Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
ང་ལ་
སོགས་པའི་རང་བཞིན་ཉིད་གྲུབ་པར་འགྱུར་བཟློག་པ་མེད་པར་ནི་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱིར། ཇི་ལྟར་ན་མེ་ལ་སོགས་པའི་འཇིག་པས་ཤིང་ལ་སོགས་པ་འཇིག་པ་ཞེས་བྱ། གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་གཞན་ནི་གཞན་གྱི་འཇིག་པ་མ་ཡིན་ཏེ། དོན་གཞན་དུ་འགྱུར་བ་དོན་གཞན་དུ་
གྱུར་པའི་འཇིག་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །ཁས་བླངས་ནས་ཀྱང་སྨྲས་པ་ནི་གཞན་འཇིག་པ་ཡིན་ཀྱང་བླ་སྟེ། ཅིའི་ཕྱིར་ཞེ་ན། དོན་གཞན་དུ་གྱུར་པ་མེས་བྱས་པ་དེ་ལ་དེའི་གནས་སྐབས་ཅན་གྱི་ཤིང་མི་སྣང་། དེ་ཉིད་བསྒྲུབ་པའི་ཕྱིར་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་
འབྱུང་བ་དང་ཤིང་མཐོང་བ་ཞེས་བྱ་བ་མེས་སྐྱེད་པའི་དོན་གཞན་དུ་གྱུར་པ་འཇིག་པ་ཞེས་འབྱུང་ཞིང་ཡོད་པ་གང་ཡིན་པ་དང་། ཤིང་མཐོང་བ་གང་ཡིན་པ་དེ་དག་ལ་འགལ་བ་ཅི་ཡོད་དེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན་དེའི་གནས་སྐབས་ཅན་གྱི་ཤིང་མཐོང་བར་འགྱུར་རོ། །གལ་ཏེ་
ངེས་གཟུང་ཕྱིར་ནའང་མིན་ཏེ། མེས་བྱས་པའི་དོན་གཞན་དུ་གྱུར་པས་བདག་གིས་བྱས་པའི་ཕྱིར་ཤིང་མི་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི་དོན་གཞན་དུ་གྱུར་པ་དེ་ཤིང་གི་སྒྲིབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཐོབ་ན་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་དེས་ནི་སྒྲིབ་བྱེད་མེད། དོན་གཞན་དུ་གྱུར་པ་དེས་
ཤིང་ལ་སྒྲིབ་པར་བྱེད་པ་དེ་ནི་མི་སྲིད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དོན་གཞན་ཏེ་མེས་བྱས་པ་ངེས་སོ། །དེ་ནི་ཞེས་བྱ་བ་མེས་བྱས་པའི་དོན་གཞན་དུ་གྱུར་པ་ནིའོ། །སྒྲིབ་པར་བྱེད་པ་བརྟགས་པ་དེ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲིབ་པར་བྱེད་པ་ནི་སྒྲིབ་
པར་གྱུར་པ་མཐོང་བ་སྟེ། མིག་གི་རྣམ་པར་ཤེས་པའི་གེགས་བྱེད་པར་འགྱུར་གྱི་ཐོགས་པར་བྱེད་པ་ལ་སོགས་པ་རྫས་ཀྱི་ནུས་པ་དག་ལ་ནི་གེགས་བྱེད་པ་མ་ཡིན་ཏེ། མུན་པས་བསྒྲིབས་པའི་བུམ་པ་ལ་སོགས་པ་དག་ལ་ཐོགས་པར་བྱེད་པ་ལ་སོགས་པ་མཐོང་བའི་ཕྱིར་རོ། །དེ་ལ་རང་གི་ཡུལ་

དུ་གཞན་འབྱུང་བའི་གེགས་བྱེད་པ་ནི་ཐོགས་པར་བྱེད་པའོ། །སོགས་པའི་སྒྲས་ནི་དྲི་དང་རོ་ལ་སོགས་པ་གཟུང་ངོ་། །ཅི་སྟེ་སྒྲིབ་པར་བྱེད་པའི་ཤིང་གི་ནུས་པ་ཐམས་ཅད་ལ་གེགས་བྱེད་པར་འགྱུར་བ་དེའི་ཚེ་ཐམས་ཅད་ལ་གེགས་བྱེད་པར་ཁས་ལེན་ན་ཡང་། འཇིག་པ་ཞེས་བྱ་བ་འདི་ཉིད་ཀྱིས་ཤིང་འཇིག་པར་འགྱུར་བ་མ་ཡིན་
ནམ། མེས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱིས་ཤིང་གི་ནུས་པ་ཐམས་ཅད་ཉམས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་མེས་བྱས་པ་དོན་གཞན་དུ་གྱུར་པ་འཇིག་པའི་རྒྱུ་དེ་ལ་ཡང་མེ་དང་འདྲ་བ་སྟེ། ཤིང་འཇིག་པ་ལ་མེའི་སྐྱོན་རྒྱས་པར་བསྟན་པ་གང་ཡིན་པ་དེ་མེས་བྱས་པའི་དོན་གཞན་དུ་གྱུར་པས་ཀྱང་ཤིང་འཇིག་པར་བྱེད་པར་ཐལ་
བར་འགྱུར་རོ། །དེ་ལྟར་ན་ཡང་ཐུག་པ་མེད་པར་འགྱུར་ཏེ། མེས་བྱས་པའི་དོན་གཞན་དུ་གྱུར་པའི་འཇིག་པ་ཞེས་བྱ་བ་དེ་བྱེད་ཅིང་དེས་ཀྱང་གཞན་ཞེས་བྱ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་སྐྱོན་དེར་མ་གྱུར་ཅིག་སྙམ་པས་ཤིང་གི་ཐོགས་པར་བྱེད་པ་ལ་སོགས་པའི་བུམ་པ་ལ་སོགས་པ་ཉམས་པ་མེད་པ་ཉིད་ཡིན་པ་དེའི་ཚེ་ཡང་
ཤིང་འདི་ཐོགས་པར་བྱེད་པའི་ནུས་པ་ལ་སོགས་པ་ཉམས་པ་མེད་པ་ལས་གཞན་མེས་སྐྱེད་པའི་ཡོད་པ་དེས་ཤིང་ཅི་ཞིག་འཇིག་པར་འགྱུར་ཞིང་གང་གིས་དེ་སྒྲིབ་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཤིང་སྣང་བར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་མེ་ལས་འབྱུང་བ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །
འདི་ཡང་བྱེད་པ་པོའི་དྲུག་པ་ཡིན་ཏེ། མེ་ལས་བྱུང་བའི་འཇིག་པ་ཞེས་བྱ་བའི་དོན་གྱིས་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །འཇིག་པ་འཇིག་ཅན་འགྱུར་ཏེ། དངོས་པོ་ཉིད་དུ་བརྟགས་པའི་འཇིག་པ་ཅན་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཇིག་པ་དེ་སྐྱེ་ཕྱིར་ཏེ། སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་འཇིག་པ་ཅན་ཡིན་ཏེ།
ཤིང་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཞིག་པ་འཇིག་པ་ཡིན་པ་དེའི་ཕྱིར་ཤིང་ཡང་མཐོང་བར་འགྱུར་རོ། །གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེ་བ་དང་ལྡན་པར་འགྱུར་བ་ནི་ཤིང་ལ་སོགས་པ་འཇིག་པའི་སྒོ་ནས་གདོན་མི་ཟ་བར་འཇིག་པར་འགྱུར་བ་ཡིན་ནོ། །མེ་ལ་སོགས་པ་བསྐྱེད་པའི་
འཇིག་པ་དེ་ཞིག་པར་གྱུར་པ་ལས་ཀྱང་ཤིང་ལ་སོགས་པ་སྐྱེ་བར་འགྱུར་བ་སྟེ་འབྱུང་བར་འགྱུར་རོ། །གལ་ཏེ་གསོད་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ཏེ། ནག་པ་གསོད་པར་བྱེད་པ་གང་ཡིན་པ་དེ་གལ་ཏེ་གསོད་བྱེད་བསད་པ་ན། དཔེར་ན་ནག་པ་ཡང་སྲིད་མིན་ཏེ་ནག་པ་གསོད་པར་

