Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 20 / 22 (50.000 ký tự/trang)
ི་ལས་དོན་ཅི་འདྲ་བར་རྟོགས་པར་འགྱུར་བ་ཉིད་དོ་ཞེས་བྱ་བ་འདི་ལས་ཀྱང་འགྱུར་ཏེ། གཉི་ག་ལ་ཡི་
གེ་ངག་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡི་གེ་དང་འདྲ་བ་ཅན་གྱི་ངག་སྔ་མར་འགྱུར་བ་ཅན་གྱི་ངག་ལས་ཀྱང་དོན་རྟོགས་པར་འགྱུར་བ་བས་ཕྱི་མ་ལས་ཀྱང་འགྱུར་ན། འགྱུར་བ་མ་ཡིན་པ་དེ་བས་ན་ཡི་གེ་དག་ལས་དོན་རྟོགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་
པས་ལན་འདེབས་པར་བྱེད་དེ། ཡི་གེ་དེ་དག་ནི་ངག་གཞན་དག་ལ་ཁྱད་པར་མེད་པར་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་གང་གཅིག་གི་ཡི་གེ་གང་ཡིན་པ་དེ་དག་ཉིད་ངག་གཞན་གྱི་མ་ཡིན་ཏེ། སྐྱེས་བུའི་འབད་རྩོལ་གྱི་བྱེ་བྲག་གིས་ངག་སོ་སོ་ལ་ཡི་གེ་ཐ་དད་པ་ཁོ་ན་འབྱུང་བའི་ཕྱིར་རོ། །གལ་ཏེ་ངག་
གཞན་ལ་ཡང་ཡི་གེ་གཅིག་གི་རྣམ་པ་ཅན་གྱི་བློས་ཡི་གེ་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པ་ཡིན་ལ། ངོ་ཤེས་པའི་རྟགས་དེ་ལས་ངག་རྣམས་ལས་ཡི་གེའི་ཁྱད་པར་ཡང་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངོ་ཤེས་པ་དེ་ནི་འཁྲུལ་པའི་ཕྱིར་ཏེ་ངོ་ཤེས་པ་ནི་གཟུགས་

མཚུངས་པ་ལུས་ལ་སོགས་པ་དངོས་སུ་ངོ་བོ་ཐ་དད་པ་ཅན་རྣམས་ལ་ཡང་འདྲ་བས་འཁྲུལ་པ་ལ་སྣང་ངོ་། །དཔེ་མེད་པ་ཉིད་ཀྱི་ཕྱིར་ཏེ། ངོ་ཤེས་པ་ལ་དཔེ་ཉིད་མེད་པའི་ཕྱིར། ངོ་ཤེས་པར་འགྱུར་བ་གཉི་ག་ལ་གྲུབ་པའི་དཔེ་གཅིག་ཡོད་པ་མ་ཡིན་ཏེ། ངོ་ཤེས་པ་ནི་སྔོན་མཐོང་བའི་དྲན་པ་བསྐྱེད་པར་
འགྱུར་བ་ན། འགའ་ཞིག་གི་ཚེ་ཡང་གཅིག་ལས་གྱུར་པ་མ་ཡིན་ཏེ། རྟག་ཏུ་ཐ་དད་པ་རྣམས་ངོ་ཤེས་པའི་ཕྱིར་རོ། །དེ་བས་ན་ངག་སོ་སོ་ལ་ཡི་གེ་ཐ་དད་པ་དེ་དགེ་ཉིད་ཀྱི་ཁྱད་པར་ལས་དོན་རྟོགས་པའི་ཁྱད་པར་ཡིན་ནོ་ཞེས་བྱ་བ་དེར་གནས་པ་ཡིན་ནོ། །གལ་ཏེ་ཡི་གེའི་ཁྱད་པར་ལས་དོན་འདི་རྟོགས་
པའི་ཁྱད་པར་མི་འདོད་ཀྱི། འོན་ཀྱང་ཡི་གེའི་ཁྱད་པར་མེད་པ་ཡིན་ན་ཡང་དེ་ལས་ཐ་དད་པའི་ངག་གི་ཁྱད་པར་དོན་རྟོགས་པའི་ཁྱད་པར་དེ་ཉིད་ནི་འབྲས་བུའི་ཁྱད་པར་ཡིན་པར་འགྱུར་ན། དོན་རྟོགས་པ་དེ་ཡང་དག་ལས་འགྱུར་རོ། །ངག་དེ་ཡང་དབང་པོ་ལས་འདས་པ་སྟེ། ཡི་གེ་མ་གཏོགས་པར་
བློའི་དབང་པོ་ལ་མི་སྣང་བའི་ཕྱིར་རོ། །གང་ལས་འགྱུར་བ་སྟེ། ངག་ལ་རྟོགས་པར་མི་འགྱུར་རོ། །གང་གིས་འབྲས་བུར་གྱུར་པ་དེས་ཚིག་དང་ངག་རྗེས་སུ་དཔོག་པར་འགྱུར་ཏེ། ཚིག་ལ་སོགས་པ་དམིགས་པར་མ་གྱུར་པ་ནི་དོན་རྟོགས་པའི་ཡན་ལག་མ་ཡིན་ནོ།། །།བམ་པོ་ཉི་ཤུ་རྩ་
བརྒྱད་པ། དེ་ལྟར་མི་འགྱུར་ན་དབང་པོ་དང་འདྲ་བར་ངག་མ་མཐོང་དུ་ཟིན་ཀྱང་ཐག་ཉེ་བ་ཙམ་གྱིས་རྟོགས་པ་སྐྱེད་པར་འགྱུར་རོ་ཞེ་ན། དེ་ནི་འདི་ལྟར་ངག་ཐག་ཉེ་བ་ཙམ་གྱིས་རྟོགས་པ་སྐྱེད་པར་ཁས་ལེན་ན་ནི་མ་བྱང་བའི་ཡང་སྟེ། སྐྱེས་བུ་བརྡ་ལ་མ་བྱང་བས་ཀྱང་ངག་ལས་དོན་རྟོགས་པར་འགྱུར་ན།
དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་ངག་ཅེས་བྱ་བ་ཡི་གེ་དག་ལ་དོན་གཞན་དུ་འགྱུར་བ་ཅུང་ཟད་ཀྱང་མེད་ན་གང་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་འགྱུར། དེ་མེད་པའི་ཕྱིར་ཏེ། ངག་མེད་པའི་ཕྱིར་ཡི་གེ་འབའ་ཞིག་ལྷག་མར་བྱས་པར་འགྱུར་རོ། །ཐམས་ཅད་ལ་ཁྱད་པར་མེད་ཅིང་དེ་དག་ཀྱང་སྐྱེས་བུས་
མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་ན། རིག་བྱེད་ཀྱིས་ཁྱད་པར་དུ་མ་བྱས་པའི་ངོ་བོ་ཅིན་དུ་འཇིག་པའི་ངག་ལ་གནས་པའི་ཡི་གེ་རྣམས་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱོགས་དང་པོ་སྟེ། ཡི་གེ་སྐྱེས་བུས་མ་བྱས་པར་སྒྲུབ་པའི་ཕྱོགས་འདི་ལ་ཡོངས་སུ་ངལ་བ་དོན་མེད་པ་ཡིན་ནོ་ཞེས་བྱ་

བ་ལན་བཏབ་ཟིན་པ་ཡིན་ནོ། །གཞན་ཡང་ཡི་གེ་དག་ལས་དོན་གཞན་དུ་འགྱུར་བའི་ངག་ཡོད་པ་ནི་བླ་སྟེ། ངག་དོན་གཞན་དུ་འགྱུར་བ་དེ་རྟོགས་པར་འགྱུར་ན། ཡན་ལག་དུ་མའི་བདག་ཉིད་ཅན་ནམ། ཡན་ལག་མེད་པ་ཅན་དུ་འགྱུར་གྲང་སྟེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ངག་ཡན་ལག་དུ་མ་ཅན་
ཉིད་དུ་རྟོགས་པར་འགྱུར་ན། ངག་གི་བདག་ཉིད་དུ་འགྱུར་བའི་ཡན་ལག་དེ་དག་རེ་རེ་དོན་དང་མི་ལྡན་པའམ་དོན་དང་ལྡན་པ་ཅན་དུ་འགྱུར་གྲང་ན། དེ་ལ་ཕྱོགས་དང་པོ་ལ་བརྟེན་ནས་ཡན་ལག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ངག་ཡན་ལག་དུ་མའི་བདག་ཉིད་ཡིན་པར་རྟོགས་པ་ན་ངག་གི་བདག་
ཉིད་དུ་འགྱུར་བའི་ཡན་ལག་དེ་རྣམས་ཐ་དད་དོན་མེད་ཉིད་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ངག་དེའི་ཡན་ལག་དེ་དག་ཀྱང་དུ་མ་ཡིན་ན་ཐ་དད་པའི་རང་བཞིན་ཏེ། ངོ་བོ་ཉིད་དོན་མེད་པ་ཅན་དག་ཡིན་པ་དེའི་ཚེ། ཡན་ལག་དུ་མ་ཚོགས་པའི་ཡན་ལག་ཅན་ཡང་དོན་མེད་པ་ཅན་དེ་
དང་འདྲའོ། །དེ་བས་ན་དོན་མེད་པ་ཅན་ཉིད་ཀྱི་རྗོད་པར་བྱེད་པའི་ངོ་བོ་མ་ཡིན་པ་ཅན་གྱི་ཡན་ལག་འདུས་པ་དེ་དངོས་པོ་ཅན་མིན་ཏེ། དངོས་ཅན་ཏེ་རྗོད་པར་བྱེད་པའི་ངག་གི་ངོ་བོ་སྟེ། དོན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲོ་བཏགས་པར་འགྱུར་བ་བརྟགས་པ་སེང་གེ་ཉིད་སོགས་བཞིན་ཏེ། དཔེར་ན་
བྲམ་ཟེའི་བུ་སང་གེ་ཞེས་བྱ་བ་ལ་སོགས་པ་བྲམ་ཟེའི་བུ་ལ་སོགས་པ་ལ་ཉེ་བར་བཏགས་པ་དེའི་ངོ་བོ་ཅན་མ་ཡིན་པ་རྣམས་ལ་སེང་གེ་ཉིད་ལ་སོགས་པ་སྒྲོ་བཏགས་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དོན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་བས། འཆད་པར་བྱེད་དེ་དོན་དང་ལྡན་པའི་བདག་ཉིད་རྗོད་
པར་བྱེད་པའི་རང་བཞིན་ཁོ་ན་དག་ཡིན་ནོ། །ངག་གི་ཡན་ལག་དེ་དག་ཀྱང་བདག་ཉིད་དོན་མེད་པ་ཅན་གྱི་ཡན་ལག་དེ་དག་ལ་ངག་གི་བདག་ཉིད་དོན་དང་ལྡན་པ་དེས་རྟོགས་པས་སྒྲོ་བཏགས་པར་འགྱུར་རོ། །བྲམ་ཟེའི་ཁྱེའུ་ལ་སོགས་པ་ལ་སེང་གེ་ཉིད་ལ་སོགས་པ་དང་འདྲ་བ་ཡིན་པ་རྒྱུའི་ཕྱིར། རྗོད་
པར་བྱེད་པའི་བདག་ཉིད་དེ་རྟོགས་པས་སྦྱར་བ་ཉིད་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །བཤད་མ་ཐག་པའི་ཉེས་པར་མ་གྱུར་ཅིག་སྙམ་པས་ངག་གི་ཡན་ལག་དེ་དག་སོ་སོར་དོན་དང་བཅས་པར་འདོད་པ་དེའི་ཚེ། ཡན་ལག་རྣམས་རེ་རེ་དོན་དང་བཅས་ཉིད་ཡིན་ན་ཡང་། དུ་མ་ཉིད་རྟོགས་ལོག་པ་ཡིན་ཏེ།

ངག་ཡན་ལག་དུ་མ་ཅན་ཉིད་དུ་རྟོགས་པ་དོན་མེད་པ་ཡིན་ནོ། །ཡན་ལག་གཅིག་ཀྱང་དོན་ཡོངས་སུ་རྫོགས་པ་ཅན་ཉིད་ཡིན་པའི་ཕྱིར་གང་གི་ཚེ། ངག་གི་དོན་མ་ལུས་པར་རྫོགས་པ་དེའི་ཚེ། དེ་ལྟ་བུར་གྱུར་པའི་ཡན་ལག་མང་པོ་བརྟགས་པ་དག་གིས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །གང་གི་
ཚེ་ཡན་ལག་ཀྱང་དོན་དང་ལྡན་པ་ཡིན་པ་དེའི་ཚེ། ཡན་ལག་གཅིག་ནི་རྟོགས་པས་ཀྱང་སྟེ། ངག་གི་ཡན་ལག་གཅིག་གཟུང་བས་ཀྱང་ངག་གི་དོན་དག་རྟོགས་པར་འགྱུར་རོ། །དོན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྒྲའི་ངོ་བོ་གང་ལ་དོན་ཡོངས་སུ་རྫོགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་
གྱུར་པའི་སྒྲའི་ངོ་བོ་ནི་ངག་ཡིན་གྱི་གཞན་ནི་ངག་གི་མཚན་ཉིད་མ་ཡིན་ནོ། །ངག་ཏུ་རྟོགས་པའི་ཡན་ལག་དེ་དག་ཀྱང་སོ་སོ་སོ་སོར་ཏེ། རེ་རེ་དེ་ལྟ་བུའི་རྣམ་པ་ཞེས་བྱ་བའི་དོན་ཡོངས་སུ་རྫོགས་པ་ཅན་ཡིན་ཏེ། ངག་གི་དོན་རྟོགས་པ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱིར་ཏེ་གཏན་ཚིགས་ཀྱི་ཡན་
ལག་སོ་སོ་དེ་དག་ངག་གི་ཡིན་པར་འགྱུར་རོ། །དེ་ལྟར་ཡན་ལག་དུ་མ་ཅན་ནི་ངག་མ་ཡིན་ཏེ། ཡན་ལག་དུ་མ་དང་ལྡན་པ་ངག་གཅིག་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངག་ཏུ་མ་ཐོབ་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་རེ་རེ་དག་རྗོད་པར་བྱེད་པ་ཉིད་ཡིན་ན་ཡན་ལག་གཅིག་
རྟོགས་པས་ཀྱང་ངག་གི་དོན་མ་ལུས་པར་རྟོགས་པའི་ཕྱིར་ཡན་ལག་གཞན་ལ་ཉན་པར་ལྟོས་པར་མི་འགྱུར་རོ། །ཡན་ལག་གཅིག་རྟོགས་པས་ཀྱང་ངག་གི་དོན་རྟོགས་པ་ཡིན་ན་ནི་ཡན་ལག་དེ་དུས་ལ་སྡོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆ་ཤས་མེད་པའི་བདག་ཉིད་ཅན་ཏེ། ཆ་ཤས་
མེད་པའི་རང་བཞིན་ཅན་གྱི་ཡན་ལག་དག་དེ་ནི་སྐད་ཅིག་མ་གཅིག་གིས་རྟོགས་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཤེས་པ་གཅིག་སྐྱེད་པས་ན་ཡན་ལག་ཆ་མེད་པར་མ་ལུས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཤེས་པའི་སྐད་ཅིག་མ་གཅིག་གིས་ཐམས་ཅད་འཛིན་པར་མི་
འགྱུར་བ་དེའི་ཚེ། བཟུང་བ་དང་མ་བཟུང་བའི་རང་བཞིན་དག་གཅིག་པ་ཉིད་དུ་འགལ་བའི་ཕྱིར་ཏེ། གཅིག་ལ་གཉིས་དག་མི་རུང་བའི་ཕྱིར་རོ། ཅི་སྟེ་ངག་ལ་ཡན་ལག་དུ་མ་ཉིད་དུ་བརྟགས་པ་ཉམས་པར་མ་གྱུར་ཅིག་སྙམ་པས་ཡན་ལག་ཐམས་ཅད་ཅིག་ཅར་ཐོས་པར་འདོད་པ་དེའི་ཚེ། ཡན་ལག་ཐམས་

