་གཞན་འཕྲོད་པ་འདུ་བ་གཉིས་པ་ལ་ཡང་འབྲེལ་ནས། སྟོན་པ་པོས་འདི་དང་འབྲེལ་ པ་ནི་འཕྲོད་པ་འདུ་བ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། དོན་གཅིག་དང་འཕྲོད་པ་འདུ་བ་དེ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་བྱས་པ་ཁོ་ན་སྟེ། རྟེན་དང་བཅས་པའི་རྒྱུ་དང་འབྲས་བུའི་དངོས་པོ་གང་ཡིན་པ་དེས་བྱས་ཤིང་དེས་སྦྱར་བ་ཁོ་ན་ རག་ལུས་པའི་འབྲེལ་པ་ཡིན་ནོ། །གང་གི་ཕྱིར་ཕན་འདོགས་པའི་སྒོ་ནས་རྟེན་ལ་སོགས་པའི་དངོས་པོ་ཡིན་པ་དེ་བས་ན། ཁྲ་བོ་ལ་སོགས་པའི་རྟེན་འདི་ནི་སྤྱི་ལྟོས་པ་མེད་པར་རང་གི་བདག་ཉིད་སྤྱིའི་རང་བཞིན་ལ་ཕན་པར་མི་བྱེད་པས་ན་རྟེན་ཞེས་བྱ་བ་དེས་ནི་གཡར་པོར་བྱས་ པའི་རྒྱན་ལྟ་བུའོ། །འདིས་བརྒྱན་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་རྒྱན་ནི་སྤྲས་པའོ། །དེ་དང་གཡར་པོ་བྱས་པའི་སྒྲ་ལས་འཛིན་པའི་བསྡུ་བ་བྱའོ། །དཔེར་ན་དབུལ་པོ་བདག་ཉིད་ལ་མེད་པར་གཞན་དག་ལས་འཕྲལ་དུ་གཡར་པོ་བྱས་པའི་རྒྱན་ལྟ་བུར་སྤྱིའི་རྟེན་ ཡང་སྤྱིའི་དོན་གྱི་རྟེན་ཡིན་པ་དེ་དང་འདྲའོ། །ཡང་ན་རྒྱན་གྱི་སྒྲ་གསུམ་པའི་བསྡུ་བ་དང་ངོ་བོ་བསྒྲུབ་པ་ཡིན་ཏེ། ཇི་ལྟར་གཡར་པོར་བྱས་པའི་རྒྱན་ལྟ་བུར་བརྒྱན་པར་བྱས་པ་དེ་བཞིན་དུ། སྤྱི་རྟེན་ནི་གཞན་ལ་གཡར་པོ་བྱས་པ་དང་འདྲ་བར་རྟེན་གྱི་དངོས་པོ་བསྟན་པ་ ཡིན་གྱི། དངོས་པོར་གནས་པ་ནི་མ་ཡིན་ཏེ། དེས་ཕན་བཏགས་པ་མེད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་ཡིན་ཏེ། འཁར་གཞོང་ནི་རྒྱ་ཤུག་གི་འབྲས་བུ་དག་གིས་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེ་དག་ནི་རང་གི་ རྒྱུ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །དེ་བས་ན་འབྲེལ་པ་ཐམས་ཅད་ཁོ་ན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ནི་མ་ངེས་པ་ཁོ་ན་ཡིན་སྙམ་དུ་སེམས་པའོ། །ལྟུང་བའི་ཚུལ་ཅན་གྱིས་ཞེས་བྱ་བ་ལ་ སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ཡུལ་གཞན་དུ་རྣམ་པར་འཕོ་བའི་ངང་ཚུལ་ཅན་གྱི་ལྟུང་བའི་ཚུལ་ཅན་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་དེའི་ཡུལ་སྐྱེད་པ་རྒྱ་ཤུག་གི་འབྲས་བུའི་སྐད་ཅིག་མ་ཉེ་བར་ལེན་པར་འགྱུར་བའི་འཁར་གཞོང་དང་འབྲེལ་པའི་ཡུལ་ གང་ཡིན་པའི་ཡུལ་དེ་ཉིད་དུ་སྐྱེད་པ་ནི་གཞན་དུ་འགྲོ་བར་མི་བྱེད་པའི་ཕྱིར། འདི་ནི་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་བརྟེན་པ་དག་ལ་རྟེན་དུ་འདོད་པའི་འཁར་གཞོང་ལ་སོགས་པ་དག་གི་ནུས་པ་ཡིན་ནོ། །རྫས་ལྕི་བ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ངོ་བོ་ཉིད་ནི་ རང་བཞིན་ཉིད་ཀྱིས་སོ། །ཡུལ་མི་འདྲ་བ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཏེ། རང་བཞིན་གྱིས་སྒྲ་ལ་ལྟོས་པར་གྱུར་པ་ན་ཡང་གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་འབྲུ་མང་པོ་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཡང་ཡིན་ལ་འབྲས་བུ་ཡང་དེ་ཡིན་པས་ཞེས་བྱ་བ་ནི་ལས་ འཛིན་པའོ། །འབྲས་བུ་ཡང་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་སྟེ། སྐད་ཅིག་མ་ཕྱི་མ་ཕྱི་མས་བསྡུས་པའོ། །དེ་སྐྱེ་བ་དེ་ཉིད་ཀྱི་ཆོས་ཀྱི་ངོ་བོ་གང་ལ་རྫས་ལྕི་བ་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་སྐད་ཅིག་མ་སྔ་མས་བསྡུས་པ་ཡོད་པའི་ཡུལ་འདྲ་བར་ འབྲས་བུ་སྐྱེད་པ་ཉིད་ནི་རྟེན་གྱིས་བྱས་པ་སྟེ། བདག་ཉིད་ལ་ཡང་ཚུལ་མཚུངས་པའི་འབྲས་བུ་སྐྱེ་བ་ནི་རྟེན་གྱིས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་རྒྱ་ཤུག་གི་འབྲས་བུ་ཕྱིས་འབྱུང་བའི་ཉེ་བར་ལེན་པའི་རྒྱུར་གྱུར་པའི་སྐད་ཅིག་མ་གང་ ཡིན་པ་དེའི་ལྷན་ཅིག་བྱེད་པའི་འཁར་གཞོང་ནི་དེ་ཉིད་ལ་སྟེ། ཉེ་བར་ལེན་པའི་ཡུལ་གྱི་སྐད་ཅིག་མ་ཉིད་ལ་རྒྱ་ཤུག་གི་འབྲས་བུ་སྐྱེད་པ་ན་འཁར་གཞོང་ལ་བརྟེན་ཞེས་བྱའོ། །གཞན་དུ་ན་གལ་ཏེ་འཁར་གཞོང་གིས་རྒྱ་ཤུག་གི་འབྲས་བུ་དག་ལ་ཇི་སྐད་དུ་བཤད་པའི་ཕན་པ་མི་ བྱེད་པ་དེའི་ཚེ། འཁར་གཞོང་འདི་ལ་འབྲས་བུ་དག་ཅེས་བྱ་བ་དེ་ལྟ་བུའི་ཐ་སྙད་དུ་མི་འགྱུར་ཏེ། རྟེན་ངེས་པའི་ཐ་སྙད་ནི་རྒྱུ་མཚན་མེད་པར་མི་རུང་བའི་ཕྱིར་རོ། །དེ་ནི་འདིར་འཁར་གཞོང་འདི་ལ་རྒྱ་ཤུག་གི་འབྲས་བུ་དག་ཅེས་བྱ་བའི་ཕན་པ་བྱེད་པས་བྱས་པའི་ཐ་སྙད་ནི་ མ་ཡིན་ནོ། །འོ་ན་ཅི་ཡིན་འཁར་གཞོང་དང་འབྲས་བུ་དག་གི་ལྡན་པ་གང་ཡིན་པ་དེས་བྱས་པ་ཡིན་ནོ་ཞེ་ན། དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་དག་གིའོ། །ལྡན་པ་ཞེས་བྱ་བ་ནི། ཡང་ཐ་སྙད་ཀྱི་རྒྱུ་མཚན་ཡོད་པ་མ་ཡིན་ཏེ། ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་དག་གིས་ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་སྟེ། འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་དེ་དག་གིས་ལྡན་པ་བསྐྱེད་ པའི་ཕྱིར་དེ་དག་ལ་ལྡན་པ་ཞེས་བྱ་བའམ། འཕྲོད་པ་འདུ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གཉིས་པ་སྟེ། འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་དག་ནི་ལྡན་པའི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་དེ་དག་ལ་ལྡན་པ་ཞེས་བྱའོ། །གཉིས་པོ་ཁོ་ནས་ལྡན་པ་བསྐྱེད་པ་དང་། གཉི་ག་ལ་ འཕྲོད་པ་འདུ་བར་ཕ་རོལ་པོས་བསྟན་པ་ན། གྲུབ་པའི་མཐའ་སྨྲ་བས་མི་བཟོད་པ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ནི་ལྡན་པའོ། །གཅིག་ཉིད་ལ་ནི་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་ལའོ། །འཕྲོད་པས་འདུ་བ་ཅི་མི་སྐྱེད་དམ་ཞེས་བྱ་བ་ནི། འཁར་གཞོང་དང་རྒྱ་ཤུག་གི་ འབྲས་བུ་གཅིག་གིས་སོ། །གལ་ཏེ་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་ཞེས་བྱ་བའི་དངོས་པོ་དག་ནི་ལྡན་པ་སྐྱེད་པའམ། རྟེན་གྱི་དངོས་པོར་ཉེ་བར་འགྲོ་བར་ནུས་པའི་རང་བཞིན་སོ་སོ་བ་དེའི་ཕྱིར་ཅིའི་ཕྱིར་གཞན་དང་གཞན་ལ་ལྟོས་ཞེས་བྱ་བ་འདི་ནི་འདྲི་བ་པོའི་བསམས་པའོ། ། གལ་ཏེ་སོ་སོའི་ནུས་པ་མེད་ལ་དེ་གཉིས་ཕན་ཚུན་བཅས་པ་ཉིད་ནི་ནུས་པ་ཡིན་ནོ་ཞེ་ན། ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁར་གཞོང་རྒྱ་ཤུག་གི་དངོས་པོ་ཐ་དད་པའི་ནུས་པ་མེད་པ་དེ་ནི་ཕན་ཚུན་བཅས་པ་ཡིན་དུ་ཟིན་ཀྱང་། དེ་འདྲ་བ་ཁོ་ན་ནུས་པ་ མེད་པ་དེ་ཉིད་དེ་སྐད་ཅིག་མ་ཉིད་མ་ཡིན་པའི་ཕྱིར་ཞེས་བསམས་པའོ། །སྐད་ཅིག་མ་སོ་སོ་ཐ་དད་པ་ནི་ནུས་པ་མེད་པ་ཡིན་ལ། ཕྱིས་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་དང་བཅས་པ་དག་ནི་ནུས་པ་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེ་བས་ན་འཁར་གཞོང་དང་རྒྱ་ཤུག་གི་འབྲས་ བུའི་དངོས་པོ་ལ་ཕན་འདོགས་པ་མེད་པའི་ཕྱིར་ལྡན་པས་དེ་དང་ལྡན་པར་མི་འགྱུར་རོ། །ཕ་རོལ་པོས་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅས་པ་ལ་ཞེས་བྱ་བ་ནི་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་ལའོ། །གཞན་དེ་ལས་ཕན་པ་བྱེད་པས་ཞེས་བྱ་བ་ནི་འཁར་གཞོང་དེ་ ལས་གང་གཞན་པ་ནི་རྒྱ་ཤུག་གི་འབྲས་བུའི་བདག་ཉིད་དེ། དེ་ལས་འཁར་གཞོང་ལ་ཕན་པར་བྱེད་པའི་ཕྱིར་རམ། རྒྱ་ཤུག་གི་འབྲས་བུ་ལས་གཞན་པ་ནི་འཁར་གཞོང་ཡིན་ལ། དེ་ལས་རྒྱ་ཤུག་གི་འབྲས་བུ་ལ་ཕན་པ་བྱེད་པས་ཁྱད་པར་དུ་འབྱུང་བའི་རྒྱུའི་ཕྱིར། འཁར་ གཞོང་རྒྱ་ཤུག་གི་འབྲས་བུ་དང་བཅས་པ་དག་ནི་ལྡན་པ་བསྐྱེད་པའམ། རྟེན་གྱི་ངོ་བོ་ལ་ཉེ་བར་འགྲོ་བ་ལ་ནུས་པ་ཡིན་གྱི་ཡན་གར་བ་དག་ལ་ནི་མ་ཡིན་ནོ། །བསྐྱེད་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ཡིན་ཏེ། རྒྱ་ཤུག་གི་འབྲས་བུ་དག་བསྐྱེད་པར་བྱ་བ་མ་ཡིན་ པ་ཉིད་འཁར་གཞོང་ལ་སོགས་པ་དག་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཡིན་ན། ཕན་པར་བྱེད་པ་འདི་ཡང་ཅི་ཡིན་ཏེ། ཡོད་པ་ཡིན་པ་ཁོ་ནའོ། །གལ་ཏེ་ཇི་ལྟར་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་ཁོ་ན་ཉིད་མ་ཡིན་ཞེ་ན། རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། རྒྱ་ཤུག་གི་འབྲས་བུའི་རང་གི་ངོ་བོ་རང་གི་རྒྱུ་གཞན་ཁོ་ན་ལས་གྲུབ་པའི་ཕྱིར་དང་། འབྲས་བུ་མ་ཡིན་པའི་ཕྱིར་རྒྱ་ཤུག་གི་འབྲས་བུ་དག་ནི་སྐྱེད་པར་བྱེད་པ་མ་ཡིན་ལ། འཁར་གཞོང་ཡང་སྐྱེད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། ། གཞན་དག་ནི་འཁར་གཞོང་ལ་སོགས་པ་ལ་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་རང་གི་ངོ་བོ་ནི་སྐྱེ་བར་མི་འདོད་དེ། དེ་དག་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །འཁར་གཞོང་གིས་རྒྱ་ཤུག་གི་འབྲས་བུའི་ངོ་བོ་བྱེད་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་དེ་ལས་ངོ་བོ་ གཞན་ཡིན་ནོ་སྙམ་པ་དེ་བས་ན་གཞན་གྱི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་བརྟེན་པ་ལའོ། །དོན་གཞན་གྱིས་བྱས་པ་ལ་ནི་དོན་གཞན་གྱིས་ཕན་པར་བྱས་པར་འགྱུར་བ་མེད་དོ། །རྣམ་པ་གཉི་ག་ཡང་ཞེས་བྱ་བ་ནི་རང་གི་ངོ་བོ་དང་གཞན་གྱི་བྱ་ བ་དག་བདག་གིས་བསྟན་མ་ཐག་པའི་རྣམ་པར་འཁར་གཞོང་ལ་སོགས་པ་ནི་ཅུང་ཞིག་ཀྱང་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་དག་ཀྱང་མང་དུ་བསྟན་ཏོ། །མང་བའི་སྒྲ་ནི་ཕལ་ཆེ་བའི་ཚིག་ཡིན་ཏེ། ཕལ་ཆེར་བཤད་པས་ན་མང་དུ་བསྟན་པའོ། །དོན་འདི་ཡང་ འདི་དེ་རྣམས་དེ་རྣམས་ཀྱི་འབྲས་བུར་འགྱུར། ཕན་འདོགས་གང་ཡིན་བསྐྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་དོ། །གཞན་དག་ནི་མང་པོའི་སྒྲ་འདྲ་བའི་དོན་དུ་སྨྲ་སྟེ། བཤད་པ་དང་འདྲ་བས་ན་འདྲ་བར་བསྟན་པ་ཏེ། གོང་དུ་བཤད་པའི་རྟེན་ གྱིས་བྱས་པའི་སྤྱིའི་རང་གི་ངོ་བོ་ལ་ཕན་འདོགས་པར་བྱེད་པ་དང་། བརྟེན་པ་ལ་ཕན་འདོགས་པར་བྱེད་པ་འཁར་གཞོང་ལ་སོགས་པ་བྱས་པ་འདི་ནི་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་མཇུག་སྡུད་པ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ནི་རྒྱུའི་ཕྱིར་རྣམ་པར་གཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་དེ་དག་གི་རྣམ་པར་དབྱེ་བར་མི་འགྱུར་རོ་ཞེ་ན། བསྐྱེད་པར་བྱ་བ་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུས་བྱས་པའི་འབྲས་བུ་ ལས་ཕན་འདོགས་པའི་ཁྱད་པར་གང་ཡིན་པ་དེའི་སྟོབས་ལ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་རྣམ་པར་ལྟུང་བའི་ཚུལ་ཅན་གྱིས་ཆོས་ཅན་རང་གི་ཉེ་བར་ལེན་པའི་ཡུལ་ལ་བསྐྱེད་པའི་མཚན་ཉིད་ཅན་གྱི་ཉེ་བར་མཁོ་བས་རྟེན་དང་བརྟེན་ པའི་ངོ་བོ་ཡིན་ནོ། །སྒྲོན་མས་ཕན་པར་བྱས་པ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་རང་གི་ངོ་བོ་བསྐྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། བུམ་པ་དང་སྒྲོན་མ་ལ་སོགས་པ་དག་ནི་གསལ་བར་བྱ་བ་དང་། གསལ་བར་བྱེད་པའི་འབྲེལ་པ་ ཡིན་ཏེ། དེ་ལྟར་འབྲེལ་པ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །གང་གི་ཕྱིར་རྒྱུ་དང་འབྲས་བུ་ཉིད་མ་གཏོགས་པར་དངོས་པོའི་འབྲེལ་པ་ཡོད་པ་མ་ཡིན་པས། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་ཕྱིར་ཞེས་བྱ་བའོ་འཁར་གཞོང་ནི་རྒྱ་ཤུག་གི་འབྲས་བུ་ ལ་སོགས་པ་སྐྱེད་པར་བྱེད་པའི་ནུས་པ་ཁོ་ན་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྤྱིའི་རྟེན་ལ་ཡང་སྐྱེད་པར་བྱེད་པའི་ནུས་པ་ཉིད་ཀྱི་རྟེན་དུ་ཡོད་པ་ཡིན་ནོ་ཞེས། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ནུས་པའོ། །འདི་ལ་ ཞེས་བྱ་བ་ནི་སྤྱི་ལའོ་བསྐྱེད་པར་བྱ་བའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རང་གི་ཉེ་བར་ལེན་པའི་བྱེད་པའི་ཡུལ་ཁོ་ན་ལ་སྐྱེད་པར་བྱེད་པ་སྟེ། རྟེན་ངོ་བོ་གང་ལ་སྐྱེད་པར་བྱེད་པའི་ཁྱད་པར་གྱི་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་བསྐྱེད་པར་བྱ་བ་ ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱི་ནི་རྟག་པ་ཉིད་ཀྱིས་བསྐྱེད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་མེད་ན་ཡང་སྟེ། རྟེན་མེད་ན་སྤྱི་གནས་པའི་གཏན་ཚིགས་ཀྱིས་སོ། །རྟེན་གྱི་དབང་གིས་གནས་མིན་ཞེས་བྱ་བ་ནི་སྤྱིའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་འཆད་ པར་བྱེད་དོ། །དེ་ནི་ཞེས་བྱ་བ་ནི་སྤྱི་ནའོ། །དེ་མེད་ན་ཞེས་བྱ་བ་ནི་གསལ་བ་མེད་ན་ཡང་ངོ་། །སྤྱི་ནི་གསལ་བས་སྟོང་པའི་ཡུལ་གནས་པའི་ཕྱིར་རོ། །གལ་ཏེ་གསལ་བས་སྟོང་པའི་ཡུལ་ན་སྤྱི་མེད་པར་འགྱུར་བ་དེའི་ཚེ། དེར་སྔ་ན་མེད་པའི་གསལ་བ་སྐྱེ་བ་ལ་སྤྱི་ འབྲེལ་པར་མི་འགྱུར་ཏེ། དེ་ལ་གཞན་ལས་འོང་བ་མེད་དེ། བྱ་བ་མེད་པའི་ཕྱིར་རོ། །ཡུལ་ཐ་དད་པ་ན་གནས་པའི་གསལ་བ་ཡང་སྤྱི་དེའི་རྟེན་ཡིན་ཏེ། ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྤྱི་ནི་གཅིག་ཉིད་ཡིན་པའི་ཕྱིར་ཡུལ་ཐ་དད་པ་མ་ཡིན་ནོ་ཞེ་ན། འོན་ཏེ་ གསལ་བ་ཐམས་ཅད་རིགས་གཅིག་དང་ལྡན་པ་ཡིན་པས་ཡུལ་གཅིག་པ་ཐོབ་པར་འགྱུར་བའམ། ཐམས་ཅད་རིགས་དང་ལྡན་པར་མི་འགྱུར་རོ། །གལ་ཏེ་གཅིག་ཅིག་ཇི་ལྟར་ཐ་དད་པ་ཡིན་ཞེ་ན། འདི་ནི་འདིའི་ཉེས་པ་གཞན་ཡིན་ནོ། །དངོས་པོ་ལྟུང་བའི་ཆོས་ཅན་ཞེས་བྱ་ བ་ལ་སོགས་པས་གཏན་ཚིགས་ཀྱི་དོན་སྟོན་པ་སྟེ། ཀྱང་གི་སྒྲ་ནི་ཁས་བླངས་པ་སྟོན་པའི་དོན་ཏོ། །ཁས་བླངས་སུ་ཟིན་ཀྱང་སྤྱི་ལ་རྣམ་པ་འདི་རྣམ་པར་གཞག་པར་མི་ནུས་ཏེ། སྤྱི་ནི་ལྟུང་བའི་ཆོས་ཅན་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ནི་དོན་ཉེ་བར་དགོད་པའོ། ། སྐྱེད་པར་བྱེད་པ་ཡིན་པ་ནི་འཇོག་པར་བྱེད་པ་ཉིད་མ་ཡིན་པ་དེ་ཉིད་ནི་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟུང་བའི་གེགས་བྱེད་པ་འཇོག་པར་བྱེད་པར་ཁས་བླངས་པ་འདི་ལ་ཡང་གལ་ཏེ་རིགས་པ་འགའ་ཞིག་ལྟུང་བའི་གེགས་བྱེད་པ་ལ་བརྒལ་ཞིང་ བརྟག་པར་མི་བྱེད་པ་དེའི་ཚེ། སྐྱེད་པར་བྱེད་པ་མ་ཡིན་དུ་ཟིན་ཀྱང་འཇོག་པར་བྱེད་པ་ཡིན་ཏེ། རང་གི་བརྡའི་ངོར་བྱས་ནས་ཞེས་བྱ་བ་བསམས་པ་ཡིན་ནོ། །འདིར་འཇོག་པ་པོས་བྱས་པའི་གེགས་བྱེད་པ་ཡིན་པ་དེ་ན་གཞག་པར་བྱ་བའི་བདག་ཉིད་དུ་འགྱུར་བའམ། དེ་ལས་ དོན་གཞན་ནམ། ལྟུང་བ་མེད་པ་ཙམ་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་སྲིད་པར་འགྱུར་ན། རེ་ཞིག་བདག་ཉིད་དུ་གྱུར་པ་ནི་མ་ཡིན་ཏེ། དེའི་རང་བཞིན་གཞན་ལས་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །དོན་གཞན་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཇོག་པ་པོས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་ཉིད་ཁས་བླངས་པར་འགྱུར་ན་ལྟུང་བའི་གེགས་བྱེད་པའི་དོན་གཞན་དུ་འགྱུར་བ་དེ་ཉིད་ལ་རྟེན་འདི་ཉེ་བར་སྦྱོར་བའི་ཕྱིར་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་ལྟུང་བའི་གེགས་བྱེད་པ་ཅི་ཡིན་ཏེ། གནོད་པ་བྱེད་པ་འགའ་ཞིག་ ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་འཁར་གཞོང་ལ་སོགས་པ་ལ་གནས་པའི་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་མི་ལྟུང་བར་འགྱུར་རོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་རྟེན་གྱིས་བྱས་པའི་ལྟུང་བ་གེགས་བྱས་པས་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་ལྟུང་བ་མེད་པ་ ཡིན་ནོ་ཞེ་ན། གེགས་བྱེད་པ་ལས་མི་ལྟུང་བ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གེགས་བྱེད་པ་ཞེས་བྱ་བ་ནི་དངོས་པོ་ལས་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་མི་ལྟུང་བར་ཁས་བླངས་པས་ན། བརྒལ་ཞིང་བརྟག་པར་མཚུངས་པས་ཏེ། གེགས་ བྱེད་པ་ཞེས་བྱ་བའི་དངོས་པོས་མི་ལྟུང་བར་བྱ