བྱེད་པ་བསད་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གསོད་པ་པོ་ཉིད་ཡིན་ནོ། །དེ་བས་ན་དེ་ཞིག་པ་ན་ནག་པ་ཡང་མི་འབྱུང་བ་གང་ཡིན་པ་དེ་ནི་རིགས་ཏེ་བསད་པ་ལོག་པ་ནི་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འཇིག་པ་ཞིག་ཏུ་ཟིན་ཀྱང་དངོས་པོ་ཕྱིར་ཐོབ་པ་མ་ཡིན་པ་སྟེ།
སྔ་མའི་ངོ་བོ་ཐོབ་པ་མ་ཡིན་ནོ། །གང་གི་ཕྱིར་གསོད་པར་བྱེད་པ་བསད་དུ་ཟིན་ཀྱང་དེས་བསད་པ་སྟེ། སྐྱེས་བུ་གསོད་པ་དེས་བསད་པའི་ཕྱིར་སྐྱེ་བ་མ་ཡིན་ནོ་ཞེ་ན་ལན་འདི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུས་གསོད་པར་བྱེད་པ་ནི་དེ་གསོད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཏེ། ནག་པ་དེ་བསད་པའི་རྒྱུ་ཉིད་ཡིན་པའི་
ཕྱིར་རོ། །གསོད་པ་པོ་འདི་ནི་བསད་པའི་རང་བཞིན་མ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་འཇིག་པའི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་རྒྱུ་མེ་དང་། དབྱུག་པ་ལ་སོགས་པ་ལོག་པ་ན་དངོས་པོ་ཞིག་པ་ཡང་འགྱུར་རོ་ཞེས་ནི་མི་སྨྲའོ། །དེ་སྐད་དུ་བརྗོད་ན་ནི་དེ་ལ་ལན་དུ་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། མེ་ལ་སོགས་པས་
ཤིང་ལ་སོགས་པའི་དངོས་པོ་མེད་པར་བྱེད་པ་གང་ཡིན་པ་དེ་ཇི་ལྟ་བུར་གྱུར་པ་ཞེ་ན། ཤིན་ཏུ་དམིགས་སུ་མེད་པའི་མཚན་ཉིད་ཅན་གྱི་སྟེ། ལས་ལ་ཡོད་པའི་བྱ་བ་འདི་ལ་དམིགས་པ་དེ་བཀག་པས་ཤིན་ཏུ་མི་དམིགས་པ་ནུས་པ་ཐམས་ཅད་དང་བྲལ་བ་ལ་བརྗོད་དོ། །དེ་ལྟར་གྱུར་པའི་མེད་པ་དེ་ལོག་པར་གྱུར་པ་ན་རང་བཞིན་གནས་པ་ལས་རྣམ་པ་གཞན་
ཅི་ཞིག་ཡོད་དེ། རང་བཞིན་གནས་པ་ཁོ་ནའི་རྣམ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོད་པ་པོ་ཞིག་པ་ཡང་འབྱུང་བར་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ནག་པའི་གསོད་པར་བྱེད་པ་ནི་འཇིག་པ་དང་མཚུངས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དབྱུག་པ་ལ་སོགས་པ་དང་མཚུངས་པ་ཡིན་ཏེ། དབྱུག་པ་ལ་སོགས་པ་དང་མཚུངས་
པར་འཇིག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འཇིག་པ་དང་འདྲ་བ་ནག་པ་འདི་བསད་པ་ཡིན་ལ་དེ་ལོག་པ་ན་འཇིག་པ་དང་འདྲ་བའི་བསད་པ་འདི་ལོག་པ་ན་ནག་པ་འདི་འབྱུང་བ་ཉིད་དུ་ཡང་འགྱུར་རོ། །དེ་ལྟར་ན་རེ་ཞིག་འཇིག་པ་དོན་གཞན་དུ་གྱུར་པ་ཉིད་ཀྱི་སྐྱོན་བཤད་ནས། དོན་གཞན་དུ་གྱུར་པ་མ་ཡིན་པའི་དབང་དུ་མཛད་དེ་
འཇིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་འཇིག་པ་གཞན་ཉིད་མ་ཡིན་ནའང་ཤིང་ཉིད་འཇིག་པ་ཉིད་དུ་འགྱུར་ཞིང་རང་གི་རྒྱུ་ལས་སྐྱེ་བ་དེ་ཡོད་ཉིད་ཕྱིར་རྒྱུ་ཅན་མིན་ཏེ་མེ་ལ་སོགས་པ་དེའི་རང་བཞིན་གྱི་འཇིག་པ་ཡང་ཅུང་ཟད་ཀྱང་བྱར་མེད་པས་ན་རྒྱུ་མེད་པ་ཅན་ཡིན་ནོ། །དངོས་པོ་ཆོས་མི་རྟག་པ་ལ་དེ་ཉིད་

དང་གཞན་ཉིད་དུ་བརྟགས་པ་འདི་ལས་གཞན་པའི་རྣམ་པའང་མེད། ཤིང་ལས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གང་གི་ཚེ་ཤིང་ལས་འཇིག་པ་དོན་གཞན་དུ་འགྱུར་པ་ཉིད་མ་ཡིན་པ་དེའི་ཚེ་ཤིང་དེ་ཉིད་དེར་ཏེ་འཇིག་པ་ཞེས་བྱ་བའི་དངོས་པོར་འགྱུར་རོ། །ཤིང་སྨོས་པས་ནི་ཉེ་བར་མཚོན་པ་ཡིན་ནོ། །ཤིང་
ལ་སོགས་པ་དེ་ཡང་མེ་ལ་སོགས་པ་ཉེ་བ་ལས་སྔར་ཡོད་པ་ཉིད་ཀྱི་ཕྱིར། ཤིང་ལ་སོགས་པ་འཇིག་པར་འགྱུར་བ་འདི་ལ་མེ་ལ་སོགས་པ་ནུས་པས་ཅི་ཞིག་བྱ། གཞུང་འདི་ནི་རིགས་པ་ཡིན་ཏེ་ཤིང་གི་སྐབས་ཉིད་ཡིན་པའི་ཕྱིར་རོ། །གཞུང་ཁ་ཅིག་ལས་དབྱུང་བ་ལ་སོགས་པའི་ནུས་པས་ཞེས་དབྱུང་བ་སྟེ། དེ་ཡང་བུམ་པ་ལ་སོགས་པ་
སྔར་སྨོས་པ་བྱས་ནས་བཤད་པར་བྱ་བ་ཡིན་ནོ། །དེ་བས་ན་དེ་ལ་ཕན་འདོགས་པ་མེད་པའི་ཕྱིར་ཏེ། ཤིང་ལ་སོགས་པ་དེ་ལ་འཇིག་པའི་རྒྱུ་དག་ཕན་འདོགས་པ་མེད་པའི་ཕྱིར། ཤིང་ལ་སོགས་པ་དེ་རྣམ་པ་འགའ་ཞིག་གིས་ཀྱང་འཇིག་པའི་རྒྱུ་དག་ལ་ལྟོས་པར་འགྱུར་བ་མེད་དོ། །ཤིང་ལ་སོགས་པ་འདི་མེ་ལ་སོགས་པས་འདི་འཇིག་
པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་འབྲེལ་པ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་དེ་ནི་ཕན་འདོགས་པར་བྱེད་པའི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། ཕན་འདོགས་པ་མེད་པར་འབྲེལ་པ་རྟོགས་པ་ཐལ་ཆེས་པའི་ཕྱིར་ཏེ། ཐམས་ཅད་ཐམས་ཅད་ཀྱི་འབྲེལ་པ་ཅན་དུ་འགྱུར་རོ། །དེ་ལྟར་ནི་འགྱུར་ན་ཤིང་ལ་སོགས་
པ་ལ་མེ་ལ་སོགས་པ་དངོས་སུ་ཕན་འདོགས་པ་མ་ཡིན་གྱི་འོན་ཀྱང་དེའི་འབྲེལ་པ་ཅན་དུ་གྱུར་པ་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལ་སོགས་པ་ཤིང་ལ་སོགས་པའི་འབྲེལ་བ་ཅན་དུ་གྱུར་པ་ལ་ཕན་འདོགས་པར་བྱེད་ཀྱི། དངོས་སུ་མ་ཡིན་པ་དེ་ལྟ་ན་ཕན་འདོགས་པར་བྱེད་པ་ཡིན་པར་
རྟོགས་པ་ན་ཡང་བརྒྱུད་པས་ཕན་འདོགས་པར་བྱེད་པ་དེ་ཡང་ཅི་དོན་གཞན་དུ་གྱུར་པའམ། འོན་ཏེ་ཤིང་ལ་སོགས་པ་དེ་ཉིད་ཡིན་ཞེས་གདོན་མི་ཟ་བར་རྣམ་པར་རྟོག་པ་འདིའི་རྗེས་སུ་འཇུག་པ་སྟེ། རྗེས་སུ་འབྲང་བ་ཡིན་ནོ། །དེ་ལས་ཞེས་བྱ་བ་ཤིང་ལ་སོགས་པ་ལས་ཕན་འདོགས་པར་བྱེད་པ་དོན་གཞན་དུ་གྱུར་པ་ཉིད་ན་ཡང་ཤིང་ལ་
སོགས་པ་དེའི་ཕན་འདོགས་པར་བྱེད་པ་འདིའི་ཡིན་ནོ་ཞེས་བྱ་བའི་འབྲེལ་པ་གང་ཡིན། དེ་ལ་ཤིང་ལ་སོགས་པ་ལ་མེ་ལ་སོགས་པས་ཕན་འདོགས་པར་བྱེད་པ་དེའི་ཕན་འདོགས་པར་བྱེད་པ་པོ་ཉིད་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ཏེ། དེ་ལས་གཞན་པའི་འབྲེལ་པ་མེད་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དེ་ལས་ཡང་ཕན་