ཅད་ཅིག་ཅར་ཐོས་པ་ན་ཡང་དུས་ཀྱི་ཐ་དད་དུ་མི་རུང་ངོ་། །ཡན་ལག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡན་ལག་གཞན་ལ་ལྟོས་པ་མེད་པར་ཡན་ལག་གཅིག་ཁོ་ན་ལས་ངག་གི་དོན་གྲུབ་པའི་ཕྱིར་ཏེ། ངག་གི་དོན་ངེས་པའི་རྒྱུའི་ཕྱིར་ངག་གི་ཡན་ལག་དུ་མ་ཉམས་པར་མ་གྱུར་ཅིག་སྙམ་པས་ངག་གི་ཡན་
ལག་ཐམས་ཅད་ཅིག་ཅར་ཐོས་པར་འདོད་པ་དེའི་ཚེ་ཡང་དུས་ལ་སྡོད་པ་མི་རིགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡན་ལག་གཅིག་རྟོགས་པའི་དུས་ཉིད་ན་ཡན་ལག་སོ་སོར་དོན་དང་ལྡན་པར་འགྱུར་བ་ཐམས་ཅད་དོན་གཅིག་ཁོ་ན་ལས་དེའི་དོན་གྲུབ་པའི་ཕྱིར་ཡན་ལག་གཞན་ནི་དོན་མེད་པ་ཅན་དུ་འགྱུར་བའི་ཕྱིར་
རོ། །དེ་ཡང་བཤད་མ་ཐག་པ་ཁོ་ན་ཡིན་ནོ། །ཡན་ལག་ཐམས་ཅད་ཅིག་ཅར་འཛིན་པ་ལ་གཞན་སྐྱོན་འདི་ཡོད་དོ་ཞེས་བསྟན་པའི་ཕྱིར་ཅིག་ཅར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིག་ཅར་ཐོས་ན་ཡང་སྟེ་ཡན་ལག་ཐམས་ཅད་ཅིག་ཅར་འཛིན་པར་ཁས་ལེན་པ་ན་དོན་ཐ་དད་པ་དག་ལ་ཞེས་བྱ་བ་བརྗོད་པར་བྱ་བ་
སོ་སོ་ངག་ལ་ཡན་ལག་ཚོགས་པ་རྣམས་མཐོང་བའི་ནུས་པ་མེད་པ་ཅན་དག་གིས་དོན་དང་ལྡན་པ་ཉིད་ཀྱང་མི་འགྲུབ་པོ། །དེ་ནི་དེ་ལྟར་འགྱུར་ན་གལ་ཏེ་ཡན་ལག་ཚོགས་པ་རྣམས་ཀྱི་དོན་མཐོང་བ་སྟེ། དོན་རྟོགས་པའི་ཕྱིར་ཡན་ལག་ཐ་དད་པ་རྣམས་ཀྱང་དོན་རྟོགས་པ་སྐྱེད་པའི་ནུས་པ་ཡོད་པ་དེ་བས་ན་
སྐྱོན་འདི་མེད་དོ་ཞེ་ན་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ་སྟེ། ཡན་ལག་སོ་སོ་དག་ལ་ཡོད་པ་མ་ཡིན་པའི་ངོ་བོ་དོན་སྟོན་པར་བྱེད་པའི་རང་བཞིན་ནི་ཚོགས་པ་རྣམས་ལ་ཡང་མི་སྲིད་པའི་ཕྱིར་རོ། །ཡན་ལག་ཐ་དད་པའི་ངོ་བོ་གང་ཡིན་པ་དེ་ལས་གཞན་པའི་ཚོགས་པ་དག་གི་དོན་སྟོན་པར་ནུས་པའི་ངོ་
བོ་གཞན་འབྱུང་བ་དེ་བས་ན་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དོན་གཞན་གྱི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ནུས་པ་མེད་པའི་ངོ་བོ་སྔ་མ་ལས་དོན་གནས་ནུས་པ་མི་སྐྱེ་བའི་ཕྱིར་ཏེ། ཡི་གེ་རྣམས་ནི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བར་དགོངས་སོ། །གལ་ཏེ་མི་རྟག་པར་སྨྲ་བ་ལ་ཡང་སྐྱོན་འདི་ཅིའི་ཕྱིར་མེད་ཅེ་ན།
རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་སྒྲ་སྐྱེ་བར་སྨྲ་བ་གང་ཡིན་པ་དེ་ལ་བཤད་མ་ཐག་པའི་སྐྱོན་འདི་ཉིད་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་སྐྱེ་བར་སྨྲ་བ་དེའི་སོ་སོར་ནུས་པ་མེད་པའི་ཡན་ལག་རྣམས་ཀྱང་སྐྱེས་བུའི་འབད་རྩོལ་ལ་སོགས་པའི་ཕན་འདོགས་པའི་ཁྱད་པར་ལས་ཚོགས་

པའི་གནས་སྐབས་ཀྱི་དོན་སྟོན་པར་ནུས་པའི་མཚན་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་ལྡན་པའི་དོན་རྟོགས་པའི་མཚན་ཉིད་ཅན་གྱི་འབྲས་བུའི་ཁྱད་པར་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །རྟག་པར་སྨྲ་བའི་ཡན་ལག་རེ་རེ་དག་གི་ནང་ནས་ཡན་ལག་གཅིག་ལས་ཀྱང་དོན་རྟོགས་པའི་ཕྱིར་ཡན་
ལག་གཞན་དུ་རྟོགས་པ་དོན་མེད་པའི་ཕྱིར་རོ། །རེ་ཞིག་དེ་ལྟར་ངག་ཡན་ལག་དང་བཅས་པའི་སྐྱོན་བཤད་ནས། ད་ནི་ཡན་ལག་མེད་པའི་ཕྱོགས་ཀྱི་དབང་དུ་མཛད་ནས་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངག་གཅིག་ཁོ་ན་ཡན་ལག་མེད་པར་འགྱུར་བ་ཡིན་ན་དེ་ལ་ངག་གཅིག་ཉིད་ན་ཡང་ཐ་དད་པ་
མེད་པ་སྟེ། ཐ་དད་པ་མེད་ཅིང་ཆ་མེད་པའི་གོ་རིམས་འཛིན་པར་མི་སྲིད་ཕྱིར་དུས་ཐ་དད་པ་ཉིད་ནི་མི་རུང་ངོ་། །གང་གི་ཕྱིར་གཅིག་ལ་རིམ་བཞིན་དུ་རྟོགས་པར་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། བཟུང་བ་དང་མ་བཟུང་བ་དག་ཐ་དད་པ་མེད་པའི་ཕྱིར་གོ་རིམས་བཞིན་དུ་གཟུང་བར་འགྱུར་བ་གང་ཡིན་པ་དེ་
ནི་བཟུང་བའི་རང་བཞིན་ལས་གཞན་མ་བཟུང་བའི་རང་བཞིན་ཡོད་པ་མ་ཡིན་ནོ། །གལ་ཏེ་ངག་དག་གོ་རིམས་མེད་པར་འཛིན་པར་འགྱུར་རོ་ཞེ་ན། གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། ངག་ཐམས་ཅད་ཀྱི་འཆད་པ་པོའི་ཐ་སྙད་ཀྱི་དུས་དང་ཉན་པ་པོའི་ཐོས་པའི་དུས་དང་དྲན་
པའི་དུས་གང་ཡིན་པ་དེ་ནི་མིག་འཛུམས་པའི་སྐད་ཅིག་མ་དུ་མ་ཅན་གྱི་གོ་རིམས་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །མིག་འཛུམས་པའི་གང་ལ་སྐད་ཅིག་མ་དུ་མ་ཡོད་པ་དེ་ནི་མིག་འཛུམས་པའི་སྐད་ཅིག་མ་དུ་མ་ཅན་ནོ། །དེའི་གོ་རིམས་ཀྱང་རིམ་པ་བཞིན་དུ་སྐྱེ་བ་ཡིན་ཏེ་གོ་རིམས་དེས་སོ་སོར་སྐྱེད་
པའི་ཕྱིར་རོ། །སྐད་ཅིག་མ་དུ་མར་གྱུར་པའི་མིག་འཛུམས་པའི་སྐད་ཅིག་མ་དུ་མ་ཅན་གྱི་གོ་རིམས་སུ་འགྱུར་བ་དག་དང་། ངག་གཅིག་གི་ཐ་སྙད་ལ་སོགས་པའི་མཚན་ཉིད་མཚུངས་པ་ཉིད་ཀྱི་ཕྱིར་རོ། །བློའི་སྐད་ཅིག་མ་གཅིག་གིས་ངག་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་གོ་རིམས་སུ་གྱུར་པ་དུ་མས་ཡིན་
ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གལ་ཏེ་ཡི་གེ་ངག་གི་གོ་རིམས་ཀྱིས་འདི་འཛིན་པ་ཡིན་གྱི་གོ་རིམས་བཞིན་དུ་མ་ཡིན་ནོ་ཞེ་ན། ཡི་གེའི་ངོ་བོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེའི་ངོ་བོ་ལ་མ་རེག་པ་ཅན་ཏེ་ཡི་གེའི་ངོ་བོ་ལས་ཐ་དད་པ་དང་བློའི་སྐད་ཅིག་མ་ལ་སྣང་བ་ཅན་གྱི་སྒྲའི་བདག་ཉིད་ནི་མི་སྣང་

བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཡི་གེའི་གོ་རིམས་ཀྱིས་རྟོགས་པའི་ཕྱིར་ཏེ། ཡི་གེའི་གོ་རིམས་ཁོ་ནས་ངག་རྟོགས་པའི་ཕྱིར་རོ། །ཡི་གེས་བྱས་པའི་གོ་རིམས་མེད་པ་སྣང་བ་ནི་ཡང་དག་པར་རིག་པ་མེད་པའོ། །དེ་བས་ན་ཡི་གེའི་གོ་རིམས་ཙམ་གྱིས་ངག་ཐ་དད་པར་རིགས་པ་མ་ཡིན་ནོ། །དེ་ཁྱད་
པར་མེད་པ་ཡིན་ན་ཡང་སྟེ། ཡི་གེ་རྣམས་ཁྱད་པར་མེད་པར་འདོད་ན་ཡང་ངག་གི་ཁྱད་པར་ཡི་གེའི་གོ་རིམས་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར་གོ་རིམས་དང་ལྡན་པར་རྟོགས་པ་ཡིན་གྱི་ཅིག་ཅར་འགྱུར་བ་ནི་མ་ཡིན་ནོ། །གང་གི་ཚེ་ངག་གི་ཡི་གེའི་གོ་རིམས་ཀྱིས་བྱས་པ་ལ་ལྟོས་པ་མེད་པ་དེའི་ཚེ། ཡི་གེའི་གོ་
རིམས་ཀྱིས་ཕན་བཏགས་པ་ལ་ལྟོས་པ་མེད་པའི་ཕྱིར་གང་ཅི་ལྟར་ཡང་རུང་བའི་ཡི་གེ་དེ་དག་གི་གོ་རིམས་གཞན་དག་གི་གོ་རིམས་དེའམ། གོ་རིམས་གཞན་དག་ཏུ་ཡང་རབ་ཏུ་སྦྱར་བ་དག་གི་ངག་ལས་རྟོགས་པར་འགྱུར་ཏེ། མཚོ་ཡོད་དོ་ཞེས་རབ་ཏུ་སྦྱར་བ་ན་རོ་ཡོད་པར་རྟོགས་པར་འགྱུར་རོ། །ཡི་
གེས་ཕན་བཏགས་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཡི་གེ་མེད་པ་དག་གིས་ཀྱང་ངག་རྟོགས་པར་འགྱུར་རོ། །ཡི་གེའི་ཕན་འདོགས་པ་ལ་ལྟོས་སུ་ཟིན་ཀྱང་ཡི་གེ་རྣམས་ཀྱིས་ངག་ལ་ཕན་འདོགས་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གོ་རིམས་དང་ལྡན་པའི་ཡི་གེ་དེ་དག་གིས་ངག་གི་གོ་
རིམས་མེད་པ་ལ་ཕན་འདོགས་པར་མི་རུང་བའི་ཕྱིར་རོ། །གོ་རིམས་དང་ལྡན་པ་དག་གིས་གོ་རིམས་དང་ལྡན་པ་ཉིད་ལ་ཕན་འདོགས་པར་བྱ་བ་ཡིན་པ་དེ་ལྟར་ན་ཕན་གདགས་པར་བྱ་བའི་གོ་རིམས་དང་ལྡན་པ་ཉིད་དུ་འགྱུར་ན། དེ་ལྟར་ནི་མ་ཡིན་ཏེ། འདི་ལྟར་ཡི་གེ་མེད་པར་ཡང་ངག་འཛིན་པར་འགྱུར་
རོ། །གལ་ཏེ་ཡི་གེ་གོ་རིམས་དང་མི་ལྡན་པ་ཉིད་ངག་ལ་ཕན་འདོགས་པར་མི་འགྱུར་རོ་ཞེ་ན། གོ་རིམས་མེད་པ་ཡང་ཞེས་བྱ་བ་སྨོས་ཏེ། ཡི་གེ་རྣམས་ཀྱི་གོ་རིམས་མེད་པར་བརྗོད་པ་སྟེ། ཐ་སྙད་དུ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཡི་གེའི་གོ་རིམས་མེད་པ་ཅན་ཡང་ངག་ལ་ཕན་འདོགས་པར་བྱེད་པ་མ་
ཡིན་ནོ། །དེ་བས་ན་འདི་ལྟར་གོ་རིམས་མེད་པ་དག་ཡིན་ཏེ། གོ་རིམས་དང་ལྡན་པ་ཉིད་དང་གོ་རིམས་དང་མི་ལྡན་པ་ཉིད་དག་ལས་རྣམ་པ་གཞན་ཡོད་པ་མ་ཡིན་པ་དེ་ལྟར་ན། རྣམ་པ་གཞན་མེད་པའི་ཕྱིར་ཡི་གེ་དག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ངག་ལ་ཡི་གེ་དག་ཡོད་པ་མ་

ཡིན་ཏེ། ངག་གི་ཡི་གེའི་བདག་ཉིད་ཅན་མ་ཡིན་པ་གང་གིས་ཡི་གེའི་གོ་རིམས་ཀྱིས་ཕན་བཏགས་པའི་ཕྱིར་རོ། །གོ་རིམས་ཀྱིས་ངག་རྟོགས་པས་གཅིག་པ་ཉིད་ཉམས་པ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གལ་ཏེ་ཡི་གེ་དག་ལ་དོན་གཞན་དུ་འགྱུར་བ་སྒྲའི་ངོ་བོ་དག་ཅེས་བྱ་བ་གཅིག་པོ་
ཉིད་ནི་གསལ་བྱེད་ཡི་གེ་དག་ནི་གོ་རིམས་དང་ལྡན་པས་གསལ་བར་བྱེད་པས་ན་གསལ་བྱེད་ཀྱི་གོ་རིམས་ཀྱི་དབང་གིས་ངག་གཅིག་པོ་དེ་ཡང་དོན་དམ་པར་གོ་རིམས་དང་ཡི་གེ་རྣམ་པར་འབྱེད་པ་དག་དང་བྲལ་དུ་ཟིན་ཀྱང་། གོ་རིམས་དང་ལྡན་པ་དང་ཡི་གེ་རྣམ་པར་འབྱེད་པ་དང་ལྡན་པར་སྐྱེས་བུ་ལ་སྣང་ངོ་ཞེ་ན།
ལན་དུ་གསལ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ལ་ནི་རིམ་བཞིན་དུ་རྟོགས་པར་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་གསལ་བྱེད་ཀྱི་གོ་རིམས་དང་ལྡན་པས་གསལ་བྱ་ངག་གོ་རིམས་མེད་པ་སྤངས་ཟིན་པ་སྟེ་ལན་བཏབ་ཟིན་ཏོ། །ཅིའི་ཕྱིར་ཞེ་ན། གཅིག་ལ་གསལ་བ་དང་གསལ་བ་མ་ཡིན་
པའི་ངོ་བོ་མ་ཡིན་པ་ནི་འགལ་བའི་ཕྱིར་རོ། །གསལ་བའི་རང་བཞིན་ལས་གཞན་གསལ་བའི་ངོ་བོ་ཁྱད་པར་ཅན་གཅིག་ལ་ཡོད་པ་མ་ཡིན་ན་གང་གིས་ཕྱིས་གསལ་བར་བྱེད་པར་འགྱུར། སུན་འབྱིན་པ་གཞན་ཡང་བསྟན་པའི་ཕྱིར་ངག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ངག་གང་ལ་ཡི་གེ་དང་ཆ་ཡོད་པ་མ་
ཡིན་པ་སྟེ་ངག་ཡི་གེ་དང་ཆ་མེད་པ་ཅན་དེ་ཁས་ལེན་ན་སྐྱེས་བུ་མ་ལུས་པར་ཐོས་པ་མེད་ན་ནི་ལུས་པ་མེད་པར་མ་ཐོས་པ་སྟེ། ཡི་གེའི་གོ་རིམས་བཞིན་དུ་མཉན་པའི་ཕྱིར་དུམ་བུར་ཉན་པར་བྱེད་ཅེས་བྱ་བའི་དོན་ཏོ། །འགའ་ཞིག་གི་ཚེ་ཡང་ངག་ཆ་མེད་པ་མཉན་པ་དང་རྟོགས་པར་མི་འགྱུར་རོ། །ཅིའི་ཕྱིར་
ཞེ་ན། ངག་གཅིག་ལ་ཆ་སྟེ་ཆ་ཤས་མེད་པའི་ཕྱིར་རོ། །གང་ཞིག་གང་ལ་ཡོད་པ་མ་ཡིན་པ་དེ་ནི་དེ་ལ་བློ་མ་འཁྲུལ་པས་གཟུང་བར་བྱ་བ་མ་ཡིན་ཞིང་། གསལ་བར་བྱེད་པ་གོ་རིམས་དང་ལྡན་པས་ཕན་བཏགས་པའི་ཕྱིར་དེ་འཁྲུལ་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། གོ་རིམས་དང་ལྡན་པ་དེ་དག་
གི་གོ་རིམས་མེད་པ་ཕན་འདོགས་པར་མི་རུང་བའི་ཕྱིར་རོ་ཞེས་བཤད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་གོ་རིམས་དང་ལྡན་པའི་གསལ་བྱེད་ཀྱི་རྗེས་སུ་བྱེད་པ་རིགས་པ་མ་ཡིན་དུ་ཟིན་ཀྱང་ཁས་ལེན་པ་དེ་བས་ན་ཆ་མེད་པ་མཉན་པ་ཡིན་ནོ་ཞེ་ན། ཡང་འགའ་ཞིག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

