Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 161
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
ྱུག་གོ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་ ལ་སོགས་པ་ཆོས་ཀྱི་འདུན་སའི་གནས་དེར་རོ། །མཇུག་ཏུ་ཁྲུས་བྱའོ་ཞེས་བྱ་བ་ནི་ཕྱག་དར་ལ་སོགས་པ་ཟིན་པའི་མཇུག་ཏུའོ། །ཡང་ན་རྐང་ལག་བཀྲུའོ། །ཆུས་བརླན་པས་ལུས་ཀྱང་བྱུག་གོ་ཞེས་བྱ་བ་ནི་རྫས་ཀྱི་ངོ་བོ་བསྟན་པས་ལག་པ་ལ་སོགས་པ་རྣམས་གང་ཡང་རུང་བ་དེས་ཞེས་བྱ་བ་ ཤེས་པར་བྱའོ། །སྣུམ་བག་གི་ཉེད་པ་བྱའོ་ཞེས་བྱ་བ་ནི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལའོ། །དཀོན་མཆོག་གི་དོན་དུ་ཕྱག་དར་བྱས་པ་དང་ཞལ་ཞལ་བྱས་པ་དང་། དྲི་གཙང་ཁང་དང་སྐུ་གཟུགས་དང་མཆོད་རྟེན་དང་སྲོག་ཤིང་གི་གྲིབ་མ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ ཅིང་འགོམ་མོ་ཞེས་བྱ་བ་ལ། འདིར་ཞལ་ཞལ་ཞེས་བྱ་བ་ནི་བྱུག་པ་ལ་རིག་པར་བྱའོ། །ཉི་མ་དེ་ཉིད་ལ་གནས་མལ་ལ་སོ་སོར་བརྟགས་ལ་དེས་བཅོས་པར་བྱའོ་ཞེས་བྱ་བ་ནི་ཚེས་བརྒྱད་དང་བཅུ་བཞིའི་ཉི་མ་དེ་དག་ལའོ། །སུས་དེ་ལ་སོ་སོར་བརྟག་པར་བྱ་ཞེ་ན། དེའི་ཕྱིར་རྡོལ་བ་ལ་སོགས་པ་ དང་ལྡན་པ་དག་གིས་སོ་ཞེས་བྱ་བ་སྨོས་ཏེ་མལ་ཆ་ལ་སོགས་པའོ། །སུས་བཅོས་པར་བྱ་ཞེ་ན། དེའི་ཕྱིར་གནས་པ་དག་གིས་སོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཉིད་ཀྱིས་འདིར་མཁན་པོ་དང་སློབ་དཔོན་དག་གིས་མལ་སྟན་ལ་སོགས་པ་བཅོས་པར་བྱའོ། །གནས་མལ་གྱི་གཞིར་ཆག་ཆག་དང་ཕྱག་ དར་དང་། ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ནི་མ་མོ་ལས་འདི་དང་པོར་བྱས་ནས་བཀྲུའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །མལ་ཆ་དྲི་མས་གོས་པ་སྤྲུག་པར་བྱའོ། །གལ་ཏེ་ཧ་ཅང་ན་སྤྲུག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཧ་ཅང་དྲི་མ་ཅན་དུ་གྱུར་ན་འགྱུར་བྱེད་ཀྱི་ཆུ་ལ་སོགས་ པས་བཀྲུ་བར་བྱའོ། །ཆག་ཆག་གདབ་པའི་འོག་ཏུ་ཕྱག་གོ། །དེའི་འོག་ཏུ་བཤམ་མོ་ཞེས་བྱ་བ་ནི་ཕྱག་དར་བྱས་པའི་འོག་ཏུ་མལ་དང་སྟན་བཤམ་པར་བྱའོ། །གཞི་རྡུལ་དང་བཅས་པ་མ་སྤྲུགས་པ་ལ་མི་བྱའོ་ཞེས་བྱ་བ་མལ་དང་སྟན་གྱི་གཞི་ཁྲི་ལ་སོགས་པ་རྡུལ་དང་བཅས་པ་ཉིད་ཡིན་ན་དེ་ མ་སྤྲུགས་པའི་སྟེང་དུ་མལ་དང་སྟན་བཤམ་པར་མི་བྱའོ། །བཤམ་པར་བྱ་བ་དག་ལ་གོས་ཅིག་སྤྲུག་པར་སྤྱད་དོ་ཞེས་བྱ་བ་ནི་མལ་སྟན་བཤམ་པར་བྱ་བ་དེ་དག་གིའོ། །གོས་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར། ངན་པའོ་ཞེས་བྱ་བ་སྨོས་ཏེ་ཐམས་ཅད་ཀྱི་ཐ་མའོ། །དེ་བཅོས་སོ་ཞེས་བྱ་བ་ལ། དེ་ཞེས་ བྱ་བ་ནི་ཕྱིར་བཅོས་པ་དེའོ། །སྤྲུག་པའི་དོན་དུ་སྤྱད་པའི་དོན་གོས་ངན་པ་དེའོ། །མི་ནུས་པ་ཉིད་ན་རས་མར་བྱས་ཏེ་ཤིང་བུའི་རྩེ་མོ་ལ་བཏགས་ནས་སྤྲུག་གོ་ཞེས་བྱ་བ་ནི་དེས་ཁྲི་ལ་སོགས་པ་དག་སྤྲུག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་མི་རུང་བ་ཉིད་མ་ཡིན་ན། སྦྱིན་པ་པོའི་བསོད་ནམས་ མངོན་པར་སྤེལ་བ་དང་ཡུན་རིང་བ་ཉིད་དུ་བྱ་བའི་ཕྱིར་ལྕི་བ་དང་ས་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ཀར་གླན་པར་བྱའོ་ཞེས་བྱ་བ་ལ། དེ་ལྟར་ཡང་ཞེས་བྱ་བ་ནི་དེ་ལྟར་བྱས་ཀྱང་མི་རུང་བ་ཉིད་ཡིན་ནའོ་ཞེས་བྱ་བར་སྦྱར་རོ། །སྒོ་ཁང་དང་ཁྱམས་སུ་མལ་བཅའ་བ་དང་བཅས་ན་ཡང་གཟུང་བར་མི་བྱའོ་ཞེས་ བྱ་བ་ནི་དེ་དག་ཏུ་མལ་བཅའ་བར་ཡང་མི་བྱ་གཞན་གྱིས་བཅས་ན་ཡང་རང་གིས་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་བརྟགས་པ་ནི་སྐྱོན་ཡིན་ཏེ་གཟུང་བས་ཀྱང་ངོ་། །གཞན་གྱིས་བཅས་ན་ཡང་གནས་ཁང་ཡོངས་སུ་གྱུར་པ་ལ་སོགས་པ་རང་ལ་རག་ལས་པ་ཉིད་ཐོབ་པ་ལ་ཉེས་པ་སྤང་ བར་བྱའོ། །སྦྱིན་པ་པོས་མྱ་ངན་བསང་བའི་ཕྱིར་ཕུལ་བ་དེས་མཐོང་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་རྒྱལ་པོ་གསལ་རྒྱལ་གྱིས་རང་གི་མ་ཤི་བའི་མྱ་ངན་བསང་བའི་ཕྱིར། མའི་མལ་ཁྲི་དགེ་འདུན་ལ་ཕུལ་བ་དགེ་སློང་གིས་སྒོ་ཁང་དང་ཁྱམས་སུ་བཤམས་པ་རྒྱལ་པོས་ མཐོང་ནས། ཡང་མྱ་ངན་ལངས་པ་བྱུང་བའི་མཐའ་ལས་བཅས་པ་ཡིན་ཏེ། དེ་ལྟ་བུའི་རྫས་སྦྱིན་བདག་གིས་མཐོང་བར་མི་བྱའོ། །སྒྲ་མི་སྙན་པའི་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་དག་ལ་ཁྱམས་སུ་བཤམ་པར་བྱའོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་མལ་ཁྲི་དེ་བཀྲུས་སོ་ཞེས་བྱ་བ་ལ་སོགས་ པའི་སྒྲ་མི་སྙན་པའོ། །དེ་བསལ་བའི་གཉེན་པོའི་ཕྱིར་བཤམ་ཞིང་གཞན་གྱིས་མཐོང་བར་བྱ་བའོ། །ཁྲི་དང་ཁྲིའུ་བཅང་བར་བྱའོ་ཞེས་བྱ་བ་ནི་བྱེ་བྲག་མ་སྨོས་པའི་ཕྱིར་གང་ཟག་གིས་ཀྱང་ངོ་ཞེས་བྱ་བར་རྟོགས་པར་བྱའོ། །མ་མོ་ལས་འདི་ནི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ ནོ། །སྤྱིལ་བ་མི་ཉམས་པར་བྱ་བའི་ཕྱིར་ཁྲི་རྐང་གི་མཐིལ་མཉམ་པར་སྤྱད་པར་བྱའོ། །ཡང་དེའི་འོག་ཏུ་ཕུབ་མའི་ཕུང་པོ་གཞག་པའམ་དེ་རས་མས་དཀྲི་བར་བྱའོ་ཞེས་བྱ་བ་ལས། དེའི་ཞེས་བྱ་བ་ནི་ཁྲིའུའི་རྐང་པ་དེའི་འོག་ཏུའོ། །དགེ་འདུན་མ་ཡིན་པས་རྐང་པ་དཀྲིས་པའི་ཁྲིའུ་བསྟེན་པ་ བདག་གིར་མི་བྱའོ་ཞེས་བྱ་བ་ནི་སིལ་བུ་དག་ལས་སྒྲོན་མའི་ཤིང་ཤེས་པར་བྱ་བའི་བར་དུ་ཡང་ངོ་། །སྟན་བཟང་པོ་དང་རྒྱབ་རྟེན་དང་བཅས་པའི་སྟན་ཡང་མི་བྱའོ་ཞེས་བྱ་བ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱ་བའོ། །མར་མེའི་སྡོང་བུ་ཡང་མི་བྱའོ་ཞེས་བྱ་བ་ནི་ཤིང་ལྗོན་པའི་ རྣམ་པ་འདྲ་བའི་མར་མེའི་སྡོང་བུ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱ་བའོ། །འདིར་གཞུང་ནི། དགེ་འདུན་ལ་ནི་ཡལ་ག་གཅིག་པའི་མར་མེའི་སྡོང་པོ་རྙེད་ན་ཡང་རྗེས་སུ་གནང་ངོ་། །གང་ཟག་ལ་ནི་རྗེས་སུ་མ་གནང་ངོ་། །ཡལ་ག་གཉིས་པ་དང་མང་པོ་ཡང་དེ་བཞིན་ནོ་ཞེས་ གསུངས་པ་ཡིན་ནོ། །ཁ་ཅིག་ལས་ནི་ཡལ་ག་དུ་མ་པ་ཞེས་སོ་ཞེས་བྱ་བ་ནི་ལུགས་ཁ་ཅིག་ལས་ནི་ཡལ་ག་དུ་མ་དང་ལྡན་པའི་མར་མེའི་སྡོང་པོ་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །ཡལ་ག་གཅིག་དང་ལྡན་པ་བདག་གིར་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་འབྱུང་ངོ་། །སྟན་ནང་ ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་བྱའོ་ཞེས་བྱ་བ་ནི་བྱེ་བྲག་མ་གཏོགས་པའི་ཕྱིར་ཐམས་ཅད་ཀྱིས་བཅང་བར་རྟོགས་པར་བྱའོ། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །འདིར་གཞུང་ནི་མ་མོ་ལས་སྟན་ནང་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་ བྱའོ་ཞེས་གསུངས་པ་ཡིན་ནོ། །སྔས་ནང་ཚངས་ཅན་གྱི་ངོ་བོ་བསྟན་པའི་ཕྱིར་ཁྲུ་བཞི་པ་དང་དོ་པ་ཉིས་བལྟབ་ཏུ་བྱ་སྟེ། བཙེམ་མོ་ཞེས་བྱ་བ་སྨོས་ཏེ། སྲིད་དུ་ནི་ཁྲུ་བཞི་པ་ཉིས་བལྟབ་དང་ཞེང་དུ་ནི་ཁྲུ་དོ་པ་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །ཤིང་བལ་གྱིས་བརྫང་ངོ་། །སོ་སོར་བརྟག་པ་མ་ བྱས་པར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་མལ་དང་སྟན་འདི་ལ་སོ་སོར་བརྟག་པ་མ་བྱས་ན་སོ་སོར་བརྟག་པ་མ་བྱས་པ་ཞེས་བྱ་བ་འདིས་བསྡུས་པའོ། །འདིར་གཞུང་ནི་དགེ་སློང་ཉལ་བར་བྱེད་ན་སོ་སོར་བརྟགས་ཏེ་ཉལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དྲན་པ་ཉེ་བར་མ་བཞག་པར་མི་བྱའོ་ ཞེས་བྱ་བ་ནི་དགེ་བ་བརྩམས་པ་དང་འབྲེལ་བ་དང་དགེ་བའི་ཕྱོགས་གཞན་དང་འབྲེལ་བ་དང་། དུས་ཇི་ལྟ་བ་བཞིན་དུ་ལྡང་བ་དང་འབྲེལ་བ་དང་ལུས་དང་གོས་མི་འཕྱར་བ་དང་འབྲེལ་བའི་དྲན་པ་ཡིན་པར་རིག་པར་བྱའོ། །གཞན་དང་ལྷན་ཅིག་ཁྲིའམ་སྟན་ནམ་གཞན་ལ་ཅིག་ཅར་མི་བྱའོ་ཞེས་བྱ་ བ་ནི་ཉལ་བར་མི་བྱ་བ་སྟེ། གཞན་ལ་ཞེས་སྨོས་པ་ནི་སྟེགས་བུ་ལ་སོགས་པའི་ཁྲི་དག་བསྡུའོ། །ངོ་ཚ་ཤེས་པ་མེད་ན་སྟན་སོ་སོར་བཏིང་སྟེ་གཏུར་བུའམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་རབ་ཏུ་བཅད་ནས་དྲན་པ་ཉེ་བར་གཞག་སྟེ་ཉལ་བར་བྱའོ་ཞེས་བྱ་བ་ནི་རེག་པའམ་ཀུན་ནས་ཉོན་མོངས་ པའི་གཉེན་པོར་གྱུར་པ་ཞེས་བྱ་བ་ཤུགས་ཀྱིས་ཤེས་པའོ། །གསུམ་ལས་ལྷག་པ་དང་པོ་དང་ལྷན་ཅིག་ཁྲི་ལ་འཛེགས་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི་གང་ཟག་གསུམ་ལས་ལྷག་པ་མང་པོ་དང་ལྷན་ཅིག་ཏུ་ཁྲི་གཅིག་གི་སྟེང་དུ་འཛེགས་པ་དང་འདུག་པ་དང་ཉལ་བར་མི་བྱའོ། །གང་ ཞིག་ཁྲི་གཅིག་གི་སྟེང་དུ་གང་ཟག་གཉིས་སམ་གསུམ་ནི་འཛེགས་པ་དང་འདུག་པ་དང་ཉལ་བར་བྱའི་བཞི་ཡན་ཆད་ནི་མི་བྱ་ཞེས་བྱ་བའི་དོན་ཏོ། །ཁྲི་རིང་པོ་ལ་ནི་གཉིས་ལས་མི་བྱའོ་ཞེས་བྱ་བ་ནི། ལྷག་པར་མང་པོ་དང་ལྷན་ཅིག་འཛེག་པ་བསྟེན་པར་མི་བྱ་བའོ། །ཁྲིའུ་ལ་གཅིག་མ་ཡིན་པས་ མི་བྱའོ་ཞེས་བྱ་བ་ནི་གཅིག་ཁོ་ན་དེ་ལ་འདུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཁྲི་ཐུང་ངུའི་དཔེ་ཡིན་པར་རིག་པར་བྱའོ། །ཤིང་གི་ཁྲིའུ་ལ་ཡང་དེ་ལྟ་བུ་ཡིན་ཏེ། དེ་ལྟར་ཁྲིའུ་མེད་པས་དེ་ལ་ཡང་ཁྱབ་པ་ཉིད་ཀྱིས་ཡང་བ་ཉིད་དུ་རྣམ་པར་གཞག་པས་འདིར་དུ་མས་ འཛེག་པར་མི་འོས་པ་ཉིད་དོ། །ཤིང་གི་སྤང་ལེབ་ལ་ནི་སྟོབས་ཅི་ཡོད་པ་དང་གོ་ཅི་ཡོད་པ་ལས་ཤེས་པར་བྱའོ། །ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི་ལོ་གསུམ་ལས་ལྷག་པའི་དུས་བསྙེན་པར་རྫོགས་པའི་བར་དུ་གྱུར་པས་བསྙེན་པར་ རྫོགས་པའི་དུས་གཞན་གྱིས་བར་དུ་ཆོད་པ་ཉིད་དེ་དང་ལྷན་ཅིག་སྟན་ཐམས་ཅད་ལ་འཛེག་པ་ཉིད་བསྟེན་པར་བྱ་བ་མ་ཡིན་ནོ། །ཁྱིམ་གཞན་དུ་མེད་ན་མཁན་པོ་དང་ཡང་དྲན་པ་ཉེ་བར་གཞག་སྟེ་སྟན་གཅིག་ལ་འདུག་པར་བྱའོ་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་མམ་གཞན་འགའ་ཞིག་ཏུ་ནི་མ་ཡིན་ནོ། ། ཁྱིམ་པ་དང་གང་དུ་ཡང་མི་བྱའོ་ཞེས་བྱ་བ་ནི་ཁྱིམ་པ་དང་ཁྱིམ་གཞན་ཡང་རུང་གཙུག་ལག་ཁང་ཡང་རུང་བ་སྟེ། གང་ཡང་རུང་བར་སྟན་གཅིག་ལ་འདུག་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་ཡང་མི་བྱའོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་ བྱའོ། །ཟ་མ་དང་མ་ནིང་དང་མ་བསད་པ་ལ་སོགས་པ་དང་མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་མི་བྱ་བ་དག་དང་མི་བྱའོ་ཞེས་བྱ་བ་ནི་མ་མོ་ལས་འདི་ལ་སོགས་པ་གསུངས་ཏེ། དེ་དག་གང་དང་གང་དུ་ཡང་རུང་སྟན་གཅིག་ལ་ འདུག་པ་བསྟེན་པར་མི་བྱའོ། །བསླབ་པ་བྱིན་པ་དང་མི་བྱའོ་ཞེས་བྱ་བ་ནི་གང་དུ་ཡང་སྟན་གཅིག་ལ་འདུག་པ་བསྟེན་པར་མི་བྱའོ། །ཨར་མོ་ནིག་ནི་བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་སྟན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཨར་མོ་ནིག་ནི་བསྙེན་པར་རྫོགས་ པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པའི་གནས་སུ་སྟན་ཉིད་ཡིན་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ་འདུན་འདུས་པ་ལས་གཞན་པར་ཡང་ཨར་མོ་ནིག་ནི་དེ་ལ་ལོ་གསུམ་ལས་ལྷག་པའི་བར་དུ་ཆོད་པ་དང་ལྷན་ཅིག་འདུག་པ་བསྟེན་པར་མི་བྱའོ། །འདིར་བསྙེན་ པར་རྫོགས་པ་དང་བཅས་པ་ཞེས་སྨོས་པ་ནི་བསྙེན་པར་མ་རྫོགས་པ་དག་དང་ལྷན་ཅིག་དགེ་འདུན་ཚོགས་ན་ཡང་འདུག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨོས་སོ། །སྟེགས་བུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྟེགས་བུ་ནི་སར་གྱུར་པ་ཉིད་ཡིན་པས་སྟན་མ་ཡིན་ནོ། །དོགས་པའི་གནོད་པར་གྱུར་ ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་འདིར་འདུས་པའི་སྐབས་ཀྱི་བསླབ་པའི་གཞི་དེ་དག་ཐམས་ཅད་ལ་འདི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཁྱིམ་པ་དང་ལྷན་ཅིག་སྟན་ནང་ཚངས་ཅན་གཅིག་ལ་མཆིས་སུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ། རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་ ངོ་ཞེས་གསུངས་པ་ཡིན་ནོ། །གནས་མལ་སྦེད་པ་ན་གལ་ཏེ་གཉིས་ཡོད་ན་གཅིག་གིས་ཁྲིའམ་ཁྲིའུ་བསྐུར་ཞིང་ཅིག་ཤོས་ཀྱིས་སྟན་ནང་ཚངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི་གལ་ཏེ་གང་ཟག་གཉིས་ཡོད་ན་དེ་ལྟར་བསྐུར་བར་བྱའོ། །འདིར་བྱེ་བྲག་ཏུ་མ་སྨོས་པས་དགེ་འདུན་གྱི་འབའ་ ཞིག་ཏུ་མ་ཟད་ཀྱི་གང་ཟག་གི་ཡང་རུང་ངོ་། །དགེ་འདུན་གྱི་དེ་སྙིང་མི་བརྩེ་བར་མདུན་ནས་དྲང་བ་དང་། གཡས་གཡོན་ནས་དྲང་བར་མི་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་གནས་མལ་དེའོ། །ཅི་ནས་ཀྱང་དེ་དུ་བ་དང་རྡུལ་དང་དྲི་མ་དག་གིས་གོས་པར་འགྱུར་བ་དེ་ལྟར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ དགེ་འདུན་གྱི་དེའོ། །དེ་མི་གཙང་བའི་སྐྱབས་དང་ཉེ་བར་བསྟེན་པར་མི་བྱའོ། །ཉམས་པ་དོར་བར་མི་བྱའོ། །བསྲད་པ་དང་སྐམ་པ་དང་སྤྲུག་པ་དང་བུ་གུ་གླན་པར་བྱའོ། །རལ་བ་ན་ལྷན་རིངས་སོ། །དབུས་ཟེགས་ན་མཐའ་གཉིས་དབུས་སུ་བྱའོ། །དེར་འོས་པ་ཁ་བསྒྱུར་རོ། །ཕྱིར་བཅོས་ མ་ནུས་ན་དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་ཡིན་པ་གང་ཡང་རུང་བ་དག་གི་སྙིང་པོ་ཉིད་དུ་སྤྱད་དོ་ཞེས་བྱ་བ་ནི་དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་མིན་པ་ཡང་རུང་བ་དག་གིས་སྤྱད་པར་བྱ་སྟེ། དགེ་འདུན་སྦྱིན་བདག་ཡིན་པའི་ཡང་རྣམ་པར་སྦྱར་བར་བྱའོ། །དེར་མི་ མཁོ་བ་ཉིད་ཡིན་ན་འཇིམ་པ་དང་བསྲེས་ཏེ་དཀོན་མཆོག་དག་གི་རྩིག་པ་དང་། ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པའི་ཕྱིར་དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་ལ། དེར་མི་མཁོ་བ་ཉིད་ཡིན་ན་ཞེས་བྱ་བ་ནི་མར་མེའི་སྙིང་པོ་དེར་རོ། །དཀོན་མཆོག་དག་གི་ཞེས་བྱ་བ་ནི་དཀོན་མཆོག་དང་འབྲེལ་པ་རྣམས་ལའོ། ། དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་ནི་བསྲད་པ་ལ་སོགས་པ་དེ་རྣམས་ལ་ནན་ཏན་བྱ་བའོ། །གནས་མལ་ཇི་ལྟ་བུར་གྱུར་པ་སུས་བསྲད་པ་ལ་སོགས་པའི་ནན་ཏན་བྱ་ཞེ་ན། དེའི་ཕྱིར་བསྐོས་པ་ནི་མནོས་པས་སོ་ཞེས་བྱ་བ་སྨོས་ཏེ། བསྐོས་པ་གང་ཡིན་པ་དེས་སུ་ཞིག་ལ་སྦྱིན་པ་ སྟེ། བསྐོས་པ་མནོས་པས་བསྲད་པ་ལ་སོགས་པ་རྗེས་སུ་བསྒྲུབ་པར་བྱའོ། །ལྷག་མ་ནི་དགེ་འདུན་གཎྜཱི་བརྡུངས་པས་བསྡུས་ཏེའོ་ཞེས་བྱ་བ་ལ། ལྷག་མ་བསྐོས་པ་ནི་དགེ་འདུན་གྱིས་བསྲད་པ་ལ་སོགས་པ་དེ་དག་བསྡུས་ཏེ་བསྒྲུབ་པར་བྱ་ཇི་ལྟར་བསྡུས་ཏེ་བསྒྲུབ་པར་བྱའོ་ཞེ་ན། དེའི་ཕྱིར་གཎྜཱི་ བརྡུངས་པས་བསྡུས་ཏེའོ་ཞེས་བྱ་བ་སྨོས་ཏེའོ། །དགེ་འདུན་གྱི་རྐུ་འཕྲོག་བྱེད་པ་མཐོང་ལ་ནུས་ན་མི་བཟློག་པར་མི་བྱའོ་ཞེས་བྱ་བ་ལ། རྐུ་འཕྲོག་ནི་དཔེ་ཙམ་དུ་ཟད་དེ། ཆུད་ཟ་བར་འགྱུར་བ་དག་ལ་ཡང་ཆོ་ག་དེ་བཞིན་དུ་བསྒྲུབ་པར་བྱའོ། །བསྐྲད་པ་ན་དགེ་འདུན་གྱིས་ཡལ་བར་མི་དོར་རོ། །གནས་སུ་མ་སོན་ གྱི་བར་དུ་ཁྱེར་བར་བྱེད་པས་ལོངས་སྤྱོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བསྐྲད་པ་ནི་དགེ་འདུན་གྱི་དངོས་པོ་ཡལ་བར་དོར་ཏེ་བླངས་པ་གང་ཡིན་པ་དེ་ནི་དགེ་སློང་གི་གནས་སུ་མ་སོན་གྱི་བར་དུ་གང་གིས་ཁྱེར་བར་བྱེད་པའི་གང་ཟག་དེ་ཉིད་ཀྱིས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་པའོ། །དེར་རང་གི་གནས་སུ་ བསྐུར་བར་མི་འགྲུབ་ན་གནས་གཞན་དུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི་གནས་གཞན་དུ་ལོངས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་ནས་གཞན་དུ་ཡོངས་སུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་གནས་གཞན་གྱི་ཟས་ཀྱི་རྙེད་པ་བཟའ་བ་དང་ བཅས་པ་ལ་སོགས་པ་དང་། ཡོ་བྱད་ཀྱི་རྙེད་པ་མར་མེ་དང་འབྲུ་མར་དང་རྐང་པ་བསྐུ་བ་དང་། མཆིལ་ལྷམ་དང་གོས་དང་གདུགས་དང་ཤིང་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་། འབྲས་བུ་དང་སྨན་ལ་སོགས་པ་དག་གནས་དེར་གནས་པར་མི་བརྟེན་པས་གནས་གཞན་དུ་དྲང་ ཞིང་ཡོངས་སུ་སྤྱད་པར་མི་བྱའོ། །དེ་དེ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་དེ་གནས་གཞན་དུ་ཟ་བར་བྱེད་པ་དེ་ལ་སྦྱིན་པར་མི་བྱའོ། །ནོད་པ་འབུལ་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི་གནས་གཞན་དུ་ཟ་བར་བྱེད་པ་མནོས་པ་སྨོས་པ་གང་ཡིན་པ་དེ་འབུལ་དུ་གཞུག་ པར་བྱའོ། །མི་ཁུགས་ན་དབྲོག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ནོད་པ་སྟེ་མ་རྙེད་དམ། མཐུ་དང་ལྡན་པ་ལ་བརྟེན་པའི་ཕྱིར་ནོད་པ་དེ་ལ་དབྲོག་པར་མི་ནུས་ན། གང་གིས་དེ་ལ་སྦྱིན་པ་དེ་ལ་འབུལ་དུ་གཞུག་པར་བྱའོ། །འདིར་སིལ་བུ་དག་ལས། དགེ་སློང་གཞན་དུ་གནས་པས་གཞན་དུ་ཁྱེར་ ཏེ་ཅུང་ཟད་ཅི་ཙམ་ཟོས་པ་ཐམས་ཅད་རིན་ཐང་ཚང་བར་བྱ་སྟེ་འབུལ་དུ་གཞུག་པར་བྱའོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །ཆ་དབང་བ་དག་གིས་དགེ་འདུན་གྱི་རྩྭ་དང་ཤིང་མི་མཁོ་བ་དང་། རང་གི་དང་འདྲ་བར་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་གང་དག་དེས་འཐོབ་ཅིང་དེའི་ཆ་ དབང་བ་དག་གིས་དགེ་འདུན་གྱི་རྩྭ་དང་ཤིང་དགེ་འདུན་གྱི་ས་ཁོ་ནར་སྐྱེ་ཞིང་ཡོངས་སུ་མ་བཟུང་བ་དག་ཡིན་ལ་ཡོངས་སུ་བཟུང་བ་དང་འདིར་མི་མཁོ་བ་ཉིད་མ་ཡིན་ནོ། །མ་བསྐོས་པ་འཁོར་ཞིང་སྤྱད་པ་ལ་ཇི་ལྟར་འོངས་པས་ཡིན་གྱི་རྒན་རིམས་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི་མ་བསྐོས་པ་རེས་ཀྱིས་ འཁོར་ཞིང་སྤྱད་པ་ཟས་ལ་སོགས་པ་ལ་མར་མེ་བཞིན་དུ་ཅིག་ཅར་སྤྱད་པ་མ་ཡིན་པ་ལ་ནི་ཇི་ལྟར་འོས་པས་སྤྱད་པར་བྱའི་རྒན་རིམས་ཀྱིས་སྤྱད་པར་བྱ་བ་ནི་མ་ཡིན་གྱི། གང་ཞིག་མ་བསྐོས་ན་དང་པོ་སུ་འོངས་པ་དེ་ལ་གཡར་པོར་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅིག་ཅར་བརྙས་ན་ནི་དེའོ་ཞེས་བྱ་བ་ནི་ གལ་ཏེ་ཅིག་ཅར་བརྙས་པར་གྱུར་ན་ནི་ཅིག་ཅར་བརྙས་པ་དེ་རྒན་རིམས་ཀྱིས་སྤྱད་པར་བྱ་བའོ། །མ་ཟིན་ན་དེ་ལས་དབྲལ་བར་མི་བྱའོ་ཞེས་བྱ་བ་ལ་དེ་ལས་ཞེས་བྱ་བ་ནི་མ་བསྐོས་པ་དེ་ལ་སྦྱར་ཞིང་སྤྱད་པ་ལས་སོ། །དེ་བཀྲུ་བར་ཆུས་རྐང་པ་འབགས་པ་ཉིད་ན་དེ་ཡིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ མ་ཟིན་པ་ཉིད་དོ། །དེ་བཀྲུ་བར་ཞེས་བྱ་བ་ནི་རྐང་པ་དེ་བཀྲུ་བ་ལའོ། །ཆབ་ཁུང་ས་དེར་ཞུགས་པ་ཉིད་ནའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཆབ་ཁུང་ལའོ། །ཞུགས་པ་ཉིད་ན་ཞེས་བྱ་བ་ནི་མ་ཟིན་ནའོ། །སྒོམ་པའི་ཕྱིར་འདུག་པ་བསློང་བར་མི་བྱའོ་ཞེས་བྱ་བ་ལ་འདུག་པ་ཞེས་བྱ་བ་ནི་སྒོམ་པའོ། ། དེ་ལ་རྒན་རིམས་སུ་མི་བྱའོ་ཞེས་བྱ་བ་ནི་འདུག་པ་དེ་ལ་རྒན་རིམས་སུ་མི་བྱའོ། །འོན་ཀྱང་འདི་ལྟར་འོངས་པས་བྱ་བ་སྟེ། འདུག་པ་ལ་ཉེ་བར་མཁོ་བའི་སྟན་ལ་སོགས་པ་རྣམས་ལ་ཇི་ལྟར་འོངས་པ་ཉིད་ཀྱིས་ལོངས་སྤྱད་པ་སྟེ། ཇི་ལྟར་རྒན་རིམས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་ཏེ་དེ་བས་ན་དེའི་འདི་བྱ་ བའོ། །འདིར་གཞུང་ནི་དགེ་སློང་དག་སྤོང་བའི་ཁང་པ་ན་འཁོད་ཅིང་དགེ་བའི་ཕྱོགས་དག་བྱེད་པ་ན། དྲུག་སྡེ་དག་འོངས་ཏེ་ངེད་ཅག་རྒན་ནོ་ཞེས་བྱ་བས་སློང་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་རྒན་རིམས་སུ་མི་བྱའོ་ཞེས་གསུངས་པ་ཡིན་ནོ། ། དགེ་སློང་ལས་དང་ཟས་ཀྱིས་འབགས་པ་མི་བྱའོ་ཞེས་བྱ་བ་ནི་ལས་དང་ཟས་བརྩམས་པས་འབགས་པ་བསླང་བར་མི་བྱའོ། །བྱུག་རིས་མ་ཡིན་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་རང་གི་གོ་མ་ཡིན་པ་ནི་བྱུག་རིས་མ་ཡིན་པ་སྟེ་དེར་འདུག་པར་མི་བྱའོ། །བྱ་བ་བྱས་ནས་འཁོར་ཞིང་སྤྱད་པ་འདོད་པ་ཡོད་ན་ བཅང་བར་མི་བྱའོ་ཞེས་བྱ་བ་ལ། འཁོར་ཞིང་སྤྱད་པ་ཞེས་བྱ་བ་ནི་ཇི་ལྟར་འོས་པའི་སྤྱོད་པ་ལ་སྤྱད་པར་བྱ་བའོ། །བར་དུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལངས་པ་ནི་བྱ་བ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བར་མ་བྱ་བ་ཉིད་ཀྱི་དབང་གིས་ཐ་མ་བྱས་པ་ཉིད་ལ་ད་དུང་ལས་སྔ་མ་བརྩམས་པ་གང་ཡིན་པ་དང་། ཁྲིའུ་ལས་བབས་པ་གང་ཡིན་པ་དེ་ལ་འདི་བྱ་བ་བྱས་པ་ཉིད་དུ་ཤེས་པར་བྱ་བ་མ་ཡིན་ནོ། །དེའི་དུས་ན་དེ་ལ་ཆོས་གོས་སམ་པུས་འཁྱུད་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ཁྲིའུའོ། །དེའི་དུས་ན་ཞེས་བྱ་བ་ནི་བར་མ་བྱས་པ་ཉིད་ཀྱི་དབང་གིས་དུས་ལ་བཏང་བའི་དུས་ལའོ། །འདོད་པ་ཡོད་ ལ་གནས་ཡོད་ན་དགེ་འདུན་གྱི་སྦགས་པ་ཉིད་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་བ་གཞན་དག་ཡོད་ན་འགྲོ་བ་ཡང་ཡོད་ན་དེས་དགེ་འདུན་གྱི་ཡོ་བྱད་སྦགས་པ་ཉིད་བསྟེན་པར་མི་བྱའོ། །དོན་ཡོད་ན་རྣམས་པ་དེ་ལྟ་བུ་ལས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི་དོན་ཡོད་པ་ ཉིད་དང་འདོད་པའི་གང་ཟག་གཞན་ཡོད་པ་ལ་གང་ལ་སྦགས་པ་ཡོད་པ་ཉིད་བསྟེན་པའོ། །དེ་ལྟ་བུར་གྱུར་པ་ལས་ཡོ་བྱད་དེ་ལས་བྲལ་བར་བྱ་སྟེ་ཁྱེར་བ་ལ་ཁ་ན་མ་ཐོ་བ་མེད་པའོ། །ཅི་དགོས་པ་མེད་ཀྱང་ཁ་ན་མ་ཐོ་བ་མེད་པ་ཡིན་ནམ་ཞེ་ན། དེའི་ཕྱིར། དོན་ཡོད་ན་ཞེས་བྱ་བ་སྨོས་ཏེ། དགོས་པ་ཡོད་ པ་ལ་ཡིན་གྱི་མེད་ན་ནི་མ་ཡིན་ནོ། །དགེ་འདུན་གྱི་མཆིག་དང་མཆིག་གུ་བཅང་བར་བྱའོ། །འདྲེག་མཁན་གྱི་ལག་ཆ་ཡང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དགེ་སློང་གི་དགེ་འདུན་གྱི་ཕྱིར་བཅང་བའོ། །སྣོད་དུ་བཅུག་སྟེ་རྩིག་པ་ལ་ གཞག་གོ་ཞེས་བྱ་བ་ནི་འདྲེག་མཁན་གྱི་ལག་ཆའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། དགེ་སློང་གིས་དགེ་འདུན་གྱི་ཕྱིར་འདྲེག་མཁན་གྱི་ལག་ཆ་བཅང་བར་བྱ་ཞིང་སྣོད་དུ་བཅུག་སྟེ་རྩིག་པ་ལ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དང་དེ་དག་ གི་སྣོད་དང་བཅས་པ་ཡང་ངོ་ཞེས་བྱ་བ་ཡང་དགེ་འདུན་གྱིས་བཅང་བར་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་དག་གི་སྣོད་དང་བཅས་པ་ཞེས་བྱ་བ་ནི་སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དེ་དག་གི་སྣོད་དོ། །འདིར་གཞུང་ནི་ཤིང་དག་གཤགས་པར་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་སྟེའུ་དང་སྟ་རེ་དང་གཟོང་བཅང་བར་བྱའོ། །དགེ་སློང་ཞིག་གི་ཁྲི་ཆག་ནས་དགེ་སློང་དེས་སྨྲས་པ་ན་ཁོ་བོ་ལ་གཟོང་ཡོད་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པའི་ཕྱོགས་སུ་བྱའོ། །དགེ་འདུན་ གི་སྟེའུ་དང་སྣོད་ཀྱང་བཅང་བར་བྱའོ། །གང་ཟག་གིས་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེས་གཡར་པོ་ཉིད་དུ་ས་ལས་བྱས་པ་ཡན་ཆད་སྦྱིན་ནོ་ཞེས་བྱ་བ་ནི་དགེ་འདུན་དེས་དགེ་སློང་དེ་ལ་ལག་ཆའི་སྣོད་ཐ་ན་ས་ལས་བྱས་པ་ཡན་ཆད་ཀྱང་གཡར་པོ་ཉིད་དུ་ སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མས་མཆིང་བུའི་སྣོད་བཅང་བར་མི་བྱའོ། །ཐམས་ཅད་ཀྱིས་འབྲུ་མར་གྱི་སྣོད་བཅང་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་སོ། །ཕུལ་གང་མན་ཆད་ནས་ཕུལ་ཕྱེད་ཡན་ཆད་ཤོང་བའོ་ཞེས་བྱ་བ་ནི། འདིར་ཡན་ཆད་ ཀྱི་སྒྲ་བྲི་བར་བྱ་སྟེ་ཕུལ་ཕྱེད་ཡན་ཆད་ཅེས་བྱ་བའི་དོན་ཏོ། །ལྕགས་ཀྱི་དོག་ལེ་ཡང་ངོ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བཅང་བར་བྱའོ། །དེའི་ལྕགས་སྒྱེད་ཀྱང་ངོ་ཞེས་བྱ་བ་ནི་ལྕགས་ཀྱི་དོག་ལེའི་ལྕགས་སྒྱེད་རྐང་པ་གསུམ་པའམ། རྐང་པ་བཞི་པ་ཡང་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། ། ས་ལས་བྱས་པའི་ཐབ་ཀྱང་ངོ་ཞེས་བྱ་བ་ནི་རྒྱ་ཐབ་དང་སྒྱེད་པོ་ཡང་བཅང་བར་བྱའོ། །གནང་བ་ཐོབ་པས་འཁར་བའོ་ཞེས་བྱ་བ་ནི་གནང་བ་ཐོབ་པ་ཐམས་ཅད་ཀྱིས་བཅང་བར་བྱའོ། །དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་བྱ་བ་ནི་འདིར་དྲ་བ་ཞེས་བྱ་བ་ནི་བྱ་རྒྱའི་རྣམ་པ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། འདི་ ཉིད་དུ་དེ་གྲགས་པའི་ཕྱིར་རོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དྲ་བ་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་ཚོན་སྣ་ལྔའི་དྲ་བ་དག་ཉེ་བར་བཞག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སྣ་ལྔའི་དྲ་བ་དག་ཉེ་བར་གཞག་ པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་བྱ་བ་སྨོས་སོ། །གནང་བ་འདི་དག་ལ་སྦྱིན་པར་རིགས་སམ་ཞེ་ན། དེའི་ཕྱིར་དེ་སྦྱིན་པར་བྱའོ་ཞེས་བྱ་བ་སྨོས་སོ། །ཅི་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར་རྒས་པ་དང་ནད་པ་དག་ལའོ་ཞེས་བྱ་བ་སྨོས་སོ། ། དེ་གཉིས་ཚིག་གཅིག་གིས་སྦྱིན་པ་ཡང་སྲིད་དོ་ཞེས་བྱ་བ་ནི་གཅིག་གིས་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་གཅིག་གིས་སོ། །སྡིག་སྦྲུལ་ལ་སོགས་པའི་གཉེན་པོའི་ཕྱིར་འཁར་བ་སྒྲ་དང་བཅས་པ་བཅང་ངོ་ཞེས་བྱ་བ་ལ། སྔར་རྒན་པོ་དང་ནད་པ་དག་ལ་གནང་བ་སྦྱིན་པའི་འཁར་བ་ནི་ལུས་རྟེན་པའི་ཕྱིར། བེ་ཅོན་སྦོམ་པོ་རྗེས་སུ་གནང་བ་ཡིན་ནོ། །དེ་དང་མི་འདྲ་བའི་ཕྱིར་དེ་བས་ན་འདིར་རྗེས་སུ་མཐུན་པར་ངེས་པ་སྟེ་དེ་ལས་གཞན་པའི་སྐབས་ཀྱི་བྱེ་བྲག་མེད་དོ། །དེ་བས་ན་དེ་འཆང་བའི་ཆོ་ག་འདི་དགོས་པ་གཞན་གྱི་བརྗོད་པར་ཤེས་པར་བྱའོ། །མ་མོ་དག་ལས་དེ་དང་པོར་བྱ་སྟེ། དེ་བྱིན་པས་ཞེས་ བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཡུ་བའི་རྩ་བ་ནས་གས་ན་སྦུ་གུ་བསྐོན་ནོ་ཞེས་བྱ་བ་ལ་འཁར་བའི་ཡུ་བ་དང་། འཁར་གསིལ་གྱི་ཡུ་བ་དང་། གོས་ཀྱི་སྲོག་ཤིང་གི་ཡུ་བ་དག་ཅེས་སྨོས་པས་གཟུང་བའོ། །དེ་དག་གི་རྩ་བ་མ་ཐོག་གས་ན་ལྕགས་ཀྱི་སྦུ་གུ་ངོས་གཅིག་ནས་ཞབས་བཅུག་ པ་བསྐོན་པར་བྱའོ། །ཡ་ཐོག་དཀྲི་བས་སོ་ཞེས་བྱ་བ་ནི་ཡུ་བ་དེ་དག་གི་ཡ་ཐོག་གས་ན་དཀྲི་བ་བསྐོན་པར་བྱ་སྟེ། ལྕགས་ཀྱི་གླེགས་བུས་ཀུན་ནས་འཁོར་བར་དཀྲི་བར་བྱའོ། །འདིར་གཞུང་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་བསིལ་བའི་ཚལ་གྱི་དུར་ཁྲོད་ན་སྡིག་སྦྲུལ་དག་མང་བས་དེ་ན་དགེ་ སློང་དུར་ཁྲོད་དུ་འགྲོ་བ་དག་སྡིག་སྦྲུལ་དག་གིས་ཟིན་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་སྦྲུལ་བཟློག་པའི་ཕྱིར་འཁར་བ་སྒྲ་དང་བཅས་པ་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྨྱིག་མ་མཁན་གྱིས་བྱས་པའམ་ལོ་མ་ལས་བྱས་པའི་གདུགས་བཅང་ བར་བྱའོ་ཞེས་བྱ་བ་ལ། སྨྱིག་མས་འཚོ་བ་ནི་སྨྱིག་མ་མཁན་ཏེ། དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ་གདུགས་ཁྲ་བོ་བཀྲ་བ་དག་བྱེད་པས་དེ་འདིར་ཉེས་པ་མེད་པར་བསྟན་པའི་ཕྱིར་སྨྱིག་མ་མཁན་གྱི་སྒྲས་སྨོས་པར་བྱའོ། །དེ་ལས་གཞན་པ་ཁྲ་བོ་བཀྲ་བ་དག་བརྟག་པར་བྱ་བ་མ་ཡིན་ནོ། །ཡུ་བ་ནི་ ལུས་ཀྱི་ཚད་དོ་ཞེས་བྱ་བ་ནི་ལུས་ཀྱི་ཚད་ཀྱི་ཡུ་བ་འདིར་ཞེས་བསྡུ་བའོ། །དེས་གྲོང་དབུས་སུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ནི་གདུགས་དེས་སོ། །གལ་ཏེ་ལམ་གྱི་དབང་གིས་ན་གློར་བསྙལ་ཏེའོ། །ཆར་འབབ་པ་ཉིད་ན་བསོད་སྙོམས་ལ་རྒྱུ་བར་བྱའོ་ཞེས་བྱ་བ་ནི་གདུགས་ ཀྱིས་གྲོང་དབུས་སུའོ། །ཡུ་བ་ལ་གཞར་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དྲི་མ་བཀྲུ་བར་བྱ་བའི་ཕྱིར་ཡུ་བ་ལ་བྱི་དོར་བྱ་བར་རིག་པར་བྱ་སྟེ། །འདིར་དེ་ལྟར་བརྗོད་པར་བྱའོ། །ཆད་ན་ཁྱིམ་དག་ཏུ་གཞག་གོ་ཞེས་བྱ་བ་ནི་ཆར་པ་ཆད་ན་དེའི་དྲུང་དུ་འདུག་པའི་ཁྱིམ་གང་ཡིན་པ་དེར་འདུགས་ཏེ་ བཏགས་ཏེ་གཞག་གོ། །འབྱུང་ཁར་བླང་ངོ་ཞེས་བྱ་བ་ནི་གདུགས་གང་དུ་གཞག་པའི་གྲོང་དེ་ནས་ཕྱིར་འབྱུང་ཁར་དེ་བླང་ངོ་། །གཙུག་ལག་ཁང་ན་གནས་པའི་སྐབས་བཤད་ཟིན་ཏོ།། །།ད་ནི་གནས་གཞན་ན་གནས་པའི་སྐབས་བརྗོད་པར་བྱ་སྟེ། །རོལ་མོ་མཁན་གྱི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་གྱི་གནས་དག་བསྟེན་པར་མི་བྱའོ་ཞེས་བྱ་བ་ལ། རོལ་མོ་ཞེས་བྱ་བ་ནི་གླུ་མཁན་ལ་སོགས་པ་རྩེ་འཇོའི་གནས་སོ། །གདོལ་པའི་ཁྱིམ་གྱི་གནས་དག་ཞེས་བྱ་བ་ནི་གདོལ་པའི་ གནས་དག་གོ། །དེ་ལྟར་སྤྱོད་ཡུལ་མ་ཡིན་པའི་གནས་ལྔ་པོ་དེ་དག་ཏུ་འཇུག་པར་མི་བྱའོ། །མི་གཙང་བའི་སྐྱབས་དང་ཉེ་བར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་འཇུག་པའི་ཕྱིར་སོང་ན་ཡང་དེའི་ཉེན་ཀོར་དུ་བསྡད་པར་མི་བྱའོ། །འདིར་གཞུང་ནི་གླེང་གཞི་དག་ལས་དེ་ལྟ་བས་ན། དགེ་སློང་ གིས་ཆབ་ཁུང་སར་སོང་ན་འདུ་འཛིས་གནས་པར་མི་བྱའོ། །དེའི་ཉེ་འཁོར་དུ་ལུང་དབོག་པར་མི་བྱ་བཀླག་པར་མི་བྱ་ཁ་ཏོན་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གོས་རིན་པོ་ཆེར་གྱུར་པས་དགོན་པར་གནས་པར་མི་བྱའོ་ཞེས་བྱ་བ་ནི་ལ་བ་རིན་པོ་ཆེ་ལ་སོགས་པ་རིན་ཆེ་བས་སོ། །ལྡུམ་བུ་ ནི་མེ་རུ་ཀའི་ཕྱེ་མས་ལ་བ་ལ་སྲོག་ཆགས་དག་མི་འབྱུང་ངོ་། །ཤིང་ཀུན་གྱིས་ཀྱང་ངོ་ཞེས་བྱ་བ་ལ་ཤིང་ཀུན་གྱི་ཕྱེ་མས་ཀྱང་ལ་བ་ལ་སྲོག་ཆགས་དག་མི་འབྱུང་བའོ། །ཤིང་ནིམ་པ་དང་བ་ཤ་ཀའི་ལོ་མ་དག་གིས་ཀྱང་ངོ་ཞེས་བྱ་བ་ནི་ཤིང་ནིམ་པ་དང་བ་ཤ་ཀའི་ལོ་མ་དག་གིས་ཀྱང་ ངོ་ཞེས་བྱ་བའི་དོན་ནོ། །རིམ་པ་དེར་སོང་ན་དེ་ལ་ཤིན་ཏུ་ཕན་པ་ཉིད་དོ་ཞེས་བྱ་བ་ལ། རིམ་པ་དེར་སོང་ན་ཞེས་བྱ་བ་ནི་རིམ་པ་དེ་ལ་ཤིན་ཏུ་ཕན་པ་ཉིད་དུ་འགྱུར་ཏེ། དེ་ཙམ་གྱི་མཐུས་རིམ་པ་གཞན་ལ་ཡང་ཤིན་ཏུ་ཕན་པའི་དྲི་འབྱུང་ངོ་། །དེ་རྣམས་ལ་ཡང་ཕན་པ་དེ་ཉིད་འབྱུང་བའོ། །སྐམ་པ་ཡང་ དེའི་དོན་ཉིད་ཡིན་ནོ་ཞེས་བྱ་བ་ནི་གོས་སྐམ་པ་ཡང་སྲོག་ཆགས་མི་སྐྱེ་བ་དེའི་དོན་ཉིད་ཡིན་པའོ། །འདིར་གཞུང་ནི་དུས་དུས་སུ་བསྐམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགོན་པ་བས་ཕྱོགས་དང་ལམ་དང་། ཚེས་གྲངས་དང་ཉི་མ་དང་རྒྱུ་སྐར་དག་ལ་མཁས་པར་བྱའོ་ཞེས་བྱ་བ་ནི་དགོན་པ་པས་ དེ་དག་ཤེས་པར་བྱ་བའོ། །རྟག་ཏུ་མེ་དང་ཆུ་ཡོད་པར་རོ། །ཕྱེ་དང་རས་མ་དག་དང་སྦྲང་རྩི་དང་ཞུན་མར་དག་ཅི་འབྱོར་པ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ། ཕྱེ་དང་ཞེས་བྱ་བ་ཐམས་ཅད་དུ་ཅི་འབྱོར་པ་ཞེས་བྱ་བ་ལྷག་མ་ཉིད་ལ་ཡང་རིག་པར་བྱའོ། །འདིར་གཞུང་ནི་ཕྱེ་དང་སྦྲང་རྩི་དང་ཞུན་མར་ ཅི་འབྱོར་པ་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཟས་ལས་ལྷག་རོལ་བྱུང་ན་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་ཟས་ལས་ལྷག་རོལ་ལུས་པར་གྱུར་ན་ཡང་ཉེ་བར་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མས་དགོན་པར་གནས་པར་མི་བྱའོ། །གྲོང་ཁྱེར་གྱི་ནང་དུ་ དབྱར་ཁང་བྱའོ། །དེས་དེའི་ཕྱིར་སྒོར་འདུག་པར་མི་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་དབྱར་ཁང་དེའི་འོ། །དེས་ཞེས་བྱ་བ་ནི་དགེ་སློང་མ་དེས་སོ། །སྣང་གཡེལ་ཅན་དུ་མི་བྱའོ་ཞེས་བྱ་བ་ནི་འདུག་པར་ཏེ། འདིར་སྣང་གཡེལ་ཞེས་བྱ་བ་སྐར་ཁུང་འབའ་ཞིག་ཏུ་མ་ཟད་ཀྱི་གང་དུ་ཕྱི་ རོལ་སྣང་བ་ཐམས་ཅད་ཡང་ཡིན་པར་རོ། །ལམ་བཞི་མདོར་མི་བྱའོ། །གོས་མེད་པ་ཅན་གྱིས་མི་བྱའོ་ཞེས་བྱ་བ་ནི་འདུག་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དབྱར་ཁང་ཞེས་སྨོས་པ་ནི་ལམ་གྱི་བཞི་མདོ་ལས་ལོག་པ་སྟེ། ཐམས་ཅད་དུ་ཆོ་ག་འདི་ཉིད་ཡིན་ནོ། །དེ་ལ་རྔུལ་གཟན་ནི་གོས་ ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་དེ་ཐོག་མར་གསུངས་པའི་ཆོ་ག་ལའོ། །དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་མི་བྱའོ་ཞེས་བྱ་བ་ནི་རྔུལ་གཟན་གྱི་གོས་ཉིད་གོན་དུ་ཟིན་ཀྱང་དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་འདུག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། ། དེའི་སྐྱིལ་མོ་ཀྲུང་གི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་དོ་ཞེས་བྱ་བ་ལ། སྐྱིལ་མོ་ཀྲུང་གི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདིར་ཏིང་ངེ་འཛིན་ལ་འདུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟག་བྱེད་ཀྱི་སྒོར་སྲོག་ཆགས་མི་འཇུག་པར་བྱ་བའི་ཕྱིར་གོས་ལ་སོགས་པས་གཡོག་གོ། །དགེ་སློང་དག་གིས་དགེ་ སློང་མ་གཙུག་ལག་ཁང་དུ་འཇུག་པ་བཟློག་པར་མི་བྱའོ། །དེ་དག་གཏམ་མི་འདྲེ་བ་དང་མི་གདམས་པ་དང་གསོ་སྦྱོང་དང་དགག་དབྱེ་གཞག་པ་དག་གིས་ཡོངས་སུ་གདུལ་བར་བྱའོ། །དེས་དགེ་སློང་རྗེས་སུ་གནང་བ་བྱེད་དུ་མ་བཅུག་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ སྨོས་ན། དགེ་སློང་གིས་དེ་ལ་ཇི་ལྟར་རྗེས་སུ་གནང་བར་བྱ་ཞེ་ན། དེའི་ཕྱིར་ཁྱོད་ནད་དང་བཅས་པ་མ་ཡིན་ན་རྗེས་སུ་གནང་ངོ་ཞེས་སོ་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་རྗེས་སུ་གནང་བར་བྱ་བའམ་ཞེ་ན། དེའི་ཕྱིར་དྲི་བ་ཞེ་འགྲས་པ་མེད་པ་ཉིད་ངེས་པར་ཤེས་པར་བྱས་ཏེའོ་ཞེས་བྱ་བ་སྨོས་ཏེ། དྲི་བ་གང་གིས་དེ་ལ་ཞེ་འགྲས་པ་མེད་ཅིང་དྲི་བ་དེ་ཤུགས་ཀྱིས་ཤེས་པར་བྱའོ། །གནས་ཀྱི་ཡང་དག་པར་སྦྱོར་བའི་སྐབས་བཤད་ཟིན་ཏོ།། །།ད་ནི་སྦ་བའི་རྣམ་པར་གཞག་པ་དང་ཡོངས་སུ་བསྐྱབ་པའི་སྐབས་བརྗོད་པར་བྱ་སྟེ། འཕྲེད་གཏན་དང་གནམ་གཟེར་དང་། འཁོར་གཏན་ དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་དག་གཙུག་ལག་ཁང་བསྡམས་པའི་ཕྱིར་ཡང་དག་པར་སྦྱར་རོ་ཞེས་བྱ་བ་ལ། འདིར་གཞུང་ནི་སིལ་བུ་དག་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་སྡོམ་པར་བྱེད་པ་དག་ཡིན་ཏེ་ལྔ་གང་ཞེ་ན། འཕྲེད་གཏན་དང་ གནམ་གཟེར་དང་འཁོར་གཏན་དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་སྟེ། དེ་དག་གཙུག་ལག་ཁང་ན་བདོག་ན་དེ་དག་ཐམས་ཅད་དགེ་སྐོས་ཀྱིས་བཅང་བར་བྱའོ་ཞེས་གསུངས་པ་དང་། རྣམ་པར་འབྱེད་པ་ལས་ཀྱང་དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་དགེ་སྐོས་ལ་ཚེ་དང་ལྡན་པ་ཁྱོད་ ཀྱིས་སྒོ་བཅད་དམ། གཙུག་ལག་ཁང་སོ་སོར་བརྟགས་སམ་ཞེས་བྲི་བར་བྱའོ་ཞེས་གསུངས་པ་དང་མ་མོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གནས་མལ་བསྲུང་བའི་ཕྱིར་ལྡེ་མིག་འཁྱོག་པོ་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་ སྐོས་ཀྱིས་དགོངས་ཀར་གཙུག་ལག་ཁང་སོ་སོར་བསྡམས་ནས་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་བསྡམས་ནས་དགོངས་ཀར་སོ་སོར་བརྟག་པར་བྱ་སྟེ། གཙུག་ལག་ཁང་ཞེས་བྱ་བ་དང་སྦྱར་བར་བྱའོ། །སྒོ་བསྡམས་ནས་དེའི་ཞེས་བྱ་བ་རིག་པར་བྱའོ། །འཇིགས་པ་ དང་བཅས་པ་ཉིད་ཡིན་ན་ཐུན་པ་ཉིད་ཀྱིས་མེལ་ཚེ་བྱའོ། །དེར་གྱུར་པས་ཉལ་བ་དང་སྙོམས་པར་ཞུགས་པ་དག་སྤང་ངོ་ཞེས་བྱ་བ་ལ། དེར་གྱུར་པ་ཞེས་བྱ་བ་ནི་མེལ་ཚེའི་ཐུན་པར་གྱུར་པས་གནས་པའོ། །དང་པོར་སྤང་བར་བྱ་བའི་སྒྲ་མི་བྱེད་པ་ངེས་པར་རྟོགས་པར་བྱའོ། །གཞན་དུ་ན་ཡིད་རྟོན་པ་ལ་ འཁུས་པར་འགྱུར་རོ། །དེ་དག་ལ་འཁུ་བ་ཡོད་པ་ཞེས་བྱ་བ་འདིར་ངེས་པར་རྣམ་པར་གཞག་གོ། །དེར་དགེ་འདུན་གྱི་གནས་བརྟན་གྱིས་དགེ་སྐོས་ལ་དམ་གཞག་བྱས་པ་ཉིད་དྲི་བར་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་གཙུག་ལག་ཁང་བསྡམས་པ་ལ་སོགས་པ་དེར་རོ། །དམ་གཞག་བྱས་པ་ཉིད་ ཅེས་བྱ་བ་ནི་བྱ་བ་དང་བྱེད་པ་ལ་ངེས་པར་སྦྱར་བ་དག་གོ། །གལ་ཏེ་ཡང་དག་པར་སྦྱོར་བ་དག་གིས་མ་བསྡམས་པ་ཉིད་ན་གཙུག་ལག་ཁང་བརླག་ན་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཡང་དག་པར་སྦྱར་བ་ཞེས་བྱ་བ་ནི་འཕྲེད་གཏན་ལ་སོགས་པ་རྣམས་ཀྱིས་སོ། ། འཇལ་དུ་གཞུག་པར་བྱ་བ་ནི་བརླག་པའི་དངོས་པོ་དེའོ། །དེ་དག་ཇི་ཙམ་ཉམས་པར་བྱས་པ་དེ་ཙམ་གྱི་ཆ་དག་གོ་ཞེས་བྱ་བ་ནི་བསྡམས་པའི་ཕྱིར་ཡང་དག་པར་སྦྱོར་བ་སུ་དག་ལས་གཅིག་གམ་དུ་མ་འམ་མང་པོས་བསྡམས་པ་མ་བསྒྲུབས་ཤིང་ཉམས་པར་བྱས་ན་ཡང་དག་པར་སྦྱོར་བ་དེ་དག་གི་ཆ་ དག་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ཏེ། གལ་ཏེ་གཅིག་གིས་མ་བསྡམས་ན་གཅིག་གི་ཆ་འཇལ་དུ་གཞུག་གོ། །ཇི་དེ་གཉིས་ཀྱིས་མ་བསྡམས་ན་གཉིས་ཀྱི་ཆ་འཇལ་དུ་གཞུག་པའོ། །ཇི་སྲིད་དུ་ལྔ་ཆར་གྱིས་མ་བསྡམས་ན་སྐྱིན་པ་རིལ་གྱིས་འཇལ་དུ་གཞུག་གོ། །ལྡེ་ མིག་འཁྱོག་པོ་དང་སྒོ་ལྕགས་བཅང་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་སོ། །སྡོམ་པ་ཇི་སྙེད་ཡོད་པ་དག་གིས་སྒོ་མ་བསྡམས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་འཕྲེད་གཏན་ལ་སོགས་པར་སྡོམ་པར་བྱེད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྒོ་མ་བསྡམས་པར་གཞན་དུ་འགྲོ་བར་མི་ བྱའོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་གནས་སྟོང་པར་ཞུགས་པར་གྱུར་ན་དེར་ཆག་ཆག་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་འདི་ནི་ཡོངས་སུ་བསྐྱང་བའི་རྣམ་པ་སྟེ་དེས་ན་འདིར་ནི་དེ་ཞུགས་པའོ། །སྣོད་སྤྱད་ཙམ་པ་འཁོས་སུ་དབབ་པར་བྱའོ་ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བསྡུ་སྐྱོག་བྱ་ཞིང་ འཁོས་སུ་དབབ་པར་བྱ་བའོ། །གལ་ཏེ་དེ་བཟོད་ན་བྱི་དོར་བྱའོ་ཞེས་བྱ་བ་ནི་གལ་ཏེ་བཀྲུ་བཤལ་ལ་སོགས་པ་བྱི་དོར་བྱ་བ་དེ་བཟོད་ཅིང་འོས་པ་ཡིན་ན་བྱི་དོར་བྱ་སྟེ་འཁོས་སུ་དབབ་པར་བྱའོ། །གལ་ཏེ་རུང་པར་བྱེད་པ་ཡོད་ན་སྔོ་སྲབ་པར་བྱེད་དུ་གཞུག་གོ། །གལ་ཏེ་དེར་ཁྱིམ་པ་དག་ལྷགས་ན་དེ་ དག་ལ་ཆོས་དང་ལྡན་པའི་གཏམ་དང་ནུས་པའི་ཆོས་གཞན་ཡང་བྱའོ་ཞེས་བྱ་བ་ལ། གཞན་ཡང་ཞེས་བྱ་བ་ནི་ཟས་སྐོམ་དང་དབྱར་གཟིགས་ལ་སོགས་པའོ། །གནས་ཀྱི་གཞིའི་ནང་གི་སྐབས་བཤད་ཟིན་ཏོ།། །།ད་ནི་ཕྱིའི་སྐབས་བརྗོད་པར་བྱ་སྟེ། ཤིང་ལྗོན་པ་བསྐྱེད་པ་མི་རུང་བ་ཉིད་མ་ཡིན་ ནོ་ཞེས་བྱ་བ་ལ། འདིར་ཤིང་ལྗོན་པ་ཞེས་བྱ་བ་ནི་ནགས་མ་དང་གེལ་བ་དང་འཁྲི་ཤིང་དང་ཏཱ་ལ་ལ་སོགས་པ་དག་བསྟན་པར་རིག་པར་བྱའོ། །དེ་སྐྱེད་ནས་མི་བསྐྱང་བར་མི་བྱའོ་ཞེས་བྱ་བ་སྨོས་ན། ཤིང་ལྗོན་པ་བསྐྱེད་ནས་དུས་ཇི་སྲིད་དུ་བསྐྱང་བར་བྱ་ཞེ་ན་དེའི་ཕྱིར། དེའི་ཤིང་ལྗོན་པ་ནི་མེ་ཏོག་ ཆགས་ཀྱི་བར་དུའོ་ཞེས་བྱ་བ་སྨོས་ཏེ། མེ་ཏོག་གི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུ་བསྐྱང་བར་བྱའོ། །གཞན་ནི་འབྲས་བུའི་བར་དུའོ་ཞེས་བྱ་བ་ནི་འབྲས་བུའི་ཤིང་ལྗོན་པ་ནི་འབྲས་བུ་ཆགས་ཀྱི་བར་དུ་བསྐྱང་བར་བྱའོ། །གང་ལ་མེ་ཏོག་དང་འབྲས་བུ་གཉིས་ཀ་ཡང་གྲུབ་པའི་ཤིང་ལྗོན་པ་དེ་ ལ་ནི་གང་གི་དོན་དང་ལྡན་པ་ཉིད་དུ་ཆེས་གྲགས་པ་དེས་རྣམ་པར་གཞག་གོ། །ཡུན་རིང་པ་ཉིད་ན་ལོ་ལྔར་རོ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་ཆགས་པ་དེ་གཉིས་ནི་ཡུན་རིང་བ་ཉིད་ལོ་ལྔར་བསྐྱང་བར་བྱའོ། །འདི་ལ་དགེ་སློང་བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ནི་ཤིང་ལྗོན་པ་བསྐྱེད་པ་བསྐྱང་བ་ འདི་ལ་དགེ་སློང་གཞན་ལ་བཅོལ་ཞིང་བསྐོས་པ་ནི་རང་ཉིད་དང་འདྲ་སྟེ། དགེ་སློང་བསྐོས་པས་བསྐྱང་བར་བྱས་ན་རང་ཉིད་ཀྱིས་བསྐྱང་བ་བྱས་པ་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་ཀུན་དགའ་ར་བ་བསྐྱེད་པས་ལོ་ལྔ་གར་ཡང་འགྲོ་བར་མི་བྱའོ། ། གལ་ཏེ་འགྲོ་ན་དགེ་སློང་ལ་རྗེས་སུ་གཏད་དེ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཅི་དེ་དང་རྩེ་གཅིག་པ་ཉིད་ཀྱིས་བཅུ་པའི་བདག་ཉིད་ཀྱིས་བསྐྱང་བར་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། ལག་པ་དག་དང་རྐང་པ་དག་བཀྲུ་བ་དང་སོ་ཤིང་དོར་བ་དང་ལྷུང་བཟེད་བཀྲུ་བ་དང་ཁྲུས་བྱས་པ་ནི་བཅུ་པ་ཡིན་ནོ། །གྲང་ བ་སྐྱོབ་པའི་ཕྱིར་ཁང་བུའི་སྦུབས་བྱའོ། །དབུགས་དབྱུང་བའི་ཕྱིར་དེ་ལ་སྐར་ཁུང་གདོད་དོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཁང་བུའི་སྦུབས་དེ་ལའོ། །གཡོགས་མས་དགབ་བོ་ཞེས་བྱ་བ་ནི་གྲང་བ་བསྐྱབ་པའི་ཕྱིར་ཁོ་ནར་ཁང་བུའི་སྦུབས་དེ་གཡོགས་པར་བྱ་བའོ། །སོ་ག་མི་ཚ་བར་བྱ་ བའི་ཕྱིར་བསལ་ལོ་ཞེས་བྱ་བ་ནི་སོ་ག་ཤིང་ལྗོན་པ་དེ་མི་ཚ་བར་བྱ་བའི་ཕྱིར་གཡོགས་མ་དེ་བསལ་བར་བྱ་བའོ། །དབྱར་དག་ནི་མི་འདྲུལ་བར་བྱ་བའི་ཕྱིར་སྔ་མ་ཡང་དེ་ཞེས་བྱ་བ་ལ་སྔ་མ་ཞེས་བྱ་བ་ནི་ཁང་བུའི་སྦུབས་དེ་ཡང་བསལ་བར་བྱའོ། །ཆུའི་ཡུར་བ་གདོད་དོ་ཞེས་བྱ་བ་ནི་ཁང་བུའི་སྦུབས་དེ་ ལའོ། །རྩ་བའི་འོངས་ཡལ་བར་མི་དོར་རོ་ཞེས་བྱ་བ་ལ། རྩ་བའི་འོངས་ཞེས་བྱ་བ་ནི་ཤིང་ལྗོན་པའི་འོངས་སོ། །འདིར་གཞུང་ནི་རྩ་བའི་ཐོག་ཡལ་བར་མི་བྱ་ཞིང་བྱི་དོར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས་འདི་དང་པོར་བྱས་ཏེ། དེ་རྣམས་འགྲོ་བ་ཞེས་ བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འཁོར་རྣམ་པར་དབྱེ་བའི་བྱེ་བྲག་གི་བྱི་དོར་བྱའོ་ཞེས་བྱ་བ་སྨོས་ན། ཅི་དེ་ལ་འཇུག་པས་སམ་ཞེ་ན་དེའི་ཕྱིར། ཁ་ཅིག་ཏུ་སོ་ཤིང་བཟའ་བ་དང་། ཁ་ཅིག་ཏུ་ཁ་བཀྲུ་བ་དང་། ཁ་ཅིག་ཏུ་རྐང་པ་དག་བཀྲུ་བ་དེ་ལྟ་བུས་དེ་ལ་འཇུག་པ་ཉིད་མ་ཡིན་པས་སོ་ཞེས་བྱ་བ་ སྨོས་ཏེ། བཀྲུ་བར་བྱ་བ་ནི་བྱི་དོར་གྱི་ལས་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་རིག་པར་བྱའོ་ཡང་འདིར་ཅི་ཞིག་བྱི་དོར་བྱ་ཞེ་ན། ཁང་བུའི་སྦུབས་བྱ་བ་ལ་སོགས་པར་རང་གིས་བསྐྱེད་པ་ལ་བྱ་བར་བསྟན་པ་གང་ཡིན་པ་དེ་ལ་བྱའོ་ཞེས་བྱ་བ་དེ་དག་ལ་སྨོས་སོ། །མེ་ཏོག་དང་འབྲས་བུ་བསྲུང་བའི་ཕྱིར་ དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པ་བསྲུང་བའི་ཕྱིར་རོ། །ཟས་ཀྱི་ཆེད་དུ་གཞན་དག་གོ། །དེ་དག་གིས་ཆེས་དང་པོར་ཟན་ཟོས་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི་ཟན་གྱི་དུས་ཀྱི་ཆེད་དུ་བསྐོས་པ་དག་གིས་སོ། །གནས་ཀྱི་ཚུལ་བཤད་ཟིན་ཏོ།། །།ད་ནི་བྱ་བའི་ སྐབས་བརྗོད་པར་བྱ་སྟེ། ཀློག་ཏུ་འཛུད་པ་བསྙེན་བཀུར་ཆེས་མང་བ་བྱེད་པ་དང་། མི་ནུས་པ་ལ་ལོགས་ཤིག་ཏུ་བྱ་བས་ཀྱང་རྗེས་སུ་བརྩེ་བར་བྱའོ་ཞེས་བྱ་བ་ནི་ཀློག་ཏུ་འཛུད་པ་ཞེས་བྱ་བ་ཀློག་པའི་སློབ་དཔོན་གྱི་བསྙེན་བཀུར་ཆེས་མང་དུ་བྱེད་པ་ཞེས་བྱ་བ་རང་གི་དྲུང་ན་འདུག་པའི་སློབ་མ་དང་ཉེ་ གནས་ལ་སློབ་དཔོན་དག་གིས་སོ། །དེའི་འདུལ་བ་བཟུང་སྟེ་དེའི་ལུང་དབོག་པ་དང་ཁ་དོན་བྱ་བ་དང་དམིགས་ཀྱིས་དྲི་བ་སྦྱིན་པ་དག་གིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱའོ་ཞེས་བྱ་བ་ལ། དེའི་འདུལ་བ་ཞེས་བྱ་བ་ནི་དགེ་སློང་མའི་འདུལ་བ་དེའོ། །དེའི་ལུང་དབོག་པ་ཞེས་བྱ་བ་ནི་དགེ་ སློང་མའི་འདུལ་བ་དེ་ལའོ། །ཡི་གེ་བྲི་བར་བྱའོ་ཞེས་བྱ་བ་ནི་འདི་ལ་ཚུལ་དང་མི་མཐུན་པ་མེད་པར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། བཅོམ་ལྡན་འདས་ཀྱིས་རང་ཉིད་ཀྱི་ཡབ་ལ་སྤྲིང་ཡིག་བསྐུར་བ་དང་། སྐྱེ་དགུའི་བདག་མོ་ཆེན་མོས་ཨུཏྤ་ ལའི་མདོག་གི་ཕྱིར་དང་རང་ཉིད་ཀྱི་ཡི་གེ་སྤྲིང་ངོ་ཞེས་གསུངས་པ་དེའི་ཕྱིར་མདོ་འདི་བྱས་སོ། །དྲན་པ་དང་འཛིན་པར་མི་ནུས་པས་འདུལ་བའོ། །དེ་མི་བྲི་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འདུལ་བ་དེ་དྲན་པར་བྱ་བའི་དོན་ལས་གཞན་དུ་ཡི་གེ་མི་བྲི་བ་ཉིད་ཡིན་པའོ། །གླེང་གཞི་རྣམས་ལས་འདི་དང་པོར་ བྱ་སྟེ་མཚན་མ་མེད་པ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་བརྗེད་ངས་པ་རྒྱུད་ཉམ་ཆུང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་གླེང་གཞི་ཡང་ཐོན་པར་མི་འགྱུར་རོ་ཞེས་གསུངས་པ་ལ། བཅོམ་ལྡན་འདས་ཀྱིས་ལྔ་པོ་དག་ ནི་ཡི་གེར་མི་བྲི་སྟེ། ལྔ་གང་ཞེ་ན། སོ་སོར་ཐར་པ་ཐམས་ཅད་དང་། སོ་སོར་ཐར་པ་དང་ལྡན་པ་ཐམས་ཅད་དང་འདུལ་བ་ཐམས་ཅད་དང་། འདུལ་བ་དང་ལྡན་པ་ཐམས་ཅད་དང་། གང་ཟག་སོ་སོའོ་ཞེས་བཀའ་སྩལ་ན་དེ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བར་འཁོར་དེ་དག་གིས་གླེགས་བུ་ལ་ ཡི་གེར་བྲིས་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། བྲི་བ་དོར་ནས་དེ་དག་ལྡན་པ་ཉིད་དོ་ཞེས་གསུངས་སོ། །འདི་ལ་སོ་སོར་ཐར་པ་ནི་དེ་དང་འདྲའོ་ཞེས་གསུངས་པ་ཡིན་ནོ། །ཡི་གེར་བྲི་བ་དང་ཡི་གེར་མི་བྲི་བ་ཉིད་འདི་ ལ་སོ་སོ་ཐར་པ་ནི་འདུལ་བ་དང་འདྲ་སྟེ། དྲན་པ་དང་འཛིན་པར་མི་ནུས་པས་ནི་སོ་སོར་ཐར་པ་ཡི་གེར་བྲི་བར་བྱའོ། །དེ་དང་ལྡན་པ་ཡང་ངོ་ཞེས་བྱ་བ་ནི་འདུལ་བ་དེ་དང་ལྡན་པ་དང་སོ་སོར་ཐར་པ་དེ་དང་ལྡན་པ་ཡང་ཡི་གེར་བྲི་བ་དང་། ཡི་གེར་མི་བྲི་བ་ཉིད་འདི་ལ་འདུལ་བ་དང་འདྲ་བར་ཤེས་པར་བྱའོ། ། འདིར་གཞི་དག་ནི་འདུལ་བ་ཉིད་ཀྱིས་བསྟན་ཏོ། །མདོ་ཙམ་ནི་སོ་སོར་ཐར་པ་ཉིད་ཀྱིས་བསྟན་ཏོ། །སོ་སོར་ཐར་པ་རྣམ་པར་འབྱེད་པ་དང་། དེར་གཏོགས་པའི་ཕྲན་ཚེགས་དང་། གླེང་གཞི་དང་སིལ་བུ་དང་ཞུ་བ་ལ་སོགས་པའི་སོ་སོར་ཐར་པ་དང་ལྡན་པ་ཉིད་ཀྱིས་བསྟན་ཏོ། །གཞིར་ གཏོགས་པའི་ཕྲན་ཚེགས་དང་། གླེང་གཞི་དང་སིལ་བུ་དང་ཞུ་བ་ལ་སོགས་པ་ནི་འདུལ་བ་དང་ལྡན་པ་ཉིད་ཀྱིས་བསྟན་ཏོ། །གང་ཟག་གི་ཡང་ངོ་ཞེས་བྱ་བ་ཡང་མི་བྲི་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མཚན་མ་བྱ་བ་ལ་ནི་ཉེས་པ་ མེད་དོ་ཞེས་བྱ་བ་ནི་གང་ཞིག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལྷུང་བཟེད་ལ་སོགས་པ་ལ་མཚན་མ་མེད་པ་གང་ཡིན་པ་དེ་ནི་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་མཚན་མ་མེད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་གནས་མལ་ལ་མིང་ཡི་གེར་བྲིའོ་ཞེས་བྱ་བ་སྨོས་ ན་ཇི་ལྟར་ཞེ་ན། དེའི་ཕྱིར། འདི་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདིར་སིལ་བུའི་གཞུང་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མལ་ཆ་དེ་ལས་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྦྱིན་པར་བྱ་བའི་ཆོས་ སོ་ཞེས་ཡི་གེར་བྲི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གོས་དག་ལ་ཡང་ངོ་ཞེས་བྱ་བ་ནི་འདིར་གཞུང་ནི་གནས་མལ་གྱི་ལྟུང་བྱེད་ཞུ་བ་ལས། དགེ་འདུན་གྱི་གོས་དག་ལ་ཡང་འདི་ནི་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་ཞེས་ཡི་གེར་བྲི་བར་བྱ་བ་ཡིན་ནོ་ཞེས་ གསུངས་པ་ཡིན་ནོ། །རྣམ་པ་དེ་ལྟར་གཞན་ལ་ཡང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི་སིལ་བུ་དག་ལས། གནས་མལ་གྱི་རྣམ་པ་དེ་ལྟ་བུར་སྣོད་སྤྱད་དང་གཙུག་ལག་ཁང་དུ་ཞེས་བྱ་བ་ནི་གླེང་གཞི་ལས་ཏེ། གནས་མལ་གྱི་རྣམ་པ་དེ་ལྟར་སྣོད་སྤྱད་ལ་སོགས་པའི་དོན་གཞན་ལ་ ཡང་བྱའོ། །ཀློག་ཏུ་གཞུག་པའི་སྐབས་ཞར་ལ་བྱུང་བ་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་ཀློག་པར་བྱེད་པའི་སྐབས་བརྗོད་པར་བྱ་སྟེ། སངས་རྒྱས་ཀྱི་བཀའ་སྡེབ་སྦྱོར་དང་ཚིག་དང་རིམ་པ་ལ་གཞོལ་བ་ཉིད་ཀྱིས་སྦྱར་ཏེ་ཀློག་པར་མི་བྱའོ་ཞེས་བྱ་བ་ལ། སྡེབ་སྦྱོར་ཞེས་ བྱ་བ་ནི་སྡེབ་སྦྱོར་ཏེ། ཀླག་པའི་རྣམ་པ་དང་རིང་པོར་དྲང་བ་ལ་སོགས་པ་རྣམས་ལ་དེ་ལྟ་བུར་གྱུར་ཅིག་སྙམ་པ་ཉིད་ཀྱིས་སོ། །དེ་ལ་གཞོལ་བ་ཉིད་ཅེས་བྱ་བ་ནི་དེ་དག་ཁོ་ན་ལྟ་བུར་བྱས་པར་གྱུར་ཅིག་སྙམ་པ་ལ་ཉེས་པ་འདི་ཡིན་ཏེ་གཞན་གྱི་དབང་གིས་འདི་འགྲུབ་པ་མ་ཡིན་ཞེས་བྱ་བའི་ དོན་ཏོ། །གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཕྱི་རོལ་བའི་བསྟན་བཅོས་དག་གཟུང་བར་བྱའོ་ཞེས་བྱ་བ་ནི་གཞན་ལ་གོ་བར་བྱེད་ནུས་ཤིང་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཚིག་དང་དོན་མི་གཏོང་ཞིང་བྱེ་བྲག་ཡོངས་ སུ་མ་སྨོས་པས་ཤེས་པའོ། །འདིར་གཞུང་ནི་དེའི་ཕྱིར་རྗེས་སུ་ཤེས་ཏེ། དགེ་སློང་རྣམས་ཀྱིས་འཇིག་རྟེན་རྒྱང་འཕེན་པའི་བསྟན་བཅོས་གཟུང་བར་བྱ་ཞེས་ཏེ། འདི་ནི་དཔེ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རྣམ་པར་གནས་པ་ཡིན་ནོ། །ཅི་ཐམས་ཅད་ཀྱི་བྱེ་ བྲག་མེད་པར་རམ་ཞེ་ན། དེའི་ཕྱིར། གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་ཞེས་སྨོས་ཏེ། གཞན་མགུ་བར་བྱེད་ནུས་པ་གང་ཡིན་པ་དེས་སོ། །ཅི་དེ་ལ་གཞོལ་བ་ཁོ་ནས་དེ་གཟུང་བར་བྱའམ་ཞེ་ན། དེའི་ཕྱིར། སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཞེས་བྱ་བ་ སྨོས་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་གཏང་བར་མི་བྱའོ། །དེའི་དུས་ནི་ཉི་མའི་སུམ་ཆ་བདེ་བ་མ་ཡིན་པའོ་ཞེས་བྱ་བ་ལ། དེའི་དུས་ཞེས་བྱ་བ་ནི་ཕྱི་རོལ་པའི་བསྟན་བཅོས་བཟུང་བདེའི་དུས་སོ། །དེ་ཡང་བདེ་བ་མ་ཡིན་པ་ཞེས་བྱ་བའི་དུས་གང་གི་ཚེ་ལུས་ དང་སེམས་ལས་སུ་རུང་བ་མ་ཡིན་པའོ། །ལུས་ལ་གཟི་བརྗིད་དང་བཅས་པ་ཉིད་དེ་ལ་འདིར་བདེ་བར་འདོད་དེ་དེ་སངས་རྒྱས་ཀྱི་བཀའ་ལ་སྦྱར་བ་ནི་མཛེས་པ་ཞེས་བྱ་བར་བལྟ་བར་བྱའོ། །མཚན་མོ་ཡང་ངོ་ཞེས་བྱ་བ་ཡང་། དེའི་དུས་སུམ་ཆ་བདེ་བ་མ་ཡིན་པའོ་ཞེས་བྱ་ བར་སྦྱར་རོ། །གསང་སྔགས་ཕན་འདོགས་པར་བྱེད་པ་དག་གཟུང་བར་བྱའོ་ཞེས་བྱ་བ་ནི་དུག་གི་གནོད་པ་ལ་སོགས་པ་སེལ་བར་བྱེད་པ་དག་གོ། །སྦྱར་བར་བྱའོ་ཞེས་བྱ་བ་ནི་གསང་སྔགས་གཟུང་བ་དག་ཐམས་ཅད་དུ་རྗེས་སུ་གནང་བའི་གསང་སྔགས་རྗེས་སུ་སྦྱར་བར་བྱའོ། །གནོད་པ་ བྱེད་པ་ནི་མི་བྱའོ་ཞེས་བྱ་བ་ནི། གསང་སྔགས་གནོད་པར་བྱེད་པ་ནི་གཟུང་བར་ཡང་མི་བྱའོ། །སྦྱར་བར་ཡང་མི་བྱའོ། །དེ་དག་གི་ཕྱག་གི་གནས་སུ་དཀོན་མཆོག་གསུམ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གསང་སྔགས་དེ་དག་ལ་ཕྱག་འཚལ་བ་བྱུང་བ་དེ་གང་ཡིན་པ་དེའི་གནས་སུ་དཀོན་མཆོག་ གསུམ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱའོ། །ལྷ་གཞན་ལ་ཕྱག་མི་བྱའོ་ཞེས་བྱ་བ་ནི་ཁྱབ་འཇུག་ལ་སོགས་པ་ལའོ། །འདིར་གཞུང་ནི་གསང་སྔགས་ནི་རྣམ་པ་གཉིས་ཏེ། ཕན་འདོགས་པ་དང་། གནོད་པ་བྱེད་པའོ། །དེ་ལ་གནོད་པ་བྱེད་པ་གང་ཡིན་པ་དེ་དག་ནི་དགེ་སློང་ རྣམས་ཀྱིས་བཀླག་པར་མི་བྱ་སྦྱར་བར་མི་བྱ། ཕན་འདོགས་པ་གང་ཡིན་པ་དེ་དག་ནི་དགེ་སློང་རྣམས་ཀྱིས་བཀླག་པར་བྱའོ། །སྦྱར་བར་བྱའོ་ཞེས་གསུངས་པ་དང་། གསང་སྔགས་དེ་དག་ལ་ལྷ་གཞན་ལ་ཕྱག་འཚལ་བ་དག་སྔོན་དུ་བཏང་བ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་གིས་འདི་ལ་ཕྱི་རོལ་པའི་ལྷ་ལ་ཕྱག་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆོད་པ་མི་བྱའོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་འདི་དང་པོར་བྱ་སྟེ། རྗེས་སུ་གཟུང་བར་བྱ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བཀུར་སྟི་མི་བྱའོ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་ལྷ་ ལའོ། །གནས་སུ་ཕྱིན་ན་མངོན་སུམ་དུ་འགྲེང་སྟེ་སེ་གོལ་གྱི་སྒྲས་གོ་བར་བྱས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་དེ་ལ་ཕན་གདགས་པར་བྱའོ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་ལྷའི་གནས་སུ་ཕྱིན་ན་དེའི་མངོན་སུམ་དུ་འགྲེང་སྟེ། སེ་གོལ་གྱི་སྒྲས་གོ་བར་ བྱས་ནས་སོ། །བཟོ་རྗེས་སུ་སྒྲུབ་པ་དང་། བསླབ་པ་དང་། དེའི་སྣོད་ཉེ་བར་གཞག་པར་མི་བྱ་སྟེ། མཚོན་གྱི་ཤུབས་དང་ཁབ་རལ་དང་རམ་ཕྱིས་ནི་མ་གཏོགས་སོ་ཞེས་བྱ་བ་ནི་འདིར་གཞུང་ནི་སྨན་གྱི་གཞི་ལས་དགེ་སློང་གིས་རང་གིས་བཟོ་མི་བྱ་བ་དང་གཞན་ལ་བཟོ་བསླབ་པར་མི་བྱ་བ་དང་། བཟོ་ སྤྱད་ཀྱི་སྣོད་ཉེ་བར་གཞག་པར་མི་བྱའོ། །གྲི་ཤུབས་ལ་སོགས་པ་དང་ཁབ་རལ་དང་རམ་ཕྱིས་ནི་མ་གཏོགས་སོ་ཞེས་གསུངས་པ་དང་། འདིར་གཞུང་ནི་དགེ་སློང་གིས་དེ་ལྟ་བུའི་སྣོད་ཉེ་བར་གཞག་པར་མི་བྱའོ། །སྔོན་སྨན་པ་ཡིན་ན་མཚོན་གྱི་སྣོད་དང་སྔོན་ཡི་གེ་པ་ཡིན་ན་རམ་ཕྱིས་དང་། སྔོན་ བཟོ་མཁན་ལས་རབ་ཏུ་བྱུང་བ་ཡིན་ན་ཁབ་རལ་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །མུ་གཅིག་པ་ལ་བསོད་ནམས་ཀྱི་བསམ་པས་དགེ་བའི་གསོ་བ་ཉེ་བར་བསྒྲུབ་པར་བྱ་སྟེ། གླ་རྔན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་མུ་གཅིག་པ་དག་ལའོ། །བཀྲུ་སྨན་ བཏང་ནས་གཞན་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་སྨན་གཞན་ལ་བཀྲུ་སྨན་བཏང་ནས་དེ་ཉིད་དུ་བསྡད་པར་བྱའོ་ཞེས་བྱ་བའི་དོན་ནོ། །རྐྱེན་དེ་ལྟ་བུ་དག་བྱུང་ན་ཧ་ཅང་འཁྲུ་བ་ལ་སོགས་པའི་གཉེན་པོའི་ཆོ་ག་བསྟན་ཏེ་འོ་ཞེས་བྱ་བ་ནི་འདིར་གཞུང་ནི་གླེང་གཞི་དག་ལས་དེ་ལྟ་བས་ན་དགེ་སློང་གིས་ གླ་རྔན་གྱིས་བཀྲུ་སྨན་བཏང་བར་མི་བྱའོ། །བཀྲུ་སྨན་བཏང་ནས་གཞན་དུ་འགྲོ་བར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་བྱུང་ན་བསྒོ་སྟེ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་ལ་དབེན་པའི་ཕྱོགས་སུ་འདྲེག་མཁན་གྱི་བྱ་བ་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་དགེ་ སློང་ལ་དང་། དགེ་སློང་མས་དགེ་སློང་མ་ལའོ། །ཁྲིའུ་ཡན་ལག་ཆག་པ་བཅོས་པ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བ་ཡང་དབེན་པའི་ཕྱོགས་སུ་བྱ་བའོ། །འདིར་ཁྲི་ཞེས་སྨོས་པ་ནི་ཁྲིའུ་ལ་སོགས་པ་གཞན་དག་གི་དཔེ་ཡིན་ཏེ། ཁྲིའུ་ལ་སོགས་པ་གཞན་རྣམས་ལ་ཡང་ འདི་རིགས་པའི་ཕྱིར་རོ། །ཕྲེང་བའི་རིམ་པ་དག་བརྒྱུ་བ་ཡང་ངོ་ཞེས་བྱ་བ་ཡང་དབེན་པའི་ཕྱོགས་སུ་བྱ་བའོ། །དཀོན་མཆོག་མཆོད་པར་གྱུར་པ་སེམས་ཅན་གྱི་གཟུགས་མ་ཡིན་པའི་རི་མོ་འདྲི་བ་ཡང་ངོ་ཞེས་བྱ་བ་ཡང་དབེན་པའི་ཕྱོགས་སུ་བྱའོ། །སེམས་ཅན་གྱི་གཟུགས་མ་ཡིན་ པ་ཞེས་སྨོས་པ་ནི་འདབ་མ་དང་མྱུ་གུ་ལ་སོགས་པ་དག་བསྡུས་སོ། །དེའི་ཕྱིར་འདྲི་བ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེའི་ཕྱིར་འདྲི་བ་ཞེས་བྱ་བ་ནི་བྲི་བའི་ཕྱིར་རི་མོར་བྲི་བ་ཉིད་དོ། །དེའི་ཕྱིར་འདྲི་བ་ནི་འདྲི་བར་རྩོམ་པ་ལ་ནི་ཉེས་པར་འགྱུར་ལ། སེམས་ཅན་གྱི་གཟུགས་མ་ཡིན་ པ་ལ་ནི་ཉེས་པར་མི་འགྱུར་བའོ། །རྗེས་སུ་བསྒྲུབ་པའི་སྐབས་བཤད་ཟིན་ཏོ། །ཤི་བའི་སྐབས་དང་གཞག་པའི་སྐབས་ལས་གཞན་པའི་རྗེས་སུ་བསྒྲུབ་པའི་སྐབས་རྫོགས་སོ།། །།ད་ནི་ཤི་བའི་སྐབས་དང་གཞག་པའི་སྐབས་སུ་འཇུག་པ་གཞན་ཡིན་པས་དེ་ལྟར་གྱུར་པའི་སློབ་པ་ ལ་ཤི་བ་ལ་གང་བྱ་བ་དེ་བརྗོད་པར་བྱ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་མཆོད་པ་བྱའོ། །དེ་བསྲེག་པར་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་ལུས་ལ་མཆོད་པར་བྱ་སྟེ་བསྲེག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཅི་གདོན་མི་ཟ་བར་སྲེག་པ་ཁོ་ན་ཡིན་ནམ་ཞེ་ན། དེའི་ཕྱིར། གལ་ཏེ་སྲོག་ཆགས་དང་ བཅས་པའི་རྨ་མེད་པ་ཉིད་ཡིན་ནའོ། །སོ་སོར་བརྟག་པས་ངེས་པར་བྱའོ་ཞེས་བྱ་བ་ནི་དེ་ལ་སྲོག་ཆགས་ཡོད་དམ་མེད་པའོ། །འདིར་བསྲེག་པ་ཉིད་ནི་རྣམ་པ་གཅིག་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར། བརྐོ་བའམ་ཆུ་ཀླུང་ལ་བསྐུར་རོ་ཞེས་བྱ་བ་སྨོས་ཏེ། ས་བརྐོས་པར་གཞུག་པའམ་ཆུ་ཀླུང་ལ་ བསྐུར་བར་བྱའོ། །མི་རུང་ན་ཚང་ཚིང་གི་དབུས་སུ་གཞུག་གོ་ཞེས་བྱ་བ་ནི་བརྒྱ་ལ་སྲོག་ཆགས་དང་བཅས་ཤིང་བསྲེགས་ན་སྲོག་ཆགས་མང་པོ་དག་འཆི་བ་ལྟ་ནའོ། །སྤྱོད་ལམ་གང་གིས་གཞག་པར་བྱ་ཞེ་ན། དེའི་ཕྱིར་གློ་གཡས་པས་བསྙལ་ཏེ་མགོ་བྱང་ཕྱོགས་སུ་བསྟན་ཏོ་ཞེས་བྱ་བ་སྨོས་སོ། ། སྔས་སུ་རྩྭའི་ཆུན་པོ་གཞུག་གོ། །རྩྭ་དག་གམ་ལོ་མ་དག་གིས་གཡོགས་སོ། །ཆོས་མཉན་པ་དང་ཡོན་བཤད་པ་དག་བྱའོ། །རེག་པ་དག་གིས་གོས་དང་བཅས་ཏེ་ཁྲུས་བྱའོ། །གཞན་དག་གིས་ནི་རྐང་ལག་བཀྲུའོ་ཞེས་བྱ་བ་ནི་རོ་ལ་མ་རེག་པ་དག་གིས་སོ། །མཆོད་རྟེན་ལ་ཕྱག་བྱས་ཏེ་འཇུག་པར་བྱའོ། ། མཆོད་རྟེན་ནི་རྣམ་པ་གཉིས་ཏེ། གཙང་ཁང་ཅན་ཉིད་དང་། ཀ་བ་ལྟ་བུ་ཉིད་དོ་ཞེས་བྱ་བ་ལ། འདི་ནི་མ་མོ་དག་ལས་སོ། །དེ་རབ་ཏུ་བྱུང་བ་རྣམས་ལ་འོས་པ་ཉིད་དོ་ཞེས་བྱ་བ་ནི་མཆོད་རྟེན་དེའོ། །ཅི་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར། གལ་ཏེ་དགེ་བ་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་ཞེས་བྱ་ བར་སྦྱར་རོ། །སོ་སོའི་སྐྱེ་བོ་དགེ་བ་ཡིན་ན་མཆོད་རྟེན་དབུ་མེད་པ་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འཕགས་པ་ལས་གཞན་པ་དགེ་བ་ཉིད་སྒྲུབ་པ་རྣམས་ལ་དེའི་ཕྱིར་མདོ་འདི་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་དོ་ཞེས་བྱ་བ་སྨོས་ན། རྣམ་པ་དེ་དག་གང་ཡིན་སྙམ་ན་དེ་ལ་ བརྗོད་པར་བྱ་སྟེ་དེའི་ཕྱིར། རྣམ་པ་ནི་བང་རིམ་བཞི་དང་འདབ་མ་དང་པུ་ཤུ་དང་སྲོག་ཤིང་དང་། གདུགས་བཅུ་གསུམ་དང་ཆར་ཁབ་དག་གོ་ཞེས་བྱ་བ་ནི་མཆོད་རྟེན་གྱི་རྣམ་པ་ཐམས་ཅད་རྫོགས་པའོ། །རང་སངས་རྒྱས་རྣམས་ཀྱི་ནི་ཆར་ཁབ་མེད་པའོ་ཞེས་བྱ་བ་ནི་རྣམ་པ་དེ་དག་ལས་ཆར་ཁབ་འབའ་ ཞིག་མེད་པ་དང་ཞེས་བྱ་བའི་དོན་ཏོ། །དེ་ཡང་བསེ་རུ་ལྟ་བུའི་ཕྱིར་གསུངས་པ་ཡིན་གྱི་ཚོགས་ན་སྤྱོད་པ་ནི་དགྲ་བཅོམ་པའི་ཆོ་གའི་རྣམ་པ་ལྟ་བུས་རིག་པར་བྱའོ། །འདིར་གཞུང་ནི་རང་སངས་རྒྱས་ཀྱི་ཆར་ཁབ་མེད་པའོ་ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་རྣམས་ཀྱི་ནི་འབྲས་བུའི་ཚད་དག་ གིས་དེའི་གདུགས་གཅིག་ལྷག་པའོ་ཞེས་བྱ་བ་ལ། འདིར་གཞུང་ནི་དགྲ་བཅོམ་པའི་ནི་གདུགས་ལྔའོ། །ཕྱིར་མི་འོང་བའི་ནི་གདུགས་བཞིའོ། །ལན་ཅིག་ཕྱིར་འོང་བའི་ནི་གདུགས་གསུམ་མོ། །རྒྱུན་དུ་ཞུགས་པའི་ནི་གདུགས་གཉིས་སོ་ཞེས་གསུངས་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་ གདུགས་དེའི་འོ། །མཆོད་རྟེན་ཡོངས་སུ་རྫོགས་པར་གྱུར་པའི་གདུགས་ནི་ལྷག་མ་རྣམས་ལས་བྱེ་བྲག་ཏུ་གྱུར་པ་ཉིད་དོ་ཞེས་བྱ་བའི་དགོངས་པ་ཡང་མཐོང་བ་ཡིན་ནོ། །འདིར་འབྲས་བུ་རྣམས་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་སོ། །གང་གི་འབྲས་བུ་རྣམས་ཇི་སྙེད་ཐོབ་པ་དེ་སྙེད་ལས་ གདུགས་རེ་རེས་ལྷག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ཕལ་ཆེར་འདོད་ཆགས་དང་བྲལ་བ་དང་འདོད་པའི་འདོད་ཆགས་དང་བྲལ་བ་དག་ལ་འབྲས་བུ་གཞན་གཅིག་དང་གཉིས་ཐོབ་པ་མེད་ན། དེ་ལྟར་ཡང་དེའི་འབྲས་བུ་ཐོབ་པར་བྱ་བའི་སྤང་བྱ་རྣམས་ལ་ཟག་པ་དང་བྲལ་བ་ཐོབ་པ་རྙེད་པས་ཐོབ་པ་ ལྟར་བལྟ་བར་བྱ་བ་ཉིད་དོ། །ཉན་ཐོས་ཀྱི་མཆོད་རྟེན་ཕྱོགས་གང་དུ་བྱ་ཞེ་ན། དེའི་ཕྱིར། དེ་བཞིན་གཤེགས་པའི་ཕྱོགས་ཀྱི་ཡུལ་ཉིད་དུ་གང་དུ་དེ་དག་གནས་པར་གྱུར་པའི་ཕྱོགས། དེར་དེའི་འཁོར་དུ་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཕྱོགས་བཞི་པོ་དག་གང་ཡིན་པ་དེ་དག་གི་ཡུལ་ ཡིན་ན། དེར་གལ་ཏེ་འབྲས་བུ་ཐོབ་པའི་ཉན་ཐོས་དེ་རྣམས་གལ་ཏེ་འཇུག་པ་ཉིད་དེ་བཞིན་གཤེགས་པའི་ངོས་སུ་ཡུལ་ཉིད་དུ་གྱུར་ན་ཕྱོགས་དེར་མཆོད་རྟེན་བྱ་སྟེ། གང་དུ་དེ་རྣམས་ལ་འཁོར་བྱིན་པ་ལ་གནས་པར་གྱུར་པས་སོ། །འདི་ལ་རྒན་རིམས་སུ་མི་བྱ་བར་མི་བྱའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་མཆོད་རྟེན་གྱི་ཕྱོགས་ལའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བྱི་བོའོ། །དེ་དག་ལ་ནི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱའོ། །འཕགས་པ་ལ་ནི་མཆོད་རྟེན་གྱི་དུས་སྟོན་རིགས་སོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་ལ་མཆོད་རྟེན་གྱི་དུས་སྟོན་རིགས་སོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་ ཕུལ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་རས་དང་སྣམ་བུ་དང་རྫས་གང་ཡང་རྣམ་པ་གཞན་གང་དག་ཕུལ་བ་དེ་དག་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །འདིར་གཞུང་ནི་ཚངས་པ་མཚུངས་པར་སྤྱོད་པའི་རྫས་ལ་ནི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་དག་དབང་ངོ་ ཞེས་གསུངས་པ་ཡིན་ནོ། །མུ་ཏིག་དག་ནི་བསྟན་པ་བཞིན་བྱའོ་ཞེས་བྱ་བ་ནི་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ་ཞེས་བསྟན་པ་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་དུང་དག་ནི་སངས་རྒྱས་ལ་དབུལ་ལོ་ཞེས་བྱ་བ་ལ། འདིར་གཞུང་ནི་བུད་དུང་གང་དག་ཡིན་པ་དེ་དག་ནི་འཛམ་བུའི་གྲིབ་མ་ལས་བྱུང་ བའི་སྐུ་གཟུགས་ལ་དབུལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་ཞིག་རལ་བྱུང་བ་བཅོས་པའི་ཕྱིར་གཞག་པར་བྱའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་མཆོད་རྟེན་གང་ལ་ཕུལ་བའི་རྫས་དེ་ལས་སོ། །མཆོད་པར་རུང་བ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་དེ་ལ་གཞག་པར་བྱའོ། །འདིར་གཞུང་ནི། དེ་ལ་དབྱིག་ དང་། གསེར་གང་ཡིན་པ་དེ་དག་མཆོད་རྟེན་དེ་ཉིད་ཞིག་རལ་དུ་གྱུར་པ་བཅོས་པའི་ཕྱིར་གཞག་པར་བྱའོ། །མཆོད་པར་རུང་བའི་རྫས་དེ་དག་ནི་དུས་སྟོན་གྱི་ཚེ་མཆོད་པར་བྱ་བའི་ཕྱིར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ལ་ལྕགས་ལས་བྱས་པའི་མཆོད་རྟེན་བྱ་བ་ནི་ཆོས་དང་མཐུན་པའོ་ཞེས་བྱ་བ་ནི་ རུང་ངོ་ཞེས་བྱ་བའི་དོན་ཏོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་ལས་བྱས་པ་ཡང་ངོ་ཞེས་བྱ་བ་ཡང་ཆོས་དང་མཐུན་པའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་དང་། སིལ་བུ་དག་དང་། གླེང་གཞི་དག་ལས། རབ་ཏུ་བྱུང་བའི་གནས་སུ་དགྲ་བཅོམ་པ་གཞག་པར་བྱའོ་ཞེས་ བྱ་བ་ནས་སྐུ་གཟུགས་བགྱིད་དུ་སྩལ་ལོ་ཞེས་བྱ་བའི་བར་དང་། དེ་ལ་ཞེས་བྱ་བ་ནས་མཐུན་པའི་འཁོར་བགྱིད་དུ་སྩལ་ཏོ་ཞེས་བྱ་བའི་བར་དང་། གྲོང་ཁྱེར་དུ་ཞུགས་ཏེ་ཞེས་བྱ་བ་ནས་ཡོངས་སུ་བསྐོར་ཏེ་ཞེས་བྱ་བའི་བར་དུའོ། །རབ་ཏུ་བྱུང་བའི་གནས་སུ་དགྲ་བཅོམ་པ་གཞག་པར་བྱའོ་ཞེས་བྱ་བ་འདིའི་ནི་སིལ་བུ་དག་ ལས་སོ། །ལྷག་མ་ནི་གླེང་གཞི་དག་ལས་སོ། །དེ་ལ་མཐུན་པའི་འཁོར་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཆོད་རྟེན་དེ་ལའོ། །དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་མཐའི་བར་གྱི་སྤྱོད་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི་མཐུན་པའི་ འཁོར་ཞེས་བྱའོ། །དཀར་རྩིས་དཀར་པོར་བྱའོ་ཞེས་བྱ་བ་ནི་ས་དཀར་པོ་ལ་སོགས་པས་སོ། །མར་མེ་འཛིན་པ་བྱའོ། །ལན་ཀན་གྱིས་བསྐོར་རོ། །རྟ་བབས་བསྒྲེང་བར་བྱའོ། །རྒྱལ་མཚན་གཟུགས་སོ། །དེ་ནི་རྣམ་པ་བཞིའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་རྒྱལ་མཚན་ནོ། །སེང་གེའི་རྒྱལ་མཚན་ དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། ཀླུའི་རྒྱལ་མཚན་དང་། ཁྱུ་མཆོག་གི་རྒྱལ་མཚན་ནོ། །གཙང་ཁང་གི་མུ་ཁྱུད་བྱའོ། །དེར་རྟ་བབས་བསྒྲེང་བར་བྱའོ་ཞེས་བྱ་བ་ནི་དེར་ཞེས་བྱ་བ་ནི་གཙང་ཁང་གི་མུ་ཁྱུད་དེར་རོ། །སྒོ་ཡབ་བྱའོ་ཞེས་བྱ་བ་ནི་སྒོ་ཡབ་བྱ་བའོ། །གཙང་ཁང་གི་མུ་ཁྱུད་དེའི་མདུན་རོལ་དུ་སྒོ་ ཡབ་ཀྱི་ཁྱམས་བྱ་བ་སྟེ་སྒོའི་དྲུང་དུ་ཁང་པ་བྱའོ། །དེ་ལ་ལན་ཀན་གྱིས་བསྐོར་རོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སྒོ་ཡབ་དེ་ལའོ། །ཀ་བ་རྣམས་བཙག་གིས་བསྐུའོ། །རྩིག་པ་དག་རྒྱ་སྐྱེགས་ཀྱིས་བྲིའོ། །དྲིས་དབང་བསྐུར་བ་དབུལ་ལོ་ཞེས་བྱ་བ་ནི་ཆོས་དང་མཐུན་ནོ་ཞེས་བྱ་བར་སྦྱར་རོ། །འབྲུ་མར་ དང་བ་བླ་དང་ཙནྡན་དང་གུར་གུམ་གྱིས་ཆག་ཆག་དག་ཀྱང་ངོ་ཞེས་བྱ་བ་ཡང་འབུལ་བ་ཆོས་དང་མཐུན་ཞེས་བྱ་བར་སྦྱར་རོ། །གཟེར་བུ་མི་གདབ་བོ་ཞེས་བྱ་བ་ནི་མཆོད་རྟེན་ལ་གོས་ལ་སོགས་པ་སྤྱད་པའི་ཕྱིར་གཟེར་བུ་གདབ་པར་མི་བྱ་བའོ། །བརྩིག་པའི་ཚེ་ཕྲེང་བ་ལ་སོགས་པ་གདགས་པའི་ ཕྱིར་ཟུངས་ཐག་གཞུག་གོ་ཞེས་བྱ་བ་ནི་མཆོད་རྟེན་ལའོ། །མི་དབུག་གོ་ཞེས་བྱ་བ་ནི་མཆོད་རྟེན་ལ་ཟུངས་གཞུག་པར་བྱ་བའི་ཕྱིར་རོ། །སྟེང་དུ་མར་མེ་མི་གཟུགས་སོ། །མཆོད་པ་བྱ་བའི་ཕྱིར་ཁྱིམ་པ་དག་འཛེག་ཏུ་གཞུག་གོ་ཞེས་བྱ་བ་ནི་མཆོད་རྟེན་ལའོ། །མེད་ན་དགེ་ཚུལ་དག་དྲིའི་ཆུས་རྐང་པ་བཀྲུས་ ཏེའོ་ཞེས་བྱ་བ་ནི་ཁྱིམ་པ་མེད་ནའོ། །གལ་ཏེ་དེ་མ་བྱས་ན་དྲི་དག་གིས་དྲིལ་ཕྱིས་བྱས་ཏེའམ་གོས་ཀྱིས་དཀྲིས་ཏེ་སྟོན་པའི་འདུ་ཤེས་མངོན་དུ་བྱས་ནས་དོན་གྱི་བརྣབ་སེམས་ཀྱི་དྲན་པ་དག་གིས་སོ་ཞེས་བྱ་བ་ལ། གལ་ཏེ་དེ་མ་བྱས་ན་ཞེས་བྱ་བ་ནི་དྲིའི་ཆུ་དང་གཞན་གྱིས་སོ། །གལ་ཏེ་དྲིའི་ ཆུས་རྐང་པ་བཀྲུ་བ་དག་མ་བྱས་ན་དེའི་ཕྱིར་དྲི་དག་གིས་རྐང་པ་དྲིལ་ཕྱིས་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །དོན་གྱི་ཞེས་བྱ་བ་ནི་མཆོད་པར་བརྗོད་པར་བྱའོ་ཞེས་བྱ་བ་དེ་ལའོ། །དྲན་པ་དག་གིས་སོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སོ། །དེ་དག་ཀྱང་མེད་ན་དགེ་སློང་དག་གིས་དེ་བཞིན་དུའོ་ཞེས་བྱ་བ་ནི་ དགེ་ཚུལ་དེ་དག་ཀྱང་མེད་ན་དགེ་སློང་དག་གིས་དྲིའི་ཆུས་རྐང་པ་བཀྲུ་བ་ལ་སོགས་པའི་རྣམ་པ་ཇི་སྐད་བསྟན་པ་བཞིན་བྱ་སྟེ་འཛེག་པར་བྱའོ། །དེའི་ཆེད་དུ་ཐག་པས་གདགས་སོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་འཛེག་པ་དེའི་ཆེད་དུའོ། །རིན་པོ་ཆེ་ལས་བྱས་པའི་ཕྲེང་བ་དབུལ་ལོ་ཞེས་བྱ་བ་ནི་མཆོད་རྟེན་ ལའོ། །འཇིག་པར་བྱེད་པ་ཟློག་པའི་ཕྱིར་དབུ་གཡོགས་གཡོགས་སོ་ཞེས་བྱ་བ་ནི་མཆོད་རྟེན་ལའོ། །མུན་ནག་མི་གནས་པར་བྱ་བའི་ཕྱིར་དེ་ལ་སྒོ་གདོད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་དབུ་གཡོགས་ཏེ་དེ་ལའོ། །སངས་རྒྱས་ཀྱི་སྐུ་གཟུགས་བྱའོ་ཞེས་བྱ་བ་ནི་ཆོས་དང་མཐུན་པ་ཉིད་ཡིན་པའོ་ཞེས་བྱ་བར་སྦྱར་ རོ། །དེ་ལ་དུས་སྟོན་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེ་ལའོ། །བལྟམས་པ་དང་གཙུག་པུད་དང་དབུ་སྐྲ་དང་བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་ཞེས་བྱ་བ་ཡང་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དུས་སྟོན་ཞེས་བྱ་བའི་སྒྲས་ནི་བལྟམས་པ་ལ་སོགས་པ་དང་སོ་སོར་སྦྱར་རོ། ། དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེའོ། །འདི་ལ་དགེ་སློང་གིས་བསྐུར་དུ་རུང་ངོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་གྲོང་ཁྱེར་དུ་ཞུགས་པ་འདི་ལས་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་བསྐུར་བ་དེ་ལའོ། །དེ་ནི་གསར་བུ་དག་ལ་འབབ་བོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་བསྐུར་བ་དེའོ། ། སྡེ་པ་ལྔ་པོ་དག་གིས་ཞབས་འབྲིང་བྱའོ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པ་དག་གིས་སོ། །མཆོད་ཡོན་དུ་བྱ་བ་ནི་རྒན་པ་དག་གིས་གཟུང་ངོ་། །དེ་ལ་རོལ་མོ་བྱེད་པ་དག་གིས་རོལ་མོ་བྱ་བ་དང་། བཀུར་སྟི་ཆེན་པོ་གཞན་ཡང་བཟང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པར་ བྱ་བ་དེ་ལའོ། །རོལ་མོ་བྱེད་དུ་གཞུག་པའི་ཕྱིར་ཀྱེ་མི་དག་སྟོན་པ་ལ་མཆོད་པར་གྱིས་ཤིག་ཅེས་བྱ་བ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་སྨོས་ནས། ཇི་ལྟར་བསྒྲགས་པར་བྱ་ཞེ་ན། དེའི་ཕྱིར་ལམ་པོ་ཆེ་དང་ལམ་སྲང་དང་བཞི་མདོ་དང་སུམ་མདོ་དག་ཏུ་སང་ངམ་གནང་འབྱུང་བར་འགྱུར་བ་ཉིད་ནི་ཡི་གེར་བྲིས་པས་བསྒྲགས་པར་ བྱའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཡི་གེར་བྲི་བར་བྱ་ཞེ་ན་དེའི་ཕྱིར་དེ་ལྟར་སངས་རྒྱས་གཤེགས་པར་འགྱུར་རོ་ཞེས་གྲོ་ག་ལ་སོགས་པ་ལ་བྲིས་པ་གླང་པོ་ཆེའི་བཤུལ་སྟེང་དུ་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ཡོངས་སུ་བསྐོར་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་སངས་རྒྱས་གཤེགས་པར་འགྱུར་ རོ་ཞེས་སྨོས་པ་ལ་སྙེགས་པའོ། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་བྱ་བ་ཆོས་དང་ལྡན་ནོ། །དེ་རྒྱལ་མཚན་དག་གིས་བསྐོར་རོ། །ལན་ཀན་གྱིས་བསྐོར་རོ། །ལྕགས་ཀྱི་ཀ་བ་དག་གིས་སོ། །དེ་དག་ལ་བ་དན་གདགས་སོ་ཞེས་བྱ་བ་ནི་ལྕགས་ཀྱི་ཀ་བ་དེ་དག་ལ་བ་དན་དག་གདགས་པ་ནི་ཆོས་དང་མཐུན་ པའོ། །རྗེས་སུ་འགྲོ་བ་བྱའོ། །རྐང་རྒྱན་དང་རྣ་རྒྱན་མ་གཏོགས་པའི་རྒྱན་གདགས་སོ། །སངས་རྒྱས་ཀྱི་སྐུ་གཟུགས་བརྙན་དང་བདག་པོ་གཞན་ལ་དེ་གཉིས་མ་གཏོགས་པའི་ཆོས་དང་མཐུན་པ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །སྤོས་ཀྱི་ལུས་སྦྱིན་པར་བྱའོ། །ཁྱོགས་ཀྱིས་བསྐུར་རོ། །ཤིང་ རྟས་ཀྱང་ངོ་ཞེས་བྱ་བ་ཡང་བསྐུར་རོ་ཞེས་བྱ་བར་སྦྱར་ཏེ་ཆོས་དང་མཐུན་པའོ། །དེ་ལ་གདུགས་དང་རྒྱལ་མཚན་དང་བ་དན་དག་བསྒྲེང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཤིང་རྟ་དེ་ལའོ། །དབུ་ལ་མེ་ཏོག་རྣ་རྒྱན་གདགས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་ཞེས་བྱ་བར་སྦྱར་རོ། །མཆོད་ ཡོན་དང་ཞབས་ལ་གསོལ་བ་དག་ཀྱང་ངོ་ཞེས་བྱ་བ་ནི་དེ་ལ་དབུལ་བ་ཆོས་དང་མཐུན་པའོ། །དད་རྫས་ནི་གནས་པ་དང་། གཞོན་ནུ་དང་རྒན་པོ་དག་གིས་བླང་ངོ་། །གནས་བརྟན་རྣམས་ཀྱིས་བསྲུང་ངོ་ཞེས་བྱ་བ་ནི་དད་རྫས་སོ། །ལམ་པོ་ཆེར་ཕྲེང་བའི་ཟ་མ་ཏོག་བྱའོ་ཞེས་བྱ་བ་ནི་མཆོད་ཡོན་དང་ཞབས་ལ་ གསོལ་བ་མེ་ཏོག་དང་གོས་ལ་སོགས་པ་གཏོར་བ་དག་ས་ལ་མི་འབབ་པར་བྱ་བའི་ཕྱིར་དེ་དག་ལམ་སྲོལ་དུ་ཞེས་བྱ་བའི་དོན་ཏོ། །ཕྲེང་བའི་ཟ་མ་ཏོག་གི་ནང་དུ་དྲིའི་ཟ་མ་ཏོག་གཞུག་གོ་ཞེས་བྱ་བ་ནི་ཕྲེང་བའི་ཟ་མ་ཏོག་གི་ནང་དུ་དྲིའི་ཟ་མ་ཏོག་གཞག་པར་བྱ་ཞེས་བྱ་བའི་དོན་ཏོ། །ཕྲེང་བ་གདགས་སོ་ཞེས་བྱ་བ་ནི་ཕྲེང་ བ་གདགས་པ་ཆོས་དང་མཐུན་ནོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་རྫོགས་ཤིང་རོལ་མོ་བརྟུལ་བ་དག་ན་སྐྱེ་བོའི་ཚོགས་ཕྱི་རོལ་དོང་བའི་ཚེ་རྒྱན་བརྟུལ་ལོ་ཞེས་བྱ་བ་སྨོས་ན་གང་གི་ཚེ་ཡིན་ཞེ་ན་དེའི་ཕྱིར་མཚན་མོའོ་ཞེས་བྱ་བ་སྨོས་ཏེ། ཉིན་མོ་ནི་ཕྱིར་དོང་དུ་ཟིན་ཀྱང་ཡང་ཕྱིར་འོངས་པ་དང་། དང་པོ་ནས་ཕྱིར་མི་འོང་བ་ ཡང་སྲིད་པས་འདི་དག་གི་འགྲོ་བ་ཡོད་པས་འདི་མི་བྱ་བ་ཉིད་དོ། །བྱང་ཆུབ་སེམས་དཔའི་འབའ་ཞིག་ལ་དེ་ལ་དེ་ལྟར་བྱ་བར་མ་ཟད་ཀྱི། མཆོད་པ་ཐམས་ཅད་ལ་ཆོ་ག་དེ་ལྟར་བྱ་བ་རིག་པར་བྱའོ། །ཤི་བའི་སྐབས་སུ་མཆོད་རྟེན་བྱ་བ་ལ་སོགས་པ་དང་འདྲ་བ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་མཆོད་རྟེན་དང་། ལྷ་དང་མཐའ་ མེད་པའི་རབ་ཏུ་བྱུང་བའི་གནས་སྐབས་སུ་བབ་པ་བརྗོད་པར་བྱ་སྟེ། རབ་ཏུ་བྱུང་བའི་གནས་སུ་དུས་སྟོན་བྱ་བ་ཆོས་དང་མཐུན་ནོ་ཞེས་བྱ་བ་ནི་ཁང་པའི་དུས་སྟོན་ནི་འོས་པའོ། །འདུལ་བ་རྒྱ་ཆེར་བསྟན་པ་བཤད་ཟིན་ཏོ།། །།ད་ནི་འདུལ་བ་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་ བ་མ་ཡིན་པར་བསྡུའོ་ཞེས་བྱ་བ་ནི་གང་རུང་བ་མ་ཡིན་པ་བསྟེན་ཅིང་རུང་བ་དང་འགལ་བ་དེ་ནི་རུང་བ་མ་ཡིན་ཏེ། དེ་ནི་འདིར་རུང་བ་མ་ཡིན་པར་མདོར་བསྡུའོ་ཞེས་བྱ་བའི་དོན་ཏོ། །ཕྱི་མ་དང་མཐུན་པ་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་བྱ་བ་ལ། ཕྱི་མ་ཞེས་བྱ་བ་ནི་རུང་བ་སྟེ། དེ་དང་མཐུན་ལ་སྔ་མ་ཞེས་བྱ་བ་ནི་མི་རུང་བ་ སྟེ། དེ་དག་དང་འགལ་བ་ནི་རུང་བ་སྟེ། དེ་ནི་འདིར་རུང་བར་མདོར་བསྡུའོ། །གནས་མལ་གྱི་གཞིའི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །གནས་མལ་གྱི་གཞི་རྫོགས་སོ། །འདུལ་བ་མདོའི་འགྲེལ་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་གནས་བརྟན་ཡོན་ཏན་འོད་ཀྱིས་མཛད་པ་རྫོགས་སོ།། །།རིག་བྱེད་ཉི་མ་ རྣམས་ནི་མ་ལུས་གདོན་བྱས་ནས། །བསྟན་བཅོས་བཞི་པོ་རྣམས་ལ་མཉམ་པོའི་མཐུ་མངའ་བ། །དགེ་སློང་ཡོན་ཏན་འོད་ཅེས་བྱ་བ་བྱུང་གྱུར་ཏེ། །གང་ཞིག་ཤཱཀྱའི་སྲས་ཀྱིས་རབ་ཏུ་བསྐུལ་བར་གྱུར། །བསོད་སྙོམས་ཕྱིར་ནི་གང་གི་བར་སྣང་ལ་འཁོར་ཞིང་། །ལྷ་རྣམས་ལུས་ཕྱེད་དག་གིས་བྱུང་བར་གྱུར་པ་ནི། །བརྩོན་ལྡན་ ཞལ་ཟས་བདུད་རྩི་རྣམས་ནི་འཛིན་མཛད་དེ། །འོད་ཟེར་དང་ལྡན་རྒྱན་རྣམས་ཀྱིས་སྤྲས་གནས་པར་གྱུར། །ནུ་མ་གཉིས་ཀྱི་ལྕིད་ཀྱིས་དུད་བྱས་ལྷ་ཡི་བུད་མེད་རྣམས་ནི་ཉམས་དགའ་བ། །ལག་པ་པདྨའི་ཟེ་འབྲུ་རྣམས་ལ་དབུལ་བ་ཆགས་པའི་ལག་དར་བཅས། །རོ་དང་བཅས་པའི་ཤིང་རྣམས་ལ་ནི་བྱུང་བའི་བཅའ་བ་དང་ བཅས་པ། །རྟག་ཏུ་གཡུལ་ངོར་རྣམ་པར་རྒྱལ་བའི་ཕྱོགས་ནི་ཁ་ན་མ་ཐོ་ཉིད། །ཡེ་ཤེས་ལས་ནི་རབ་ཏུ་འཇུག་པའི་སྟེང་དུ་གང་གི་འགྲེལ་པ་བརྩམས་པ་སྟེ། །བྱེ་བྲག་བཤད་པ་རྣམས་ལས་ཤིན་ཏུ་རྒྱ་ཆེན་ཚུལ་ནི་རྣམ་པར་གསལ་བྱེད་པ། །ཐམས་ཅད་དུ་ནི་སྣང་བར་བྱེད་པའི་འོད་ཟེར་ཚོགས་ཀྱིས་ མུན་པའི་རབ་རིབ་ལྟར། །རིན་ཆེན་འབྱུང་གནས་མཆོག་གི་གྲུབ་མཐའ་ང་རྒྱལ་ཆེན་པོ་རྣམས་ནི་འཇིག་པར་བྱེད། །ཐེག་པ་རྒྱས་པས་ཟབ་པའི་སངས་རྒྱས་གསུང་གི་ཆུ་ཡི་ཕུང་པོ་ལས། །རང་བྱུང་ཚུལ་ནི་རྣམ་པར་འཇོམས་པའི་ཤེས་རབ་ཀྱིས་བསྲུབས་ཡང་དག་པར། །ཤིན་ཏུ་དྲི་མེད་ཚུལ་གྱིས་རིན་ཆེན་ རྣམས་ཀྱི་འོད་གསལ་འགྲེལ་པའི་དཔལ། །འགྲོ་བ་རྣམས་ཀྱི་དགེ་བའི་རྒྱུར་གྱུར་དེས་ནི་མྱུར་དུ་བཏུ་བར་བྱས། །མུན་པ་འཇོམས་ཤིང་ཚུལ་ཁྲིམས་ཡངས་པའི་འོད་ཟེར་ཅན་ནི་དཔལ་ལྡན་སྔོན་མེད་རི་བོང་ཅན། །རྩོད་པའི་དུས་སུ་སྐྱེས་པ་དྲི་མ་དང་བྲལ་གང་ཞིག་གྲགས་པ་རྫོགས་པ་ལེགས་པའི་བློ། །རྟག་ཏུ་མུ་ སྟེགས་ཅན་གྱི་མཐུག་པའི་མུན་པ་ལས་རྒྱལ་ཤེས་རབ་རི་བོང་ཅན་གྱི་མཐར། །གྲགས་པའི་ཤེས་རབ་འཛིན་མཁས་དམན་པའི་ཚོགས་འཇོམས་ཤཱཀྱའི་འོད་ནི་གསལ་ལྡན་པ། །ཡང་དག་བསྟན་བཅོས་ཚུལ་གྱི་རབ་ཏུ་རྒྱས་པའི་པདྨ་གསལ་བར་བྱེད་ཅིང་ཐམས་ཅད་དུ། །སྐྱེས་བུ་ཤིན་ཏུ་ རྣམ་དག་གྲགས་པའི་རྗེས་འགྲོ་གང་ཞིག་ཉི་མའི་གཤེས་གཉེན་ལ་བརྟེན་པའོ།། །།ཚིགས་བཅད་སྟོང་ཕྲག་བཅུ་བཞི་ནི། །འདི་ཡི་ཚད་དུ་ཤེས་བྱ་སྟེ། །དཔལ་ལྡན་རྒྱལ་ཆེན་ཐམས་ཅད་ཀྱིས། །རྒྱལ་སྲིད་བྱེད་དུས་འདི་བྱས་སོ། །འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མ་ཞེས་བྱ་བ། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་རྫོགས་སོ།། །།འདི་ནི་དཔལ་ས་ཉིའི་གཙུག་ལག་ཁང་ཆེན་ པོར་རྗེ་བཙུན་དམ་པ་རྒྱལ་པོ་ཆེན་པོའི་ཡང་ཆེན་པོ་དབང་ཕྱུག་དམ་པ་དཔལ་ཚུལ་ཁྲིམས་ཉི་མའི་ལྷ་རབ་ཏུ་རྒྱས་པར་གྱུར་པ་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་ལོ་ལ་བྲིས་པ་ཡིན་ནོ། །གང་འདི་འདུལ་བའི་སྡེ་སྣོད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལས་ལྷག་པའི་འབུམ་ཕྲག་གཅིག་གི་དོན་གསལ་བར་བྱེད་པ་རང་གི་ རྣམ་པར་བཤད་པ་ཞེས་བྱ་བ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བའི་བསོད་ནམས་གང་དེས་མཁན་པོ་དང་སློབ་དཔོན་དང་ཕ་དང་མ་སྔོན་དུ་འགྲོ་བར་བྱས་པའི་མ་ལུས་པའི་སེམས་ཅན་གྱི་ཕུང་པོས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་གྱ