འདོགས་པར་བྱེད་པ་གཞན་རྟོགས་པ་དེ་ལྟར་ན་ཐུག་པ་མེད་པའི་སྐྱོན་ལ་སོགས་པ་གཟུང་ངོ་། །དེ་ལྟར་ན་ཕན་འདོགས་པར་བྱེད་པ་དེ་གཞན་ཉིད་མ་ཡིན་ན་ཡང་ཤིང་ཉིད་འཇིག་པ་ཉིད་དུ་འགྱུར་ཞེས་བྱ་བ་ལ་སོགས་པས་བཤད་པ་གང་ཡིན་པ་དེའི་གནས་སྐབས་ཀྱིས་བརྒལ་ཞིང་བརྟག་པར་འགྱུར་རོ། །དེ་བས་ན་ཡོད་པ་དེ་
སྣང་བ་ཉིད་ཀྱི་ངོ་བོ་ཉིད་ལས་མ་འདས་པའི་ཕྱིར་དང་། དངོས་པོ་དེ་ཉིད་དང་གཞན་དེ་ཉིད་ལས་མ་འདས་པ་ཡིན་དུ་ཟིན་ཀྱང་འཇིག་པའི་རྒྱུས་བྱས་པའི་ཕན་འདོགས་པ་བསྐྱེད་པ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་ཕན་འདོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་སྒྲུབ་པར་བྱེད་པའི་མཚན་ཉིད་ཅན་
ཏེ། དངོས་པོ་སྒྲུབ་པར་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་དངོས་པོ་དེ་འཇིག་པར་བྱེད་པ་དེས་སམ་གཞན་གྱིས་བྱས་པ་གཉི་ག་ལྟར་ཡང་ཉེས་པ་བཤད་པ་དེ་ལྟར་ན། དེ་དང་དེ་མ་ཡིན་པར་བྱེད་པ་དང་བྲལ་བའི་འཇིག་པའི་རྒྱུ་བྱེད་པ་པོ་ཉིད་མ་ཡིན་པས་ན་འགའ་ཞིག་གི་རྒྱུ་མ་ཡིན་ཞིང་དབྱུག་པ་ལ་སོགས་
པ་རྒྱུ་མ་ཡིན་པ་ལ་ཡང་བུམ་པ་ལ་སོགས་པ་འཇིག་པའི་ངང་ཚུལ་ཅན་ཡིན་པས་ན་ལྟོས་པར་བྱ་བ་མ་ཡིན་ནོ། །དེ་བས་ན་རང་ཡོད་པ་ཙམ་གྱིས་དངོས་པོ་འདི་དེའི་རང་བཞིན་ཏེ། འཇིག་པའི་ངང་ཚུལ་ཅན་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཞིག་ནས་མེད་པའི་འཇིག་པ་བཟུང་ནས་གཞན་གྱིས་བརྒལ་བའི་དོགས་
པ་བསུ་བ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེའང་འཇིག་རྒྱུ་མེད་པ་ཅན་ཡིན་ན་རྟག་པར་འགྱུར་ཏེ། བདག་ཉིད་ཕྱིར་ཡོད་པའི་ཚེ་ན་ཡང་འཇིག་པར་འགྱུར་བ་དེ་ལྟར་ན། དངོས་པོ་འཇིག་པ་དག་ལྷན་ཅིག་འབྱུང་བར་ཐལ་བར་འགྱུར་རོ་ཞེ་ན། སྐྱོན་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཞིག་པའི་མཚན་ཉིད་ཅན་
གྱི་འཇིག་པ་གང་ལས་མེད་ཉིད་རྟག་ཉིད་ཡིན། དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐད་ཅིག་མར་སྨྲ་བ་གང་གིས་འཇིག་པ་རྒྱུ་མེད་ཅན་ན་ཡང་དེ་གདོན་མི་ཟ་བར་རྟག་པ་ཡིན་པས་ན་དངོས་པོ་དེ་མེད་པའི་མཚན་ཉིད་ཅན་ཏེ། འཇིག་པ་མེད་པའི་མཚན་ཉིད་ཅན་དང་། འཇིག་པ་དེ་མེད་པའི་
མཚན་ཉིད་ཅན་ཏེ། དངོས་པོ་བདོག་པའི་མཚན་ཉིད་ཅན་དག་གཅིག་ལ་ལྷན་ཅིག་འབྱུང་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་པ་དེ་ལ་དངོས་པོ་མེད་པ་ཉིད་ཀྱིས་རྟག་པ་དང་མི་རྟག་པའི་ཆོས་མི་རུང་བའི་ཕྱིར་རོ། །མེད་པ་ལ་རྟག་པ་དང་མི་རྟག་པའི་རྣམ་པར་རྟོག་པ་འདི་ནི་ཡོད་

པ་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་དེ་དག་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་དང་འཇིག་པ་མེད་པའི་མཚན་ཉིད་ཅན་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། །གཞན་ཡང་འབྱུང་ཞིང་སྐྱེ་བར་འགྱུར་བ་ནི་འགའ་ཞིག་དང་ལྷན་ཅིག་འབྱུང་བར་འགྱུར་ཞིང་འཇིག་པ་ནི་མི་འགྱུར་རོ། །འོན་ཀྱང་དངོས་པོ་སྐད་ཅིག་མར་
གནས་པའི་ཆོས་ཅན་བདག་ཉིད་མི་འགྱུར་རོ་ཞེས་བྱ་བ་དེ་ནི་བྱ་བ་འགོག་པ་ཙམ་ཡིན་པ་དེ་བས་ན་བཤད་མ་ཐག་པའི་སྐྱོན་འདི་ཡོད་པ་མ་ཡིན་ནོ། །ཡང་གཞན་གྱི་བསམ་པའི་དོགས་པ་བསུ་བའི་ཕྱིར་ཡང་མེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་པ་ཞེས་བྱ་བའི་དངོས་པོའི་ཆོས་མི་འདོད་པ་དེའི་ཚེ་འཇིག་
པ་མེད་ལ་དངོས་འཇིག་མེད་ཉིད་ཀྱི་སྟེ། དངོས་པོ་འཇིག་པར་མི་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་ཐལ་བར་འགྱུར་བ་ཡང་མི་རུང་སྟེ། གལ་ཏེ་ཕྱིར་དངོས་པོ་འཇིག་པས་དོན་གཞན་དུ་གྱུར་པའི་རྒྱུས་འཇིག་པ་དག་མི་འདོད་དོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཇི་ལྟར་ན་མེད་པ་འཇིག་པས་
དངོས་པོ་འཇིག་པར་འགྱུར་ཏེ། མེད་པ་ཉིད་ཀྱི་བྱ་བ་མི་རུང་བའི་ཕྱིར་རོ། །གཏན་ཚིགས་དེ་བས་ན་དངོས་པོ་འཇིག་པ་ཅན་དུ་མི་འགྱུར་རོ་ཞེས་བྱ་བ་ཡང་ཐལ་བར་འགྱུར་བ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་པ་དོན་གཞན་དུ་གྱུར་པ་ལས་དངོས་པོ་ཞིག་པ་ཁས་མི་ལེན་པའི་ཕྱིར་རོ། །འཇིག་ཞེས་བྱ་བ་ལ་
སོགས་པས་དེ་ཉིད་ཀྱི་གཞུང་འཛུགས་པར་བྱེད་དེ། འཇིག་པ་ཞེས་བྱ་བ་དོན་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་དོ་ཞེས་སྨྲས་པའི་བརྒལ་བ་གང་ཡིན་པ་དེ་ཇི་ལྟར་འཇིག་པ་རང་བཞིན་མེད་པ་དེ་ལས་དངོས་པོ་འཇིག་པར་འདོད། ད་ནི་ཞེས་བྱ་བ་གཞན་གྱི་ཡིན་ཏེ། ད་ནི་འཇིག་པ་མེད་པ་སྟེ། ཆོས་གཞན་ཡིན་ན་ནི་ཇི་
ལྟར་དངོས་པོ་འཇིག་པ་ཞེས་བྱ་བ་ཡིན་ཏེ་འཇིག་པ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་ད་ལྟར་བྱུང་བའི་གནས་སྐབས་འཇིག་པ་མེད་པ་ཅན་ཏེ། གང་ལ་འཇིག་པ་མེད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་དག་ནི་འཇིག་པར་མི་བགྲང་སྟེ། གང་གི་ཚེ་དངོས་པོའི་འཇིག་པ་མེད་པ་དེའི་ཚེ་དེས་དེ་ཇི་ལྟར་འཇིག་པ་
ཅན་ཡིན་ཞེས་ཐ་སྙད་དུ་བྱེད། གང་ཞིག་རང་བཞིན་གང་གིས་དེ་དག་ལྡན་པ་མ་ཡིན་པ་སྟེ་འབྲེལ་བ་དང་ལྡན་པ་མ་ཡིན་པའི་དངོས་པོ་དེ་འབྲེལ་བ་མེད་པ་ཅན་དེས་དེ་ལྟར་ཐ་སྙད་འདོགས་པ་སྟེ་དེ་དང་ལྡན་པ་ཞེས་བྱ་བའི་སྒྲས་ཐ་སྙད་འདོགས་པའམ། ཤེས་པས་ཤེས་པ་མ་ཡིན་ཏེ། དཔེར་ན་རྟ་ལ་རྭས་ཐ་སྙད་མི་

འདོགས་པ་བཞིན་ནོ། །འཇིག་པ་མེད་པ་ཉིད་མ་ཡིན་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དངོས་པོ་འཇིག་པ་མེད་པ་ཉིད་མ་ཡིན་མོད་ཀྱི་འོན་ཀྱང་འཇིག་པ་ཡོད་པ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟར་ན་མེད་ཅེས་བརྗོད་ཅེ་ན། དངོས་པོ་འཇིག་པ་དོན་གཞན་དུ་གྱུར་པ་གཞན་འཇིག་པའི་རྒྱུ་ལས་
འགྱུར་བར་འདོད་པ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་དངོས་པོ་ཉིད་སྐད་ཅིག་མར་གནས་པའི་ཆོས་ཅན་ཏེ། སྐད་ཅིག་མ་གཅིག་གི་གནས་སྐབས་ཀྱི་རང་བཞིན་ཅན་གྱི་འཇིག་པ་ཡིན་ནོ། །གལ་ཏེ་དངོས་པོ་ཁོ་ན་འཇིག་པ་ཡིན་ན་འོ་ན་ཇི་ལྟར་ན་དངོས་པོའི་འཇིག་པར་འགྱུར་བ་ཞེས་བྱ་བ་འཇིག་རྟེན་པ་མི་
བརྗོད་ཅེ་ན། དེའི་ཕྱིར་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་འདིའི་སྐད་ཅིག་མའི་གནས་སྐབས་ཀྱི་རང་བཞིན་འདྲ་བ་གཞན་དང་གཞན་འབྱུང་བས་འཁྲུལ་པའི་ཕྱིར་རྟོགས་པ་མེད་པ་དེ་དུས་ཕྱིས་ཡོད་པ་མི་དམིགས་པས་མི་གནས་པར་རྟོགས་པའི་ཕྱིར་ཕྱིས་དངོས་པོ་འཇིག་པར་འགྱུར་བ་ཡིན་ནོ་ཞེས་ངེས་པར་བྱས་
པ་སྟེ། རྟོགས་ནས་ཇི་ལྟར་ཤེས་པ་བཞིན་དུ་སྐྱེས་བུ་ཐ་སྙད་དུ་འདོགས་ཤིང་རྗོད་པར་བྱེད་དོ་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །འདི་ལྟར་དངོས་པོ་གྲུབ་པའི་འཇིག་པ་ཞེས་བྱ་བའི་ངོ་བོའི་ཁྱད་པར་རམ་གཞན་ཅུང་ཞིག་གི་ཚེ་ཡང་འགྱུར་བ་མ་ཡིན་ནོ། །འོན་ཀྱང་དངོས་པོ་དེ་ཉིད་རང་གི་རྒྱུ་དག་ལས་དེ་ལྟ་བུ་དག་ཏུ་འགྱུར་བ་སྟེ།
སྐད་ཅིག་མ་གཅིག་གི་གནས་སྐབས་ཅན་དུ་འགྱུར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ཡོད་པ་ཉིད་འཇིག་པ་ཞེས་བྱ་བ་འགའ་ཞིག་གིས་ཀྱང་དངོས་པོ་དེ་ཞིག་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དངོས་པོ་འདིའི་རང་བཞིན་ཉིད་སྐད་ཅིག་མ་གཅིག་གནས་པའི་ངང་ཚུལ་ཅན་གང་གིས་དངོས་པོ་དེ་འཇིག་
པ་ཞེས་བྱ་བ་ཡིན་གྱི་གཞན་དུ་ན་ནི་བདག་ཉིད་དེའི་རང་བཞིན་ཅན་ཉིད་མ་ཡིན་ན། གཞན་ཐག་ཉེ་བ་ཡང་མི་འཇིག་པའི་ཕྱིར་རོ། །གལ་ཏེ་འཇིག་པ་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ད་ཇི་ལྟར་ན་དངོས་པོའི་འཇིག་པ་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་ཁྱེད་ཅག་
བརྗོད་དེ། ཇི་ལྟར་རང་བཞིན་ཉིད་མེད་པ་དེའི་རྒྱུ་དང་བཅས་པ་ཅན་གྱི་ཁྱད་པར་དཔྱོད་པའམ། དངོས་པོ་འཇིག་པ་ཞེས་བྱ་བ་ཐ་དད་པ་ཇི་ལྟར་ཡིན་ཞེ་ན། དངོས་འཇིག་ཅེས་བྱ་བས་ལན་འདེབས་པར་བྱེད་དེ། དངོས་འཇིག་གཞན་ལ་ལྟོས་མེད་ཕྱིར། །དེ་ཤེས་ཕྱིར་ན་སེམས་ཀྱིས་ནི། །