སྐྱེས་བུ་འགའ་ཞིག་གིས་ཆ་མེད་པ་སྟེ། ཆ་གཟུང་བ་དང་བྲལ་བའི་ངག་མ་ལུས་པ་མཉན་པར་མི་འགྱུར་ཏེ་ཆ་རྣམས་ནི་གོ་རིམས་བཞིན་དུ་རྟག་ཏུ་ཐོས་པའི་ཕྱིར་རྟག་ཏུ་ཆ་ཉིད་མཉན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡི་གེ་མ་ལུས་པས་ལེགས་པར་བྱས་པ་གང་ཡིན་པ་དེ་བློ་གང་ལ་ཡོད་པ་དེ་ནི་ཡི་གེ་མ་ལུས་པས་
ལེགས་པར་བྱས་པ་དང་ལྡན་པའོ། །ཡི་གེ་ཐ་མའི་དེ་མ་ཐག་ཏུ་འབྱུང་བ་ཅན་ནི་བློ་ཐ་མ་སྟེ་ངག་ཆ་མེད་པ་ངེས་པར་གཟུང་ངོ་ཞེས་བྱ་བའི་རྟོགས་པ་ཡང་ལེགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་ཡི་གེའི་ངོ་བོ་ལ་མ་རེག་པ་ཅན་ཡིན་ཏེ། ཡི་གེའི་ངོ་བོ་ལ་རེག་པ་དང་བྲལ་བ་དེ་ལ་སྟེ་ཆ་མེད་པ་
ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་འགའ་ཞིག་ཀྱང་འགའ་ཞིག་གི་ཚེ་ཡང་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་བློ་ཐ་མ་ལ་ཡང་དག་ངེས་པར་གཟུང་བ་ན། ཡི་གེའི་གོ་རིམས་དང་ལྡན་པ་ཁོ་ན་ངེས་པར་བྱེད་ཀྱི་ཆ་མེད་པ་ནི་མ་ཡིན་ནོ། །ཡི་གེ་རྣམས་ཀྱི་གོ་རིམས་མེད་པར་མི་འཛིན་པ་དེ་བས་ན། ཡི་གེ་རྣམས་
ཀྱང་གོ་རིམས་མེད་པར་རྟོགས་པ་མེད་པའི་ཕྱིར། འོན་ཀྱང་གོ་རིམས་ཁོ་ན་བཞིན་དུ་རྟོགས་པའི་ཕྱིར་རོ། །གསལ་བྱེད་གོ་རིམས་བཞིན་དུ་ངེས་པར་གཟུང་བའི་ཕྱིར་གང་ལས་ངག་ཅེས་བྱ་བ་གོ་རིམས་མེད་པ་བློ་གཅིག་གིས་གཟུང་བར་བྱ་བ་ཡིན། གལ་ཏེ་ཡི་གེ་ཐ་མ་རྟོགས་པའི་དུས་ཕྱིས་ངག་མ་ལུས་པ་ངེས་
པར་གཟུང་བ་ཡོད་དོ་ཞེ་ན། ཡི་གེ་ཐ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ཐ་མ་རྟོགས་པ་ལས་ཕྱིས་ཏེ། ཡི་གེ་ཐ་མ་རྟོགས་པར་ཆ་མེད་པ་གཞན་ཏེ་ཆ་ཤས་མེད་པའི་དུམ་བུ་མེད་པ་ཞེས་བྱ་བའི་དོན་ཏོ། །སྒྲའི་བདག་ཉིད་ལྟ་བུར་གྱུར་པ་ཉེ་བར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨྲ་བ་པོ་བདག་
ཉིད་འདིས་ཀྱང་ཇི་སྐད་བཤད་པའི་སྒྲའི་བདག་ཉིད་ངེས་པར་བྱེད་པ་སྟེ། ངེས་པར་གཟུང་བ་མ་ཡིན་ནོ། །སྨྲ་བ་པོ་འདི་གལ་ཏེ་འདི་ལྟར་བློ་ཐ་མ་ལ་ངག་འདི་སྒྲ་ཆ་ཤས་རྫོགས་པ་ཡན་གར་བ་སྣང་བར་འགྱུར་རོ་ཞེས་ཁོ་བོས་སྨྲས་པ་གལ་ཏེ་འགྱུར་ན་ལེགས་པར་འགྱུར་བ་དེ་ལྟར་ན་དགེ་བ་འདོད་པ་ན་མངོན་
པར་འདོད་པའི་དོན་ལ་བསྔགས་པས་རྨོངས་པའི་བློ་ཅན་རྨི་ལམ་བཞིན་དུ་སྤྱོད་དེ་གཉིད་མ་ལོག་ཏུ་ཟིན་ཀྱང་རྨི་ལམ་ལ་གནས་པ་བཞིན་དུ་བདག་ཉིད་ལ་སྤྱོད་པར་བྱེད་དོ། །གལ་ཏེ་ཉམས་སུ་མྱོང་བའི་ཤེས་པས་ཚིག་དང་ངག་གོ་རིམས་མེད་པར་འཛིན་པར་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་དྲན་པའི་ཤེས་

པས་ཚིག་དང་གོ་རིམས་མེད་པ་གཟུང་བ་ཡིན་ནོ་ཞེ་ན། ཚིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པར་འགྱུར་བའི་ཚིག་དང་ངག་གི་འབྲེལ་པ་ཅན་གྱི་ཡི་གེ་དག་ཀྱང་ཚིག་དང་ངག་གི་ཁྱད་པར་རྣམ་པར་འཇོག་པར་བྱེད་པ་ན། ཡི་གེའི་གོ་རིམས་ཀྱིས་ཁྱད་པར་མེད་པར་གོ་རིམས་
མེད་པ་ཅན་གྱི་བློ་གཅིག་ལ་ངེས་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཉམས་སུ་མྱོང་བ་དང་འདྲ་བར་དྲན་པས་ཀྱང་གོ་རིམས་ཁོ་ནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བློ་ཐ་མ་གོ་རིམས་མེད་པ་ཅན་ལ་ཡི་གེའི་གོ་རིམས་ཀྱི་ཁྱད་པར་མེད་པར་ངེས་པར་འགྱུར་བ་དེའི་ཚེ། བློ་གོ་རིམས་མེད་པ་ཅན་དེ་ལ་ཡང་སྔ་ཕྱི་མེད་
པའི་ཕྱིར་ཡི་གེ་ཅིག་ཅར་སྣང་བར་འགྱུར་བས་ན། དེས་བྱས་པ་སྟེ་ཡི་གེའི་གོ་རིམས་དང་བྲལ་བའི་ཚིག་དང་ངག་གི་ཁྱད་པར་དེ་དག་ཁྱད་པར་ཏེ་བྱེ་བྲག་མེད་པར་གྱུར་ཏོ། །ཡི་གེ་རྣམས་ཀྱི་གོ་རིམས་ཀྱི་ཁྱད་པར་སྣང་བ་ཉིད་ཀྱི་ཕྱིར་ཚིག་དང་ངག་དག་ཕན་ཚུན་ཐ་དད་པ་ཡིན་ནོ། །དེ་མེད་ན་དེ་མི་འགྱུར་རོ་ཞེས་
བྱ་བའི་དོན་ཏོ། །ཡི་གེའི་གོ་རིམས་དང་བྲལ་བའི་སྒྲའི་ངོ་བོ་གཞན་ཁོ་ན་ཚིག་དང་ངག་ཏུ་འགྱུར་རོ་ཞེ་ན། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་ངོ་བོ་གང་ལ་ཡི་གེའི་གོ་རིམས་མེད་པ་དེ་ནི་ཡི་གེའི་གོ་རིམས་མེད་པ་ཅན་གྱི་སྒྲའི་ངོ་བོ་སྟེ། ཡི་གེ་དག་ལས་གཞན་མ་མཐོང་ངོ་ཞེས་ཡི་གེའི་ངོ་བོ་ལ་མ་རེག་
པ་དེའི་ཚེ་འགའ་ཞིག་གི་ཚེ་རྟོགས་པ་མེད་པ་ཉིད་དང་། ཡི་གེ་རྣམས་ཀྱང་གོ་རིམས་མེད་པ་རྟོགས་པ་མེད་པའི་ཕྱིར་ཞེས་འདས་མ་ཐག་ཏུ་བཤད་ཟིན་པའི་ཕྱིར་རོ། །གཞན་སྒྲའི་ངོ་བོ་ཚིག་དང་ངག་གི་བདག་ཉིད་ཅན་ཡི་གེའི་གོ་རིམས་མེད་པ་ཅན་ཡོད་ན་ཡང་སྒྲའི་ངོ་བོ་དེ་མི་རྟག་པའམ། རྟག་པར་འགྱུར་
གྲང་ན་སྟེ་དངོས་པོ་རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཡིན་ན། དེའི་ཚེ་སྐྱེས་བུ་སུའི་འབད་རྩོལ་གྱི་རྗེས་སུ་བྱེད་པའི་ཕྱིར་རྩོལ་བ་ལས་བྱུང་མི་རྟག་ན། དེ་ཅི་སྐྱེས་བུས་བྱས་པ་མིན་ཏེ། དེ་ལྟར་ན་སྐྱེས་བུས་བྱས་པ་ཡིན་པར་འགྱུར་རོ། །མི་རྟག་པ་ནི་གདོན་མི་ཟ་བར་མི་འགྱུར་རྒྱུ་
འགའ་ཞིག་ལས་སྐྱེས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བས་ན་ཡོད་པ་ཉིད་གློ་བུར་བ་སྟེ་རྒྱུ་དང་བྲལ་བ་ཉིད་དུ་ཁས་ལེན་ན་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་རོ། །སོགས་པའི་སྒྲས་ནི་དུས་དང་དངོས་པོ་ངེས་པར་མི་འགྱུར་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་དངོས་པོར་

འགྱུར་རོ་ཞེས་གོང་དུ་བཤད་ཟིན་ཏོ། །ངག་དེ་ཡང་སྐྱེས་བུའི་འབད་རྩོལ་ལས་སྔར་མ་དམིགས་ཤིང་ཕྱིས་ཡོད་པ་ནི་འབད་རྩོལ་གྱིས་འཕངས་པ་བྱེད་པའི་ཡོན་ཏན་སྐྱེས་བུ་གང་ལ་ཡོད་པ་དེ་དག་ལ་མཐོང་ལ་གཞན་དུ་སྟེ་བརྗོད་པར་འདོད་པ་མེད་པ་དང་། བྱེད་པ་པོའི་ཡོན་ཏན་དང་བྲལ་བ་དག་ལ་མ་མཐོང་ངོ་། །དེ་ལྟར་
ངག་ལ་རྗེས་སུ་འགྲོ་བ་དང་། ལྡོག་པའི་མཚན་ཉིད་ཅན་གྱི་རྒྱུའི་ཆོས་སྐྱེས་བུའི་བྱེད་པ་མཐོང་བའི་ཕྱིར་སྐྱེས་བུའི་བྱེད་པ་ཉིད་ངག་གི་རྒྱུ་ཡིན་པ་དེ་བས་ན་རིག་བྱེད་ཀྱི་ངག་དག་ཀྱང་སྐྱེས་བུས་བྱས་པ་ཡིན་པར་འགྱུར་རོ། །ཅི་སྟེ་ངག་དེ་རྟག་པ་ཡིན་པ་དེའི་ཚེ། ངག་རྟག་པ་ཉིད་ཡིན་ན་ཡང་སྟེ། ཁས་ལེན་ནའང་
ངག་རྟག་པར་ནི་དམིགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྟག་པ་དེ་ལ་སྒྲིབ་གཡོགས་མེད་པའི་ཕྱིར་ཏེ། སྒྲིབ་པར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཅི་སྟེ་ཡི་གེའི་གོ་རིམས་དང་བྲལ་བའི་ཚིག་དང་ངག་གི་བདག་ཉིད་ཅན་གྱི་སྒྲའི་ངོ་བོ་རྟག་
པ་དང་དམིགས་པའི་རང་བཞིན་ཅན་དུ་འགྱུར་ན་སྟེ། གང་ལ་དམིགས་པའི་རང་བཞིན་ཡོད་ན་ཞེས་ཚིག་རྣམ་པར་སྦྱར་རོ། །དམིགས་པ་དེའི་རང་བཞིན་རྟག་པ་དེ་ནི་འགའ་ཞིག་གི་ཚེ་ཡང་ཉམས་ཤིང་འགྲིབ་པ་མེད་པའི་ཕྱིར་རྟག་ཏུ་དམིགས་པར་འགྱུར་རོ། །གང་གི་ཕྱིར་གལ་ཏེ་ཤེས་པ་སྐྱེད་པའི་མཚན་
ཉིད་ཅན་གྱི་ནུས་པ་འགའ་ཞིག་ལས་ཀྱང་འཕོ་བ་མེད་པ་དེ་ལྟར་ན་དེ་རྟག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཤེས་པ་སྐྱེད་པའི་ནུས་པ་དེའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་ཏེ། རྟག་པར་མངོན་པར་འདོད་པའི་སྒྲའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྒྲ་ལ་ཤེས་པ་སྐྱེད་པ་དོན་གཞན་དུ་འགྱུར་བ་མ་ཡིན་པ་
དེ་བས་ན་ཤེས་པ་བསྐྱེད་པའི་ནུས་པ་སྒྲ་ལས་དོན་གཞན་དུ་འགྱུར་བ་ནི་དོན་གཞན་དུ་གྱུར་པ་ཡིན་ན། དངོས་པོ་ལ་ཕན་མི་འདོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་སྐབས་སུ་སྔར་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་བསྒྲིབ་པའི་ཕྱིར་བརྟག་པ་མ་དམིགས་པ་ཡིན་ནོ་ཞེ་ན། དམིགས་
པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངག་དམིགས་པའི་བདག་ཉིད་ཅན་བཟུང་བའི་རང་བཞིན་ཅན་ལ་དམིགས་པའི་སྒྲིབ་གཡོགས་སུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་སྒྲུབ་པའི་ཚད་མ་མེད་པའི་ཕྱིར་རོ། །ཁས་བླངས་ནས་ཀྱང་བརྗོད་པར་བྱ་བ་སྟེ། སྒྲིབ་གཡོགས་སུ་བརྟག་པ་དེ་ཡོད་ཅིང་སྣང་དུ་ཟིན་

ཀྱང་ངོ་། །ཅི་ལྟ་བུར་གྱུར་པའི་ཞེ་ན། དེའི་བདག་ཉིད་ཉམས་པ་མེད་པ་སྟེ་སྒྲ་བརྟགས་པའི་བདག་ཉིད་འཕོ་བ་མེད་པར་ནུས་པ་ཟིལ་གྱིས་མནན་པར་མི་རུང་སྟེ། ཤེས་པ་སྐྱེད་པའི་ནུས་པ་ཟིལ་གྱིས་མནན་པར་མི་རུང་བའི་ཕྱིར་རོ། །འདི་ལྟར་སྒྲའི་བདག་ཉིད་དེ་ཕུལ་དུ་བྱུང་བ་སྐྱེད་པར་མི་བྱེད་ན་ནི་
སྒྲིབ་པར་བྱེད་པ་མངོན་པར་འདོད་པ་ཅུང་ཞིག་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །དོན་ཅུང་ཞིག་མི་བྱེད་ན་ཡང་གང་ལ་སྒྲུབ་པར་བྱེད་པ་སྟེ་ཤེས་པ་སྐྱེད་པའི་གགས་བྱེད་པའམ་གཞན་ཞེས་བྱ་བ་རྣམ་པ་གཞན་གྱིས་གནོད་པར་བྱེད་པ་སྟེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མང་དུ་དཔྱད་ཟིན་པ་སྟེ་དེ་ནི་སྔར་རྣམ་པར་
དཔྱད་ཟིན་ཏོ། །ཅུང་ཞིག་མི་བྱེད་པ་ཡང་སྒྲིབ་པར་བྱེད་པ་ཉིད་དུ་མཐོང་ངོ་ཞེས་བརྗོད་པའི་ཕྱིར་གཞན་གྱིས་བུམ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བུམ་པ་ལ་སོགས་པ་དག་ལ་རྩིག་པ་ལ་སོགས་པ་དག་གིས་ཕུལ་དུ་བྱུང་བར་ཅི་ཞིག་སྐྱེད་པར་བྱེད་པའམ། ནུས་པ་ཕུལ་དུ་བྱུང་བ་ཉམས་པས་ཅི་ཞིག་བྱེད་ན་
གང་གི་སྒྲིབ་པར་བྱེད་པར་འདོད། དེ་བས་ནི་ཇི་ལྟར་དེ་དག་གི་ཕུལ་དུ་བྱུང་བ་སྐྱེད་པ་མེད་པར་ཡང་བུམ་པ་ལ་སོགས་པ་དག་ལ་སྒྲིབ་པར་བྱེད་པར་འདོད་པ་དེ་ལྟར་སྒྲ་རྟག་པ་ལ་ཅུང་ཞིག་སྒྲིབ་པར་འགྱུར་རོ་ཞེས་བསམས་པའོ། །དེ་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་རྩིག་པ་ལ་སོགས་པ་དེ་
དག་བུམ་པ་ལ་སོགས་པ་འགའ་ཞིག་ལ་ཕུལ་དུ་བྱུང་བ་སྟེ་ཁྱད་པར་ཅན་གྱི་རང་བཞིན་བྱེད་པ་ཡིན་ནོ་ཞེས་ནི་མི་སྨྲའོ། །འོ་ན་ཇི་ལྟར་སྒྲིབ་པར་བྱེད་པ་ཞེས་བརྗོད་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པའི་སྐད་ཅིག་མ་ཐམས་ཅད་སྐྱེས་བུའི་དབང་པོའི་ཤེས་པ་ཐམས་ཅད་རྒྱུ་མ་ཡིན་ནོ། །འོ་
ན་ཅི་ཡིན་ཞེ་ན། ཕན་ཚུན་འདུས་པ་ཡུལ་དང་དབང་པོ་དང་སྣང་བ་རྣམས་ནི་གཅིག་ལ་གཅིག་ཁྱད་པར་ཅན་གྱི་སྐད་ཅིག་མ་གཞན་སྐྱེད་པའི་རྒྱུའི་ཕྱིར་རོ། །དེ་ལྟར་ནི་འགྱུར་ན་ཕན་ཚུན་ཕུལ་དུ་བྱུང་བ་མ་ཐོབ་པ་ཅན་ཉིད་ཅིའི་ཕྱིར་སྐྱེད་པར་མི་བྱེད་ཅེ་ན། དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕན་གདགས་པར་
བྱ་བ་མ་ཡིན་པ་སྟེ། གཞན་གྱི་ཕུལ་དུ་དབྱུང་བ་མ་ཡིན་པ་ནི་གཞན་ཕན་འདོགས་པར་བྱེད་པ་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །གཞན་དག་གི་ཕུལ་དུ་བྱུང་བར་བྱ་བ་མ་ཡིན་པ་ཅན་རྟག་ཏུ་ནུས་པའི་རང་བཞིན་ཅན་ནམ། ནུས་པ་མེད་པའི་རང་བཞིན་ཅན་དུ་འགྱུར་གྲང་ན། དེ་ནུས་པའི་རང་བཞིན་ཅན་

རྟག་ཏུ་འབྲས་བུ་སྐྱེད་པར་བྱེད་པའམ་སྐྱེད་པར་མི་བྱེད་པའམ་གཞན་ཞེས་བྱ་བ་ནུས་པ་མེད་པའི་རང་བཞིན་ཅན་དུ་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །ཡུལ་དང་དབང་པོ་ལ་སོགས་པ་དེ་དག་ཀྱང་ཐོགས་པར་བྱེད་པ་རྩིག་པ་ལ་སོགས་པ་དེས་གང་གི་ཚེ་ཆོད་པར་མ་གྱུར་པ་དེའི་ཚེ་ཕན་ཚུན་འདོགས་པར་བྱེད་པ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། བར་དུ་གཅོད་པ་མེད་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་གང་དུ་བར་དུ་གཅོད་པར་བྱེད་པ་ཡོད་པ་མ་ཡིན་པ་དེ་ནི་བར་དུ་གཅོད་པ་མེད་པ་ཅན་གྱི་ཡུལ་ལོ། །དེའི་རུང་བ་ཉིད་དེ་ནུས་པ་གང་ཡིན་པ་དེའི་ལྷན་ཅིག་བྱེད་ཀྱིས་ཡུལ་ལ་སོགས་པ་དེ་དག་ཕན་ཚུན་ཕུལ་དུ་བྱུང་བ་སྐྱེད་པ་
ཉིད་ཀྱི་ཕྱིར་རོ། །སྣང་བ་ལ་སོགས་པ་དེ་དག་ལ་ཡང་རྩིག་པ་ལ་སོགས་པས་བྱས་པའི་བར་ཆད་ཡོད་ན་ནི་བར་དུ་གཅོད་པར་བྱེད་པ་ཅན་གྱི་ཡུལ་རུང་བ་ཉིད་ཀྱི་མཚན་ཉིད་ཀྱི་རྒྱུ་མེད་པར་ནུས་པའི་སྐད་ཅིག་མ་གཞན་མི་སྐྱེ་བའི་རྒྱུའི་ཕྱིར་ནུས་པ་ལ་སོགས་པའི་ཤེས་པ་མི་སྐྱེད་པ་ཡིན་ནོ། །གང་གི་
ཕྱིར་འདི་ལྟར་སྐད་ཅིག་མ་རྣམས་ནི་དུས་ཐམས་ཅད་དུ་རང་གི་ངོ་བོ་གཅིག་གི་རྗེས་སུ་འཇུག་པ་མ་ཡིན་པ་དེ་བས་ན། སྔར་འབྱུང་བའི་ནུས་པ་དབང་པོ་ལ་སོགས་པའི་སྐད་ཅིག་མ་རང་གི་དང་ཁོ་ནས་འགགས་པའི་ཕྱིར་སྒྲིབ་གཡོགས་རྩིག་པ་ཡོད་ན་ཡང་ནུས་པའི་སྐད་ཅིག་མ་གཞན་སྐྱེད་པར་འདོད་པ་ཇི་སྐད་དུ་
བཤད་པའི་རྒྱུ་མེད་པས་མི་སྐྱེད་པའི་ཕྱིར་རོ། །ཤེས་པའི་རྒྱུ་བྲལ་བ་སྟེ་རྒྱུ་དང་བྲལ་བ་དེ་བས་ན་རྩིག་པ་ལ་སོགས་པ་ཡོད་པའི་ཡུལ་བུམ་པ་ལ་སོགས་པའི་ཤེས་པ་མི་སྐྱེད་པའི་ཕྱིར། རྩིག་པ་ལ་སོགས་པ་ལ་སྒྲིབ་གཡོགས་ཞེས་བྱའོ། །སྔར་རྣམ་པར་ཤེས་པ་སྐྱེད་པར་རུང་བ་བུམ་པ་ལ་སོགས་
པ་གེགས་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྩིག་པ་ལ་སོགས་པ་ཐག་ཉེ་བ་ན་ཡོད་དུ་ཟིན་ཀྱང་བུམ་པ་ལ་སོགས་པ་རུང་བའི་རང་བཞིན་ལས་མ་འཕོས་པའི་ཕྱིར་རོ། །ནུས་པ་གང་ཡིན་པ་དེ་ནི་ནུས་པ་ཉིད་ཡིན་ལ་ནུས་པ་མེད་པ་གང་ཡིན་པ་དེ་ནི་གཞན་ཉིད་ཡིན་ཏེ། རང་བཞིན་གཅིག་ལ་གནས་
པ་ནི་ནུས་པ་དང་ནུས་པ་མ་ཡིན་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་ལྟར་སྐད་ཅིག་མ་རྣམས་ལ་ཇི་སྐད་དུ་བཤད་པའི་རྣམ་པས་ཕུལ་དུ་བྱུང་བར་བྱེད་པ་མ་ཡིན་ན་ཡང་སྒྲིབ་པར་བྱེད་པར་རིགས་པ་ཡིན་གྱི། སྒྲ་རྟག་པ་ལ་ནི་མ་ཡིན་ནོ། །ད་ནི་རྩིག་པ་ལ་སོགས་པས་ཀྱང་བུམ་པ་ལ་

སོགས་པ་དག་གི་ཕུལ་དུ་བྱུང་བར་བྱེད་དོ་ཞེས་བརྗོད་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་བུམ་པ་ལ་སོགས་པ་ལ་ཡོད་དུ་ཟིན་ཀྱང་ངོ་། །ཇི་ལྟ་བུར་གྱུར་པ་དག་གི་ཞེ་ན། སྐད་ཅིག་མ་རྣམས་ཕན་ཚུན་ཕན་འདོགས་པ་སྟེ། རྩིག་པ་ལ་སོགས་པས་བྱས་
པའི་ཕན་འདོགས་པ་ཡོད་དུ་ཟིན་ཀྱང་ཞེས་འདིར་དོན་འདི་བརྗོད་པར་འདོད་པ་ཡིན་གྱི། ལྷན་ཅིག་བྱེད་པས་ཕན་འདོགས་པ་ལ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྒྲིབ་གཡོགས་ཀྱིས་བྱས་པའི་ཕན་བཏགས་པ་ཡང་ཡོད་པར་འགྱུར་ན་ཅིའི་ཕྱིར་ཉེ་བར་རྟོགས་པ་མེད། ཉེ་བར་རྟོགས་
པར་འགྱུར་བ་མེད་ན་ཡང་ཡོད་པ་མ་ཡིན་པ་དེ་བས་ན་མེད་པ་ཉིད་ཡིན་ནོ། །ཚུལ་རོལ་མཐོང་བ་རྣམས་ཀྱིས་ཉེ་བར་རྟོགས་པ་མེད་པ་ལ་དེ་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །གང་གིས་ཤེས་ན་ཐམས་ཅད་ཤེས་པ་མ་ཡིན་ཏེ་ཚུ་རོལ་མཐོང་
བས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་གལ་ཏེ་དབང་པོ་དང་ཡུལ་གྱི་བར་ན་གནས་པའི་སྒྲིབ་གཡོགས་དེས་དབང་པོ་དང་ཡུལ་དེ་དག་ལ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དང་ཤིན་ཏུ་མི་མཐུན་པའི་བྱེ་བྲག་རྣམ་པ་འགའ་ཞིག་གིས་ཕུལ་དུ་བྱུང་བ་ཅན་བྱེད་དུ་ཟིན་ཀྱང་ངོ་། །ཡང་གི་སྒྲས་ནི་སྲིད་
པ་ཡིན་ཏེ་འདི་ལ་གནོད་པ་ཅན་མེད་པའི་ཕྱིར་རོ། །སྒྲིབ་གཡོགས་ཀྱིས་བྱས་པའི་ཕན་བཏགས་པ་ལ་རྟགས་ཀྱང་ཡོད་དོ་ཞེས་བསྟན་པའི་ཕྱིར་རོ། །སྒྲིབ་གཡོགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བའི་དབང་པོའམ་སྒྲའི་སྒྲིབ་གཡོགས་གང་ཡིན་པ་དེའི་བྱེ་བྲག་གིས་ཏེ། མང་
པོ་དང་ཉུང་ངུའི་མཚན་ཉིད་ཅན་གྱིས་སོ། །སྒྲ་ལ་སོགས་པའི་སྒྲ་ནི་གཟུགས་ལ་སོགས་པ་གཟུང་ངོ་། །མཉན་པ་སྨོས་པ་ནི་ཉམས་སུ་མྱོང་བ་ཉེ་བར་མཚོན་པའི་ཕྱིར་རོ། །དེས་ནི་མིག་གི་རྣམ་པར་ཤེས་པ་དག་གིས་གསལ་བ་དང་མི་གསལ་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་ན་ཤེས་པ་ལ་སོགས་པས་ཆོད་པ་ལ་ནི་མི་གསལ་གོས་ལ་སོགས་པས་ཆོད་པ་ལ་ནི་མི་གསལ་བར་མཐོང་བ་ཡིན་ནོ། །གལ་ཏེ་སྒྲིབ་གཡོགས་སྲབ་པ་ལ་ཡང་ཅུང་ཟད་ཡིན་ན་ཡང་གདོན་མི་ཟ་བར་གསལ་བར་བསམ་པར་བྱ་བ་ཡིན་ནམ། དེ་ལྟར་སྒྲིབ་གཡོགས་ཡོད་དུ་ཟིན་ཀྱང་ཐོས་

པ་གསལ་བ་ཡིན་ནོ་ཞེ་ན། འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ། སྒྲིབ་གཡོགས་མཐུག་པ་མི་གསལ་བ་གང་ཡིན་པ་དེ་ལ་ལྟོས་ནས་གསལ་བ་བསྟན་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ནི་སྒྲིབ་གཡོགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་སྒྲིབ་གཡོགས་ཡོད་པ་དང་མེད་པ་ལ་འཆད་དེ། སྒྲིབ་གཡོགས་ཡོད་
པས་མཉན་པ་མི་གསལ་བ་མེད་པས་གསལ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་གལ་ཏེ་སྒྲིབ་གཡོགས་ཀྱིས་ཁྱད་པར་མི་བྱེད་པ་དེའི་ཚེ་ཅུང་ཞིག་མི་བྱེད་པའི་སྒྲིབ་གཡོགས་དེ་ནི་ཐག་ཉེ་བ་གང་ཡིན་པ་དེ་ཐག་ཉེ་བ་ཉིད་ཡིན་དུ་ཟིན་ཀྱང་ཐག་ཉེ་བ་མ་ཡིན་པ་དང་མཚུངས་པའི་རྒྱུའི་ཕྱིར། སྒྲ་འདིའི་སྒྲིབ་
གཡོགས་འདི་ཡིན་ནོ་ཞེས་ཉེ་བར་སྦྱར་བ་སྟེ། འབྲེལ་པ་ནི་རྣམ་པར་རྟོག་པས་སྤྲུལ་པ་ཉིད་ཡིན་གྱི་དངོས་པོ་ལ་བརྟེན་པ་ཅན་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཡིན་དུ་ཟིན་ཀྱང་དོན་བྱེད་པའི་རྟེན་དུ་འགྱུར་རོ་ཞེ་ན། སྒྲོ་བཏགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོ་བཏགས་
པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ཏེ། རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་གྱི་རྟེན་ཅན་ནི་དོན་བྱེད་པ་མ་ཡིན་ཏེ། དེ་དག་ནི་དངོས་པོ་ལ་བརྟེན་པ་ཅན་ཡིན་པའི་ཕྱིར་རོ། །བྲམ་ཟེའི་ཁྱེའུ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གཞུང་འཛུགས་པར་བྱེད་དོ། །བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་བཏགས་པ་
ལས་ཏེ། བྲམ་ཟེའི་ཁྱེའུ་ལ་མེ་ཞེས་ཉེ་བར་བཏགས་པ་ལས་བསྒྲུབ་པར་བྱ་བ་འཚེད་པའི་ཕྱིར་རྟེན་པ་མ་ཡིན་པ་ལྟ་བུའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་དེ་ལྟར་ཡིན་པ་དེ་བས་ན་རྟོགས་པ་ཡོད་དུ་ཟིན་ཀྱང་དངོས་པོ་དེར་ཡོངས་སུ་འགྱུར་བ་ཅན་མ་ཡིན་པ་དག་སྟེ། གང་དག་ལ་རྟོགས་པས་བསྒྱུར་བའི་
ཡོད་པ་དེ་དག་ནི་དེས་ཡོངས་སུ་བསྒྱུར་བ་ཅན་ནོ། །དེ་མེད་པའི་ཕྱིར་དེས་ཡོངས་སུ་གྱུར་པ་མ་ཡིན་པ་ཅན་དག་གོ། །འོན་ཀྱང་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་ཅན་ཉིད་དུ་འགྱུར་ཏེ། གང་ལ་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །
གང་གི་ཚེ་སྒྲིབ་གཡོགས་ཀྱིས་ཁྱད་པར་དུ་མ་བྱས་པ་དེའི་ཚེ། སྒྲིབ་གཡོགས་ཡོད་དུ་ཟིན་ཀྱང་དབང་པོ་ལ་སོགས་པ་དག་གིས་ཤེས་པར་འགྱུར་ན་སྟེ། རྣམ་པར་ཤེས་པ་སྐྱེད་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །དེ་བས་ན་སྒྲིབ་གཡོགས་དེས་བྱས་པའི་ཁྱད་པར་ཅན་ཏེ་བསྐྱེད་པར་བྱ་བ་ཁྱད་