ཞེས་བྱ་བ་གཞན་ལ་ལྟོས་པ་མེད་པ་ཉིད་དུ་ཤེས་པའི་ཕྱིར་རྣམ་པར་རྟོག་པའི་བློས་དངོས་པོ་འཇིག་པའི་གནས་སྐབས། དེ་ཡི་ཐ་དད་སྒྲོ་བཏགས་ནས། །ཁོ་བོ་ཅག་གིས་འཇིག་པ་ཡི། །གནས་སྐབས་དེ་རྒྱུར་མེད་ཅན་བཤད། །དངོས་པོ་ཞེས་བྱ་བ་ལ་སོགས་
པས་འཆད་པར་བྱེད་དེ། དངོས་པོ་སྐྱེས་པས་གྱུར་པ་འཇིག་པའི་རྒྱུ་གཞན་ལས་ཐོབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུར་གྱུར་པ་ཉིད་དུ་སྟེ། འཇིག་པའི་ངང་ཚུལ་ཅན་གྱིས་རང་བཞིན་ཉིད་དུ་རང་ཉིད་རྒྱུ་ཡོད་པ་ཉིད་ལས་སྐྱེས་ཤིང་འབྱུང་བའི་ཕྱིར་རོ། །གཏན་ཚིགས་དེ་ལྟར་ན་གཞན་ཏེ་
འཇིག་པའི་རྒྱུ་ཉིད་དུ་བརྟགས་པ་གཞན་ལ་ལྟོས་པ་ཞེས་བྱ་བ་ནི་གཞན་ལ་ལྟོས་པའོ། །དེ་ལྟ་བུར་གྱུར་པ་ཡང་དེ་ཡིན་ལ་ཆོས་ཀྱང་ཡིན་པས་ན་འཇིག་པ་ཞེས་བྱ་བ་གཞན་ལ་ལྟོས་པའི་ཆོས་དེ་དགག་པའི་ཕྱིར་ཏེ། འཇིག་པ་རྒྱུ་དང་བཅས་པ་དགག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེའི་རང་བཞིན་
ཤེས་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་འཇིག་པའི་ངང་ཚུལ་ཅན་གྱི་རང་བཞིན་ཤེས་པའི་ཕྱིར་ཏེ། རང་བཞིན་ཉིད་ལ་དེ་སྐད་དུ་བརྗོད་པ་ཞེས་བྱ་འདི་དང་སྦྱར་རོ། །དེ་སྐད་དུ་བརྗོད་ཅེས་བྱ་བ་ནི་འདིའི་འཇིག་པའི་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བརྗོད་པའོ། །གང་གི་ཚེ་ཞེ་ན་དེ་ཙམ་ཤེས་པར་འདོད་པའི་
ཚེ་སྟེ། ཅི་དངོས་པོ་གཞན་ལས་འཇིག་པར་འགྱུར་རམ་འོན་ཏེ་མ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་འདོད་པ་དེའི་ཚེའོ། །རྣམ་པ་གང་གིས་བརྗོད་ཅེ་ན། སེམས་དེ་རྣམ་པར་རྟོག་པའི་བློས་ཆོས་ཅན་ལས་འཇིག་པ་ཞེས་བྱ་བའི་ཆོས་དོན་གཞན་དུ་གྱུར་པ་བཞིན་དུ་རྣམ་པར་ཕྱེ་བ་སྟེ་དངོས་པོའི་འཇིག་པ་
ཞེས་ཆ་རྣམ་པར་ཕྱེ་ནས་སོ། །བློ་དམན་པ་དག་གིས་ཇི་སྐད་དུ་བཤད་པའི་རྣམ་པས་དེ་ཁོ་ན་ཉིད་དུ་ན་འཇིག་པ་དངོས་པོ་ལས་ཐ་དད་པ་མེད་པར་གནས་པ་དེ་དང་དེ་འཇིག་པའི་ཡོན་ཏན་ལ་སྒྲོ་བཏགས་ནས་བདག་ཉིད་འཁྲུལ་པར་བྱེད་དོ་ཞེས་བྱ་བ་འདི་དང་སྦྱར་རོ། །ཅིའི་ཕྱིར་དེ་དེ་ལྟར་ཡང་
འཁྲུལ་པར་བྱེད་ཅེ་ན། འགའ་ཞིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ལ་ཐ་དད་པའི་རྟེན་ཅན་གྱི་རྣམ་པར་དབྱེ་བ་སྦྱོར་བས་དེ་ལྟར་མཐོང་བ་སྟེ། འབྲེལ་པ་ཅན་གྱི་རྣམ་པར་དབྱེ་བ་མཐོང་བ་ལས་དངོས་པོའི་འཇིག་པ་ཞེས་བྱ་བ་འདི་ལ་ཡང་སྒྲ་ཙམ་འདིས་

འཁྲུལ་པ་དག་ནི་དངོས་པོ་འཇིག་པའི་ཡོན་ཏན་ཏེ། ཆོས་ཐ་དད་པ་སྒྲོ་བཏགས་པ་དང་། ཇི་ལྟར་བཏགས་པའི་ཡོན་ཏན་དེའི་ཡོད་པ་ཉིད་དུ་སྒྲོ་བཏགས་པ་དང་། འཇིག་པ་ཞེས་བྱ་བའི་ཡོན་ཏན་དེ་ལྟ་བུའི་བྱེ་བྲག་གིས་རྒྱུ་དང་བཅས་པ་ཅན་དང་རྒྱུ་མེད་པ་ཅན་དུ་སྒྲོ་བཏགས་ནས་དངོས་པོ་འཇིག་རྟེན་ཡོད་
པ་དཔྱོད་པས་སོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེ་ཁོ་ན་ཉིད་ལ་གནས་པ་མེད་པ་ཅན་ཏེ། སེམས་པ་གང་ལ་དེ་ཁོ་ན་ཉིད་ལ་གནས་པ་མེད་པ་དེས་བདག་ཉིད་འཁྲུལ་པར་བྱེད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱིས་བསམ་པའི་དོགས་པ་བསུ་བར་བྱེད་དོ། །བདག་ཉིད་འཇིག་པ་
རྒྱུ་མེད་པ་ཅན་དུ་འགྱུར་བ་གང་ཡིན་པ་དེ་ལ་ཡང་གལ་ཏེ་མེད་པ་རང་ཉིད་ཀྱིས་འཇིག་པ་ཡོད་པར་ཁས་ལེན་ན་ཡང་། དེ་ཉིད་དང་གཞན་ཉིད་ཀྱི་རྣམ་རྟོག་འདི་མཚུངས་སོ། །གཞན་ལས་ཞེས་བྱ་བ་འཆད་པར་བྱེད་དོ། །གཞན་ལས་འབྱུང་བ་ཉིད་མ་ཡིན་དུ་ཟིན་ཀྱང་སྟེ། རྒྱུ་ཅན་མ་ཡིན་དུ་ཟིན་
ཀྱང་ཞེས་བྱ་བའི་དོན་ཏོ། །དངོས་པོའི་འཇིག་པ་གང་ཡིན་པ་དེ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ན་དེ་ཉིད་ཀྱང་གཞན་ཉིད་དུ་རྣམ་པར་རྟོག་པ་འདིའི་སྟེ། ཅི་དངོས་པོ་འཇིག་པ་དོན་གཞན་དུ་འགྱུར་བའམ། འོན་ཏེ་དངོས་པོ་ཉིད་ཡིན་ཞེས་བྱ་བ་མཚུངས་པ་མ་ཡིན་ནམ། དེ་ལས་གལ་ཏེ་དོན་
གཞན་ཡིན་པ་དེའི་ཚེ་དོན་གཞན་འཇིག་པ་འབྱུང་ཞིང་ཡོད་པ་ན་དངོས་པོ་ཅིའི་ཕྱིར་མི་སྣང་སྟེ། སྣང་བ་ཉིད་དུ་འགྱུར་རོ། །ཅི་སྟེ་འཇིག་པ་དེ་ན་གཞན་དུ་མ་ཡིན་པ་དེའི་ཚེ་དོན་གཞན་ཉིད་མ་ཡིན་ཡང་བུམ་པ་ལ་སོགས་པ་དེ་ཉིད་འཇིག་པ་ཞེས་བྱ་བ་ཡིན་པར་འགྱུར་རོ། །དེ་བས་ན་ཏེ་དེའི་
ཕྱིར་དངོས་པོ་འདིའི་སྐྱེ་བ་ཅུང་ཟད་ཀྱང་མེད་པ་དེ་ལྟར་ཇི་ལྟར་ན་འཇིག་པ་ཞེས་བྱ་བ་ཡིན། དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ། །སྐབས་འདི་ལ་དངོས་པོ་དེའི་འཇིག་པ་ཞེས་བྱ་བའི་ཆོས་གཞན་ཅུང་ཟད་འགྱུར་བ་མེད་དོ། །འོན་ཀྱང་བདག་ཉིད་འཇིག་
པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། འོན་ཀྱང་འགྱུར་བ་མེད་ཉིད་ཅེས་སྔར་བཤད་པ་མ་ཡིན་ནམ། དེ་ཉིད་གསལ་བར་བྱ་བའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་རྒྱུ་མེད་པ་ཅན་དུ་སྨྲ་བ་འདི་ནི་རྒྱུ་ལས་གྲུབ་པའི་དངོས་པོ་འཇིག་པའམ། གཞན་

ཏེ་གནས་པ་རྣམ་པ་གཞན་ཉིད་ལ་སོགས་པའི་ཆོས་སུ་འགྱུར་རོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། དེ་ཉིད་དངོས་པོར་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་དངོས་པོ་ལྡོག་པ་ཙམ་སྨྲ་བ་མ་ཡིན་ནོ། །གལ་ཏེ་འཇིག་པ་རྗོད་པར་བྱེད་པས་ཀྱང་ཆོས་གཞན་འགའ་ཞིག་དངོས་
པོར་ཏེ་སྐྱེ་བ་བརྗོད་པ་ན། བརྗོད་པ་འདིས་དངོས་པོ་ལྡོག་པར་མི་འགྱུར་ཏེ། དངོས་པོ་ལྡོག་པ་མ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་དངོས་པོ་ལྡོག་པའི་སྐབས་སུ་གཞན་གྱི་དོན་གཞན་དུ་གྱུར་པ་བརྗོད་པའི་ཕྱིར། སྐབས་མ་ཡིན་པ་ནི་འདིར་བཤད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་
ན། དངོས་པོར་གྱུར་པ་འགའ་ཞིག་འབྱུང་བས་དངོས་པོ་ཡོད་པ་འཇིག་པ་ཞེས་བྱ་བ་མ་ཡིན་ན། གང་གིས་ན་དེ་བརྗོད་པས་དངོས་པོ་ལྡོག་པར་འགྱུར། དེ་བས་ན་གང་གི་ཚེ་བདག་ཉིད་དུ་གྱུར་པ་མེད་པ་དེའི་ཚེ་དངོས་པོ་འཇིག་པ་སྟེ་ལྡོག་པ་ཡིན་ནོ། །གཞན་ཡང་བཞིན་འགྱུར་བ་
མེད་པ་ཞེས་བྱ་བ་དེ་ནི་དངོས་པོ་འགག་པ་ཙམ་གྱི་མཚན་ཉིད་ཅན་མེད་པར་དགག་པ་ཡིན་གྱི་མ་ཡིན་པར་དགག་པ་ནི་མ་ཡིན་ཏེ། འདི་ལ་དངོས་པོ་རྣམ་པ་འགའ་ཞིག་ཀྱང་བསྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དུ་ཐོབ་པ་འགོག་པ་ཙམ་བྱེད་པའི་སྒོ་ནས་དངོས་པོའི་ཆ་ལ་མི་རེག་པ་
འདི་ནི་མེད་པར་དགག་པ་ཡིན་ལ། གང་དུ་དགག་པའི་སྒོ་ནས་གཞུང་བསྒྲུབ་པ་ནི་མ་ཡིན་པར་དགག་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མེད་པར་དགག་པ་འདི་ལ་ཡང་དངོས་པོ་འགའ་ཞིག་ཡོད་པར་སྒྲུབ་ན་ནི་མེད་པ་དང་མ་ཡིན་པར་དགག་པ་དག་གི་ངོ་བོ་ཐ་དད་པ་སྟེ། རང་བཞིན་ཐ་དད་པ་མེད་
པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མེད་པ་དང་མ་ཡིན་པར་དགག་པ་གཉི་ག་ལ་ཡང་སྒྲུབ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་མེད་པར་དགག་པ་ལ་ཡང་སྒྲུབ་པར་ཡོད་པ་དེའི་ཚེ་དགག་པ་ཡོད་པ་མ་ཡིན་པ་དེ་ལྟར་ན་བཀག་པ་མེད་པའི་ཕྱིར་འགའ་ཞིག་དུ་ཡང་མ་ཡིན་པར་དགག་པར་མི་
འགྱུར་རོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་འགའ་ཞིག་ལ་ཡང་ལྡོག་པར་འགྱུར་བ་དེའི་ཚེ་དེ་ལས་བཟློག་པ་སྟེ། བཟློག་པར་བྱ་བའི་དངོས་པོ་ལས་བཟློག་པ་དེ་མ་ཡིན་པར་དགག་པ་བཟློག་པ་ན། མ་ཡིན་པར་དགག་པས་རེག་པར་འགྱུར་ཏེ། བྲམ་ཟེ་མ་ཡིན་པ་ཁྱེར་ལ་ཤོག་ཅེས་བྱ་བས་བྲམ་ཟེ་

མ་ཡིན་པར་དགག་པས་རྒྱལ་རིགས་ལ་སོགས་པས་རེག་པའི་ཕྱིར་འགའ་ཞིག་ལྡོག་པར་འགྱུར་བ་དེ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་འགའ་ཞིག་ལྡོག་པར་འགྱུར་རོ་ཞེས་བཤད་པ་ན་དངོས་པོ་རྣམ་པར་བཅས་པས་འགའ་ཞིག་རྟོགས་པར་ཡང་མི་འགྱུར་ན། འོན་
ཀྱང་ལྡོག་པའི་སྒྲས་ཀྱང་དངོས་པོ་འགའ་ཞིག་རྟོག་པའི་ཕྱིར་རོ། །དེ་ལྟར་ན་བརྗོད་པ་འདིས་ནི་དངོས་པོ་ལྡོག་པར་བརྗོད་པས་ཀྱང་ལྡོག་པ་ཁོ་ནར་བཤད་པ་མ་ཡིན། འོན་ཀྱང་དོན་གཞན་ཡོད་པ་ཉིད་བསྟན་པར་འགྱུར་རོ། །དེ་ལྟར་ན་གང་མ་ཡིན་པར་དགག་པས་གང་ཞིག་
གིས་དབེན་པ་བརྗོད་པས་དེ་དག་ནི་ཕན་ཚུན་ཐ་དད་པར་གྲུབ་པ་མེད་དོ། །ཐ་དད་པས་ཡོད་པ་མ་ཡིན་ཡང་མ་ཡིན་ན་མ་ཡིན་ཏེ། མ་ཡིན་པ་དེ་ནི་དེ་ལས་གཞན་པས་དབེན་པས་གཞན་ཉེ་བར་ལེན་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པས་
ལྡོག་པ་མེད་པའི་ཕྱིར་རྗེས་སུ་འགྲོ་བར་ཡང་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བ་དེ་ནི་གཅིག་གི་རང་བཞིན་ལ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གནས་པ་དེ་ལ་ཡང་སྟེ། གཅིག་གི་རང་བཞིན་ལ་གནས་པ་དེ་ལས་གཞན་ལྡོག་པ་སྟེ་སྤངས་པ་ན་ཡོད་པར་
འགྱུར་ལ། དེ་ལས་གཞན་ལྡོག་པ་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར། འགྲོ་བའི་འཇུག་པ་དང་ལྡོག་པ་མེད་པ་ཅན་དུ་འགྱུར་རོ། །འདི་ལ་འཇུག་པ་དང་ལྡོག་པ་ཡོད་པ་མ་ཡིན་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །མི་འདོད་པ་ལ་ལྡོག་པ་དང་འདོད་པ་ལ་འཇུག་པ་མེད་
པའི་ཕྱིར་འཇུག་པ་མེད་པ་ཅན་དུ་འགྱུར་ཞིང་། འགའ་ཞིག་ཀྱང་ལྡོག་པ་མེད་པའི་ཕྱིར་ལྡོག་པ་མེད་པ་ཅན་དུ་འགྱུར་བ་དེ་བས་ན། དངོས་པོ་གང་འཇིག་པར་འགྱུར་རོ་ཞེས་བརྗོད་པས་དེ་བདག་ཉིད་དུ་འགྱུར་བ་མེད་དོ་ཞེས་བཤད་པར་འགྱུར་གྱི། འདིའི་ཆོས་གཞན་ཅུང་ཞིག་ཀྱང་འཇིག་
པ་ཞེས་བརྗོད་པ་མ་ཡིན་ནོ། །ནག་པའི་བུ་ཞེས་བྱ་བ་འདི་ལ་ཇི་ལྟར་དངོས་པོ་ཐ་དད་པ་དེ་ལྟར་དངོས་པོའི་འཇིག་པ་ཞེས་བྱ་བ་དེ་ཡང་ཐ་དད་པའི་རྟེན་ཅན་གྱི་རྣམ་པར་དབྱེ་བ་མཚུངས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནག་པའི་བུ་ཞེས་བརྗོད་ཙམ་