པར་ཅན་དབང་པོ་ལ་སོགས་པ་དེ་ལྟར་ཤེས་པར་འགྱུར་རོ། །དེ་ལྟར་ན་སྒྲ་རྟག་པ་རྣམས་སྒྲིབ་གཡོགས་ཀྱི་ཁྱད་པར་འགའ་ཞིག་ཡོད་ན་ཡང་ཕུལ་དུ་བྱུང་བ་ཉམས་པའམ། ཕུལ་དུ་བྱུང་བ་སྐྱེ་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་གལ་ཏེ་རྟག་པ་དེ་རྣམས་ཤེས་པ་སྐྱེད་པའི་རང་
བཞིན་ཡིན་ན་སྐྱེས་བུ་ཐམས་ཅད་ཀྱི་ཚེ་རང་གི་ཡུལ་གྱི་ཤེས་པ་ཐམས་ཅད་ཅིག་ཅར་སྐྱེད་པར་འགྱུར་བའམ་གལ་ཏེ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེའི་ཚེ། འགའ་ཞིག་གི་ཚེ་སྐྱེས་བུ་འགའ་ཞིག་རྣམ་པར་ཤེས་པ་ཅུང་ཞིག་ཀྱང་སྐྱེད་པར་མི་འགྱུར་བར་དེ་ངེས་པ་ཡིན་ནོ། །སྒྲ་རྟག་
པ་ཡང་དུས་ཐམས་ཅད་དུ་གལ་ཏེ་ལྷན་ཅིག་བྱེད་པ་འགའ་དང་བྲལ་བའི་ཕྱིར་ན། མཉན་པ་མེད་དོ་དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྒྲིབ་གཡོགས་ཀྱི་རྒྱུ་ལས་སྐྱེས་བུ་ཐམས་ཅད་ཀྱི་རྟག་ཏུ་སྒྲ་ཐམས་ཅད་མ་ཐོས་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་སྒྲ་རྟག་པ་དེ་དག་རྟོགས་
པ་ལ་སྟེ་རྟོགས་པའི་རྒྱུ་མཚན་ལྷན་ཅིག་བྱེད་པ་སོ་སོར་ངེས་པ་འགའ་ཞིག་གིས་དངོས་པོའི་གནས་སྐབས་ཀྱིས་ངེས་པའི་ངོ་བོ་ཅུང་ཟད་ནི་ཡོད་དོ། །ལྷན་ཅིག་བྱེད་པ་དེ་ནི་འགའ་ཞིག་གིར་འགྱུར་རོ་ཞེས་བྱ་བ་སྒྲ་དེ་དག་འགའ་ཞིག་གི་ཚེ་ཡུལ་འགའ་ཞིག་ཏུ་ངེས་པར་བྱས་པ་སྟེ་ལྷན་ཅིག་བྱེད་པས་བྱས་
པ་ཐོས་པ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཁས་ལེན་པ་སྟེ། དེ་ལྟ་ཡིན་ན་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་བྱེད་པ་གཞན་ལྟོས་ཡིན་ཡང་བློ་སྟེ་ལྟོས་པ་ཡིན་དུ་ཆུག་ན་ཡང་མི་ལྡོག་མོད་ཀྱི། འོན་ཀྱང་དེ་ལྟར་ཡིན་ན་ནི་ངེས་པ་དག་གི་འགལ་
བ་ཡིན་ཏེ། ལྷན་ཅིག་བྱེད་པས་ཕུལ་དུ་དབྱུང་བ་བྱས་པ་ཅན་ཉིད་ཡིན་པའི་ཕྱིར། སྒྲ་ནི་སྔ་མའི་རང་བཞིན་དུ་གནས་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདིར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁོ་བོ་ཅག་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཁོ་བོ་ཅག་ནི་རྒྱུ་རྣམས་ཀྱི་ལྷན་ཅིག་བྱེད་པ་དག་
སྤོང་བ་ནི་མ་ཡིན་མོད་ཀྱི། འོན་ཀྱང་རྒྱུ་རྣམས་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཁོ་ན་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞིག་ལ་ཞེ་ན། དེའི་གནས་སྐབས་ལ་ཕན་འདོགས་པར་བྱེད་པ་དག་སྟེ། ཇི་ལྟར་མངོན་པར་འདོད་པའི་འབྲས་བུ་སྐྱེད་པའི་རང་བཞིན་གྱི་གནས་སྐབས་ལ་ཕན་འདོགས་པར་བྱེད་པ་ལའོ། །

ཅིའི་ཕྱིར་ཞེ་ན། ལྷན་ཅིག་བྱེད་པ་དེ་ལས་རྙེད་པའི་ཕུལ་དུ་བྱུང་བའི་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་ཏེ་འབྲས་བུ་བསྐྱེད་པར་བྱ་བ་བྱེད་པའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་རིག་བྱེད་ཀྱི་སྒྲ་དག་ཀྱང་ལྷན་ཅིག་བྱེད་པ་འགའ་ཞིག་ལ་ལྟོས་ནས་འབྲས་བུ་སྟེ། བདག་གི་ཡུལ་ཅན་གྱི་ཤེས་པ་བྱེད་པར་འགྱུར་ན་བྱེད་ལ་རག་སྟེ་
སུ་ཞིག་འགོག་པར་བྱེད། འོན་ཀྱང་སྔ་མའི་རང་བཞིན་སྔ་མ་ཉིད་དུ་གནས་པ་ཡིན་ནོ་ཞེས་བྱ་བ་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྔ་མའི་རང་བཞིན་དེ་ནི་འཕོས་པའི་ཕྱིར་དང་ལྟོས་པར་བྱ་བ་ལྷན་ཅིག་བྱེད་པ་ལས་རང་བཞིན་གཞན་སྔ་ན་མེད་པ་ཐོབ་པའི་ཕྱིར་རོ། །གལ་ཏེ་ཡང་ལྟོས་པར་བྱ་བ་ལྷན་
ཅིག་བྱེད་པ་ལས་སྒྲས་ཕུལ་དུ་བྱུང་བ་ཐོབ་པ་མེད་པ་དེའི་ཚེ། ལྷན་ཅིག་བྱེད་པ་ལ་ལྟོས་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཅི་སྟེ་ལྷན་ཅིག་བྱེད་པའི་འབད་རྩོལ་ལས་སྒྲས་ཕན་འདོགས་པར་བྱེད་པ་དོན་གཞན་དུ་འགྱུར་བ་ཐོབ་པ་ཡིན་ན་ཞེས་ཁས་ལེན་པ་དེའི་ཚེ། ལྷན་ཅིག་བྱེད་པས་བྱས་པའིའོ། །
ཕན་འདོགས་སྒྲ་ལས་དོན་གཞན་ཉིད་ཡིན་པར་ཁས་ལེན་ན་སྒྲ་དེའི་ཕན་འདོགས་པར་བྱེད་པ་འདི་ཡིན་ནོ་ཞེས་འབྲེལ་པ་མེད་པར་ངས་བཤད་ཟིན་ཏོ། །སོགས་པའི་སྒྲས་ནི་གལ་ཏེ་འབྲེལ་པ་གྲུབ་པའི་ཕྱིར་ལྷན་ཅིག་བྱེད་པས་བྱས་པའི་ཕན་འདོགས་པར་བྱེད་པ་ལས་སྒྲས་བྱས་པའི་ཕན་འདོགས་པར་རྟོག་
པ་དེའི་ཚེ་དེ་ལ་ཡང་གཞན་དང་དེ་ལའང་གཞན་ཞེས་བྱ་བའི་ཐུག་པ་མེད་པའི་སྐྱོན་ལ་སོགས་པ་ཡང་བཤད་ཟིན་ཏོ། །སྒྲ་དེ་ཡང་ཤེས་བྱ་མ་ཡིན་པ་ཉིད་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་བྱེད་པས་བྱས་དོན་གཞན་དུ་འགྱུར་བའི་ཕན་འདོགས་པ་ཉིད་ལས་ཤེས་པ་སྐྱེད་པའི་ཕྱིར་རོ། །གང་
གི་ཕྱིར་དེ་ལྟ་ཡིན་པས་སྒྲ་དེ་དག་རྣ་བ་ཞེས་བྱ་བའི་དབང་པོ་དང་། དོན་དག་ཕྲད་པ་དང་། བདག་ཉིད་ཅེས་བྱ་བ་དེ་དག་ནི་གཞན་ལ་རབ་ཏུ་གྲགས་པས་བཤད་པ་ཡིན་ནོ། །གཞན་ཞེས་བྱ་བ་ནི་འབད་རྩོལ་ལ་སོགས་པའོ། །ཇི་ལྟ་བུར་གྱུར་པ་ལ་ཞེ་ན། རྣམ་པར་ཤེས་པ་སྐྱེད་པའི་རྟེན་རྣམ་པར་ཤེས་པ་
སྐྱེད་པའི་ལྷན་ཅིག་བྱེད་པ་ལའོ། །སྒྲ་རྟག་པ་དེ་ལ་ལྷན་ཅིག་བྱེད་པ་ཐམས་ཅད་ནི་ཉེ་བར་མི་སྦྱོར་བའི་ཕྱིར་རོ། །གཞན་ཡང་ཡི་གེ་ལ་སོགས་པའི་ངོ་བོའི་སྒྲ་དེ་དག་ཁྱབ་པར་བྱེད་པའམ་ཁྱབ་པར་བྱེད་པ་མ་ཡིན་པར་འགྱུར་གྲང་སྟེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་དེ་དག་ཁྱབ་བྱེད་

མིན་པ་དེའི་ཚེ་སྒྲ་དེ་དག་ནི་ཡུལ་ཐམས་ཅད་ལ་ནི་དམིགས་པར་མི་འགྱུར་རོ། །དེ་ལྟར་ན་ཡུལ་གཅིག་ལ་གནས་པའི་སྒྲ་དེས་སྟོང་པའི་ཡུལ་ལ་གནས་པ་སྟེ། སྒྲས་སྟོང་པའི་ཡུལ་ལ་གནས་པའི་སྐྱེས་བུས་ཇི་ལྟར་དམིགས་པར་འགྱུར་ཏེ། དམིགས་པ་ཉིད་དུ་མི་འགྱུར་རོ། །དཔྱོད་པ་
དག་གིས་འཇིག་རྟེན་པ་དང་རིག་བྱེད་པ་དག་གི་ཨ་ལ་སོགས་པ་གཅིག་ཡིན་པར་ཁས་བླངས་པ་དེ་གལ་ཏེ་ཁྱབ་པ་མ་ཡིན་ན་ཡུལ་ཐ་དད་པ་ན་གནས་པས་ཇི་ལྟར་དམིགས་པར་ཏེ། དམིགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མ་ཕྲད་པ་འཛིན་པའི་ཕྱོགས་ལ་སྐྱོན་འདི་ཡོད་པ་མ་ཡིན་ཏེ། སྒྲ་
ལ་ཕྲད་པ་ཉིད་རྣ་བས་འཛིན་པ་དེ་བས་ན། སྒྲས་སྟོང་པའི་ཡུལ་ལ་གནས་པས་ཀྱང་སྒྲ་འཛིན་པར་འགྱུར་བའི་ཕྱིར་ཐམས་ཅད་མི་དམིགས་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་ཕྲད་པའི་འཛིན་པའི་ཕྱོགས་དེ་ལ་ཡང་ཤིན་ཏུ་ཆོད་པས་ན་གནས་པ་དམིགས་པ་ཡོད་པ་མ་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་རུང་བ་ཉིད་ལ་གནས་པ་སྟེ། སྒྲ་དེའི་གནས་པ་དེའི་ཁྱད་པར་ཅན་ལ་དབང་པོ་ལྟོས་པའི་ཕྱིར་རོ། །ཅི་དང་འདྲ་བ་ཞེ་ན། རྡོ་ཁབ་ལེན་དང་སོགས་པ་དང་འདྲ་བས་ཏེ། དཔེར་ན་རྡོ་ཁབ་ལེན་མ་ཕྲད་པར་འདྲེན་པར་བྱེད་པ་ཉིད་ཡིན་ན་ཡང་། ཡུལ་རུང་བ་མ་ཡིན་པ་ན་གནས་པའི་
ལྕགས་འདྲེན་པ་མ་ཡིན་པ་དེ་དང་འདྲའོ། །སོགས་པའི་སྒྲས་ནི་སྦྲུལ་གདུག་པ་ལ་སོགས་པ་དག་གིས་མ་ཕྲད་པ་དག་གིས་སྒྲོན་མ་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་དུ་ཟིན་ཀྱང་། ཤིན་ཏུ་བསྐལ་པའི་སྒྲོན་མ་ལ་སོགས་པ་འཇོམས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །དེ་
ལྟ་མ་ཡིན་ན་ཞེས་བྱ་བ་ནི་གང་གི་ཚེ་སྒྲ་ཡུལ་རུང་བ་ཉིད་ན་གནས་པ་དེ་འཛིན་པར་བྱེད་པའི་དབང་པོ་ལྟོས་པ་མེད་པ་དེའི་ཚེ། ཡུལ་རུང་བ་ཉིད་ལ་གནས་པ་ཁྱད་པར་ཅན་གྱི་བྱེ་བྲག་གིས་ཐོས་པ་གསལ་བ་དང་མི་གསལ་བའི་ཁྱད་པར་དུ་མི་འགྱུར་བའི་ཕྱིར། དེ་ནི་ཉེ་བར་མཚོན་པ་དེ་ཡིན་པ་དེ་ལྟར་ན་ཐོས་
པ་དང་མ་ཐོས་པའི་ཁྱད་པར་དུ་མི་འགྱུར་རོ། །དེ་བས་ན། གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཐམས་ཅད་ལ་ནི་དམིགས་མི་འགྱུར། །ཞེས་བྱ་བ་དེར་གནས་སོ། །དེ་ལྟར་ནི་མ་ཡིན་ཏེ་འདི་ལྟར་སྒྲ་རྣམས་ཀྱི་དམིགས་པའི་རྐྱེན་གནས་དང་བྱེད་པའི་བྱ་བ་ལ་སོགས་པའི་མཚན་ཉིད་ཡོད་ན་ཡང་ཡུལ་ཐམས་

ཅད་ལ་སྒྲ་མཚུངས་པར་དམིགས་པར་འགྱུར་བ་དེ་བས་ན་ཁྱབ་པར་བྱེད་པ་མ་ཡིན་པར་ཡིན་ནོ། །ཅི་སྟེ་ཁྱབ་པར་བྱེད་པར་འདོད་པ་དེའི་ཚེ་སྒྲ་དེ་དག་གལ་ཏེ་ཁྱབ་ན་ཐམས་ཅད་ཀྱིས་ཏེ། སྐྱེས་བུ་ཐམས་ཅད་ཀྱི་སྒྲ་ཐམས་ཅད་ཀྱིས་སྒྲ་ཐམས་ཅད་ཅིག་ཅར་དམིགས་པ་དག་ཏུ་འགྱུར་རོ། །སྒྲ་འགའ་ཞིག་
ཡུལ་འགའ་ཞིག་ལ་ཡང་མེད་པ་མ་ཡིན་ཏེ། ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཕྱིར་ཏེ་གཏན་ཚིགས་ཀྱི་སྒྲ་ཐམས་ཅད་ཅིག་ཅར་དམིགས་པར་འགྱུར་བ་ཡང་ཡུལ་ཐམས་ཅད་ན་གནས་པའི་སྐྱེས་བུ་དག་གིས་ཅིག་ཅར་དམིགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་དག་དབང་པོ་རུང་བ་ཅན་ཉིད་ཡིན་པའི་ཕྱིར་དང་
ཡུལ་སྒྲ་རང་བཞིན་ཅན་རྟག་པར་འགྱུར་བ་ཁྱབ་པར་བྱེད་པ་ཉིད་དུ་ཐམས་ཅད་ལ་ཉེ་བའི་ཕྱིར་རོ། །ཐག་ཉེ་བ་ཉིད་ཀྱི་ཕྱིར་དང་རྟག་པ་ཉིད་ཀྱི་ཕྱིར་དང་ཕུལ་དུ་བྱུང་བ་བྱར་མེད་པ་ཅན་ལ་གེགས་མེད་པའི་ཕྱིར་རོ། །སྒྲ་འདུས་བྱས་པ་དབང་པོ་ལེགས་པར་བྱས་པ་དམིགས་པ་དེ་བས་ན་ཇི་སྐད་དུ་བཤད་པའི་སྐྱོན་དུ་
མི་འགྱུར་རོ་ཞེ་ན། འདུས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་བྱེད་པ་པོའི་དྲུག་པ་ཡིན་ནོ། །དེ་བས་ན་དོན་ནི་སྒྲ་འདུས་བྱས་པ་དབང་པོ་ལེགས་པར་བྱས་པས་དམིགས་པར་ཁས་ལེན་པ་ན་ཇི་སྐད་དུ་བཤད་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ལན་དུ། འགྱུར་མེད་གང་གིས་ལེགས་པར་བྱེད། །
ཅེས་བྱ་བ་སྨོས་ཏེ། སྒྲ་བསྒྱུར་དུ་མེད་པ་གང་གིས་ལེགས་པར་བྱེད་དེ། འགའ་ཞིག་གིས་ཀྱང་མ་ཡིན་ནོ། །དེ་ལྟར་མི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དུས་ཐམས་ཅད་ན་སྒྲ་ཐམས་ཅད་དུ་ཡོད་དུ་ཟིན་ཀྱང་སྐྱེས་བུ་ཐམས་ཅད་ཀྱིས་དམིགས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་འདུས་བྱས་པ་
དབང་པོ་ལེགས་པར་བྱས་པ་ཁོ་ནས་དམིགས་པའི་ཕྱིར་ཏེ། དེའི་ཚེ་འདུས་བྱས་པ་དམིགས་པའི་ཕྱིར་སྒྲ་ཐམས་ཅད་དམིགས་པར་མི་འགྱུར་ཞིང་ཐམས་ཅད་ཅིག་ཅར་ལེགས་པར་བྱས་པ་མེད་པའི་ཕྱིར་དབང་པོ་ལེགས་པར་བྱས་པས་དམིགས་པར་འགྱུར་རོ་ཞེས་བསམས་པའོ། །དེ་ལྟར་འདོད་པ་དེ་ལ་རེ་
ཞིག་སྒྲ་འདུས་བྱས་པ་ནི་དམིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྱུར་བར་བྱ་བ་མ་ཡིན་པ་ཅན་གྱི་སྒྲ་ནི་འདུས་བྱས་པར་མི་རུང་བའི་ཕྱིར་རོ། །མི་རྟག་པ་ཉིད་ཀྱི་ཕྱིར་ཕུལ་དུ་དབྱུང་བར་བྱ་བ་ཡོད་པ་ཅན་གྱི་དབང་པོ་ནི་ལེགས་པར་བྱས་པར་འགྱུར་བ་ཡིན་པ་དེ་ལ་ཡང་དབང་པོ་ལེགས་པར་བྱས་འགྱུར་ན།

དབང་པོ་ལེགས་པར་བྱས་པ་དེས་ཀྱང་མ་ལུས་པར་ཐོས་པར་འགྱུར་ཏེ། སྒྲ་མ་ལུས་པ་དག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གལ་ཏེ་དབང་པོ་ལེགས་པར་བྱས་པས་དམིགས་པར་འགྱུར་བའི་ཕྱིར། དབང་པོ་ལེགས་པར་མ་བྱས་པ་
ཅན་གྱི་སྐྱེས་བུས་དམིགས་པར་མི་འགྱུར་བ་དེའི་ཚེ་ཐོབ་པར་བྱེད་དེ། གང་གི་ཚེ་དབང་པོ་ལེགས་པར་བྱས་པ་དེས་སྒྲ་ཐམས་ཅད་ཅིག་ཅར་ཐོས་པར་འགྱུར་བ་དེ་ལྟར་ན་ཐལ་བར་འགྱུར་བ་སྔ་མ་ཉིད་ཀྱིས་མ་ལོག་པ་ཡིན་ནོ། །ཡུལ་ཐ་དད་པ་ལ་ལྟོས་པའི་དབང་པོ་ལེགས་པར་བྱས་པའི་ཁྱད་པར་
སོ་སོར་ངེས་པ་ཉིད་ཡིན་པ་དེ་བས་ན་ཡུལ་སོ་སོ་ལ་གལ་ཏེ་ལེགས་བྱས་ཁྱད་པར་ལས། དབང་པོ་ཐ་དད་ཕྱིར་དོན་གཅིག་ངེས་པ་ཡིན་ཏེ་སྒྲ་གཅིག་ཉིད་འཛིན་པ་ཡིན་ནའོ། །དེ་ལྟར་གྱུར་པ་ཡིན་ན་ནི། སྒྲའི་འདུས་པ་སྣ་ཚོགས་པ་སྟེ། སྒྲའི་ཚོགས་སྣ་ཚོགས་པའི་བདག་ཉིད་ཅན་གྱི་སྒྲ་ཅ་ཅོ་ཇི་ལྟར་ཐོས་པར་
འགྱུར་ཏེ། མི་འགྱུར་ན་ཡང་མཐོང་ངོ་། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དབང་པོ་ལེགས་པར་བྱས་པ་གང་ཡིན་པ་དེ་དག་ནི་སྒྲ་དག་ལ་སོ་སོར་ངེས་པ་དག་ཡིན་ཏེ། ལེགས་པར་བྱས་པ་སོ་སོར་ངེས་པ་དེ་ལ་འགའ་ཞིག་གིས་དབང་པོ་ལེགས་པར་བྱས་པས་སྒྲ་འགའ་ཞིག་འཛིན་པར་བྱེད་པའི་
ཕྱིར་སྒྲ་ཐམས་ཅད་ཅིག་ཅར་ཐོས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་ལེགས་པར་བྱས་པའི་ཁྱད་པར་ལས་རྣ་བའི་དབང་པོ་རྣམས་ཀྱིས་ཐོས་པ་ཡིན་པར་ཁས་ལེན་པས་ན་སྒྲའི་ཚོགས་སྣ་ཚོགས་པའི་ཅ་ཅོ་ཐོས་པར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་ན་ཅ་ཅོའི་སྒྲ་གཅིག་ཁོ་ན་ཡིན་ནོ་ཞེ་ན། ཅ་ཅོ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཅ་ཅོ་ཞེས་བྱ་བ་ནི་སྒྲ་གཅིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གླིང་བུ་དང་རྫ་རྔ་ལ་སོགས་པ་དང་སྙན་དངགས་དང་། འདོད་པ་དང་གླུའི་རང་སྒྲ་རང་བཞིན་ཐ་དད་པ་ཅན་དག་གིས་ཅ་ཅོ་ཅིག་ཅར་ཐོས་པའི་ཕྱིར་རོ། །རང་བཞིན་ཐ་དད་པ་ཅན་འཛིན་པ་ལ་ཡང་ཐ་དད་པ་མེད་པ་
མ་ཡིན་ཏེ་གང་གི་ཕྱིར་ཐ་དད་པར་རྣམ་པར་གཞག་པ་ཡང་རང་བཞིན་ཐ་དད་པ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་དེ་འཛིན་པར་ནུས་པའི་དབང་པོ་ཅི་འདྲ་བ་དེ་འདྲ་བ་ཁོ་ན་ལེགས་པར་བྱེད་ཅིང་། དབང་པོ་ལེགས་པར་བྱས་པ་དེ་ཇི་ལྟར་ཐག་ཉེ་བའི་སྒྲ་འཛིན་པར་བྱེད་པ་ཡིན་གྱི། རང་

བཞིན་ཐ་དད་པ་ཅན་གྱི་ཅ་ཅོ་ཡང་འཛིན་པར་འགྱུར་བ་མ་ཡིན་ནོ་ཞེས་འདོད་དེ། གལ་ཏེ་སྒྲ་ཐག་ཉེ་བའི་དབང་གིས་ལེགས་པར་བྱས་པ་ཡིན་པ་དེ་ལྟ་ན་ནི། རྟག་པ་དང་ཁྱབ་པར་བྱེད་པའི་ཕྱོགས་ལ་སྒྲ་གང་ཞིག་གང་ལ་ཐག་ཉེ་བ་མ་ཡིན་པ་དེ་ནི་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར། སྒྲ་
ཐམས་ཅད་ཅིག་ཅར་ཐོས་པར་འགྱུར་བའི་ཐལ་བ་དེ་ཉིད་དུ་འགྱུར་རོ།། །།བམ་པོ་ཉི་ཤུ་རྩ་དགུ་པ། གལ་ཏེ་ཅ་ཅོའི་སྒྲ་ཅིག་ཅར་འཛིན་པ་མ་ཡིན་གྱི། འོན་ཀྱང་གོ་རིམས་བཞིན་དུ་ཡིན་ཏེ། དེ་ལ་སྒྲ་དུ་མ་ཐོས་པ་དེ་དག་ཀྱང་སྒྲའི་འཇུག་པ་མྱུར་བ་ཡིན་པ་དེ་བས་ན་འཇུག་པ་མྱུར་བའི་
རྒྱུའི་ཕྱིར་གོ་རིམས་བཞིན་དུ་འཇུག་པ་དེ་དག་གི་གོ་རིམས་བཞིན་དུ་འཛིན་པ་ན་ཡང་ཅིག་ཅར་ཐོས་པ་འཁྲུལ་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་འཇུག་པ་མྱུར་བ་ལས་ཅིག་ཅར་ཐོས་པར་འཁྲུལ་པ་དེའི་ཚེ། གླིང་བུའི་སྒྲ་ནི་རྒྱུན་གོ་བར་བྱེད་པ་སྟེ། སྐད་ཀྱི་བྱེ་བྲག་གང་ཡིན་པ་དེ་དག་གིས་གོ་
བར་བྱེད་པའི་ཡན་ལག་གང་ཡིན་པ་དེ་དག་ལ་ཡང་འཇུག་པ་མྱུར་བ་ཉིད་ཀྱིས་འདུས་པ་སྟེ། གཅིག་ཏུ་བྱེད་པའི་ཕྱིར་འདྲེས་པར་རྟོགས་པར་བྱེད་པར་འགྱུར་གྱི་གོ་བར་བྱེད་པའི་ཡན་ལག་འདྲེས་པ་མེད་པའི་གོ་རིམས་ཅན་གྱིས་ནི་མི་འགྱུར་རོ། །དེ་ལྟར་ན་རིང་བ་དང་ཤིན་ཏུ་རིང་བའི་ཡན་ལག་
རྣམས་ལ་ཡང་འཇུག་པ་མྱུར་བ་ཉིད་ཀྱིས་ཅིག་ཅར་ཐོས་པར་འཁྲུལ་པ་ཉིད་ཀྱི་ཕྱིར་རིང་པོ་ལ་སོགས་པས་ཤེས་པར་མི་འགྱུར་རོ། །དེ་བཞིན་དུ་ཚིག་དང་ངག་མྱུར་དུ་བརྗོད་པ་གཞན་དག་ལ་ཡང་སྔ་ཕྱི་རྟོགས་པར་མི་འགྱུར་རོ། །འདི་འགོག་པར་བྱེད་པ་ཡང་ལེའུ་གསུམ་པའི་རྣམ་པར་ཤེས་པ་ཅིག་
ཅར་འཇུག་པ་དཔྱོད་པར་བྱེད་པ་ལས་འཆད་པར་འགྱུར་རོ། །དེ་བས་ན་ཅ་ཅོ་ལ་ཡང་འཇུག་པ་མྱུར་བ་ཉིད་ཀྱི་སྒོ་ནས་ཅིག་ཅར་ཐོས་པ་འཁྲུལ་པ་མ་ཡིན་གྱི་འོན་ཀྱང་སྒྲ་མང་པོ་ཉིད་ཅིག་ཅར་འཛིན་པ་ཉིད་ཡིན་ནོ། །དབང་པོ་གཅིག་ཉིད་ལ་སོ་སོར་ངེས་པར་འདོད་པ་དེའི་ཚེ་སྒྲ་གཅིག་རྟོགས་ཤིང་
ཁོང་དུ་ཆུད་པ་ནི་གཅིག་རྟོགས་པ་ཡིན་ལ་དེ་ནི་ནུས་པ་སོ་སོར་ངེས་པའི་ཕྱིར་ཅ་ཅོ་དུ་མའི་བདག་ཉིད་ཅན་ཏེ་སྒྲའི་རང་བཞིན་ཅན་ཐོས་པ་མ་ཡིན་ན་ཐོས་པར་ཡང་འགྱུར་རོ། །དེ་བས་ན་གཅིག་རྟོགས་པར་སོ་སོར་ངེས་པ་མེད་པར་དེ་ལྟར་ན། དབང་པོ་ལེགས་པར་བྱས་པས་གཅིག་ཅར་ཐམས་ཅད་

འཛིན་པ་ཞེས་བྱ་བའི་སྐྱོན་དེ་ཉིད་གནས་སོ། །དེ་ལ་གལ་ཏེ་སྒྲ་ཡན་གར་ཏེ་ཅ་ཅོ་ཐོས་འགྱུར་རྗོད་བྱེད་དག་པ་མ་ཡིན་ནོ། །ཅ་ཅོ་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཅ་ཅོ་ལ་རྗོད་པར་བྱེད་པའི་ཡི་གེ་དང་ཚིག་དང་ངག་དག་གི་ཐོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་
ཙམ་ཡན་གར་བ་དག་སྟེ། རྗོད་པར་བྱེད་པ་མ་ཡིན་པ་དེ་དག་དེར་ཐོས་པའི་ཕྱིར་རོ། །གལ་ཏེ་གཅིག་རྟོགས་པར་སོ་སོར་ངེས་པ་ལ་སྒྲ་ཙམ་ངག་ཀྱང་ཇི་ལྟར་ཅིག་ཅར་ཐོས་པ་ཡིན་ཞེ་ན། རྗོད་པར་བྱེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗོད་པར་བྱེད་པའི་སྒྲ་ལ་དབང་པོ་སོ་སོར་ངེས་པའི་ནུས་པ་
ཅན་ལ་ཁོ་བོ་ཅག་བརྗོད་ཀྱི་སྒྲ་ཙམ་རྗོད་པར་བྱེད་པ་མ་ཡིན་པ་དག་ལ་ནི་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སྒྲ་ཙམ་ཁྱད་པར་ཁོ་ན་རྗོད་པར་བྱེད་པ་ཡིན་ཏེ། སྒྲ་ཙམ་དེ་དག་ལས་ཐ་དད་དེ་དོན་གཞན་དུ་འགྱུར་བ་རྗོད་པར་བྱེད་པ་སྒྲའི་ངོ་བོ་ཡོད་དེ་ཞེས་བྱ་བ་དེ་ནི་
ཡོད་པར་སྒྲུབ་པའི་ཚད་མ་མེད་པའི་ཕྱིར། འདི་ལ་ཤིན་ཏུ་ཆེས་དད་པར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཁོ་བོ་ཅག་གིས་སྒྲ་ཙམ་རྗོད་པར་བྱེད་པ་མ་ཡིན་པ་དང་། སྒྲ་རྗོད་པར་བྱེད་པའི་ངོ་བོ་ཐ་དད་པ་ཞེས་བྱ་བ་སྒྲ་ཙམ་ལས་རང་བཞིན་ལ་ཐ་དད་པར་འགྱུར་བ་མ་མཐོང་ངོ་། །འོན་ཀྱང་དུས་གཅིག་
གི་ཚེ་སྟེ་སྐད་ཅིག་མ་གཅིག་ལ་ཡི་གེའི་གོ་རིམས་ཐོས་པ་ན་སྒྲའི་བདག་ཉིད་དེ་ཡི་གེའི་གོ་རིམས་ཀྱི་མཚན་ཉིད་ཁོ་ནར་ངེས་སོ། །སྒྲ་ཙམ་ཞེས་བྱ་བའམ་སྒྲ་ཞེས་བྱ་བ་བསྟན་པ་འདི་དངོས་པོ་ཐ་དད་པ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་ངེས་པ་སྔོན་དུ་སོང་བ་ཅན་ཏེ། ཞེན་
པ་སྔོན་དུ་སོང་བ་ཅན་སྒྲ་ཙམ་ལས་བཟློག་པའི་བདག་ཉིད་ཡོངས་སུ་བཅད་ཅིང་ངེས་པར་འགྱུར་བ་མེད་པར་སྒྲ་ཙམ་ཐ་དད་པའི་ངོ་བོ་ཡོད་དོ་ཞེས་བྱ་བའི་ཐ་སྙད་རྒྱུ་མེད་པ་ཅན་ལ་ཇི་ལྟར་འཇུག་པར་འགྱུར། དེ་བས་ན་སྒྲ་ཙམ་གྱི་ཁྱད་པར་ཉིད་ཡི་གེ་ཨ་ལ་སོགས་པའི་ངོ་བོའི་གོ་རིམས་ཀྱི་ཁྱད་
པར་གྱིས་གནས་པ་ནི་ཡི་གེ་ལ་སོགས་པ་ཞེས་བྱ་བ་སྟེ། ཡི་གེ་དང་པོས་བྱས་པས་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སོགས་པ་སྨོས་པས་ནི་ཚིག་དང་ངག་ལ་སོགས་པ་གཟུང་ངོ་། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་ཙམ་ངག་ལས་གཞན་པའི་རྗོད་པར་བྱེད་