གྱི་སྒྲ་འདི་དང་མཚུངས་པའི་ཕྱིར་ཡུལ་གཞན་ལ་མཐོང་བའི་བྱ་བ་སྟེ། ནག་པའི་བུ་ཞེས་བྱ་བ་འདི་ལ་མཐོང་བའི་བྱ་བ་དངོས་སུ་ཐ་དད་པ་དེ་ཐམས་ཅད་ལ་སྟེ། དངོས་པོའི་འཇིག་པ་འདི་ཞེས་བྱ་བ་འདི་ལ་སྦྱར་བར་རིགས་པ་མ་ཡིན་ཏེ། སྒྲ་ཙམ་གྱིས་
དངོས་པོ་ལ་སྦྱོར་བ་མི་རུང་བའི་ཕྱིར་རོ། །དེ་ཉིད་ནི་བོང་བུ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྐྱེས་བུ་ལ་བོང་བུ་ཞེས་བྱ་བའི་མིང་དུ་བྱས་པ་ལས་མི་ལ་ཡང་བོང་བུའི་ཆོས་སྦྱར་བར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ནག་པའི་བུ་ཞེས་བྱ་བའི་ངག་འདི་ལ་ཐ་དད་པའི་རྟེན་ཅན་གྱི་དྲུག་པ་
སྦྱོར་བ་དག་ནི། ནག་པ་ལས་བུ་དངོས་སུ་ཐ་དད་དོ་ཞེས་དེ་ལྟར་མཐོང་བའི་བྱ་བ་འཇིག་པ་ལ་ཡང་སྦྱར་བར་བྱ་སྟེ། དངོས་པོ་འཇིག་པར་འགྱུར་བ་ཞེས་བྱ་བ་འདི་ལ་ཡང་ཡོད་པའི་ཕྱིར་འཇིག་པ་ཐ་དད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་ཏེ་དོན་གཞན་དུ་འགྱུར་བ་དངོས་
པོའི་འཇིག་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འགལ་བ་བསྟན་ཟིན་པའི་ཕྱིར་རོ། །གལ་ཏེ་འཇིག་པ་དོན་གཞན་དུ་གྱུར་པ་མ་ཡིན་ན། ཅིའི་ཕྱིར་དངོས་པོའི་འཇིག་པ་ཞེས་དེ་སྐད་དུ་བསྟན་ཅེ་ན། དེའི་ཕྱིར་དེ་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་
འཇིག་པ་ཞེས་བྱ་བ་དེ་སྐད་དུ་བརྗོད་པའི་དོགས་པ་ཡང་སེམས་ཀྱི་ཆོས་ཅན་ལས་ཆོས་གཞན་དུ་གྱུར་པ་བཞིན་དུ་རྣམ་པར་ཕྱེ་ནས་དེ་ཙམ་ཤེས་པར་འདོད་པའི་ཚེ་རང་བཞིན་ཉིད་ལ་དེ་སྐད་དུ་བརྗོད་དོ་ཞེས་བྱ་བ་ལ་སོགས་པས་བསྟན་ཅིང་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་མེད་པ་
ནི་ཅིར་ཡང་མི་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དང་གཞན་ཉིད་ཀྱི་ཕྱིར་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པར་རྟོག་པ་དང་མཚུངས་པ་མ་ཡིན་ནོ། །དེའི་ཕྱིར་ཡོད་པ་སྟེ། དངོས་པོ་འབྱུང་བ་ལས་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་རྟོག་དེར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱ་བ་དངོས་པོ་དང་
འབྲེལ་པའི་ཕྱིར་རོ། །ཡོད་པ་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཡོད་པ་སྟེ་འབྱུང་ཞིང་སྐྱེ་བ་ཞེས་བྱ་བའི་བར་དུའོ། །དེ་གདོན་མི་ཟ་བར་སྐྱེ་བ་དང་ལྡན་པ་སྟེ། འབྱུང་བ་དང་ལྡན་པ་རག་ལུས་པ་ཡིན་ཏེ། སྐྱེ་བ་དང་ལྡན་པ་མེད་པར་ཡོད་པ་མི་རུང་བའི་ཕྱིར་རོ། །

ཡོད་པ་དེ་ཡང་དངོས་པོ་ཉིད་ཀྱི་ཕྱིར་རང་བཞིན་ཉིད་ཡིན་ཏེ། དེ་ལྟར་ན་བུམ་པ་ཡོད་པར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་དེ་རང་བཞིན་མེད་པ་ཡིན་ན་དེའི་ཚེ། རང་བཞིན་མེད་པ་ནི་བྱ་བ་འགའ་ཞིག་ཏུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་པའི་ཕྱིར་རོ། །བྱ་བ་ཞེས་བྱ་
བ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི་འོན་ཀྱང་བྱ་བ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཡིན་ན་དེ་རང་བཞིན་མེད་པར་ཇི་ལྟར་འགྱུར། གལ་ཏེ་རང་བཞིན་མེད་པ་ལ་བྱ་བའི་འབྲེལ་པ་ཡོད་པ་མ་ཡིན་ན། ད་ནི་རི་བོང་གི་རྭ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་ཐ་སྙད་དུ་བྱེད་པ་ཡིན་ཏེ། རི་བོང་གི་རྭ་
མེད་དོ་ཞེས་བྱ་བ་འབྱུང་བའི་མཚན་ཉིད་ཅན་གྱི་བྱ་བ་ཇི་ལྟར་ན་ཐ་སྙད་དུ་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་མོ་གཤམ་གྱི་བུ་མེད་པ་ལ་སོགས་པ་གཟུང་ངོ་། །རི་བོང་གི་རྭ་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། རི་བོང་གི་རྭ་མེད་
པའི་མ་གཞན་ཅུང་ཟད་ཅིག་ཏུ་འགྱུར་རོ་ཞེས་སྒྲུབ་པའི་སྒོ་ནས་ནི་མི་རྗོད་ཀྱི་འོན་ཀྱང་རི་བོང་གི་རྭ་མེད་དོ་ཞེས་བྱ་བའི་ངག་འདིས་འདི་ལྟར་རི་བོང་གི་རྭ་དེ་མེད་པ་སྟེ། ཡོད་པ་མ་ཡིན་ནོ་ཞེས་ཡོད་པ་འགོག་པར་བྱེད་པ་ཉིད་ཡིན་ནོ། །གཞན་ཡང་རི་བོང་གི་རྭ་ལ་སོགས་
པ་མེད་པར་འགྱུར་བའམ་མི་འགྱུར་བ་ཞེས་བྱ་བའི་སྐབས་སྐབས་ལ་བརྟེན་པའི་རྣམ་པ་འགའ་ཞིག་སྐྱེས་བུ་ཐ་སྙད་འདོགས་པ་པོས་རི་བོང་གི་རྭ་ལ་སོགས་པ་དེ་འདི་ལྟར་མེད་པ་ཡིན་ནོ་ཞེས་བྱ་བ་དང་ལྡན་པ་བཞིན་དུ་སྒྲོ་བཏགས་ནས་སྟོན་པར་བྱེད་མོད་ཀྱི། རི་བོང་གི་
རྭ་ལ་སོགས་པ་དེ་ནི་ཐ་སྙད་ཙམ་གྱིས་དེ་ལྟར་བྱ་བ་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །འདི་ལྟར་རི་བོང་གི་རྭ་ལ་སོགས་པ་དེ་ཁོ་ན་ཉིད་ནི་དོན་ཐམས་ཅད་ཀྱིས་དབེན་པ་སྟེ། དོན་ཐམས་ཅད་ཀྱི་རང་བཞིན་དང་བྲལ་བ་ཡིན་གྱི་དངོས་པོར་གྱུར་པའི་བྱ་བ་འགའ་ཞིག་དང་ལྡན་པ་
ནི་མ་ཡིན་ནོ། །གལ་ཏེ་འཇིག་པ་རྒྱུ་ལས་བྱུང་བ་ཡིན་ན་ཡང་དོན་ཐམས་ཅད་ཀྱིས་དབེན་པའི་མཚན་ཉིད་ཅན་ཡིན་ནོ་ཞེ་ན། དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དོན་ཐམས་ཅད་ཀྱིས་སྟོང་པའི་མཚན་