པ་དེའི་ཅ་ཅོ་ཡང་ཐོས་པ་མ་ཡིན་ཏེ། དེར་སྒྲ་ཙམ་རྗོད་པར་བྱེད་པ་མ་ཡིན་པ་དག་ཐོས་པའི་ཕྱིར་རོ་ཞེས་བྱ་བ་དེ་རྗོད་པར་བྱེད་དོ། །ཅ་ཅོ་དེ་ལ་གང་གི་ཚེ་མང་པོ་དག་ཁ་རོག་པར་གནས་པའི་ཕྱིར་རོ། །སྒྲ་གཞན་དག་ནི་གནས་པ་ན་སྐྱེས་བུ་གཅིག་སྨྲ་བར་བྱེད་པ་གཅིག་པོ་དེའི་སྒྲ་རྗོད་བྱེད་ཅི་ལྟར་ཐོས་
པ་ཡིན་ཏེ་དེ་ནི་དེའི་ཚེ་ངེས་པར་གཟུང་བའི་ཕྱིར་རོ། །རྗོད་པར་བྱེད་པ་འདི་ལས་སྒྲ་ཙམ་ཐ་དད་པའི་ངོ་བོ་རྗོད་པར་བྱེད་པ་དེ་དང་ལྷན་ཅིག་གམ་ཐ་དད་པར་ནི་ཐོས་པ་མ་ཡིན་ནོ། །གལ་ཏེ་རྗོད་པར་བྱེད་པ་ལས་སྒྲ་ཙམ་གཞན་ཡིན་པར་འགྱུར་ན། དེ་ཡང་དེའི་ཚེ་ཐོས་པར་འགྱུར་རོ། །གཅིག་བརྗོད་པ་ན་སྒྲ་
ཙམ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ་མང་པོ་དག་སྨྲ་བ་ལ་ཡང་དེ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཇི་ལྟར་གཅིག་སྨྲ་བར་བྱེད་པ་ན་སྒྲ་ཐ་དད་པ་མེད་པར་ཐོས་པ་དེ་དག་མང་པོ་དག་ལ་ཡིན་ནོ་དེ་བས་ན་རྗོད་པར་བྱེད་པའི་སྒྲ་ལས་སྒྲ་ཙམ་གཞན་མ་ཡིན་ནོ། །གལ་ཏེ་གཅིག་སྨྲ་
བར་བྱེད་པ་ན་ཡང་རྗོད་པར་བྱེད་པ་ལས་ཐ་དད་པར་སྒྲ་ཙམ་ངེས་པར་གཟུང་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་གྱི་དོན་ལ་གཞན་གྱིས་བསྟན་པ་ཆེན་པོར་འགྱུར་བ་མ་ཡིན་ན། གང་གིས་བདག་ཉིད་ཀྱིས་ཐ་དད་པ་ཐོས་པ་མེད་པར་ཡང་ཁྱོད་ཀྱི་ཚིག་ཙམ་ཐ་དད་པར་ཐོས་
པ་དེ་ལྟར་མང་པོ་དག་ལ་ཡང་རྟོགས་པར་འགྱུར། དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ཉན་པ་པོ་འདིས་སྨྲ་བ་པོ་གཞན་དག་འདུལ་བར་འགྱུར་བ་ན་སྒྲ་འབའ་ཞིག་སྟེ། གཅིག་ཉིད་སྨྲ་བར་བྱེད་པ་ན་སྒྲ་ཙམ་ཐ་དད་པའི་དོན་གཞན་དུ་འགྱུར་བ་ཉིད་ཐོས་པ་དེའི་དམིགས་པའི་རྐྱེན་བྱེད་པ་ཡོན་ཏན་ལ་
སོགས་པ་སྒྲ་དམིགས་པའི་རྐྱེན་དག་ནུས་པ་མེད་པ་ངེས་པར་བྱེད་དེ། ཅི་ཞིག་བྱེད་པ་ལ་ཞེ་ན། དེ་ལས་གཞན་པ་སྒྲུབ་པ་ལ་སྟེ་སྒྲ་གཅིག་ཐོས་པ་ལས་གཞན་སྒྲ་ཙམ་གྲུབ་པ་ལའོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་དམིགས་པའི་རྐྱེན་དག་གིས་དེ་དག་གིས་དེ་དག་ལས་གཞན་པ་སྒྲུབ་པ་ནུས་པ་དག་
ཏུ་འགྱུར་ན་དེའི་ཚེ་དེ་སྒྲུབ་པར་བྱེད་པ་དེའི་ཚེ། སྒྲ་དམིགས་པའི་རྐྱེན་དེས་སྒྲུབ་པ་སྒྲ་ལས་ཐ་དད་པའི་སྒྲ་ཙམ་གྱི་ངོ་བོ་དེ་དམིགས་པར་འགྱུར་ན་དམིགས་པར་ཡང་མི་འགྱུར་རོ། །ཇི་ལྟར་སྨྲ་བ་པོ་གཅིག་གིས་སྒྲའི་དམིགས་པའི་རྐྱེན་དག་གིས་སྒྲ་ཙམ་ཐ་དད་པ་སྒྲུབ་པ་ལ་ནུས་པ་མེད་པ་དེ་ལྟར་

མང་པོ་དག་ལ་ཡང་ངོ་། །དེ་བས་ན་སྒྲ་སྨྲ་བ་པོ་དག་གིས་རྗོད་པར་བྱེད་པ་དག་ལས་ཅ་ཅོའི་སྒྲ་ཙམ་ཐ་དད་པ་ཡོད་པ་མ་ཡིན་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེའི་རང་བཞིན་ཅན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་ཙམ་དང་བྲལ་བ་སྒྲ་གཅིག་སྐྱེད་པའི་རང་བཞིན་ཉིད་ཀྱི་སྒྲའི་
དམིགས་པའི་རྐྱེན་དག་གིས་མང་པོ་དག་སྨྲས་པ་དག་ལ་ཡང་། ཅི་ལྟར་སྒྲའི་བདག་ཉིད་རང་གི་འབྲས་བུ་གཅིག་པུ་མ་གཏོགས་པ་ཅ་ཅོའི་སྒྲ་ཙམ་འབྲས་བུ་གཞན་དུ་གྱུར་པ་རྩོམ་པར་འགྱུར་ཏེ། རྩོམ་པ་མི་བྱེད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རྒྱུ་ཐ་དད་པ་མེད་པ་སྟེ། རྒྱུའི་ངོ་བོ་གཅིག་ཉིད་
ལ་འབྲས་བུ་ཐ་དད་པ་སྟེ། རྒྱུ་དེ་ཉིད་ཀྱིས་འགའ་ཞིག་གི་ཚེ་མེད་པ་དང་འགའ་ཞིག་གི་ཚེ་ཡོད་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཅན་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཐ་དད་པ་ལ་ལྟོས་པ་མེད་པའི་འབྲས་བུ་ཐ་དད་པ་མེད་པ་དེ་ནི་རྒྱུ་མེད་པ་ཅན་ཉིད་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་
སྔར་བཤད་ཟིན་ཏོ། །ཅ་ཅོའི་སྒྲ་ཙམ་ཐོས་པར་འགྱུར་བ་ཡིན་གྱི། རྗོད་པར་བྱེད་པའི་སྒྲ་དག་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པ་དེ་ལྟ་ན། ཅ་ཅོ་ལ་རྗོད་པར་བྱེད་པ་མ་ཐོས་པ་མ་ཡིན་ཏེ། འོན་ཀྱང་ཐོས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཅ་ཅོ་སྨྲ་བའི་ཚིག་དག་ལ་
ཚིག་དང་ངག་རྟོགས་པའི་ཕྱིར་རོ། །གཞན་ཡང་དབང་པོ་གཅིག་རྟོགས་པ། །ཡང་ན་ནུས་པ་ངེས་པའི་ཕྱིར་སྒྲ་ཙམ་ཐ་དད་པ་རྟོགས་པར་ཅི་ལྟར་འགྱུར་ཏེ། སྒྲ་ཙམ་མང་པོ་དག་འཛིན་པར་འགྱུར་ན། རྗོད་པར་བྱེད་པ་ཐ་དད་པའི་རང་བཞིན་དག་ཀྱང་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་
ཞིག་ཡོད། དེ་ལྟར་ན་དབང་པོ་ངེས་པ་སོ་སོར་ནུས་པ་ཅན་དེ་དག་གིས་ཅིག་ཅར་སྒྲ་ཙམ་ངོ་བོ་སྣ་ཚོགས་པ་ཅན་ཐོས་པ་ནའོ། །ཅི་འདྲ་བ་ཞིག་ཅེ་ན། སྒྲ་སོ་སོ་ལ་ངེས་པ་སྟེ་སྒྲ་ལས་གསལ་བྱེད་ཉིད་དུ་ངེས་པ་ཡིན་གྱི། སྒྲ་དག་ཉིད་ཀྱང་ཅིག་ཅར་ཐོས་པ་མ་ཡིན། དེ་ལྟར་ན་རྗོད་པར་བྱེད་
པའི་སྒྲ་དག་ལ་དབང་པོ་དེ་དག་གིས་རྒྱབ་ཀྱིས་ཕྱོགས་པ་སྟེ། ཡིད་བྱུང་ན་གང་གིས་དེ་ཐོས་པ་བྱེད་པ་ཡིན། གལ་ཏེ་འདི་འདྲ་བ་འདི་ནི་དངོས་པོའི་ནུས་པ་མ་ཡིན་ཏེ་འདི་ལ་བརྗོད་པར་བྱ་བ་ཅི་ཞིག་ཡོད་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་སྒྲ་ཙམ་དག་ཅིག་ཅར་འཛིན་པ་ན་

ཡང་རྣ་བས་གཟུང་བར་བྱ་བའི་རང་བཞིན་ཅན་དག་དང་ཡུལ་དུ་རུང་བ་ན་གནས་པ་ཉིད་ཀྱི་ཕྱིར་འཛིན་པ་ཡིན་ལ། དེ་ལྟ་བུའི་རྣམ་པ་ཉིད་ནི་རྗོད་པར་བྱེད་པ་དག་ལ་ཡང་ཡོད་པ་དེ་ལྟར་ན་དེ་དག་ཅིའི་ཕྱིར་མི་འཛིན། དེ་བས་ན་ཡན་གར་བ་འདི་ནི་བརྟགས་པ་ཉིད་ཡིན་ནོ། །སྒྲ་ཙམ་དག་ཅེས་བྱ་བ་ལ་སོགས་པ་
ནི་གཞན་གྱི་ཡིན་ཏེ། སངས་རྒྱས་པས་རྗོད་པར་བྱེད་པའི་ཚིག་དང་ངག་གི་ངོ་བོ་ལས་ཐ་དད་པར་སྒྲ་ཙམ་དག་གྲུབ་པ་མེད་དོ་ཞེས་བཤད་པ་གང་ཡིན་པ་ཇི་ལྟར་ན་མི་འགྲུབ་སྟེ། གྲུབ་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚིག་ལས་དོན་རྟོགས་པའི་ཕྱིར་ཏེ་ཚིག་སྟེ་སྒྲ་བརྗོད་པ་ལས་བརྗོད་པར་བྱ་བ་
རྟོགས་པའི་ཕྱིར་རོ། །དོན་རྟོགས་པ་འདི་ཡང་སྒྲ་ཙམ་དག་ལས་མི་སྲིད་དོ་ཞེས་བསྟན་པའི་ཕྱིར། སྒྲ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་དང་བཅས་པ་ཉིད་ཀྱི་ཕྱིར་རང་སྐད་ཅིག་མ་ཉིད་ཀྱི་ཕྱིར་སྒྲ་ཙམ་སྔ་ཕྱི་ཅན་དུ་གྱུར་པ་དེ་ལ་སྒྲ་ཙམ་གྱི་ཆ་ཡི་གེ་གསལ་བར་བྱེད་པ་ཤིན་ཏུ་ཆུང་བ་
ལས་ནི་དོན་རྟོགས་པ་མ་ཡིན་ཏེ། རེ་ཞིག་ཡི་གེ་གཅིག་ཀྱང་དོན་དང་ལྡན་པ་མ་ཡིན་ན་དེ་ལ་གསལ་བར་བྱེད་པ་སྒྲ་ཙམ་གྱི་ཆ་ཤིན་ཏུ་ཆུང་བ་ལྟ་ཅི་སྨོས། ལྷན་ཅིག་པར་གྱུར་པའི་སྒྲའི་ཆ་དེ་དག་གིས་དེ་རྟོགས་པ་སྐྱེད་པར་འགྱུར་རོ་ཞེས་བྱ་བ་དེ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སྒྲ་ཙམ་གྱི་
ཆ་ཤིན་ཏུ་ཆུང་བ་དེ་དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་སྒྲ་ཙམ་གྱི་ཆ་དང་འདྲེས་པར་བྱ་སྟེ། ལྷན་ཅིག་པ་ནི་མ་ཡིན་ཏེ་སྐད་ཅིག་མ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ཚིག་དང་ངག་གི་ངོ་བོ་རྗོད་པར་བྱེད་པ་གང་ལ་མ་ལུས་པ་སྟེ། རྫོགས་པ་ཡོད་པ་དེ་ནི་ཚིག་དང་ངག་གི་ངོ་བོ་མ་
ལུས་པ་ཅན་ཏེ། དེས་བསྒྲུབ་པར་བྱ་བའི་དོན་རྟོགས་པ་འདི་ནི་སྒྲ་ཙམ་དག་ལ་ཡོད་པ་མ་ཡིན་ནོ། །ཅི་འདྲ་བ་དག་ལ་ཞེ་ན། ཆ་མ་ལུས་པ་ཅན་མ་ཡིན་པ་དག་ལ་སྟེ། སྒྲ་ཙམ་གྱི་ཆ་སྐྱེ་ཞིང་འབྱུང་བ་སྐད་ཅིག་མ་གཉིས་པ་ལ་གནས་པ་མེད་པའི་ཕྱིར་ཆ་མ་ལུས་པ་ཡང་མ་ཡིན་པ་དག་ཡིན་པ་དེ་ཉིད་ཀྱི་
ཕྱིར། དོན་རྟོགས་པ་འདི་སྒྲ་ཙམ་དག་ལ་ཡོད་པ་མ་ཡིན་ལ་འདི་ཡང་ཡོད་པ་མ་ཡིན་པ་དེ་བས་ན། སྒྲ་ཙམ་ལས་ཐ་དད་པ་གང་གིས་དེ་དག་གི་རྟོགས་པ་སྐྱེད་པར་བྱེད་པའི་སྒྲ་གོ་རིམས་མེད་པ་ཅན་ཡོད་པ་དེ་ལྟར་ན། གང་ལ་འབྲས་བུར་གྱུར་པའི་དོན་རྟོགས་པས་གོ་རིམས་མེད་པ་ཅན་ཡོད་

ཅེས་ཚིག་རྣམ་པར་སྦྱར་ཏེ། ཆ་མེད་པ་ཞེས་བྱ་བའི་དོན་ཏོ། །སྒྲ་ཙམ་གྱི་ཆ་གོ་རིམས་དང་ལྡན་པ་སྟེ་རྗོད་པར་བྱེད་པ་ལས་ཐ་དད་པ་གྲུབ་པ་ཡིན་ཏེ། གང་ལ་ཆ་གོ་རིམས་དང་ལྡན་པ་ཡོད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་
པར་བྱེད་དེ། བསྟན་མ་ཐག་པ་དེ་དང་དེ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་གོ་རིམས་མེད་པ་ཅན་ནི་ཡི་གེ་གོ་རིམས་དང་ལྡན་པ་གང་ཡིན་པ་དེ་ལས་ཐ་དད་པ་སྔར་ཁོ་བོ་ཅག་གིས་ལྷ་སྦྱིན་ལ་སོགས་པའི་ཚིག་དང་ངག་དག་ལས་ཡི་གེ་ད་ལ་སོགས་པ་སྣང་བ་མ་གཏོགས་པར་བློའི་སྣང་
བ་གཞན་ཡང་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྒྲ་ཙམ་མ་ལུས་པ་ཅན་མ་ཡིན་པ་དག་ལ་དོན་རྟོགས་པ་མེད་པའི་ཕྱིར་སྒྲའི་ངོ་བོ་གོ་རིམས་མེད་པ་ཅན་ཡོད་པ་ཉིད་དུ་རྟོགས་པ་དེའི་ཚེ། དེ་ལྟར་རྟོགས་པ་ན་ཐལ་ཆེས་པའི་ཕྱིར་རོ། །དེ་ལྟར་ན་ལག་པ་ལ་
སོགས་པའི་བརྡ་ཇི་ལྟ་བ་བཞིན་དུ་འགྲོ་བ་ལ་སོགས་པ་སྟོན་པར་བྱེད་པའི་ལས་གང་ཡིན་པ་དེ་དག་གི་ཆ་གང་ཡིན་པ་དེ་དག་ནི་ལས་ཀྱི་ཆ་དག་སྟེ། སྐད་ཅིག་གཅིག་པ་ཉིད་ཡིན་པའི་ཕྱིར་ལས་ཀྱི་ཆ་སྔ་མ་དང་ལས་ཀྱི་ཆ་ཕྱི་མ་ལ་འབྲེལ་པ་མེད་པའི་ཕྱིར་ཏེ་མི་འཐད་པའི་ཕྱིར་དང་། ཆ་གཅིག་སྟེ་ལས་ཀྱི་
ཆ་ཤིན་ཏུ་ཆུང་བ་གཅིག་ལས་བརྡ་ཇི་ལྟ་བ་བཞིན་དུ་འགྲོ་བ་དང་འོང་བ་ལ་སོགས་པའི་མཚན་ཉིད་ཀྱི་དོན་རྟོགས་པར་མི་འགྱུར་བའི་ཕྱིར་དེ་ལས་ཐ་དད་པ་ཅན་ཏེ། ལས་ཀྱི་ཆ་དག་ལས་གཞན་པ་ལག་པ་འདེབས་པ་ལ་སོགས་པའི་བརྡ་ཇི་ལྟ་བ་བཞིན་ནི་ལག་གི་བརྡ་ཡིན་ནོ། །སོགས་པ་སྨོས་
པས་ནི་དོན་རྟོགས་པའི་ཕྱིར་རོ། །བརྡ་ཇི་ལྟ་བ་བཞིན་དུ་མགོ་གཡོབ་པ་ལ་སོགས་པ་གཟུང་ངོ་། །དེ་དག་བརྡ་ཇི་ལྟ་བ་བཞིན་དུ་ལས་ཀྱི་དེ་དག་ཉིད་ཅན་གྱི་ངོ་བོ་མ་ལུས་པ་ཡང་དོན་རྟོགས་པའི་རྒྱུར་ཁས་བླང་བར་བྱ་བ་ཡིན་པར་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན་སྒྲ་དང་འདྲ་བར་ཏེ། སྒྲ་ཙམ་
ལས་བཟློག་པའི་སྒྲ་རྟོགས་པ་དང་འདྲ་ན་དེ་ལྟར་ཡང་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ལས་ཀྱི་ཆ་དག་ལས་བཟློག་པའི་ལས་ཀྱིས་བདག་ཉིད་མེད་པ་དེ་ལྟར་སྒྲ་ཙམ་གྱི་ཆ་དག་ལ་ཡང་སྒྲའི་བདག་ཉིད་ཐ་དད་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་དོན་ལྟོས་པར་འགྱུར་ཞེ་ན། དེའི་ཕྱིར་བདག་ཉིད་

ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་གང་ཞིག་གང་གིས་བྱེད་པ་རྐན་ལ་སོགས་པ་དེའི་སྦྱོར་བའི་བྱ་བའི་རྒྱུ་དེ་ལས་བྱ་བའི་ཐ་དད་པའམ། བདག་ཉིད་ཇི་ལྟ་བ་བཞིན་དུ་བྱེད་པའི་སྦྱོར་བའི་ལས་ཀྱི་རྒྱུའི་སྦྱོར་བ་ལས་ཀྱི་བག་ཆགས་གོ་རིམས་བཞིན་དུ་འབྱུང་བ་ཅན་ཡིན་ན་
ཞེས་བྱ་བ་འདི་ལ་ཡང་སྦྱར་བར་བྱའོ། །ཇི་སྐད་དུ་བཤད་པའི་ཡི་གེའི་རང་བཞིན་ནམ་ལས་ཀྱི་ཆ་དེ་དག་ནི་གོ་རིམས་བཞིན་དུ་རྣམ་པར་རྟོག་པའི་ཡུལ་དག་གིས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ཉམས་སུ་མྱོང་བའི་ཤེས་པའི་གོ་རིམས་ཀྱི་རྗེས་སུ་འབྲང་བའི་ངང་ཚུལ་ཅན་གྱི་རྣམ་པར་རྟོག་པ་ངག་
གི་ཡུལ་དུ་གྱུར་པ་བརྡ་ཇི་ལྟ་བ་བཞིན་དུ་དོན་རྟོགས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་ཡིན་ཏེ། རིགས་པ་དང་མ་བྲལ་བ་ཉིད་ཀྱི་ཕྱིར་རོ། །སྒྲ་ཙམ་ལས་བཟློག་པའི་སྒྲའི་བདག་ཉིད་ཡོད་པ་ཡང་བླ་སྟེ། དེ་ལྟར་ན་ཡང་འདི་སྒྲ་ཙམ་ངག་དང་སྐྱོན་མཚུངས་པ་ཡིན་ནོ་ཞེས་
བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་གང་དང་གང་དག་གིས་ཏེ། སྒྲ་ཙམ་གྱི་ཆ་སྔ་མ་ཕྱི་མ་ཚོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྒྱུར་གྱུར་པ་གང་དག་གིས་རྗོད་བྱེད་མིན་ཏེ་སྒྲ་ཙམ་འདོད་པ་སྟེ། དཔྱོད་པ་པ་རྣམས་འདོད་དེ་གོ་རིམས་བཞིན་དུ་འབྱུང་
བ་ཅན་གྱི། སྒྲ་ཙམ་དག་གིས་གསལ་བ་ན་སྒྲ་ཙམ་ལས་བཟློག་པ་ཡིན་དུ་ཟིན་ཀྱང་། ཇི་ལྟར་རྗོད་བྱེད་དེ་ལ་དེ་མེད་པ་སྟེ། སྒྲ་ཙམ་གྱི་ཆ་ལས་བྱུང་བ་ཅན་གྱི་སྐྱོན་དུ་མི་འགྱུར་ཏེ། འགྱུར་བ་ཁོ་ན་ཡིན་ནོ། །དེ་ལྟར་ན་གོ་རིམས་བཞིན་དུ་འབྱུང་བའི་སྒྲ་ཙམ་གྱི་ཆ་རྒྱུར་འགྱུར་བ་དག་གིས་གསལ་
བ་སྟེ། རབ་ཏུ་གསལ་བའི་སྒྲའི་བདག་ཉིད་ཅན་གྱི་རྗོད་པར་བྱེད་པས་དོན་རྗོད་པར་བྱེད་པས་དོན་བརྗོད་པ་ཡིན་གྱི། ཐག་ཉེ་བ་ཙམ་གྱི་དོན་ནི་མ་ཡིན་ནོ། །སྒྲ་ཙམ་ལས་བཟློག་པའི་སྒྲའི་བདག་ཉིད་དེ་ཡང་སྒྲ་ཙམ་དེ་དག་གིས་ཅིག་ཅར་གསལ་བར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ཙམ་
གྱི་ཆ་དེ་དག་ལ་གོ་རིམས་ཡོད་པའི་ཕྱིར་རོ། །སྒྲ་ཙམ་གྱི་ཆ་གཅིག་གིས་ཀྱང་སྒྲ་གསལ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་སྟེ་གསལ་བྱེད་ཉིད་དུ་མངོན་པར་འདོད་པའི་སྒྲ་ཙམ་གྱི་ཆ་དོན་མེད་པར་ཐལ་བའི་ཕྱིར་རོ། །འདིས་ཀྱང་སྒྲ་ཙམ་གྱི་ཆ་གཅིག་ནི་སྒྲ་མ་ལུས་པའི་

གསལ་བྱེད་མ་ཡིན་ཏེ། གང་གི་ཕྱིར་ཡི་གེའི་ཆ་གཅིག་གི་དུས་ན་རྗོད་པར་བྱེད་པའི་ངོ་བོ་མ་ལུས་པ་ཉེ་བར་རིགས་པ་མེད་པའི་ཕྱིར་རོ། །དེ་བས་ན་སྒྲ་ཙམ་གྱི་ཆ་གོ་རིམས་བཞིན་དུ་ཡོད་པ་ཅན་དག་གིས་སྒྲ་མངོན་པར་གསལ་བ་ཡང་གོ་རིམས་བཞིན་དུ་ཡིན་ནོ། །དེའི་སྒྲ་
ལྟར་སྒྲ་ཙམ་གྱི་ཆ་གསལ་བར་བྱེད་པ་སྔ་མ་དང་ཕྱི་མ་འབྲེལ་པ་མེད་པ་ཅན་དེ་ལྟར་སྒྲའི་ཆ་གསལ་བ་ཡང་ཡིན་ནོ། །འདི་ལྟར་གང་གི་ཚེ་ཕྱི་མ་ཕྱི་མ་གསལ་བ་ཡང་ཡིན་ཏེ། འདི་ལྟར་གང་གི་ཚེ་ཚོགས་པ་མེད་པའི་ཕྱིར་རོ། །ཅི་སྟེ་གསལ་བྱེད་འགགས་སུ་ཟིན་ཀྱང་གསལ་བ་གང་ཡིན་
པ་དེ་གསལ་བ་ཉིད་དུ་ཡོད་པར་འགྱུར་རོ། །དེའི་ཚེ་གསལ་བྱེད་གཅིག་ཏུ་ཟིན་ཀྱང་ཅིག་ཅར་གསལ་བ་མ་འགགས་པའི་ཕྱིར་རྟག་ཏུ་ཐོས་པར་འགྱུར་རོ། །གལ་ཏེ་ཆ་མེད་པའི་ཕྱིར་སྒྲའི་བདག་ཉིད་ཅན་ཇི་ལྟར་གོ་རིམས་བཞིན་དུ་མངོན་པར་གསལ་བ་ཡིན་ཞེ་ན། སྐྱོན་ནི་གཞན་ཡིན་
ཡང་བླ་སྟེ། སྒྲ་ཙམ་གྱི་ཆ་རེ་རེ་དམིགས་པའི་དུས་ན་སྒྲ་མ་ལུས་པ་དམིགས་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་སྒྲའི་བདག་ཉིད་ཅན་འདིས་ནི་སྒྲ་ཙམ་གྱི་ཆའི་གོ་རིམས་ཡོད་པ་ཅན་དག་གིས་གོ་རིམས་བཞིན་དུ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར། སྒྲའི་བདག་ཉིད་
གང་ལ་དམིགས་པ་ཚོགས་ཤིང་འདུས་པས་ཚང་བ་དམིགས་པ་དེ་ལའོ། །དེ་ལྟ་བུར་གྱུར་པའི་སྒྲའི་བདག་ཉིད་ཅན་དག་གིས་དམིགས་པ་ཚང་བས་བསྒྲུབ་པར་བྱ་བའི་དོན་ཏེ། རྗོད་པར་བྱེད་པའི་བདག་ཉིད་གསལ་བར་བྱེད་པའི་མཚན་ཉིད་ཅན་ཇི་ལྟར་སྒྲུབ་པར་འགྱུར་ཏེ། སྒྲུབ་པ་ཉིད་དུ་མི་འགྱུར་རོ། །
ཅི་དང་འདྲ་བར་ཞེ་ན། སྒྲ་ཙམ་དང་འདྲ་བར་ཏེ། ཇི་ལྟར་སྒྲ་ཙམ་གྱི་ཆ་དག་གིས་ཁྱེད་ཀྱི་འདོད་པས་སྔ་མ་སྔ་མ་ཕྱི་མ་དང་འབྲེལ་པ་མེད་པའི་ཕྱིར་དོན་གསལ་བར་བྱེད་པ་མ་ཡིན་པ་དེ་དག་དང་འདྲའོ། །ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ཀྱི་གཞུང་འཛུགས་པར་བྱེད་དེ། དམིགས་པས་བསྒྲུབ་པར་
བྱ་བའི་དོན་དག་ལ་ཤིན་ཏུ་དམིགས་སུ་མེད་པའི་ཡོད་པ་དང་མེད་པ་དག་ལས་ཁྱད་པར་ཅི་ཞིག་ཡོད་དེ། ཁྱད་པར་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར་མ་ལུས་པར་མིགས་པ་ཅན་མ་ཡིན་པ་སྒྲ་ཙམ་གྱི་ཆ་སྐད་ཅིག་མ་དག་ནི་ཆ་ཕྱི་མ་ཕྱི་མའི་གནས་སྐབས་ན་མེད་པ་ཉིད་ཀྱི་ཕྱིར་ནུས་པ་མེད་

པ་དག་ཡིན་པ་དེ་བཞིན་དུ་གོ་རིམས་མེད་པ་ཅན་གྱི་སྒྲ་ཡོད་དུ་ཟིན་ཀྱང་མ་ལུས་པར་དམིགས་པ་ཅན་དག་གིས་བདག་གིར་མ་བྱས་པས་ནུས་པ་ཉིད་མ་ཡིན་ནོ། །སྒྲ་ཙམ་ལས་ཐ་དད་པར་བརྟགས་པའི་སྒྲའི་བདག་ཉིད་དམིགས་པ་ལ་ལྟོས་པ་མེད་པ་འདི་ནི། ཐག་ཉེ་བ་ཙམ་གྱིས་དོན་རྟོགས་པ་སྒྲུབ་པར་
བྱེད་པ་མ་ཡིན་ན་ཡོད་ཙམ་གང་གིས་རྟོགས་པར་འགྱུར། ཅིའི་ཕྱིར་ཞེ་ན། དེ་ནི་གསལ་བ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པ་སྟེ། སྒྲའི་བདག་ཉིད་ཡོད་པ་དང་སྒྲ་ཙམ་གྱི་ཆ་མེད་པ་གསལ་བ་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་དེ་ཡང་མཚུངས་པར་ཉེ་བར་སྦྱོར་བ་སྟེ། འབྲས་
བུ་མཚུངས་པའི་ཕྱིར་སྒྲ་ཙམ་དག་གིས་སྒྲུབ་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་དོན་རྟོགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་གང་ཡིན་པ་སྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་ལྟར་སྒྲ་ཙམ་གྱིས་གསལ་བར་འགྱུར་བའི་སྒྲའི་བདག་ཉིད་དེ་ལ་ཡང་སྒྲུབ་པར་མི་ནུས་པ་དེ་ལྟར་ན། སྒྲ་ཙམ་ལས་ཐ་དད་
པར་བརྟགས་པའི་སྒྲ་གཞན་གྱིས་ཅི་ཞིག་བྱ། དེ་བས་ན་ཡི་གེ་རྣམས་ཀྱང་སྐྱེས་བུས་མ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ཡི་གེ་ལས་བཟློག་པ་ནི་ངག་མ་ཡིན་གྱི་འོན་ཀྱང་གལ་ཏེ་ཡི་གེའི་རིག་པ་ངག་དེ་དག་དེ་ཡང་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེ་ན། དེ་ནི་མིན་ནོ། །ཅིའི་ཕྱིར་ཞེ་ན།
གོ་རིམས་ལས་ཡི་གེ་རྣམས་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡི་གེ་དག་ལས་དོན་གཞན་དུ་གྱུར་པའི་སྒྲའི་ངོ་བོ་ཉིད་ཀྱི་ངག་ནི་སྐྱེས་བུས་མ་བྱས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཁོ་བོ་ཅག་གི་ཡི་གེའི་གོ་རིམས་ཀྱི་མཚན་ཉིད་ཅན་ནི་ངག་
ཡིན་ཏེ། དེ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཡི་གེ་རྣམས་ཀྱི་གོ་རིམས་ཁས་ལེན་པ་ན་ཡི་གེ་དག་ལས་ཐ་དད་པའི་ཁྱད་པར་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དམིགས་པ་ཡང་མེད་དོ་ཞེས་རང་བཞིན་མི་དམིགས་པ་བརྗོད་པར་བྱའོ། །ཅི་སྟེ་གོ་
རིམས་སུ་མི་སྣང་བ་དེའི་ཚེ་ཡང་གོ་རིམས་དེ་ལས་དོན་རྟོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡང་མངོན་སུམ་གྱིས་གོ་རིམས་ཐ་དད་པར་མ་གྲུབ་པ་དེ་ལྟ་ན་ཡང་རྗེས་སུ་དཔག་པ་ལས་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ལོག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟགས་མེད་

པའི་ཕྱིར་ཏེ། གོ་རིམས་དེ་དོན་གཞན་དུ་གྱུར་པ་ཉིད་དུ་གྲུབ་པའི་རྟགས་ཡོད་པ་མ་ཡིན་ནོ། །དེ་དེ་ལྟར་ན་ཡི་གེ་དག་ལས་གོ་རིམས་ཐ་དད་པ་དང་ལྡན་པ་ཡང་མེད་པ་དེའི་ཚེ་འཇིག་རྟེན་པ་དང་རིག་བྱེད་པའི་ངག་ཐམས་ཅད་ལས་ཡི་གེ་ཙམ་ལུས་པའི་ཕྱིར་སྔ་མ་བཞིན་དུ་སྟེ།
འདིས་ལྷག་པ་ཅི་ཞིག་བྱས་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་སྐྱེས་བུས་མ་བྱས་པར་ཐལ་བར་འགྱུར་བ་བཤད་ཟིན་ཏོ། །ཡི་གེའི་གོ་རིམས་སྐྱེས་བུས་མ་བྱས་པ་ཉིད་དུ་རིགས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་རྣམ་པར་གཞག་པའང་མེད་པ་སྟེ། རྣམ་པར་གནས་
པའི་རིམ་པ་ཅན་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་པར་གནས་པའི་གོ་རིམས་གཅིག་ལས། གོ་རིམས་གཞན་ནི་འགལ་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གལ་ཏེ་ཡི་གེ་རྣམས་ཀྱི་གོ་རིམས་མ་བྱས་པ་ཡིན་ལ། ཡི་གེ་དག་རིགས་མཚུངས་པ་མང་པོ་དག་མ་ཡིན་
ན་གང་གིས་རིག་བྱེད་མ་ཡིན་ཏེ། འགའ་ཞིག་རྣམ་པར་གནས་པའི་གོ་རིམས་ཅན་དུ་འགྱུར་འཇིག་རྟེན་པ་གཞན་ཇི་ལྟར་འདོད་པ་བཞིན་དུ་གཞན་དུ་འགྱུར་བ་ཅན་ཏེ། གང་ལ་ཇི་ལྟར་འདོད་པ་བཞིན་དུ་གཞན་དུ་གྱུར་པའི་གོ་རིམས་གཞན་གྱིས་རྣམ་པར་གནས་པ་ཡོད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །
འོ་ན་ཅི་ཞེ་ན། འཇིག་རྟེན་གསུམ་ན་ཡི་གེ་ཨ་ཉིད་དེ། ཇི་ལྟར་ཡི་གེ་ཨ་གཅིག་ཡིན་པ་དེ་བཞིན་དུ་ཡི་གེ་ག་ཡང་ཡིན་ནོ། །གང་གི་ཚེ་གཅིག་ཉིད་ཡིན་པ་དེའི་ཚེ་ཡི་གེ་རྣམ་