ཉིད་ཅན་གྱི་འཇིག་པ་ནི་གཞན་གྱིས་འདོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ནི་འཇིག་པ་དེའི་ངོ་བོ་ཡིན་པའི་ཕྱིར་ཏེ་རྒྱུ་ལས་དངོས་པོ་འཇིག་པར་འགྱུར་རོ་ཞེས་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །གལ་ཏེ་འཆད་པ་པོ་དག་གིས་དེ་སྐད་དུ་མེད་པ་དེ་ཡང་
རང་བཞིན་མེད་པ་ཉིད་འབའ་ཞིག་ཏུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་དང་ལྡན་པ་བཞིན་དུ་བཤད་མོད་ཀྱི། བདག་ཉིད་ནི་ད་ལྟ་སྟེ་བྱ་བ་དང་ལྡན་པ་ཉིད་མ་ཡིན་ཏེ་དེ་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་འདོད་པ་དེའི་ཚེ་མེད་པར་འགྱུར་རོ་ཞེས་སྨྲ་བས་ཀྱང་ཅུང་ཞིག་ཏུ་ཡང་མི་འགྱུར་རོ་ཞེས་བྱ་བར་
འདོད་པ་ཉིད་ཡིན་ཏེ། ངག་འདི་ནི་བྱ་བ་འགོག་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་བདག་ཉིད་སྒྲོ་བཏགས་པ་མེད་པའི་རྣམ་པས་དངོས་པོའི་རང་བཞིན་འགའ་ཞིག་ལ་དེ་ཉིད་དང་གཞན་ཉིད་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་ལས་འདས་པ་མ་ཡིན་ཏེ། དངོས་པོར་གྱུར་
པ་གང་ལ་དེའི་རང་བཞིན་ཉིད་དམ་དེ་ལས་གཞན་ཉིད་ཡིན་པ་ལས་མ་འདས་པ་ནི་རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པའི་ཕུང་པོའི་རང་བཞིན་གང་ཟག་ཏུ་གྱུར་པ་མ་ཡིན་པ་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་དག་ལས་གཞན་མ་ཡིན་པ་དེ་བས་ན། རང་བཞིན་དེ་
ཉིད་དང་གཞན་ཉིད་ལས་འདས་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ནོ། །འདི་ལྟར་དེ་ཁོ་ན་ཉིད་མ་ཡིན་པ་སྟེ། དེའི་རང་བཞིན་ཅན་ཉིད་མ་ཡིན་པ་ཉིད་ནི་རང་བཞིན་གཞན་ཉིད་ཡིན་ནོ། །གལ་ཏེ་གང་ཟག་ཀྱང་ཕུང་པོའི་རང་བཞིན་མ་ཡིན་པ་དེའི་ཚེ་ཕུང་པོ་དག་ལས་གཞན་ཉིད་ཡིན་ཏེ། གང་
གི་ཕྱིར་གཟུགས་དང་རོ་དག་ཀྱང་ཕན་ཚུན་གཞན་ཉིད་དུ་གྱུར་པ་ནི་དེ་ཁོ་ན་ཉིད་མ་ཡིན་པ་མ་གཏོགས་པར་གཞན་ཉིད་མ་ཡིན་པ་ལྟ་བུའོ། །གལ་ཏེ་རང་བཞིན་ལ་རག་ལུས་པ་མེད་པ་ནི་གཞན་ཉིད་ཡིན་ན་གང་ཟག་གི་རག་ལུས་པ་དེ་ཡང་ཕུང་པོ་དག་ལ་ཡོད་པ་དེ་བས་ན་དེའི་རང་བཞིན་མ་ཡིན་ཀྱང་ཕུང་
པོ་དག་ལས་གང་ཟག་གཞན་ཉིད་མ་ཡིན་ནོ་ཞེ་ན། རག་ལུས་པ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། ཕུང་པོ་དག་ལ་གང་ཟག་གི་རག་ལུས་པ་ཞེས་བྱ་བ་འདིའི་གང་ཡིན། རག་ལུས་པའི་རྒྱུ་གང་གིས་དེར་ཡང་མི་འགྱུར་བ་ཞེས་བྱ་བ་གང་ཟག་ཕུང་པོའི་རང་བཞིན་དུ་མི་

འགྱུར་བ་དང་གཞན་གྱི་རང་བཞིན་ཅན་དུ་མི་འགྱུར་བ་སྟེ། གང་ལ་ཕུང་པོ་ལས་གཞན་པའི་རང་བཞིན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་ཕུང་པོ་དག་ལས་གང་ཟག་གི་སྐྱེ་བ་དེ་ཉིད་རག་ལུས་པ་ཡིན་པ་དེ་ལྟར་ན་འབྲས་བུ་ཉིད་ཡིན་པའི་ཕྱིར་ཕུང་པོ་དག་ལས་གང་ཟག་དེ་ཉིད་དང་
གཞན་ཉིད་དང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དོ་ཞེ་ན། དེ་ལྟར་ན་ནི་རྒྱུ་དང་འབྲས་བུ་ཐམས་ཅད་ཕན་ཚུན་བརྗོད་པར་བྱ་བ་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་འབྲས་བུ་ཉིད་ཡིན་པའི་ཕྱིར། བརྗོད་པར་བྱ་བ་ཉིད་མ་ཡིན་ན་ནི་ཐམས་ཅད་ཐམས་ཅད་ལ་རྣམ་པ་འགའ་
ཞིག་གིས་ཞེས་བྱ་བ་མངོན་སུམ་མམ་བརྒྱུད་པས་ཉེ་བར་སྦྱོར་བའི་ཕྱིར་ཏེ། ཐམས་ཅད་ལ་རྒྱུ་དང་འབྲས་བུའི་ངོ་བོ་ཡོད་པའི་ཕྱིར་འགའ་ཞིག་ལས་གཞན་དུ་མི་འགྱུར་རོ། །བཤད་མ་ཐག་པའི་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་མཚན་ཉིད་ཅན་འདི་བརྗོད་པར་བྱ་བ་ཉིད་མ་ཡིན་པར་སྨྲ་བ་དེ་
ལྟ་ན་ཡང་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་སྒྲ་གཞན་ཉིད་ཀྱིས་ཏེ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་སྒྲ་བསྟན་པར་འགྱུར་རོ། །དོན་ཐ་དད་པ་འགའ་ཞིག་གིས་ཀྱང་མ་ཡིན་ཞིང་གཞན་ཉིད་ཀྱང་བཀག་པ་མ་ཡིན་ཏེ། འདི་ལྟར་རང་བཞིན་དག་གིས་ཕན་ཚུན་རྗེས་སུ་འགྲོ་བ་སྟེ་འདྲེས་པ་
མེད་པ་ནི་གཞན་ཉིད་ཡིན་པར་སྨྲའོ། །རང་བཞིན་གྱིས་རྗེས་སུ་འགྲོ་བ་མ་ཡིན་པ་དེ་ཡང་དངོས་པོར་གྱུར་པའི་དོན་རང་བཞིན་དང་ལྡན་པ་རྒྱུ་དང་འབྲས་བུའི་ངོ་བོ་དག་དང་དེ་ལས་གཞན་པ་དག་གི་གཞན་དུ་ཡོད་པ་ཉིད་ཡིན་པ་དེ་ལྟ་ན་དངོས་པོ་ཐམས་ཅད་གཞན་ཉིད་ཡིན་ནོ། །གལ་
ཏེ་སྐྱེ་བའི་མཚན་ཉིད་ཅན་གྱི་རག་ལུས་པས་ཕུང་པོ་དག་ལས་གང་ཟག་གཞན་ཉིད་དུ་ཡོད་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་རག་ལུས་པ་གཞན་ཉིད་དུ་ཡོད་དོ་ཞེ་ན། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་མཚན་ཉིད་ཅན་ཏེ། སྐྱེ་བའི་དབང་པོ་ཅན་གྱི་རང་བཞིན་གྱི་རག་
ལས་པ་ལས་རག་ལུས་པ་ཞེས་བྱ་བ་གཞན་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལས་བྱུང་བའི་རག་ལུས་པ་མེད་པ་དེ་ནི་དེ་ལ་རག་ལུས་པ་མེད་པ་དེ་དང་ལྷན་ཅིག་འཁྲུལ་པ་གང་ཡིན་པ་དེ་ལ་འགལ་བ་མེད་པའི་ཕྱིར་རོ། །གང་ཞིག་གང་ལ་རག་ལུས་པ་མེད་པ་དེ་ནི་དེར་འཁྲུལ་པའི་

ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འཁྲུལ་པའི་ཕྱིར་རག་ལུས་པ་ཡང་མ་ཡིན་ནོ། །དེ་དང་ཆོས་ཐ་དད་པ་ལས་གཞན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རག་ལུས་པ་མེད་པ་དེ་བས་ན་ཕུང་པོ་དག་ལས་གང་ཟག་གཞན་ཉིད་དང་ཆོས་ཐ་དད་པ་གཞན་ཉིད་ཡིན་ནོ། །དེ་ལྟར་ན་གང་ཟག་གི་
ཆོས་རྣམས་བརྗོད་པར་བྱ་བ་ཉིད་མ་ཡིན་པ་ལ་སོགས་པ་ཡིན་ཞིང་ཕུང་པོ་དག་ནི་དེ་ལས་བཟློག་པར་བྱ་བ་ཉིད་ལ་སོགས་པ་ཡིན་ནོ། །འདི་ལ་ཡང་སྦྱོར་བ་གཉིས་སུ་འགྱུར་ཏེ། གང་ཞིག་གང་ལ་རག་ལུས་པ་མེད་པ་དེ་ནི་དེ་ལས་གཞན་པ་ཡིན་ཏེ། རྟ་ལས་བ་ལང་ལྟ་བུའོ། །ཕུང་པོ་དག་ལས་གང་ཟག་ཀྱང་རག་
ལུས་པ་མེད་པ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གང་ལས་ཆོས་ཐ་དད་པ་དེ་ནི་དེ་ལས་གཞན་ཡིན་ཏེ། དཔེར་ན་རྟ་ལས་བ་ལང་ལྟ་བུའོ། །ཕུང་པོ་དག་ལས་གང་ཟག་ཀྱང་ཆོས་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་དོ། །གལ་ཏེ་འདི་ལྟར་སྐྱེ་བས་བྱས་པའི་རག་ལུས་པ་མེད་པ་དེ་
ལྟ་ན་ཡང་ཕུང་པོ་དག་ལས་གང་ཟག་གི་ཤེས་པས་བྱས་པའི་རག་ལུས་པ་ཡིན་ནོ་ཞེ་ན། དེ་ཉིད་ནི་དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གང་གི་རྟོགས་པས་ནི་གང་རྟོགས་པ་སྟེ། དེ་མེད་ན་མི་འབྱུང་བ་སྟེ་མེད་ན་མེད་པའི་ཤེས་པ་གང་ཡིན་པ་དེ་ཉིད་ཇི་ལྟར་འགྱུར་ཞེ་ན། དེ་རྟོགས་པ་ལ་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། མེད་ན་མི་འབྱུང་བའི་དོན་དེ་རྟོགས་ཤིང་ཁོང་དུ་ཆུད་པ་ཡོད་ན་ངེས་པར་དེ་སྣང་བའི་ཕྱིར་དངོས་པོ་དེ་དེའི་ངོ་བོ་མ་ཡིན་དུ་ཟིན་ཀྱང་སྟེ་རྟོགས་པ་མེད་ན་མི་འབྱུང་བའི་ཤེས་པ་དེ་གང་ཡིན་པ་དེ་དང་འབྲལ་དུ་ཟིན་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལས་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །
གཟུགས་ལ་སོགས་པ་གཟུང་བ་ཉིད་ཀྱིས་ཀྱང་གང་ཟག་ཀྱང་གཟུང་བ་ཡིན་ཏེ་དེ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པ་རྟོགས་པ་མེད་ན་མི་འབྱུང་བ་གང་ཟག་རྟོགས་པ་ཡིན་པ་དེ་ལྟར་ན་གང་ཟག་ཕུང་པོའི་རང་བཞིན་མ་ཡིན་དུ་ཟིན་ཀྱང་ཕུང་པོ་དག་ལས་
གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། གང་ཟག་ནི་གཟུགས་ལ་སོགས་པ་རྟོགས་པ་མེད་ན་མི་འབྱུང་བའི་ཤེས་པ་མ་ཡིན་ན་གང་གིས་དེ་འབྱུང་བ་རིགས་པ་ཡིན་པར་འགྱུར། ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་བདག་ཉིད་གཟུགས་ལ་སོགས་པའི་རང་བཞིན་དང་བྲལ་བས་

རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དག་དང་མ་འདྲེས་པའི་ངོ་བོ་ལས་གང་ཟག་གཞན་མ་ཡིན་གྱི། འོན་ཀྱང་དེ་ཉིད་ནི་གཟུགས་ལ་སོགས་པའི་ངོ་བོར་སྣང་བ་གང་ཡིན་པ་དེའི་རང་བཞིན་ཡིན་ནོ། །ཅི་སྟེ་གཟུགས་ལ་སོགས་པའི་རང་བཞིན་གང་ཟག་ཡིན་པ་དེའི་ཚེ་གཟུགས་ལ་སོགས་པའི་
མཚན་ཉིད་དང་བྲལ་བའི་རང་བཞིན་དང་ལྡན་པ་ཉིད་དེ། དངོས་པོ་ཡོད་པ་ཉིད་ཡིན་ན་གང་ཟག་འདི་དེ་དང་འདྲ་བ་སྟེ་གཟུགས་ལ་སོགས་པ་འདྲ་བར་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་དད་པར་སྣང་བ་ཡང་མ་ཡིན་ནོ། །དེ་བས་ན་གང་ཟག་ཡོད་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་སྣང་དུ་རུང་བ་སྟེ། དམིགས་པའི་མཚན་ཉིད་ཀྱིར་
གྱུར་པ་ནི་མི་སྣང་བ་ནི་མེད་པའི་ཕྱིར་རོ། །འདིས་ནི་གང་ཟག་མེད་པར་བསྒྲུབ་པའི་ཕྱིར་རང་བཞིན་མི་དམིགས་པ་བཤད་པ་ཡིན་ནོ། །ཅི་སྟེ་སྣང་དུ་རུང་བ་ཡིན་དུ་ཟིན་ཀྱང་མི་སྣང་བའི་ཕྱིར་མེད་པར་མ་གྱུར་ཅིག་སྙམ་པས་གང་ཟག་མི་སྣང་བར་འདོད་ན་ཡང་དེའི་ངོ་ཤེས་པ་སྟེ། གང་ཟག་གི་རང་བཞིན་འཛིན་པའི་ཤེས་པ་མ་ཡིན་པ་
དེ་ལྟར་ན་གང་གང་ལ་རག་ལུས་པ་ཡིན་ཏེ། གཟུགས་ལ་སོགས་པའི་ཤེས་པ་མེད་ན་མི་འབྱུང་བ་གང་གང་ཟག་ཤེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤེས་པར་བྱས་པའི་རག་ལུས་པ་མ་ཡིན་ནོ་ཞེས་དགོངས་སོ། །གལ་ཏེ་གཟུགས་ལ་སོགས་པ་ལ་རག་ལས་པའི་རྟོགས་པ་ཅན་ཉིད་ཡིན་པའི་ཕྱིར་གང་ཟག་ཐ་དད་
པར་སྣང་བ་མ་ཡིན་ནོ་ཞེ་ན། གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་རག་ལུས་པ་ཤེས་པ་ཅན་ཏེ། གང་ལ་རག་ལུས་པ་དམིགས་པ་ཅན་གྱི་དངོས་པོ་གང་ཡིན་པ་དེའི་རང་བཞིན་སྣང་བ་ཉིད་ནི་ཉམས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་དང་འདྲ་བར་ཞེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་
སྔོན་པོ་ལ་སོགས་པ་སྣང་བ་ལ་རག་ལུས་པའི་ཤེས་པ་ཅན་དག་སྟེ། སྣང་བ་གསལ་དུ་ཟིན་ཀྱང་སྔར་གྱི་སོ་སོར་སྣང་བ་ཉམས་པ་མ་ཡིན་ཏེ་སྣང་བ་ལས་ཐ་དད་པར་དེ་དག་སྣང་བའི་ཕྱིར་རོ། །དེ་དང་འདྲ་བར་གང་ཟག་ཀྱང་འགྱུར་རོ། །གཞན་ཡང་ཕུང་པོ་དེ་ལ་གང་ཟག་ཅེས་བྱ་བའི་དོན་དེ་ཉེ་བ་སྟེ་འབྲེལ་པ་གང་ཡིན། ཉེ་བའི་རྒྱུ་
གང་གིས་ཕུང་པོའི་ཚོགས་དེ་ལ་བདག་མེད་པའི་ངོ་བོ་ཞེས་བྱ་བ་གང་ཟག་མེད་པའི་རང་བཞིན་སྣང་བར་གྱུར་པ་ན་བདག་ཉིད་སོ་སོར་ཉེ་བར་གནས་ཏེ་བདག་ཉིད་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤིན་ཏུ་ཐལ་བར་འགྱུར་ཏེ། རག་ལུས་པ་མེད་པར་སྣང་བ་ན་གལ་ཏེ་ངེས་པར་གང་གང་ཟག་སོ་སོ་སྣང་

བ་དེའི་ཚེ་གང་འགའ་ཞིག་སྣང་བ་ན་གཞན་ཤིན་ཏུ་འབྲེལ་པ་མེད་པར་ཡང་རྟོགས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་ཟག་རྟོགས་པར་འབྱུང་བ་དེ་དག་གི་ཉེ་བར་ལེན་པ་ཅན་ཏེ། གཟུགས་ལ་སོགས་པའི་ཉེ་བར་ལན་པ་ཅན་ཉེ་བ་ཡིན་ནོ་ཞེ་ན། ཉེ་བར་ལེན་པའི་དོན་འདི་གང་ཡིན། རེ་ཞིག་
གཟུགས་ལ་སོགས་པ་དག་དང་གང་ཟག་ནི་གོ་རིམས་བཞིན་དུ་རྒྱུ་དང་འབྲས་བུའི་ངོ་བོ་ཡང་མ་ཡིན་ཏེ། དེ་ཁས་མི་ལེན་པའི་ཕྱིར་རོ། །རྒྱུ་དང་བྲལ་བའི་ངོ་བོ་ཁས་ལེན་ན་གཟུགས་ལ་སོགས་པ་མཐོང་བས་ངེས་པར་གང་ཟག་མཐོང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྒྱུ་དང་འབྲས་བུ་དག་གདོན་མི་ཟ་བར་ཕན་ཚུན་རྟོགས་
པ་ཉེ་བར་འཇོག་པ་ཅན་གང་ཡིན་ཏེ། རྒྱུ་དང་འབྲས་བུ་གང་དག་ལ་ཕན་ཚུན་རྟོགས་པ་ཉེ་བར་འཇོག་པ་སྟེ། རང་གི་ངོ་བོ་མཐོང་བ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་གང་ཟག་གཟུགས་ལ་སོགས་པ་མེད་ན་མི་འབྱུང་བ་ཉིད་ནི་མ་ཡིན་མོད་ཀྱི། འོན་ཀྱང་གང་ཟག་ཤེས་པ་གང་ཡིན་པ་དེ་མེད་ན་མི་བྱུང་བ་ཉིད་དེ་
གཟུགས་ལ་སོགས་པ་མི་འབྱུང་བ་དེ་ཉིད་ཉེ་བ་ཡིན་ནོ་ཞེ་ན། དེ་མེད་ན་མི་འབྱུང་བའི་ཤེས་པ་དེ་ཉིད་ནི་གཟུགས་ལ་སོགས་པ་གང་ཟག་རག་ལུས་པ་མེད་པར་རིགས་པ་མ་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནམ། གཟུགས་ལ་སོགས་པ་གང་ཟག་རྒྱུ་དང་འབྲས་བུར་གྱུར་པ་མ་ཡིན་པ་དག་ལ་རག་ལུས་པར་འགྱུར་རོ་ཞེ་
ན། དེའི་ཕྱིར་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུར་གྱུར་པ་མ་ཡིན་པ་དག་ལ་ནི་དངོས་སུ་འབྲེལ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །འདི་ལྟར་གང་རྟོགས་པ་མེད་ན་མི་འབྱུང་བའི་ཤེས་པ་གང་ཡིན་ཞེས་བརྗོད་པར་ཤེས་པ་སྟེ། གཟུགས་ལ་སོགས་པས་དབེན་པའི་གང་ཟག་
གི་ཤེས་པ་ཡོད་པར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་རྣམ་པར་ཤེས་པ་སྟེ་མཐོང་བའི་བློ་ལ་རང་གི་ངོ་བོར་གང་ཟག་སྣང་བ་མ་ཡིན་ནོ། །ཇི་ལྟར་ཞེ་ན། རང་གི་ངོ་བོ་མ་ཡིན་པ་དང་འདྲེས་པ་མེད་པར་ཏེ་རིགས་མི་མཐུན་པ་དང་འདྲེས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །གང་
ཡིན་པ་དེ་ནི་ཅུང་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་མེད་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ་ཤེས་པ་མེད་པའི་ཕྱིར། གང་ཟག་དོན་གྱི་ངོ་བོ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་མཚན་ཉིད་དུ་གྲུབ་པ་མ་ཡིན་ནོ།། །།
Luận tạng Tây Tạng (Tengyur) — Tập 176 | Tra cứu Kinh điển | Tàng Kinh Việt