Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 156
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
་པའི་ཕྱིར་ཆོས་གཅིག་གོ། །དུས་ཤེས་ཤིང་ཟླ་མཚན་ཤེས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ངོ་བོ་ཉིད་ཤེས་པའི་ཕྱིར་ཆོས་གཉིས་པ་སྟེ། དུས་ཤེས་བྱ་བ་ནི་མངལ་ན་གནས་པའི་ཡོངས་སུ་འཛིན་པའི་དུས་ལ་བབ་པའི་དུས་སོ། །ཟླ་ མཚན་ཞེས་བྱ་བ་ནི་ཁྲག་གི་དྲི་མ་ཟགས་པའི་ལྷག་མ་ཁྲག་གི་ཐིགས་པ་གཉིས་གསུམ་ཙམ་སྟེ། མེ་ཏོག་ཅེས་བྱ་བའི་ཐ་ཚིག་གོ། །མངལ་ན་གནས་པ་ཞུགས་པ་ཤེས་པ་ཞེས་བྱ་བ་ནི་མངལ་ན་གནས་པ་ཞེས་བྱ་བ་བུ་མངལ་དུ་ཞུགས་ཤིང་ཆགས་པར་ཤེས་པའི་ཕྱིར་ཆོས་གསུམ་པ་ཡིན་ནོ། །གང་ལས་ མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་ཞེས་བྱ་བ་ནི་མངལ་ན་གནས་ཕ་འཇོག་པར་བྱེད་པའི་སྐྱེས་པ་གང་ལས་མངལ་ན་གནས་པ་རང་གི་རུམ་དུ་ཞུགས་པའི་སྐྱེས་པའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་བཞི་པའོ། །ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་ཞེས་བྱ་བ་ནི་མངལ་ན་གནས་པའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་ལྔ་ པའོ། །ཁྱེའུ་དང་བུ་མོ་ཤེས་པའི་བུད་མེད་ཀྱི་ཤེས་པའི་རྒྱུ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱེའུ་ཡིན་ན་དཀུ་གཡས་པར་བརྟན་ཅིང་འདུག་ཅེས་བྱ་བ་ནི་འདོད་ཆགས་སྟོན་པ་ཡིན་པས་མའི་དཀུ་གཡས་རོལ་ན་མའི་ལྟོ་ལོགས་སུ་རྒྱབ་བསྟན་ཞིང་རྒལ་ཚིགས་ལོགས་ སུ་མདུན་བསྟན་ཞིང་འདུག་པའོ། །བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་ཅིང་འདུག་ཅེས་བྱ་བ་ནི་འདོད་ཆགས་བསྟན་པར་བྱ་བ་ཡིན་པས་མའི་དཀུ་གཡོན་རོལ་ན་མའི་ལྟ་ལོགས་སུ་མདུན་བསྟན་རྒལ་ཚིགས་ལོགས་སུ་རྒྱབ་བསྟན་ཅིང་འདུག་པའོ། །ཡིད་དགའ་ཞིང་ཡིད་དགའ་ནས་ཞེས་བྱ་བ་ནི་ཡིད་མགུ་བ་སྟེ། རྣམ་ པའི་ཕྱིར་ཚིག་གཉིས་སུ་སྨོས་སོ། །ཁྱིམ་ཐབ་ཅེས་བྱ་བ་ནི་ཁྱོའོ། །སེམས་ཅན་ཞུགས་པ་ཞེས་བྱ་བ་ནི་མངལ་ན་གནས་པ་ཆགས་པའོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་གོར་མ་ཆག་པར་རོ། །དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱ་བ་ནི་ཤིས་པ་བརྗོད་པའི་ཚིག་སྟེ། དགྱེས་པ་ཞེས་བྱ་བ་ནི་དགའ་བ་ ཡིན་པ་དེ་འཕེལ་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཞེས་བྱ་བ་ནི་ཁྱིམ་ཐབ་དེ་ཡང་ངོ་། །རོ་སྟོད་སྲོང་སྟེ་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པ་སྟོད་དེའོ། །ལག་པ་གཡས་པ་བརྐྱང་ནས་ཞེས་བྱ་བ་ནི་བཏེག་ནས་སོང་། །འདི་སྐད་ཅེས་བྱ་བ་ནི་ལེགས་སུ་སྨོན་པའོ། །ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་ པར་མི་སྐྱེ་བ་ཞེས་བྱ་བ་ནི་ཁོ་བོའི་རྗེས་སུ་སྐྱེལ་ཚིག་ཉན་པར་འགྱུར་ཞིང་ཚིག་ཉན་པར་མི་འགྱུར་བ་མ་ཡིན་ནོ། །བྱ་བ་དག་བྱེད་པ་ཞེས་བྱ་བ་ནི་ཁྱིམ་གྱི་བྱ་བ་དག་གོ། །གསོས་པས་ཞེས་བྱ་བ་ནི་གསོས་པས་སོ། །ཕྱིར་གསོ་བ་ཞེས་བྱ་བ་ནི་བུས་ཕ་དག་ལ་ལན་དུ་ཕན་འདོགས་ཤིང་ཕྱིར་གསོ་བའོ། །བགོ་སྐལ་ ལ་སྤྱོད་པ་ཞེས་བྱ་བ་ནི་སྐལ་བ་བྱིན་པའི་རིགས་ཀྱི་ནོར་ལ་ལོངས་སྤྱོད་པར་བྱེད་པ་སྟེ། ཁྱིམ་གྱི་ནོར་ཆུད་མི་གསོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་རྒྱུད་ཅེས་བྱ་བ་ནི་རིགས་ཀྱི་རྒྱུན་ནོ། །ཡུན་རིང་དུ་གནས་པར་སྒྲུབ་པ་ཞེས་བྱ་བ་ནི་དུས་ཡུན་རིང་དུ་གནས་པར་བྱེད་པ་སྟེ། །བུ་དང་ཚ་བོ་ལ་སོགས་པ་ བསྐྱེད་པའི་ཕྱིར་རོ། །བདག་ཅག་ཅེས་བྱ་བ་ནི་ཕ་དང་མ་དག་གོ། །ཤི་ཞིང་ཞེས་བྱ་བ་ནི་བར་མ་དོར་དུས་མ་ཡིན་པར་འཆི་བས་ཤི་བའོ། །དུས་ལ་བབ་པ་ཞེས་བྱ་བ་ནི་ཚེ་ཟད་ཅིང་འཆི་བས་ཤི་བའོ། །སྦྱིན་པ་དག་ཅེས་བྱ་བ་ནི་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །བསོད་ནམས་དག་ཅེས་བྱ་བ་ནི་མཆོད་པ་ བྱེད་པའི་ཕྱིར་རོ། །ཡང་ན་སྦྱིན་པ་དག་ཅེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་གོ། །བསོད་ནམས་དང་ཅེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་གོ། །འདི་ཞེས་བྱ་བ་ནི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པའོ། འགྲོ་ཞིང་ཞེས་བྱ་བ་ནི་འཁོར་བའི་ལམ་དུ་མཚམས་སྦྱོར་ཞིང་ངོ་། །རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་བྱ་བ་ནི་རྗེས་སུ་ཐོབ་པར་གྱུར་ཅིག་ཅེས་སོ། །མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་བྱ་བ་ནི་བདག་ཅག་གི་མིང་ནས་འབྱིན་ཅིང་ཡོན་གནས་དག་ལ་མཆོད་པ་བྱ་བའི་ཕྱིར་ཡོན་འབུལ་བ་ལ་སོགས་པ་ བྱེད་ཅིང་སྨོན་ལམ་འདེབས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ་ཞེས་བྱ་བ་ནི་མགུ་བའི་ཚིག་རྗོད་པར་བྱེད་པ་སྟེ། ཡིད་བདེ་བ་ཚིག་ཏུ་རྗོད་པར་བྱེད་ཅེས་བྱ་བ་ནི་ཐ་ཚིག་གོ། །ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གསོ་བའི་ཕྱིར་རོ། ། སྟེང་གི་ཞེས་བྱ་བ་ནི་ཁང་སྟེང་གི་སྟེང་ཕྱོགས་སུ་རྣམ་པར་ལྟ་བས་བསང་བའི་ཕྱིར་དང་། དབེན་པ་ཉིད་དུ་བྱུང་བའི་ཕྱིར་སྟེང་དུ་རིམ་གྲོར་བྱེད་དུ་འཇུག་པའོ། །གཞིར་ཞེས་བྱ་བ་ནི་ས་གཞིར་རོ། །གྲང་བ་ན་ཞེས་བྱ་བ་ནི་གྲང་བའི་དུས་ནའོ། །དྲོ་བ་ན་ཞེས་བྱ་བ་ནི་དྲོ་བའི་དུས་ནའོ། །སྨན་པས་བཅས་པ་ཞེས་ བྱ་བ་ནི་སྨན་པས་བསྟན་པའོ། །ཟས་ཧ་ཅང་མི་ཁ་བ་ཞེས་བྱ་བ་ལ་སོགས་པ་དང་། ཁ་བ་ལ་སོགས་པ་རྣམ་པར་སྤངས་པ་ནི་རླུང་ལ་སོགས་པའི་རྣམ་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །དེ་སྐད་དུ། ཚ་དང་ཁ་དང་བསྐ་བས་ནི། །རླུང་དག་འཁྲུག་པར་བྱེད་པ་ཡིན། །ཚ་དང་སྐྱུར་དང་ལན་ ཚྭས་ནི། །མཁྲིས་པ་འཁྲུག་པར་བྱེད་པ་ཡིན། །མངར་དང་སྐྱུར་དང་ལན་ཚྭས་ནི། །བད་ཀན་འཁྲུག་པར་བྱེད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དོ་ཤལ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་འཕྱང་བའོ། །སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་གྱི་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །རྒྱན་གྱིས་ཀླུབས་ བའི་ལུས་ཞེས་བྱ་བ་ནི་རྒྱན་གྱིས་བརྒྱན་པའི་ལུས་སོ། །དགའ་བའི་ཚལ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་སོ། །རྣམ་པར་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་བའོ། །ཁྲི་ནས་ཁྲིར་ཞེས་བྱ་བ་ལ་སོགས་པ་ནི་གཅིག་གི་སྟེང་ནས་གཅིག་གི་སྟེང་དུ་རྗེས་སུ་རྒྱུ་བའོ། །ཤོད་ཀྱི་གཞིར་མི་འབབ་པ་ཞེས་བྱ་ བ་ནི་ངལ་བ་ཡོངས་སུ་སྤང་བའི་ཕྱིར་རོ། །སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་ཞེས་བྱ་བ་ནི་མི་དགའ་བར་མི་འགྱུར་བར་བྱ་བའི་ཕྱིར་རོ། །གནོད་པ་མེད་པ་ཉིད་དུ་ཞེས་བྱ་བ་ནི་ཉམ་ང་བ་མེད་པ་ཉིད་དུའོ། །རིམ་གྲོ་བྱེད་དུ་འཛུད་དོ་ཞེས་བྱ་བ་ནི་སྲེལ་བར་བྱེད་པ་སྟེ། རྣམ་པ་དེ་དག་ཐམས་ཅད་ཀྱང་ལུས་ གནས་ན་བདེ་བ་དང་། ཡིད་བདེ་བ་སྐྱེ་ལ་དེ་སྐྱེ་བའི་ཕྱིར་རྒྱུར་བསྟན་པ་ཡིན་ནོ། །ལྷ་དབང་དུ་བླངས་ནས་ཞེས་བྱ་བ་ནི་སྙིང་ལ་བསམས་ཏེ། ལྷ་ལ་གསོལ་བ་བཏབ་ནས་ཞེས་བྱ་བའི་ཐ་ཚིག་གོ། །མཽད་གལ་མའི་རིགས་ཡིན་པས་མཽད་གལ་གྱི་བུ་ཞེས་བྱ་བ་ནི་དྲང་སྲོང་མུད་ག་ལའི་བུ་ནི་མཽད་གལ་ཡིན་ལ། མཽད་གལ་ཡའི་རིགས་ནི་པང་ནས་སྐྱེས་ཡིན་པས་མཽད་གལ་གྱི་བུ་ཞེས་བྱའོ། །སྤ་གོང་ཞེས་བྱ་བ་ནི་ཞུམ་པའི་ཕྱིར་མིག་དམའ་བར་ལྟ་བའོ། །མི་དགའ་བ་ཞེས་བྱ་བ་ནི་མཐུ་མེད་པའི་ཕྱིར་རོ། །མི་འཇིགས་པ་མེད་ཅེས་བྱ་བ་ནི་སེམས་ཞུམ་པས་འཇིགས་པ་དང་བཅས་པའོ། །བསམ་པ་ཞེས་བྱ་བ་ནི་སེམས་ ཀྱི་བསམ་པའོ། །སྐད་མདོག་དབང་པོའི་རྣམ་པ་དག་ཅེས་བྱ་བ་ལ་སྐད་ཀྱི་རྣམ་པ་ནི། ཆགས་པའི་མི་ཡི་སྐད་ནི་དང་དང་པོ། །སྡང་བའི་མི་ཡི་སྐད་ནི་རྩུབ་པ་ཡིན། །རྨོངས་པའི་མི་ཡི་སྐད་ནི་འཁྲུགས་པར་འགྱུར། །ཚངས་པ་རྔ་སྒྲ་འདི་ནི་སངས་རྒྱས་ཏེ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་བསྟེན་གྱི། །ཕྱིར་ ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མདོག་གི་རྣམ་པ་ནི། སྐྱེས་བུ་ཆགས་པའི་རྗེས་ནི་གསལ་མི་འགྱུར། །ཞེ་སྡང་ལྡན་པའི་རྗེས་ནི་ཟབ་པ་ཡིན། །རྨོངས་པར་གྱུར་པའི་རྗེས་ནི་ནོགས་པར་གྱུར། །ཤིན་ཏུ་ཆགས་བྲལ་རྗེས་ནི་འདི་འདྲ་སྟེ། །ཁྱིམ་ཐབ་དེ་ནི་ གཞོན་ནུ་མི་བསྟེན་གྱི། །ཕྱི་རོལ་རང་གི་སྡུམ་པ་ཉིད་དུ་འདོང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དབང་པོའི་རྣམ་པ་ནི། ཆགས་པའི་མིག་ནི་རིག་རིག་ལྟ་བར་བྱེད། །སྡང་བའི་མིག་ནི་དུག་དྲག་སྦྲུལ་བཞིན་བལྟ། །རྨོངས་པའི་མིག་ནི་མུན་ཁྲོད་རྟོག་བཞིན་བལྟ། །ཤིན་ཏུ་ཆགས་བྲལ་ གཉའ་ཤིང་ཙམ་དུ་བལྟ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་བསྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །རྣམ་པར་སྦ་བར་ཞེས་བྱ་བ་ནི་བཅབ་པར་རོ། །སྐབས་དེ་ཞེས་བྱ་བ་ནི་བྱུང་བའི་མཐའ་དེའོ། །ཆེས་ཤེས་རབ་ཅན་ཞེས་བྱ་བ་ནི་ཤེས་རབ་ཆེས་ཆེ་བའོ། ། རིགས་ཀྱིས་རྒན་པ་ཞེས་བྱ་བ་ནི་རིགས་ཀྱི་ཐུ་བོའོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དོན་དུ་གཉེར་བས་ཞེས་བྱ་བ་ནི་ཐོས་པ་ཚོལ་བས་སོ། །བགོ་བཤའ་ཞེས་བྱ་བ་ནི་མགྲོན་བྱ་བའོ། །ཇི་བྱ་སྙམ་ནས་ཞེས་བྱ་བ་ནི་མཆིད་ལུང་ནོད་པས་སོ། །ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གཉིས་ ཀྱི་དུས་སྟོན་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་དེ་གཉིས་ཀྱི་ཕྱིར་དུས་སྟོན་བྱེད་པ་སྟེ། དེ་ཉིད་གཞུང་འདི་ལས་འོག་ནས་འབྱུང་ངོ་། །ཉམས་སུ་མྱོང་བར་བྱེད་ཅེས་བྱ་བ་ནི་བྲོ་དང་གླུ་དང་རོལ་མོ་ལ་སོགས་པ་བལྟ་བས་དགའ་བ་ཉམས་སུ་མྱོང་བར་བྱེད་པའོ། །མ་སྐྱེས་དགྲ་ཞེས་བྱ་བ་ནི་མིང་སྡེ་མའི་མངལ་ན་ གནས་པ་ཉིད་ནས་ཕའི་རྒྱབ་ཀྱི་ཤ་ཟ་བ་ལ་སོགས་པས་མིང་དེ་སྐད་བཏགས་ཏེ། དེ་ཡང་གཞུང་འདི་ཉིད་ལས་འོག་ནས་འབྱུང་ངོ་། །བྱ་བ་ཅུང་ཞིག་ཅེས་བྱ་བ་ནི་དགོས་པ་ཆུང་བའི་ཕྱིར་མིང་མ་སྨོས་སོ། །རྒོལ་བའི་སྟན་ཞེས་བྱ་བ་ནི་གང་དུ་རྒོལ་བ་འདུག་པའོ། །མཆོག་ ཐོབ་པའི་སྟན་ཞེས་བྱ་བ་ནི་བྲམ་ཟེ་ཀློག་པ་ཕུན་སུམ་ཚོགས་པ་དང་ལྡན་པ་གང་ལ་རྒྱལ་པོས་གྲོང་ལ་སོགས་པ་མཆོག་ཕུལ་བ་དེའི་སྟན་ནོ། །མཆོག་ཐོབ་པའི་སྟན་ལ་དབྱུག་གུ་དང་རིལ་བ་ཞོག་སྟེ་ཞེས་བྱ་བ་ནི་ཀློག་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པས་ཁྱོད་དང་འདྲ་བ་གཞན་མེད་པའི་མཆོག་ ཐོབ་པར་འགྱུར་རོ་ཞེས་བསམས་པའོ། །རྒོལ་བའི་སྟན་ལ་འདུག་ཤིག་ཅེས་བྱ་བ་ནི་རྒོལ་བ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཁྱོད་དང་འདྲ་བར་གཞན་མེད་པའི་ཕྱིར། རྒོལ་བའི་སྟན་ཐོབ་པར་འགྱུར་རོ་ཞེས་བྱ་བར་བསམས་པ་ཡིན་ནོ། །ཏོ་ཏ་ཀ་ཞེས་བྱ་བ་ནི་ཀླུ་དབྱངས་ཀྱི་སྡེབ་སྦྱོར་ གྱི་མིང་ངོ་། །དབང་པོ་དག་ཕྱིར་བླན་ཏེ་ཞེས་བྱ་བ་ནི་མི་གཡེང་བའི་ཕྱིར་མིག་གི་དབང་པོ་ནང་དུ་བསྡུས་པའོ། །བླུན་པོ་ཆེན་པོ་ཞེས་བྱ་བ་ནི་ལྟད་མོ་ལ་འོངས་ལ་མི་ལྟ་བར་འཇུག་པའི་ཕྱིར་རོ། །ཤེས་པས་མི་འཁྲུགས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ཕྱིར་བསྐྱོད་པར་མི་ནུས་པའོ། །གང་གིས་མཐོང་ བའམ་ཐོས་པ་ལ་སྣང་ངོ་ཞེས་བྱ་བ་ནི་ཁོ་བོས་ནི་མ་མཐོང་མ་ཐོས་སོ་ཞེས་བྱ་བར་བསམས་པའོ། །དབང་པོ་དག་ནང་དུ་བསྡུས་པས་མ་མཐོང་བ་ནི་བདེན་ན་ཞེས་བྱ་བ་ནི་མིག་གི་དབང་པོ་ནང་དུ་བསྡུས་པས་མ་མཐོང་བ་ནི་རུང་ན་ཞེས་བྱ་བའི་ཐ་ཚིག་གོ། །མིག་གི་དབང་པོའི་རྒྱུན་མང་དུ་འབྱུང་བའི་ཕྱིར་ མང་པོའི་ཚིག་ཏུ་གསུངས་སོ། །ཇི་ལྟར་མ་ཐོས་ཞེས་བྱ་བ་ནི་རྣ་བ་ནི་མ་བཀག་ན་སྒྲ་ཇི་ལྟར་མ་ཐོས་ཞེས་བྱ་བའི་ཐ་ཚིག་གོ། །ཤི་ལྤགས་ཞེས་བྱ་བ་ནི་རྔ་པ་ཊ་ཧ་ལ་སོགས་པའོ། །ཤི་བའི་རྒྱུས་པ་ཞེས་བྱ་བ་ནི་པི་ཝང་ལ་སོགས་པའོ། །འཆིར་འགྱུར་བཞད་གད་པ་ཞེས་བྱ་བ་ནི་འཆི་བར་འགྱུར་ བ་བསྙོན་ཐབས་མཁན་ནམ་ལྟད་མོ་བའོ། །འཆིར་འགྱུར་འཇོ་སྒེག་པ་ཞེས་བྱ་བ་ནི་འཆི་བར་འགྱུར་བའི་འཇོག་སྒེག་དག་གམ་གར་མཁན་ནམ། གླུ་མཁན་དག་གོ། །འཆི་བའི་སྐྱེ་བོ་འདུས་པ་ལ་ཞེས་བྱ་བ་ནི་འཆི་བདག་གིས་ཟིན་པའི་སེམས་ཅན་འདུས་པ་འདི་ལའོ། །མཁས་པ་སུ་ཞིག་ ཅེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སུ་ཞིག་གོ། །བག་མེད་བྱེད་ཅེས་བྱ་བ་ནི་བག་མེད་པར་ག་ལ་བདེ་བྱེད་ཅེས་བྱ་བ་ནི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཀོ་ལྤགས་དང་། ཆུ་རྒྱུས་གང་དག་ཡིན་པ་དག་ཐམས་ཅད་ནི་ཤི་བ་དང་འབྲེལ་པ་ཡིན་ལ། བཞད་གད་དང་། འཇོ་སྒེག་པ་གང་དག་ཡིན་པ་དེ་དག་ ཐམས་ཅད་ནི་འཆི་བར་འགྱུར་བའི་ཆོས་ཅན་ཡིན་ཏེ། དེ་ལྟའི་སྐྱེ་བོ་འཆི་བདག་དང་འབྲེལ་པ་འདུས་པ་འདི་ལ་ཤེས་རབ་དང་ལྡན་པ་སུ་ཞིག་བག་མེད་པ་བྱེད་དེ་དེ་ལྟར་མི་བྱེད་དོ་ཞེས་བྱ་བ་ནི་ཐ་ཚིག་གོ། །རྒྱན་ཅེས་བྱ་བ་ནི་མགུལ་གདུབ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་ པའོ། །ཁུར་ཡིན་ཏེ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་ཕྱིར་རོ། །ཐོ་འཚམས་པ་ཞེས་བྱ་བ་ནི་བཞད་གད་དུ་གྱུར་པས་སྨྱོན་པ་དང་འདྲ་བའི་ཕྱིར་རོ། །ཀྱལ་བ་བྱ་སྟེ་ཞེས་བྱ་བ་ནི་ཚིག་ཀྱལ་པར་སྨྲས་པའི་ཕྱིར་རོ། །མི་རྟག་ཉིད་ཡིན་ནོ་ཞེས་བྱ་བ་ནི་མི་བརྟན་པའི་ཕྱིར་རོ། །ཡང་དག་པ་ཁོ་ནར་ ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་དུའོ། །དད་པས་ཞེས་བྱ་བ་ནི་ཡིད་ཆེས་པ་བསྐྱེད་པས་སོ། །ཁྱིམ་ནས་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་ནས་སོ། །ཁྱིམ་མེད་པར་ཞེས་བྱ་བ་ནི་ཁྱིམ་ཡོངས་སུ་སྤངས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་འབྱུང་བ་ཁས་བླང་བར་རོ། །གང་གི་དོན་དུ་ཞེས་བྱ་བ་ནི་གང་གི་ ཕྱིར་རོ། །མཆོད་སྦྱིན་སྦྱིན་པར་བྱེད་ཅེས་བྱ་བ་ནི་རྟས་བསང་བ་ལ་སོགས་པས་མཆོད་སྦྱིན་བྱེད་པའོ། །སྦྱིན་སྲེག་སྲེག་པར་བྱེད་ཅེས་བྱ་བ་ནི་རྒྱུན་དུ་མེར་སྦྱིན་སྲེག་བྱེད་པའོ། །དཀའ་ཐུབ་ཀྱིས་གདུང་བར་བྱེད་ཅེས་བྱ་བ་ནི་དུ་བ་རྔུབ་པ་ལ་སོགས་པ་དཀའ་ཐུབ་དྲག་པོ་བྱེད་པའོ། །ལག་མཐིལ་ དུ་འོངས་ཞེས་བྱ་བ་ནི་ལག་ཏུ་ཐོབ་པའོ། །ཇི་ཞིག་བྱེད་ཅེས་བྱ་བ་ནི་ཇི་ཡང་མི་བྱེད་པའོ། །ཡོངས་སུ་བཟུང་བས་ཞེས་བྱ་བ་ནི་རྟ་དང་། གླང་པོ་ཆེ་དང་། ཉེ་དུ་དང་། མཛའ་བཤེས་དང་། དབྱིག་དང་། གསེར་ལ་སོགས་པའོ། །ཤིང་ཤུན་ཞེས་བྱ་བ་ནི་ཤིང་ལྗོན་པའི་ཤུན་པའོ། །རྩྭ་གྱོན་པ་ ཞེས་བྱ་བ་ནི་རྩྭ་དཱུར་བའི་གོས་སོ། །རི་དགས་གདུག་པ་ཞེས་བྱ་བ་ནི་སེང་གེ་དང་སྟག་ལ་སོགས་པ་གཅན་གཟན་ནོ། །འཇིག་རྟེན་ཕ་རོལ་འཇིགས་བགྱིད་པའི། །ཞེས་བྱ་བ་ནི་ངན་འགྲོས་འཇིགས་པར་བལྟ་བའོ། །རྒྱལ་སྲིད་སྲང་དུ་ནི་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་ཕྱིར་རོ། །གསོད་ཅེས་ བྱ་བ་ནི་གསོད་པའོ། །འཆིང་ཞེས་བྱ་བ་ནི་སུ་འདོད་དང་། ཁོང་སྒྲིལ་ལ་སོགས་པའི་འཆིང་བའོ། །བརྡེག་པ་ཞེས་བྱ་བ་ནི་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་བརྡེག་གོ། །སྡུག་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཡིད་དུ་ འོང་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བཟོད་པ་ཞེས་བྱ་བ་ནི་བཟོད་པ་དང་ལྡན་པ་སྟེ། ཚིག་ཉན་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་ན་མི་མཐུན་པ་མེད་པ་ཞེས་བྱ་བ་ནི་ཞེ་འགྲས་པ་མེད་པ་སྟེ། བདེ་བ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་འདོད་བཞིན་དུ་ འབྲལ་བ་ཁོ་ན་ཡིན་གྱི་ཞེས་བྱ་བ་ནི་མི་དགའ་བཞིན་དུ་འབྲལ་བའོ། །བུ་གཞོན་ནུ་ཞེས་བྱ་བ་ནི་བུ་ཐུ་བོ་ལ་དགའ་བའི་ཚིག་གིས་བོད་པའོ། །ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་ཚིག་འདི་དག་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱ་བའོ། །ཤིན་ཏུ་གཞོན་པ་ཞེས་བྱ་བ་ནི་ལུས་ཀྱི་ཡོན་ཏན་ གྱིས་སོ། །བདེ་བ་འདོད་པ་ཞེས་བྱ་བ་ནི་སེམས་ཀྱི་ཡོན་ཏན་གྱིས་སོ། །ཁྱོད་ཀྱིས་སྡུག་བསྔལ་མི་ཤེས་ཏེ་ཞེས་བྱ་བ་ནི་ཁྱོད་ཀྱིས་སྡུག་བསྔལ་གྱི་རྒྱུས་མི་ཤེས་ཏེ་ཞེས་བྱ་བའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་སྤངས་པའོ། །སྤྱད་དཀའ་བ་ཞེས་བྱ་བ་ནི་བསྒྲུབ་དཀའ་བའོ། །རབ་ཏུ་ དབེན་པ་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པའོ། །བརྒྱ་ལ་རབ་ཏུ་དབེན་པར་བྱས་ན་དེ་ལ་སེམས་དགའ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ་ཞེས་གསུངས་ཏེ། གཅིག་པུ་ཉིད་ལ་མངོན་པར་དགའ་བར་སྐྱེད་པར་དཀའོ། །ཁ་ཅིག་དགོན་པར་གྲོགས་དང་བཅས་ པ་ལ་མངོན་པར་དགའ་བ་སྐྱེའོ་སྙམ་དུ་དོགས་པ་དེའི་ཕྱིར། གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ་ཞེས་བྱ་བ་གསུངས་ཏེ། གནས་མལ་ཞེས་བྱ་བ་ནི་འདུག་པའི་གནས་ཏེ། སྐབས་འདི་ནི་དགོན་པ་ཞེས་བྱ་བ་དང་སྦྱར་ཏེ། གནས་ མལ་དགོན་པ་དེ་ཡང་གང་ཞེ་ན། འོག་ནས་ནགས་ཁྲོད་དང་། རི་ཀླུང་དང་། བས་མཐའ་དག་ཅེས་འབྱུང་བ་དང་སྦྱར་རོ། །དེ་ལ་གནས་མལ་ཞེས་བྱ་བ་ནི་འདུག་པའི་ནགས་སོ། །དགོན་པ་ཞེས་བྱ་བ་ནི་སྐྱེ་བོ་མི་གནས་པའི་གནས་སོ། །ནགས་ཁྲོད་ཅེས་བྱ་བ་ནི་ཤིང་ལྗོན་པ་ཐིབས་པོའོ། །རི་དྲུང་ཞེས་ བྱ་བ་ནི་རི་དང་ཐག་ཉེ་བར་ན། ཆུ་ཀླུང་ངམ། ངམ་གྲོག་གི་ཕྱོགས་གཅིག་གོ། །བས་མཐའ་ཞེས་བྱ་བ་ནི་རབ་ཏུ་ཐག་རིང་བའི་མཐའོ། །གནས་མལ་དགོན་པ་ནགས་ཁྲོད་ལ་སོགས་པ་དེ་དག་ནི་ཡིད་ཀྱིས་ཀྱང་བཟོད་པར་དཀའ་སྟེ། གང་དག་ཡིད་ཀྱིས་ཀྱང་བཟོད་པར་དཀའ་བ་དེ་དག་ཏུ་ནི་གྲོགས་གཞན་གྱིས་ ཀྱང་ཅི་བྱ་སྟེ། དེས་ན་དེ་དག་ཏུ་གྲོགས་ཡོད་ཀྱང་དཀའ་བར་མི་འགྱུར་རོ། །ཅིའི་ཕྱིར་གནས་མལ་དགོན་པ་དེ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའ་ཞེ་ན། དེའི་ཕྱིར་གཅིག་པུར་དགོན་པར་གནས་པ་སྡུག་བསྔལ་ལོ་ཞེས་བྱ་བ་གསུངས་ཏེ། གཅིག་པུ་དགོན་པར་གནས་པ་ཡང་སྡུག་བསྔལ་ལ་གྲོགས་དང་ བཅས་ན་ཡང་སྡུག་བསྔལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ་ཞེས་བྱ་བ་ནི་གཞན་དག་གིས་བྱིན་པའི་བཟའ་བ་དང་བཏུང་བ་དང་། གོས་ལ་སོགས་པས་འཚོ་བར་བྱ་དགོས་པ་སྟེ། གཞན་གྱི་ངོར་ལྟ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མིའི་འདོད་པ་དག་ལས་ ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཞེས་བྱ་བའི་ལོངས་སྤྱོད་ཀྱི་ཡོ་བྱད་དག་ལས་སོ། །དབེན་པར་ཞེས་བྱ་བ་ནི་བར་ཆད་དོ། །དགའ་བ་དང་རྩེད་མོ་དག་ལས་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་དངོས་ལས་སོ། །དགའ་བ་ཞེས་བྱ་བ་ནི་བུད་མེད་དག་ལ་ཡིད་ཀྱིས་ ཆགས་པའོ། རྩེད་མོ་ཞེས་བྱ་བ་ནི་བུད་མེད་ལ་རེག་པའི་ལོངས་སྤྱོད་དོ། །ཉེ་དུ་ཞེས་བྱ་བ་ནི་གཉེན་བཤེས་སོ། །ནེའུ་ལྡངས་ཞེས་བྱ་བ་ནི་ན་ཚོད་མཉམ་ཞིང་སྙིང་དུ་སྡུག་པའི་གྲོགས་སོ། །ཞི་བ་ཞེས་བྱ་བ་ནི་དགའ་བའི་ཚིག་གིས་བོད་པ་སྟེ། ཟླ་བ་དང་འདྲ་བར་ཞི་བ་ཞེས་བྱ་བའི་ཐ་ ཚིག་གོ། །མཁས་པས་བསྔགས་པ་ཞེས་བྱ་བ་ནི་ཡེ་ཤེས་འབྱམ་ཀླས་པ་དག་གིས་བསྔགས་པའོ། །སླར་ལྡོག་པར་ཞེས་བྱ་བ་ནི་ཕྱིར་ཁྱིམ་དུ་འོངས་པའོ། །འབྲས་བུའི་རིན་གྱིས་ཞེས་བྱ་བའི་འབྲས་བུ་ཞེས་བྱ་བ་ནི་འབྲས་བརྔོས་པའི་ཐུག་པའི་རྣམ་པ་སྟེ། དང་པོ་དེ་བཏུང་བའི་རིན་གྱིས་སོ། ། ཟན་བཅད་པར་བྱས་པས་ནི་ཆང་དྲོད་ཆུང་བས་དང་པོར་དེ་འཐུངས་ན་མེའི་ཁམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་། བརྔོས་པའི་འབྲས་ཀྱི་ཐུག་པ་ནི། །སྨིན་དང་དྲོད་སྐྱེ་འཕྲོད་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །མཐུ་ཞེས་བྱ་བ་ནི་བསྟན་པ་ཉིད་དོ། །སྟོབས་ཞེས་བྱ་བ་ནི་འོང་ བ་དང་འགྲོ་བ་ལ་སོགས་པའི་ནུས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་ཡིད་ཀྱི་སྤྲོ་བའོ། །བསྐྱེད་དེ་ཞེས་བྱ་བ་ནི་བྱས་ཏེའོ། །དབེན་པ་ལ་དགའ་བས་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པ་ལ་དགའ་བས་སོ། །ལེགས་པ་བྱེད་པ་ཞེས་བྱ་བ་ནི་ལེགས་པར་འགྱུར་བའོ། །འཆིང་ བ་དམ་པོ་ཞེས་བྱ་བ་ནི་རྫས་མང་པོ་ཉེ་བར་བསོག་པ་ཉིད་ཀྱིས་དགའ་བར་འགྱུར་བ་གཅད་དཀའ་བའི་ཕྱིར་རོ། །འཆིང་བ་བརྟན་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་འདོད་ཆགས་ཀྱིས་བསྒོས་པས་དབྲལ་ལ་སྤང་དཀའ་བའི་ཕྱིར་རོ། །འཆིང་བ་མ་བུལ་བ་ཞེས་བྱ་བ་ནི་རྫས་བསྲུང་བའི་ཐབས་མང་པོ་དག་གིས་ མྱུར་དུ་ཆུད་ཟ་བར་མི་འགྱུར་བའི་ཕྱིར་རོ། །གགས་ཤིང་སྦོམ་པ་ཞེས་བྱ་བ་ནི་ཕ་མ་དང་། ཉེ་དུ་དང་། མཛའ་བཤེས་དང་། བློན་པོ་དང་། བྲན་ཕོ་དང་བྲན་མོ་ལ་སོགས་པ་འཁོར་མང་པོ་དང་རྗེས་སུ་འབྲེལ་པས་རང་གིར་བསྒྲུབ་ཏུ་མེད་པས་ཤིང་གི་གགས་ཤིང་སྦོམ་པོས་གཉའ་བར་བསྒགས་པ་དང་འདྲ་བའོ། ། འཆིང་བ་སྟོབས་མེད་པ་ཞེས་བྱ་བ་ནི་མི་དམ་པའི་ཕྱིར་རོ། །འཆིང་བ་སྟོབས་ཆུང་བ་ཞེས་བྱ་བ་ནི་མི་བརྟན་པའི་ཕྱིར་རོ། །འཆིང་བ་རུལ་པ་ཞེས་བྱ་བ་ནི་བསྲུང་བ་མེད་པའི་ཕྱིར་རོ། །གགས་ཤིང་ཕྲ་བ་ཞེས་བྱ་བ་ནི་དེ་ཉེ་དུའི་ཚོགས་ཉུང་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་དོན་ཡོད་པ་སྟེ་དེའི་འབྲས་བུའི་ རྗེས་སུ་ཞུགས་པས་ད་ལྟར་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་ལྡན་པ་ཞེས་སྨོས་སོ། །སྨོན་ལམ་ཞེས་བྱ་བ་ནི་བསྒྲུབ་པའོ། །རྟག་ཏུ་རབ་བྱུང་མང་བར་ཤོག་ཅེས་བྱ་བ་ནི་རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བར་ཤོག་ཅིག་ཅེས་བྱ་བའོ། །བྲམ་ཟེ་རབ་ཏུ་གྲགས་པ་དག་ཅེས་བྱ་བ་ནི་གཙོ་བོར་གྲགས་པ་དག་གོ། ། གང་ཡང་རུང་བར་ཞེས་བྱ་བ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་མ་གཏོགས་པ་གཞན་ལ་བབ་ཅོལ་དུའོ། །རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཞེས་བྱ་བ་ནི་འདྲོབ་སྐྱོང་གི་བུ་རྫོགས་བྱེད་ལ་སོགས་པ་དྲུག་གོ། །སྟོན་པ་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་ཉེ་བར་སྟོན་པའོ། །ཐམས་ཅད་མཁྱེན་པ་ མ་ཡིན་པར་ཐམས་ཅད་མཁྱེན་པ་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དངོས་པོ་ཐམས་ཅད་མི་ཤེས་བཞིན་དུ་ལོག་པའི་མངོན་པའི་ང་རྒྱལ་གྱིས་བདག་ཉིད་ཐམས་ཅད་མཁྱེན་པ་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །འདྲོབ་སྐྱོང་གི་བུ་རྫོགས་བྱེད་ཅེས་བྱ་བ་ལ། འདྲོབ་སྐྱོང་གི་བུ་ཞེས་བྱ་བ་ནི་རིགས་ཡིན་ལ་ རྫོགས་བྱེད་ནི་རང་གི་མིང་ཡིན་ནོ། །གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ཞེས་བྱ་བ་ཡང་གནག་ལྷས་ཀྱི་བུ་ཞེས་བྱ་བ་ནི་མའི་མིང་ཡིན་ལ། ཀུན་དུ་རྒྱུ་ཞེས་བྱ་བ་ནི་རང་གི་མིང་ཡིན་ནོ། །སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་ཡང་། སྨྲ་འདོད་ཀྱི་བུ་མོའི་བུ་ཞེས་བྱ་བ་ནི་མའི་མིང་ཡིན་ལ། ཡང་དག་རྒྱལ་བ་ཅན་ ཞེས་བྱ་བ་ནི་རང་གི་མིང་ཡིན་ནོ། །མི་ཕམ་སྐྲའི་ལ་བ་ཅན་ཞེས་བྱ་བ་ལ། མི་ཕམ་ཞེས་བྱ་བ་ནི་རང་གི་མིང་ཡིན་ལ། སྐྲའི་ལ་བ་ཅན་ཞེས་བྱ་བ་ནི་དེའི་བརྟུལ་ཞུགས་ཏེ། སྐྲ་ལས་བྱས་པའི་ལ་བ་གྱོན་པའི་ཕྱིར་རོ། །ཀ་ཏྱའི་བུ་ནོག་ཅན་ཞེས་བྱ་བ་ལ། ཀ་ཏྱའི་བུ་ཞེས་བྱ་བ་ནི་རིགས་ཡིན་ ལ། ནོག་ཅན་ཞེས་བྱ་བ་ནི་རང་གི་མིང་ཡིན་ནོ། །གཉེན་གྱི་བུ་གཅེར་བུ་ཞེས་བྱ་བ་ལ། གཉེན་གྱི་བུ་ཞེས་བྱ་བ་ནི་མའི་མིང་ཡིན་ལ། གཅེར་བུ་ཞེས་བྱ་བ་ནི་རང་གི་མིང་སྟེ། རབ་ཏུ་བྱུང་བའོ། །ཉེ་བར་བརྟེན་ཅིང་གནས་སོ་ཞེས་བྱ་བ་ནི་འདུག་པའོ། །ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་དངོས་པོའི་ ཚུལ་ཏེ་ལུང་རྣམ་པར་གཞག་པའོ། །སློབ་མ་ལ་གདངས་པ་ཞེས་བྱ་བ་ནི་ལན་བསྟན་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་དཀའ་ཐུབ་ཀྱིའོ། །འབྲས་བུ་ནི་གང་ཡིན་ཞེས་བྱ་བ་ནི་དངོས་ཀྱི་འབྲས་བུ་ལས་བསམས་པ་སྟེ། འབྲས་བུའི་གཙོ་བོ་མྱ་ངན་ལས་འདས་པ་གང་ཡིན་ཞེས་བྱ་བའོ། ། ཕན་ཡོན་ནི་གང་ཡིན་ཞེས་བྱ་བ་ནི་ཞར་ལ་བྱུང་བའི་འབྲས་བུ་ལས་བསམས་པ་སྟེ། གཙོ་བོ་མ་ཡིན་པའི་འབྲས་བུ་མཐོ་རིས་ལ་སོགས་གང་ཡིན་ཞེས་བྱ་བའོ། །འདི་ལྟར་ལྟ་ཞིང་ཞེས་བྱ་བ་ནི་ཤེས་པ་སྟེ། ནང་གི་དེ་ཁོ་ན་ཉིད་ཀྱིས་སོ། །འདི་སྐད་སྨྲས་ཏེ་ཞེས་བྱ་བ་ནི་ཚིག་གིས་དེ་གཞན་ལ་སྟོན་པས་སོ། ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་ཚིག་ལྔས་ནི་རྒྱུའི་དངོས་པོ་འགོག་པར་བྱེད། དེ་ལ་བྱིན་པ་ཞེས་བྱ་བ་ནི་གཞན་ལ་ཕན་གདགས་པའི་ཕྱིར་བྱིན་པའོ། །མཆོད་སྦྱིན་ཞེས་བྱ་བ་ནི་མཆོད་པའི་ཕྱིར་སྦྱིན་ པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་མེར་བླུགས་པའོ། །ཡང་ན་བྱིན་པ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་དངོས་པོའོ། །མཆོད་སྦྱིན་ཞེས་བྱ་བ་ནི་ལེན་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་སྦྱིན་པར་བྱེད་པའོ། །ཡང་ན་བྱིན་པ་ཞེས་བྱ་བ་ནི་ཡིད་ཀྱིས་གཏང་བ་གང་ཡིན་པའོ། །མཆོད་སྦྱིན་ཞེས་བྱ་བ་ནི་ལས་ཀྱི་ གདུང་བ་གང་ཡིན་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་ལེན་པ་པོས་ཟོས་པ་གང་ཡིན་པའོ། །ལེགས་པར་སྤྱད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྤོང་བའོ། །ཉེས་པར་སྤྱད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །རྒྱུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་ བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་རྟོག་གེ་པ་དང་། སྙོམས་པར་འཇུག་པ་པ་གཉིས་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་ལ་རེ་ཞིག་རྟོག་གེ་པ་དག་གིས་ནི་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ ཀྱང་འབྱོར་པ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་མཐོང་ལ། སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་དབུལ་བ་དང་། ལོངས་སྤྱོད་ཆུང་ངུ་དང་ལྡན་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྦྱིན་པའི་འབྲས་བུ་ཡོད་པར་གྱུར་ན་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ ཚུལ་ཅན་དབུལ་བ་དང་། ལོངས་སྤྱོད་ཆུང་ངུ་དང་ལྡན་པར་འགྱུར་ཞིང་། སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་དག་ནི་འབྱོར་པ་དང་། ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་བར་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་སྦྱིན་པ་མེད་དོ། མཆོད་སྦྱིན་མེད་དོ། །སྦྱིན་སྲེག་ མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སྙོམས་པར་འཇུག་པ་དག་གིས་ནི་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་འབྱོར་པ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་མཐོང་ལ་སྦྱིན་པ་ལ་མོས་པ་རབ་ ཏུ་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་དབུལ་བ་དང་ལོངས་སྤྱོད་ཆུང་ངུ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྦྱིན་པའི་འབྲས་བུ་ཡོད་པར་གྱུར་ན་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་དག་དབུལ་བ་དང་། ལོངས་སྤྱོད་ཆུང་ངུ་དང་ལྡན་པའི་ཁྱིམ་དག་ཏུ་ སྐྱེ་བར་འགྱུར་ཞིང་། སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་དག་ནི་འབྱོར་པ་དང་། ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བར་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་ པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་འགོག་པར་བྱེད་དོ། །དེ་ལ་འབྲས་བུ་ཞེས་བྱ་བ་ནི་བདག་པོའི་འབྲས་བུའོ། །རྣམ་པར་སྨིན་པ་ ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །འབྲས་བུ་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་འདི་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ཡང་བྱེ་བྲག་པའི་གཞུང་ལས་རྟོག་གེ་པ་དང་། སྙོམས་པར་འཇུག་པ་པ་གཉིས་ལ་ལྟ་བའི་རྣམ་པར་སྨིན་པའི་ འབྲས་བུའོ། །དེ་ལ་རེ་ཞིག་རྟོག་གེ་པ་དག་གིས་ནི་ཁ་ཅིག་སྲོག་གཅོད་ཀྱང་ཚེ་རིང་བ་དང་། མ་བྱིན་པར་ལེན་ཀྱང་ལོངས་སྤྱོད་ཆེ་བ་དང་། གཞན་ལ་གནོད་པ་བྱེད་ཀྱང་ནད་ཉུང་བར་མཐོང་ལ། ཁ་ཅིག་སྲོག་མི་གཅོད་ཀྱང་ཚེ་ཐུང་བ་དང་། མ་བྱིན་པར་མི་ལེན་ཀྱང་ལོངས་སྤྱོད་ཆུང་བ་དང་། གཞན་ལ་གནོད་པ་མི་བྱེད་ཀྱང་ནད་མང་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་ཡོད་པར་གྱུར་ན་སྲོག་གཅོད་པ་ནི་ཚེ་ཐུང་བ་དང་། མ་བྱིན་པར་ལེན་པ་ནི་ལོངས་སྤྱོད་ཆུང་བ་དང་། གཞན་ལ་ གནོད་པར་བྱེད་པ་ནི་ནད་མང་བར་འགྱུར་ཞིང་། སྲོག་མི་གཅོད་པ་ནི་ཚེ་རིང་བ་དང་། མ་བྱིན་པར་མི་ལེན་པའི་ལོངས་སྤྱོད་ཆེ་བ་དང་། གཞན་ལ་གནོད་པ་མི་བྱེད་པ་ནི་ནད་ཉུང་བར་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་ ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲས་སོ། །སྙོམས་པར་འཇུག་པ་དག་གིས་ནི་ཁ་ཅིག་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། གཞན་ལ་གནོད་པ་བྱེད་ཀྱང་མཐོ་རིས་དག་ཏུ་སྐྱེ་བར་མཐོང་ལ། ཁ་ཅིག་སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་ པ་དང་། གཞན་ལ་གནོད་པ་མི་བྱེད་ཀྱང་ངན་སོང་དག་ཏུ་སྐྱེ་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་ཡོད་པར་གྱུར་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། གཞན་ལ་ གནོད་པར་བྱེད་པའི་ངན་སོང་དག་ཏུ་སྐྱེ་བར་འགྱུར་ཞིང་། སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ་དང་། གཞན་ལ་གནོད་པ་མི་བྱེད་པ་ནི་མཐོ་རིས་དག་ཏུ་སྐྱེ་བར་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི་ཚིག་ལྔས་ནི། རྒྱུ་དང་འབྲས་བུའི་ དངོས་པོ་གཉིས་ཀར་འགོག་པར་བྱེད་དོ། །དེ་ལ་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནི་འཇིག་རྟེན་འདིར་ཚེ་ཕྱི་མ་རྒྱུ་ཉིད་དུ་མི་འགྱུར་བའོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ནི་ཚེ་ཕྱི་མ་ཚེ་འདིའི་འབྲས་བུ་ཉིད་དུ་མི་འགྱུར་བའོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་དངོས་པོས་འཇིག་རྟེན་འདི་དང་ འཇིག་རྟེན་ཕ་རོལ་གཉི་ག་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནི་ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ལ་སྐུར་པ་འདེབས་སོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ནི་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ ལ་སྐུར་པ་འདེབས་པའོ། །རྒྱུ་དང་འབྲས་བུ་ལ་སྐུར་པའི་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་མུ་སྟེགས་ཅན་སྔ་ན་མེད་པ་དང་ཞིག་ནས་མེད་པར་ལྟ་བ་དག་ལ་ལྟ་བའི་ རྣམ་པ་འདི་འབྱུང་བར་བརྗོད་དེ། དེ་དག་གིས་འབྱུང་བ་རྣམས་སྔ་ན་མེད་པ་ལས་འབྱུང་ཞིང་བྱུང་ནས་ཀྱང་ཞིག་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བྱུང་བ་འདི་དག་མ་བྱུང་བས་འབྱུང་བ་དེ་བཞིན་དུ་བྱུང་ནས་ཀྱང་འཇིག་པར་འགྱུར་རོ་སྙམ་ནས་དེའི་ཕྱིར་འཇིག་རྟེན་འདི་མེད་དོ། །འཇིག་ རྟེན་ཕ་རོལ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །མ་མེད་དོ། །ཕ་མེད་དོ་ཞེས་བྱ་བ་ནི་བུ་ཡོད་པར་འགྱུར་བའི་ལས་ལ་སྐུར་པ་འདེབས་སོ། །ཡང་ན་ཕ་མ་ལ་ལན་དུ་ཕན་འདོགས་པའི་རྒྱུ་ལས་བྱུང་བའི་བསོད་ནམས་ལ་སྐུར་པ་འདེབས་པ་ཡིན་ནོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་ འདེབས་པའི་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་མུ་སྟེགས་ཅན་གཅིག་ལ་གཅིག་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། དེ་དག་འདི་སྙམ་དུ་སེམས་ཏེ། ཕ་མ་གཉིས་ཀྱིས་ སྤྲོད་པ་ལས་བྱུང་བ་བྱེད་འདོད་པའི་བསམ་པས་ཕྲད་པར་གྱུར་པ་ན་མི་འདོད་བཞིན་དུ་དེ་ལས་བུ་བྱུང་བར་ཟད་དོ། །དཔེར་ན་ལྕི་བ་དང་། མི་གཙང་བ་དང་། ལྗན་ལྗིན་དང་། འདམ་རྫབ་དང་། རྩྭ་དང་ཆུ་དང་རྩ་སྔོན་པོ་ལ་སོགས་པ་དག་ཏུ་སྲོག་ཆགས་དག་སྐྱེས་པ་དེ་དག་ལ་ཕ་ཡང་མེད། མ་ཡང་མེད་པ་བཞིན་ནོ་སྙམ་སྟེ། དེ་ལྟར་ཡང་། དབང་པོ་རྣམས་ནི་གཡོ་བ་དང་། །བུད་མེད་རྣམས་ནི་དགའ་འདོད་པས། །ཟླ་མཚན་དུས་སུ་བདག་སྐྱེས་ཏེ། །དེ་ལ་ཁྱོད་ཀྱིས་ཅི་ཞིག་བྱས། །ཞེས་ཇི་སྐད་ཟེར་བ་ལྟ་བུའོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་བར་མ་དོའི་ སྲིད་པ་འགོག་པར་བྱེད་དོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་ཀུན་དུ་འབྱུང་བ་མཐོང་བས་སྤང་བར་བྱ་བ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་མུ་སྟེགས་ཅན་གཏན་མེད་པར་ལྟ་བ་དང་ལྟ་བའི་ རྣམ་པ་འདི་འབྱུང་བར་བརྗོད་དོ། །འདི་དག་གིས་སེམས་ཅན་རྫུས་ཏེ་སྐྱེ་བར་གཏན་མ་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ། བར་མ་དོའི་སྲིད་པ་དེ་གཏན་མེད་དོ་སྙམ་ནས་དེའི་ཕྱིར་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །འཇིག་རྟེན་ན་དགྲ་བཅོམ་ པ་ཡང་དག་པར་རྟོགས་པ་ཡང་དག་པར་བསྒྲུབ་པ་གང་དག་ཚེ་འདི་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་ གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་བྱ་བ་ནི་ཐར་པའི་ལམ་འགོག་པར་བྱེད་དོ། །དེ་ལ་དགྲ་བཅོམ་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་རམ་འགྲོ་བ་མཐའ་དག་གིས་མཆོད་པར་འོས་པའི་ཕྱིར་རོ། །འཕགས་པའི་ལམ་ལ་སྐུར་པ་འདེབས་ པའི་ལོག་པའི་ལྟ་བ་འདི་ནི་ལམ་མཐོང་བ་ལས་སྤང་བར་བྱ་བ་ཡིན་ནོ། །དགྲ་བཅོམ་པ་དེའི་བྱེ་བྲག་བསྟན་པའི་ཕྱིར་ཡང་དག་པར་རྟོགས་པ་ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་གསུངས་ཏེ། ཡང་དག་པར་རྟོགས་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཡང་དག་པའི་ ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་རྟོགས་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་འདི་ནི་འགོག་པ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་ནི་ལམ་བཞི་པོ་མདོ་སྡེ་ལས་མངོན་པར་ཤེས་པ་བུལ་བ་དཀའ་ བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་ཅེས་གསུངས་པ་དེ་དག་ཡང་དག་པ་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་ཞུགས་པའི་ཕྱིར་རོ། །ལམ་ བསྒྲུབ་པ་བཞི་པོ་དག་ལ་སྐུར་པ་འདེབས་པ་འདི་ཡང་འཕགས་པའི་ལམ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་ཡིན་ཏེ། ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་དག་གི་བྱེ་བྲག་བསྟན་པའི་ཕྱིར་གང་དག་ཚེ་འདི་ཉིད་ལ་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ཅེས་བྱ་བ་ ནི་དགྲ་བཅོམ་པ་དག་གོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་གྱི་ཚེ་ཉིད་ལའོ། །རང་གི་མངོན་པར་ཤེས་པས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཤེས་པའོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཞེས་བྱ་བ་ནི་ཚེ་འདི་དང་། ཚེ་ཕྱི་མ་འམ། ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་ཤེས་པར་བྱས་ནས་ཏེ། འདིས་ནི་ཤེས་པ་མངོན་སུམ་དུ་བྱ་བ་བསྟན་ཏོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་ཤེས་པ་དང་ལྡན་པར་གྱུར་པ་སྟེ། འདིས་ནི་ཤེས་པའི་ཐོབ་པའི་མངོན་སུམ་དུ་བྱ་བ་བསྟན་ཏོ། །བདག་ཅག་ནི་ཞེས་བྱ་བ་ནི་ང་ཅག་ནི་ཞེས་བྱ་བའོ། །སྐྱེ་བ་ཟད་དོ་ཞེས་བྱ་བ་ནི་འདིས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །ཚངས་པར་སྤྱད་པ་བསྟེན་ཏོ་ཞེས་བྱ་བ་ནི་འཕགས་པའི་ལམ་སྤྱད་པ་སྟེ། འདིས་ནི་ལམ་གྱི་བདེན་ པ་བསྟན་ཏོ། །བྱ་བ་བྱས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤང་བ་སྟེ། འདིས་ནི་འགོག་པའི་བདེན་པ་བསྟན་ཏོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་ནི་ལས་ཀྱི་སྲིད་པ་སྟེ། འདིས་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་ཤེས་པར་བྱེད་པ་སྟེ། ཅི་ཞིག་ཤེས་པར་བྱེད་ཅེ་ན། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་དེ་དག་ཤེས་པར་བྱེད་དོ། །དེ་ལྟར་ན་བདག་ནི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་དགྲ་བཅོམ་པ་རྣམས་ཀྱི་ཟད་ པ་དང་མི་སྐྱེ་བ་ཤེས་པ་བསྟན་ཏོ། །དེ་ལྟར་དགྲ་བཅོམ་པ་རྣམས་ཀྱི་ཤེས་པ་དང་། མཐོང་བ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་རྟོག་གེ་དང་། སྙོམས་པར་འཇུག་པ་གཉིས་ལ་ ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་ལ་རེ་ཞིག་རྟོག་གེ་པ་དག་གིས་ནི་དངོས་པོ་རྣམས་རྟག་པ་དང་། བརྟན་པ་དང་། གཡུང་དྲུང་དང་། མི་འགྱུར་བ་དང་། རྒ་ཤི་མེད་པ་དང་། རྒ་ཤིས་མ་བཅོམ་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། དངོས་པོ་ཐམས་ཅད་རྟག་པ་དང་། བརྟན་པ་དང་། གཡུང་དྲུང་དང་། མི་འགྱུར་བ་དང་། རྒ་ཤི་མེད་པ་དང་། རྒ་ཤིས་མ་བཅོམ་པའི་ཡིན་ནོ་སྙམ་ནས་དེའི་ཕྱིར་འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་བསྒྲུབ་པ་གང་དག་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་མངོན་ སུམ་དུ་བྱས་ནས་བསྒྲུབས་ཏེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སྙོམས་པར་འཇུག་པ་དག་གིས་ནི་སྙོམས་པར་ འཇུག་པས་བསམ་གཏན་དང་པོ་ཐོབ་པ་གང་ཡིན་པ་དེ་བསམ་གཏན་གཉིས་པ་ཐོབ་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཐོབ་པ་གང་དག་ཡིན་པ་དེ་དག་གི་ཡུལ་ཉམས་སུ་མ་མྱོང་བས་དེ་བསམ་གཏན་དང་པོ་དེ་ལ་དགྲ་བཅོམ་པའི་འདུ་ཤེས་སྐྱེ་ཞིང་། གང་གི་ཚེ་དེ་དེ་ལས་ཡོངས་སུ་ཉམས་ནས་འདོད་པའི་ཁམས་སུ་སྐྱེ་བ་དང་། བསམ་གཏན་དང་པོར་སྐྱེ་བ་མཐོང་བ་དེའི་ཚེ་ན། དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་སྙམ་ནས་དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་བསྒྲུབས་པ་གང་ དག་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་དེ་དག་དེ་ལྟར་ ལྟ་ཞིང་དེ་སྐད་སྨྲའོ། །ཇི་ལྟར་ན་བྱིན་པ་ལ་སོགས་པ་མེད་ཅིང་དེ་དག་མེད་པ་འདི་ལ་རྒྱུ་གང་ཞེ་ན། དེའི་ཕྱིར་སྲོག་ནི་འདི་ཉིད་ལ་འཚོ་ཞིང་དེ་ཕྱིས་ཆད་པར་འགྱུར་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་སྲོག་དག་ནི་ཚེ་འདི་ཉིད་ལ་འཚོ་བར་འདུག་ ཅིང་སྲོག་དེ་ཕྱིས་འཇུག་ཏུ་ཤེས་པའི་བདག་ཉིད་ཀྱིས་ཆད་ཅིང་ཟད་པར་འགྱུར་ལ། གཟུགས་ཀྱི་བདག་ཉིད་ཀྱིས་ཞིག་ཅིང་ཆུད་ཟ་བར་འགྱུར་ཏེ། ཤི་བའི་འོག་ཏུ་ཤེས་པའི་བདག་ཉིད་དང་། གཟུགས་ཀྱི་བདག་ཉིད་གཉི་ག་ཆད་པར་འགྱུར་ཞིང་མི་འབྱུང་བ་འམ་ཡང་ན་བྱ་བས་ཆད་པར་ འགྱུར་ལ། ལུས་ཀྱིས་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་ཡང་སྐྱེ་བ་མི་ལེན་པས་མི་འབྱུང་བ་དེའི་ཕྱིར་བྱིན་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་དེ་གང་དུ་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱེས་བུའི་ལུས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། དེ་ནི་གང་ གི་ཚེ་དུས་བྱེད་པ་ནི་དེའི་སའི་ལུས་ནི་སའི་བག་ལ་ཞ། ཆུའི་ལུས་ནི་ཆུའི། མེའི་ལུས་ནི་མེའི། རླུང་གི་ལུས་ནི་རླུང་གི་བག་ལ་ཞ་བར་འགྱུར་རོ། །དབང་པོ་རྣམས་ནི་ནམ་མཁའི་རྗེས་སུ་འགྲོ་བར་འགྱུར་རོ། །སྐྱེས་བུའི་རོ་ནི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ། དུར་ཁྲོད་དུ་འགྲོ་ཞིང་ བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། །རུས་པ་དག་ནི་ཐི་བའི་མདོག་འདྲ་བར་གནས་སོ་ཞེས་བྱ་བར་སྨྲ་སྟེ། རེ་ཞིག་བདག་ནི་ཆད་པར་འགྱུར་ན་སྐྱེས་བུའི་ལུས་འདི་གར་འགྲོ་ཞེ་ན། སྐྱེས་བུའི་ལུས་འབྱུང་བ་ཆེན་པོ་བཞི་ལས་འདུས་བྱས་ པ་གང་ཡིན་པ་དེ་ནི་འཆི་བའི་དུས་ནི་འབྱུང་བ་ཆེན་པོ་བཞི་པོའི་བག་ལ་ཞ་བར་འགྱུར་རོ། །མིག་ལ་སོགས་པ་དབང་པོ་རྣམས་ནི་ནམ་མཁའི་བག་ལ་ཞ་བར་འགྱུར་ཏེ། དབང་པོ་སྣང་བའི་རང་བཞིན་རྣམས་རྟེན་གྱི་འབྱུང་བ་ཆེན་པོ་དང་བྲལ་བ་ན་ནམ་མཁའི་ཁམས་གསལ་བའི་རང་བཞིན་ཅན་གྱི་ རྗེས་སུ་འགྲོ་སྟེ་དཔེར་ན་ཤིང་ལྗོན་པ་རྡིབ་པ་ན་བྱ་དག་ནམ་མཁའ་ལ་འགྲོ་བ་བཞིན་ནོ། །རོ་ནི་རོ་གཞག་པའི་ཁྲི་དང་དེ་འདེགས་པའི་མི་བཞི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ་དུར་ཁྲོད་དུ་མེར་བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །ཁྲག་དང་ཤ་ལ་སོགས་པ་བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། ། བསྲེགས་པའི་ལྷག་མ་སོ་ལ་སོགས་པའི་རུས་པ་སྣུམ་བག་ཅན་དག་ནི་ཐི་བའི་མདོག་འདྲ་བར་གནས་ལ། སྣུམ་བག་མེད་པ་དག་ནི་དུང་གི་མདོག་འདྲ་བར་གནས་ཏེ། སྐྱེས་བུའི་འགྲོ་བ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟ་བས་ན་བྱེད་པ་པོ་དང་། ཟ་བ་པོ་དང་། ཤེས་པ་པོའི་ལུས་ནི་འདི་ཉིད་དུ་ཞིག་སྟེ། འཇིག་རྟེན་ཕ་རོལ་དུ་མི་འགྲོ་བས། དེའི་ཕྱིར་འབྲས་བུ་ཟབ་མོ་མེད་པས། བྱིན་པ་ལ་སོགས་པ་མེད་དོ། །འོ་ན་སྦྱིན་པ་དང་། ལེན་པ་དག་གསུམ་དག་བསྟན་ཅེ་ན། དེའི་ཕྱིར་འདི་ལྟར་རྨོངས་པ་ཉེ་བར་བསྟན་པ་ནི་སྦྱིན་པ་ལ་མཁས་པ་ཉེ་བར་བསྟན་པ་ནི་ལེགས་སོ་ཞེས་བྱ་བ་སྨྲས་ཏེ། རྨོངས་པ་ཞེས་བྱ་བ་ནི་བླུན་པའོ། །ཉེ་བར་བསྟན་པ་ཞེས་བྱ་བ་ནི་དང་པོ་འགའ་ཞིག་གིས་སྦྱིན་པ་བྱིན་ཅིག་ཅེས་ཉེ་བར་བསྟན་པ་སྟེ། དེ་ནི་རྨོངས་པ་ཡིན་པས་དང་པོ་འགའ་ཞིག་གིས་ཉེ་བར་བསྟན་པའི་དྲིང་འཇོག་ཅིང་མི་ཕན་བཞིན་དུ་སྦྱིན་པར་བྱེད་དོ། །མཁས་པ་ཞེས་བྱ་བ་ནི་ཤེས་ རབ་ཅན་ནོ། །ཉེ་བར་བསྟན་པ་ཞེས་བྱ་བ་ནི་དང་པོ་འགའ་ཞིག་གིས་ལོང་ཤིག་ཅེས་ཉེ་བར་བསྟན་པ་སྟེ། དེ་ནི་མཁས་པ་ཡིན་པས་དང་པོ་འགའ་ཞིག་གིས་ཉེ་བར་བསྟན་པ་རྗེས་སུ་འབྲང་ཞིང་འཕྲལ་གྱི་ཐོབ་རྒྱལ་གྱིས་ཟུག་ཟུག་ཏུ་ལེན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ ཡོད་པར་སྨྲ་བ་དག་གིས་འཇིག་རྟེན་ཕ་རོལ་ལ་སོགས་པ་མ་བསྟན་ནམ་ཞེ་ན། དེ་ལ་གང་དག་ཡོད་པར་སྨྲ་བ་དེ་དག་ཐམས་ཅད་ནི་གསོབ་གསོག་བརྫུན་དུ་སྨྲ་བ་དག་ཡིན་ནོ་ཞེས་བྱ་བར་སྨྲས་ཏེ། ཡོད་པར་སྨྲ་བ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡོད་པར་སྨྲའོ། །གསོབ་ ཅེས་བྱ་བ་ནི་བརྗོད་པར་བྱ་བས་སྟོང་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་དགོས་པའི་སྙིང་པོ་མེད་པའི་ཕྱིར་རོ། །བརྫུན་ཞེས་བྱ་བ་ནི་ལོག་པར་འདུ་ཤེས་པའི་ཕྱིར་རོ། །འོ་ན་དེ་ལྟར་མཛངས་ངན་ལ་སོགས་པ་མེད་དམ་ཞེ་ན། དེའི་ཕྱིར་འདི་ལྟར་བྱིས་པ་དང་མཁས་པ་དེ་ཉིད་ནི་ཕྱིས་ ཆད་པར་འགྱུར་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། ཆད་པར་འགྱུར་ཞེས་བྱ་བ་ནི་བར་མ་དོའི་སྲིད་པ་ལ་གནས་པའོ། །ཞིག་པར་འགྱུར་ཞེས་བྱ་བ་ནི་དུས་སྔ་མའི་སྲིད་པ་ལ་གནས་པའོ། །མི་འབྱུང་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པ་ལ་གནས་པའོ། །དེ་ལྟར་ལྟ་བ་འདི་ དག་ནི་ཆད་པར་ལྟ་བའི་ལོག་པའི་ངོ་བོ་ཉིད་ཡིན་ཏེ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་མུ་སྟེགས་ཅན་ཆད་པར་སྨྲ་བ་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་དག་ཡང་འབྱུང་བའི་སྲིད་པ་ནི་མེད་དེ། མངལ་ན་གནས་པའི་སྐྱེ་ བའི་དངོས་པོ་ཡིན། འཆི་བ་ནི་སྐྱེ་བའི་ཐ་མ་ཡིན་པར་ལྟ་བས་དེ་དག་ལ་ཡང་འབྱུང་བའི་སྲིད་པར་ཕན་པར་བྱེད་པའི་སེམས་བརྟས་པར་མི་བྱེད་ཅིང་། སེམས་ཅན་རྣམས་ཀྱི་ཚེ་ཕྱི་མ་མེད་པར་སེམས་པས་དེའི་ཕྱིར་སྲོག་ནི་འདི་ཉིད་ལ་འཚོ་ཞིང་། དེ་ཕྱིས་ཆད་པར་འགྱུར་ཞིག་པར་འགྱུར་ཏེ། ཤི་བའི་ འོག་ཏུ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ལམ་གོལ་བར་ཞུགས་པ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་སྤངས་པར་གྱུར་པའོ། །ལམ་ངན་པ་ལེགས་པར་སྒྲུབ་ཅེས་བྱ་བ་ནི་ལམ་ལོག་པ་ལུས་དང་ངག་གཉིས་ཀྱི་རྗེས་སུ་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལམ་ འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེར་སོང་ནས་འཇིགས་པ་དང་ཕྲད་པར་འགྱུར་བས་ལམ་དེ་སྔ་ནས་སྤང་བར་བྱ་དགོས་པ་བཞིན་དུའོ། །བློ་ངན་ཞེས་བྱ་བ་ནི་ཤེས་པ་སྟེ་ནང་གི་དེ་ཁོ་ན་ཉིད་ཀྱིས་སོ། །ལོག་པར་སྟོན་བྱེད་པ་ཞེས་བྱ་བ་ནི་ཚིག་གིས་ཏེ། གཞན་ལ་སྟོན་པས་སོ། ། དམན་པ་ཞེས་བྱ་བ་ནི་བྱིས་པའོ། །སྟོན་པར་གྲགས་པ་སྟེ་ཞེས་བྱ་བ་ནི་སྟོན་པ་མ་ཡིན་པར་སྟོན་པར་གྲགས་པའོ། །གང་གི་ཞེས་བྱ་བ་ནི་སྟོན་པ་དེའི་འོ། །ཆོས་འདི་ནི་དེ་འདྲ་བ་ཞེས་བྱ་བ་ནི་མེད་པ་ཉིད་དང་ཆད་པར་ལྟ་བའོ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་བྱ་བ་ནི་ཆོས་དེ་བས་ ཆེས་དམན་པའི་ཆོས་མ་ཡིན་པ་མེད་པའི་ཕྱིར་དེའི་ཆོས་མ་ཡིན་པ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སྨྲས་པ་ཞེས་བྱ་བ་ནི་དེ་སྐད་ཅེས་ནས་སྨྲས་སོ། །སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་ཞེས་བྱ་བ་ནི་རྫས་ཀྱིས་སྟོང་པའི་སྣོད་སོར་མོ་ལ་སོགས་པས་བརྡབས་ཏེ། སྒྲ་ཕྱུང་ན་ནང་ན་རྫས་མེད་པར་ ཤེས་པ་བཞིན་དུ་སྟོན་པ་དེ་ཡང་བརྒལ་ཞིང་བརྟག་པའི་ཚིག་གིས་བརྡབས་ཏེ། རང་གི་གཞུང་ལུགས་སྨྲ་བའི་སྒྲ་བྱུང་ན་བློའི་ནང་ན་དོན་གྱི་རྗེས་མེད་པར་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་བྱེད་ཀྱི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་འཇུག་པའི་རྒྱུ་འགོག་པར་བྱེད་དོ། །དེ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བ་ལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དུ་འགྱུར་བ་ལའོ། །རྒྱུ་མེད་ ཅེས་བྱ་བ་ནི་ནང་གོམས་པ་ལ་སོགས་པའི་བྱེད་རྒྱུ་མེད་པའོ། །རྐྱེན་མེད་ཅེས་བྱ་བ་ནི་ཕ་རོལ་གྱི་དམ་པ་མ་ཡིན་པའི་ཆོས་ཉན་པ་ལ་སོགས་པའི་བྱེད་རྒྱུ་མེད་པའོ། །འཇུག་པའི་རྒྱུ་འགོག་པའི་ལོག་པའི་ལྟ་བ་འདིས་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བའི་བྱེ་ བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ནི་མུ་སྟེགས་ཅན་ཁ་ཅིག་གིས་དགོན་པ་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་གྲོང་ན་འདུག་པ་དག་རྣམ་པར་བྱང་བར་འགྱུར་བར་མཐོང་ནས་དེ་དག་འདི་སྙམ་དུ་ སེམས་ཏེ། གལ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་བ་རྒྱུ་དང་བཅས་པ་ཡིན་ན་གྲོང་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། དགོན་པ་ན་འདུག་པ་དག་རྣམ་པར་དག་པར་འགྱུར་བའི་རིགས་ན། དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས། དེའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ ཉོན་མོངས་པར་གྱུར་པ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་ པར་དག་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་ལོག་པའི་རྒྱུ་འགོག་པར་བྱེད་དོ། །དེ་ལ་རྣམ་པར་དག་པར་འགྱུར་བ་ལ་ཞེས་བྱ་བ་ནི་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་བ་ལའོ། །ལོག་པའི་རྒྱུ་འགོག་པའི་ལྟ་བ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། ། འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ན་མུ་སྟེགས་ཅན་ཁ་ཅིག་གིས་གྲོང་ན་འདུག་པ་དག་རྣམ་པར་དག་པར་འགྱུར་ཞིང་དགོན་པ་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་མཐོང་ནས་དེ་དག་འདི་ སྙམ་དུ་སེམས་ཏེ། གལ་ཏེ་རྣམ་པར་དག་པར་འགྱུར་བ་རྒྱུ་དང་བཅས་པ་ཡིན་ན། དགོན་པ་ན་འདུག་པ་དག་རྣམ་པར་དག་པར་འགྱུར་ཞིང་གྲོང་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་སེམས་ཅན་རྣམས་རྣམ་པར་དག་པར་ འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་པར་དག་པར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲས་སོ། །སེམས་ཅན་རྣམས་ཤེས་པ་མེད་པར་འགྱུར་བ་དང་། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་ མེད་པར་ཤེས་པ་མེད་པ་དང་མཐོང་བ་མེད་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་འཇུག་པའི་རྒྱུ་ཉིད་དུ་འདོད་པ་ཤེས་པ་མེད་པ་དང་། མཐོང་བ་མེད་པ་རྒྱུ་ཉིད་མ་ཡིན་པར་འགོག་པར་བྱེད་དོ། །དེ་ལ་ཤེས་པ་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མི་རྟོགས་པས་སོ། །མཐོང་བ་མེད་པ་ཞེས་བྱ་བ་ནི་བྱེ་བྲག་མི་རྟོགས་ པའོ། །ཤེས་པ་མེད་པ་དང་། མཐོང་བ་མེད་པ་འཇུག་པའི་རྒྱུ་ཉིད་མ་ཡིན་པར་འགོག་པའི་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་འཇུག་པའི་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་ འབྱུང་བར་བརྗོད་དེ། དེ་ནི་མུ་སྟེགས་ཅན་ཁ་ཅིག་གིས་ཤེས་པ་མེད་པ་དང་། མཐོང་བ་མེད་པར་བྱ་བའི་ཕྱིར་འགའ་ཡང་རྩོལ་བར་མི་བྱེད་ཀྱང་སེམས་ཅན་རྣམས་ཤེས་པ་མེད་པ་དང་། མཐོང་བ་མེད་པར་འགྱུར་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། སེམས་ཅན་རྣམས་ཤེས་ པ་མེད་པ་དང་། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ་སྙམ་ནས་དེའི་ཕྱིར་སེམས་ཅན་རྣམས་ཤེས་པ་མེད་པར་འགྱུར་བ་དང་། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་མེད་པ་དང་། མཐོང་བ་མེད་པར་འགྱུར་རོ་ཞེས་དེ་དག་ དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སེམས་ཅན་ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང་། མཐོང་བར་འགྱུར་རོ་ཞེས་བྱ་བ་འདིས་ནི་ལྡོག་པའི་རྒྱུ་ཉིད་དུ་འདོད་པ་ཤེས་པ་དང་། མཐོང་བ་རྒྱུ་ཉིད་མ་ཡིན་པ་འགོག་ པར་བྱེད་དོ། །དེ་ལ་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་རྟོགས་པའོ། །མཐོང་བ་ཞེས་བྱ་བ་ནི་བྱེ་བྲག་རྟོགས་པའོ། །ཤེས་པ་དང་མཐོང་བ་ལྡོག་པའི་རྒྱུ་ཉིད་མ་ཡིན་པ་འགོག་པའི་ལོག་པའི་ལྟ་བ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་ མུ་སྟེགས་ཅན་ལྡོག་པའི་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ན་མུ་སྟེགས་ཅན་ཁ་ཅིག་གིས་ཤེས་པ་དང་མཐོང་བར་བྱ་བའི་ཕྱིར་ཁ་ཅིག་གིས་བརྩལ་ཀྱང་སེམས་ཅན་འགས་ཀྱང་ཤེས་པ་དང་མཐོང་བ་ཐོབ་པར་མ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། སེམས་ཅན་ རྣམས་ཤེས་པ་དང་མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ་སྙམ་ནས། དེའི་ཕྱིར་སེམས་ཅན་རྣམས་ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང་། མཐོང་བར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། ། སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་འགྲུས་མེད་དོ་ཞེས་བྱ་བ་ལ་སོགས་པ་ལ་སྟོབས་ཞེས་བྱ་བ་ནི་ལུས་ཀྱི་ནུས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་ཡིད་ཀྱི་སྤྲོ་བའོ། །དེ་གཉིས་ཀ་བསྡུས་པ་ནི་སྟོབས་དང་བརྩོན་འགྲུས་སོ། །སྐྱེས་བུའི་རྩལ་ཞེས་བྱ་བ་ནི་སྐྱེས་བུའི་ཞོ་ཤ་སྟེ་རང་གི་ ནུས་པའོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་ཐབས་ཀྱི་ནུས་པའོ། །དེ་གཉི་ག་བསྡུས་པ་ནི་སྐྱེས་བུའི་རྩལ་དང་ཕ་རོལ་གནོན་པའོ། །བདག་གི་རྩལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པའོ། །གཞན་གྱི་རྩལ་ཞེས་བྱ་བ་ནི་ཕ་རོལ་གྱི་ནུས་པའོ། །དེ་གཉིས་ཀ་བསྡུས་པ་ནི་བདག་གི་རྩལ་དང་གཞན་གྱི་ རྩལ་ལོ། །འདིས་ནི་རང་དང་གཞན་དང་གཉིས་ཀས་བྱས་པའི་བདེ་བ་དང་སྡུག་བསྔལ་བརྩལ་བར་ཤེས་པར་བྱའོ། །གལ་ཏེ་གཞན་གྱིས་བྱས་པ་བཀག་ན་དེ་ནས་དེ་ཉེས་པ་མེད་དོ་ཞེས་ཟེར་རོ། །རང་གི་ལས་ཀྱི་བྱ་བ་བཀག་པ་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ ལོག་པའི་ལྟ་བ་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ནི་ལྷ་དང་མི་སྟེ། སྙིང་སྟོབས་དང་ལྡན་པའི་ཕྱིར་རོ། །སྲོག་ཆགས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཏེ། སྲོག་ཙམ་འཛིན་པའི་ཕྱིར་རོ། །འབྱུང་པོ་ཞེས་བྱ་བ་ནི་ཡི་དགས་ལ་སོགས་པ་མི་སྣང་བའི་སྲོག་ཆགས་ཏེ། ཡང་དག་པའི་དོན་སྟོན་པའི་ཕྱིར་རོ། །མཐུ་མེད་ཅེས་བྱ་བ་ནི་ཡིད་ཀྱི་སྟོབས་དང་བྲལ་བའོ། །སྟོབས་མེད་ཅེས་བྱ་བ་ནི་ལུས་ཀྱི་སྟོབས་དང་བྲལ་བའོ། །དབང་པོ་མེད་ཅེས་བྱ་བ་ནི་འདོད་པའི་སྟོབས་དང་བྲལ་བའོ། །བརྩོན་འགྲུས་མེད་ཅེས་བྱ་བ་ནི་སྤྲོས་པ་དང་བྲལ་བའོ། །ཕ་རོལ་གནོན་པ་མེད་ ཅེས་བྱ་བ་ནི་ཐབས་ཀྱི་སྟོབས་དང་བྲལ་བའོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་ཏོ་ཞེས་བྱ་བ་ལ། འགྲོ་བ་མཚམས་སྦྱོར་བའི་སྲིད་པ་ཞེས་བྱ་བ་ནི་འགྲོ་བ་དྲུག་པོ་དག་འཁོར་བར་མཚམས་སྦྱོར་བའི་སྲིད་པའོ། །ངེས་པར་ཞེས་བྱ་བ་ནི་བསྟན་པ་སྟེ། ལྷ་གང་དག་ཡིན་པ་དེ་ དག་ཀྱང་ལྷ་ཉིད་དུ་མཚམས་སྦྱོར་ལ། མི་གང་དག་ཡིན་པ་དེ་དག་ཀྱང་མི་ཉིད་དུ་མཚམས་སྦྱོར་བ་ལ་སེམས་པས། འགྲོ་བ་ནང་འཁྲུལ་པ་མེད་པའོ། །གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་ལྟར་མ་ཡིན་པའི་ཕྱིར་འབྱུང་པོ་ཐམས་ཅད་ནི་འདི་ལྟར་ འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ནང་འཁྲུལ་པ་མེད་པར་སོ་སོར་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་མ་ཡིན་གྱི་འགྲོ་བ་ནི་དྲུག་པ་ཡིན་ནོ། །དེ་དག་གིས་ནི་ཆོས་ཐམས་ཅད་ཀྱི་ནུས་པ་འགོག་པར་བྱེད་དོ། །དེ་ལ་བདེ་བ་ཞེས་ བྱ་བ་ནི་བདེ་བའི་ཚོར་བའོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བའོ། །སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་གང་དུ་ངེས་པར་འགྱུར་ཞེ་ན། དེའི་ཕྱིར་འདི་ལྟར་འགྲོ་བ་ནི་དྲུག་པོ་དག་ཏུ་ཞེས་བྱ་བ་སྨྲས་སོ། །བྱེ་བྲག་ཏུ་སྨྲ་བའི་ གཞུང་ལས་ནི་རིགས་བཙུན་པ་དྲུག་པོ་དག་ཅེས་འབྱུང་སྟེ། དེ་ལ་རིགས་བཙུན་པ་དྲུག་ནི་ནག་པོའི་རིགས་བཙུན་པ་ནི་ཤན་པ་སོགས་པའོ། །སྔོན་པོའི་རིགས་བཙུན་པ་ནི་རབ་ཏུ་བྱུང་བ་གཅེར་བུ་པ་དག་གོ། །སེར་པོའི་རིགས་བཙུན་པ་ནི་རབ་ཏུ་བྱུང་བ་ཀུན་དུ་འཚོ་ཞེས་བྱ་བ་དག་གོ། ། དམར་པོའི་རིགས་བཙུན་པ་ནི་ཤཱཀྱའི་སྲས་ཀྱི་དགེ་སློང་དག་གོ། །དཀར་པོའི་རིགས་བཙུན་པ་ནི་ཀུན་དུ་འཚོ་བའི་ཉན་ཐོས་ཁྱིམ་པ་དག་གོ། །མཆོག་ཏུ་དཀར་བའི་རིགས་བཙུན་པ་ནི་ནནྡ་དང་། བཏྶ་དང་། ཀྲི་ཀི་དང་། སངྐྲི་ཀི་དང་། གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ཞེས་བྱ་བ་དག་གོ། །དེ་ལྟར་ ན་སེམས་ཅན་དེ་དག་ནི་རིགས་བཙུན་པ་དྲུག་པོ་དེ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིས་ནི་ཟག་པའི་སྟོབས་དང་བརྩོན་འགྲུས་བཀག་སྟེ། དེའི་ཕྱིར་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཟག་པ་མེད་ པའི་སྟོབས་དང་། བརྩོན་འགྲུས་འགོག་པར་བྱེད་པའི་ལོག་པའི་ལྟ་བ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་ཆོས་ཐམས་ཅད་ཀྱི་ནུས་པ་འགོག་པར་བྱེད་པ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ན་མུ་སྟེགས་ ཅན་དེ་དག་གིས་ཁ་ཅིག་ལོངས་སྤྱོད་ཀྱི་དབང་ཕྱུག་སྒྲུབ་པའི་ཕྱིར་རྩོལ་བ་ཆེན་པོ་བྱེད་ཀྱང་དེ་དག་གིས་མི་འགྲུབ་ལ། ཁ་ཅིག་རྩོལ་བ་མི་བྱེད་པས་ཀྱང་ལོངས་སྤྱོད་ཀྱི་དབང་ཕྱུག་འགྲུབ་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་འགྲུས་ མེད་དོ། །སྐྱེས་བུའི་རྩལ་མེད་དོ། །ཕ་རོལ་གནོན་པ་མེད་དོ། །སྐྱེས་བུའི་རྩལ་དང་ཕ་རོལ་གནོན་པ་མེད་དོ། །བདག་གི་རྩལ་མེད་དོ། །གཞན་གྱི་རྩལ་མེད་དོ། །བདག་གི་རྩལ་དང་གཞན་གྱི་རྩལ་མེད་དོ། །སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ མཐུ་མེད་དོ། །སྟོབས་མེད། དབང་མེད། བརྩོན་འགྲུས་མེད། ཕ་རོལ་གནོན་པ་མེད་དོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་ཏོ། །འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་། སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེའི་ཕྱིར་མུ་ སྟེགས་ཅན་དག །གང་གིས་ཚེར་མ་རྣོན་པོར་བྱས། །བྱ་དང་རི་དགས་གང་གིས་བྲིས། །འབྱུང་བ་འདི་ཀུན་རྒྱུ་མེད་དེ། །འཇིག་རྟེན་དབང་མེད་འདོད་བྱེད་མིན། །ཞེས་ཟེར་རོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པ་དང་། ལམ་ལ་སྐུར་པ་འདེབས་པ་དང་། ཐར་པ་ལ་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་རྒྱུ་བའི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།བམ་པོ་གསུམ་པ། བྱེད་པ་དང་བྱེད་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པ་ལ་བྱེད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་བདག་གིས་བྱེད་པའོ། །བྱེད་དུ་འཇུག་པ་ཞེས་བྱ་བ་ནི་སྲོག་ གཅོད་པ་ལ་སོགས་པ་གཞན་བྱེད་དུ་འཇུག་པ་སྟེ། དེ་ལ་གཞི་དེ་ལས་སྡིག་པ་ཡང་མེད། གཞི་དེ་ལས་སྡིག་པར་འགྱུར་བ་ཡང་མེད་དོ་ཞེས་འོག་ནས་འབྱུང་བའི་བྱེད་པའི་ཚིག་དེ་དང་སྦྱར་བར་བྱ་སྟེ། སོགས་པ་མེད་པའི་ཕྱིར་སྡིག་པ་མེད་ལ། སྡིག་པ་སྐྱེ་བ་མེད་པའི་ཕྱིར་སྡིག་པར་འགྱུར་བ་ཡང་ མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཅོད་པ་དང་གཅོད་དུ་འཇུག་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཅོད་པ་དང་གཅོད་དུ་འཇུག་པ་ཞེས་བྱ་བ་ནི་ལག་པ་དང་། ཤིང་ལྗོན་པ་ལ་སོགས་པའོ། །སྲེག་པ་དང་སྲེག་ཏུ་འཇུག་པ་ཞེས་བྱ་བ་ནི་སེམས་སོ། །རྡེག་པ་དང་རྡེག་ཏུ་ འཇུག་པ་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པས་སོ། །སྲོག་ཆགས་ལ་འཚེ་བ་ཞེས་བྱ་བ་ནི་དུག་ལ་སོགས་པས་གསོད་པར་བྱེད་པའོ། །མ་སྦྱིན་པར་ལེན་པ་ཞེས་བྱ་བ་ནི་རྐུ་སེམས་ཀྱིས་ལེན་པའོ། །འདོད་པ་དག་ལ་ལོག་པར་སྤྱོད་པ་ཞེས་བྱ་བ་ནི་འདོད་པ་དག་ལ་ལོག་པར་གཡེམ་པའོ། ། ཤེས་བཞིན་དུ་བརྫུན་སྨྲ་བ་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་སྟེ་བརྫུན་སྨྲ་བའོ། །མྱོས་པར་འགྱུར་བའི་བཏུང་བ་འཐུང་བ་ཞེས་བྱ་བ་ནི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་འཐུང་བའོ། །ཁྱིམ་འབིགས་པ་ཞེས་བྱ་བ་ནི་ཁྱིམ་དང་ར་བ་ལ་སོགས་པའི་རྩིགས་པ་ འབིགས་པའོ། །མདུད་པ་འགྲོལ་བ་ཞེས་བྱ་བ་ནི་ཤིང་ཐགས་ལ་སོགས་པའི་སྒོ་འབྱེད་པ་དང་། སྤྲོག་མ་ལ་སོགས་པ་འབྱེད་པའོ། །རིལ་གྱིས་འཕྲོག་པ་ཞེས་བྱ་བ་ནི་མ་ལུས་པར་འཕྲོག་པའོ། །ལམ་འགོག་ཅིང་འདུག་པ་ཞེས་བྱ་བ་ནི་གགས་བྱེད་པའམ། ལམ་གོལ་བར་སོང་བར་ འཇོམས་པའོ། །གྲོང་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་ཟོང་བཀྲམ་པ་མེད་པའི་གནས་འཇོམས་པར་བྱེད་པའོ། །གྲོང་ཁྱེར་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་ཟོང་བཀྲམ་པ་ཡོད་པའི་གནས་འཇོམས་པར་བྱེད་པའོ། །ཡུལ་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་ཡུལ་མ་རུང་བར་བྱེད་པའོ། །འཁོར་ ལོའི་སྤུ་གྲི་ལས་བྱས་པས་ཞེས་བྱ་བ་ནི་སྤུ་གྲིའི་སོ་དང་འདྲ་བར་རྣོན་པོས་ཞེས་བྱ་བའི་ཐ་ཚིག་གོ། །གཅོད་པ་ཞེས་བྱ་བ་ནི་ཐད་ཀར་གཅོད་པའོ། །འཆེག་པ་ཞེས་བྱ་བ་ནི་ཚལ་པ་གཉིས་སུ་འཆེག་པའོ། །བརྡུང་བ་ཞེས་བྱ་བ་ནི་ཏིལ་བཞིན་དུ་ཕྱེ་མར་བརྡུང་བའོ། །འདྲལ་བ་ཞེས་བྱ་བ་ནི་ གཞོག་པའོ། །ཐང་མ་ཞེས་བྱ་བ་ནི་བཀྲམ་པའི་ཕུང་པོའོ། །ཚོགས་ཞེས་བྱ་བ་ནི་བཤིགས་པའི་ཕུང་པོའོ། །བུངས་ཞེས་བྱ་བ་ནི་ཚོམས་དག་གི་ཕུང་པོའོ། །ཕུང་པོ་ཞེས་བྱ་བ་ནི་ཟླུམ་པོ་ལས་གཞན་པའི་ཚོམས་སོ། །ཆུ་ཀླུང་གང་གཱའི་ལྷོ་ནས་ཞེས་བྱ་བ་ནི་ཆུ་ཀླུང་གང་གཱ་དང་ཉེ་བའི་ལྷོའི་ ངོས་ནས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ནས་ཞེས་བྱ་བ་ཡང་ཆུ་ཀླུང་གང་གཱ་དང་ཉེ་བའི་བྱང་གི་ངོས་ནས་སོ། །སྦྱིན་པ་ཞེས་བྱ་བ་ནི་རྫས་གཏོང་བའོ། །མཆོད་སྦྱིན་ཞེས་བྱ་བ་ནི་རྟ་བསང་གི་མཆོད་སྦྱིན་ལ་སོགས་པ་བྱེད་པའོ། །དུལ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །ཡང་དག་པར་སྡོམ་པ་ཞེས་ བྱ་བ་ནི་ཚུལ་ཁྲིམས་སོ། །དོན་སྤྱོད་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པར་བྱེད་པའོ། །དོན་མཐུན་པ་ཞེས་བྱ་བ་ནི་འབྲས་བུ་མཐུན་པ་ཉིད་ཀྱིས་སོ། །དེ་ལྟར་བྱེད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་དེ་སྦྱིན་པ་ལ་སོགས་པ་བྱེད་པ་ཡང་བསོད་ནམས་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ གོ། །དེ་ལྟར་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་ཀུན་འབྱུང་བ་དང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། ། དེ་དག་འདི་སྐད་ཅེས་ཆུ་ཀླུང་གང་གཱའི་ངོགས་གཉིས་ནས་ལྷའི་གནས་ནས་གནོད་སྦྱིན་གྱི་གནས་ན་ཡོད་པས་ཆུ་ཀླུང་གང་གཱའི་ལྷོ་ནས་ཀུན་དུ་གཅོད་པར་བྱེད། ཀུན་ཏུ་འཆེག་པར་བྱེད་ཀུན་དུ་རྡུང་བར་བྱེད། ཀུན་དུ་འདྲལ་བར་བྱེད་ཅིང་འགྲོ་བ་ནི་གནོད་སྦྱིན་གྱིས་བྱེད་དུ་བཅུག་པ་ཡིན་པས་གཞི་དེ་ལས་ སྡིག་པ་དང་སྡིག་པར་འགྱུར་བ་ཡང་མེད་དོ། །ཆུ་ཀླུང་གང་གཱའི་བྱང་ནས་སྦྱིན་པ་བྱེད། མཆོད་སྦྱིན་བྱེད་ཅིང་འགྲོ་བ་ནི་ལྷས་བྱེད་དུ་བཅུག་པ་ཡིན་པས་གཞི་དེ་ལས་བསོད་ནམས་དང་། བསོད་ནམས་སུ་གྱུར་པ་ཡང་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་ཆོས་ འདི་འདྲ་བ་ཞེས་བྱ་བ་ནི་བསོད་ནམས་དང་སྡིག་པ་མེད་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་རྒྱལ་བ་ཅན་གྱི་ལྟ་བའི་རྣམ་པར་བཤད་ཟིན་ཏོ།། །།ལུས་བདུན་པོ་ཞེས་བྱ་བ་ནི་ཆ་བདུན་པོ་འམ་དངོས་པོ་བདུན་པོ་སྟེ། ཡོད་པའི་སྒྲར་བརྗོད་པར་ བྱ་ཞེས་བྱ་བའི་ཐ་ཚིག་གོ། །མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་འབྱིན་པ་པོ་རང་གིས་མ་བྱས་པའོ། །བྱས་པས་མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་པས་བྱས་པའི་སྐྱེ་དགུའི་བདག་པོ་ལ་སོགས་པས་མ་བྱས་པའོ། །མ་སྤྲུལ་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་རྒྱུ་མེད་པར་འདོད་པའི་དབང་ གིས་མ་བླངས་པའོ། །སྤྲུལ་པས་མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་སྤྲུལ་པའི་སྐྱེ་དགུའི་བདག་པོ་ལ་སོགས་པས་རྒྱུ་མེད་པར་འདོད་པའི་དབང་གིས་མ་བླངས་པའོ། །གནོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་བསྣུན་པར་མི་ནུས་པའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་ཐེར་ཟུག་ཏུ་གནས་པ་ཞེས་ བྱ་བ་གསུངས་ཏེ། ངོ་བོ་ཉིད་གཅིག་ཏུ་གནས་པ་བསྟན་པའི་ཕྱིར་གནོད་པར་བྱ་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཀ་བ་བཞིན་དུ་གནས་པ་ཞེས་བྱ་བ་ནི་ཀ་བའི་རྣམ་པ་ལྟར་མི་འགྱུར་བའོ། །སྲོག་གསོན་པ་ཉིད་ཅེས་བྱ་བ་ནི་ནང་གི་སྐྱེས་བུ་སྲོག་གི་རང་བཞིན་དུ་གསོན་པའོ། །བསོད་ནམས་སུ་ འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕན་འདོགས་པའི་སྒོ་ནས་བསོད་ནམས་སུ་འགྱུར་བའི་ཕྱིར་རོ། །སྡིག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་གནོད་པ་མེད་པའི་སྒོ་ནས་སྡིག་པར་འགྱུར་བའི་ཕྱིར་རོ། །བསོད་ནམས་དང་སྡིག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པའི་སྒོ་ནས་ གཉིས་ཀར་འགྱུར་བའི་ཕྱིར་རོ། །གཡོ་བར་མི་བྱེད་ཅེས་བྱ་བ་ནི་འགུལ་བར་མི་བྱེད་པའོ། །རྣམ་པར་འགྱུར་བར་མི་བྱེད་ཅེས་བྱ་བ་ནི་གཞན་དུ་འགྱུར་བར་མི་བྱེད་པའོ། །གཅིག་ལ་གཅིག་གནོད་པར་མི་བྱེད་ཅེས་བྱ་བ་ནི་ཕན་ཚུན་གནོད་པར་མི་བྱེད་པའོ། །འོ་ན་བརྡེགས་པ་ལ་སོགས་ པས་རྣམ་པར་འགྱུར་བ་སྣང་ངོ་སྙམ་དུ་དོགས་པའི་ཕྱིར་སྐྱེས་བུ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཡོ་བ་ཞེས་བྱ་བ་ནི་མི་ལ་སོགས་པ་སེམས་པ་དང་བཅས་པའོ། །གནས་པ་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པ་སེམས་པ་མེད་པའོ། །ཇི་ལྟར་ན་སྐྱེས་བུས་སྐྱེས་བུའི་མགོ་གཅོད་པར་བྱེད་ པས་འཇིག་རྟེན་ན་གཡོ་བའམ་གནས་པ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་ཅེ་ན། དེའི་ཕྱིར་ལུས་བདུན་པོ་དག་ལ་བར་མེད་པར་མཚོན་ཐལ་བྱུང་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བར་མེད་པར་ཞེས་བྱ་བ་ནི་བུ་གུ་མེད་པར་རོ། །གང་གི་ཕྱིར་ལུས་བདུན་པོ་རྟག་པ་དག་ལ་བར་མ་བྱས་པ་ཉིད་དུ་ མགོ་གཅོད་པར་བྱེད་པའི་མཚོན་ཏེ་ཐལ་བྱུང་དུ་འགྲོ་བ་དང་། གང་གི་ཕྱིར་དེ་ལ་གནས་པའི་སྲོག་ཆགས་གནོད་པ་བྱར་མི་ནུས་ཏེ། དུས་ངེས་པ་ཡིན་པ་དེའི་ཕྱིར་གནོད་པ་ཅུང་ཟད་ཀྱང་མི་བྱེད་དོ། །དེ་ལྟར་གནོད་པ་མེད་ན་ལུས་རྣམ་པ་བདུན་པོ་དེ་དག་ལ་གནོད་པར་བྱེད་པ་ཡང་མེད་པར་བསྟན་པའི་ཕྱིར་ དེ་ལ་གསོད་པར་བྱེད་པའམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གསོད་པར་བྱེད་པས་ཞེས་བྱ་བ་ནི་རང་གི་ལག་པས་སོ། །གསོད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱི་ལག་པས་སོ། །སྐུལ་བར་བྱེད་པ་ཞེས་བྱ་བ་ནི་བསྐུལ་བས་བརྡེགས་པ་ལ་སོགས་པ་ལ་འཇུག་པའོ། །བསྐུལ་དུ་བཅུག་པ་ཞེས་བྱ་ བ་ནི་གཞན་གྱིས་སོ། །དྲན་པར་བྱེད་པ་ཞེས་བྱ་བ་ནི་བསོད་ནམས་བྱ་བའམ། སྡིག་པ་བྱ་བ་རང་ཉིད་ཀྱིས་མི་བརྗེད་པར་བྱེད་པའོ། །དྲན་པར་བྱེད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །རྣམ་པར་རིག་པར་བྱེད་པ་ཞེས་བྱ་བ་ནི་རང་ཉིད་སྨྲ་བའོ། །རྣམ་པར་རིག་པར་བྱེད་དུ་བཅུག་པ་ཞེས་ བྱ་བ་ནི་གཞན་གྱིས་སོ། །དེ་ལྟར་དེ་དག་ནི་མཐར་འཛིན་པའི་ལྟ་བ་རྟག་པར་ལྟ་བས་བསྡུས་པ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་དག་གིས་འབྱུང་བ་ཆེན་པོའི་རྒྱུ་དང་། བདེ་བ་དང་། སྡུག་བསྔལ་གྱི་རྒྱུ་ལ་རག་ ལས་པ་དང་། རྐྱེན་ལ་རག་ལས་པ་དང་། བྱེད་རྒྱུ་ལ་རག་ལས་པ་དང་། གཞན་དང་གཞན་མ་ཡིན་པ་མ་དམིགས་ཤིང་། རྣམ་པར་ཤེས་པ་སྲོག་གི་འདུ་ཤེས་ཅན་རྣམས་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། སྐྱེ་ནས་གཙོ་བོ་དང་ལྡན་པ་ཁྲི་བཞི་སྟོང་ཞེས་བྱ་བ་ནི་གནས་ཀྱི་གཙོ་ བོ་དག་སྟེ། ཇི་ལྟར་བདག་ཅག་གི་སྐྱེ་གནས་གཙོ་བོ་སྒོ་ང་ལས་སྐྱེ་བ་ལ་སོགས་པ་བཞི་པོ་དག་ཏུ་སེམས་ཅན་སྐྱེ་བར་གྱུར་པ་དེ་བཞིན་དུ་མུ་སྟེགས་ཅན་རྣམས་ཀྱི་སྐྱེ་གནས་གཙོ་བོ་དང་པ་དང་། ཁུ་བྱུག་དང་། ཁྲུང་ཁྲུང་ལ་སོགས་པ་སྐྱེ་གནས་ནས་སྐྱེ་བ་ཁྲི་བཞི་སྟོང་ འདོད་དེ། སེམས་ཅན་རེ་རེས་ཀྱང་དེ་དག་ཏུ་སྐྱེ་བར་བྱ་དགོས་སོ་ཞེས་ཟེར་རོ། །རྟོག་པ་ཆེན་པོ་དྲུག་ཁྲི་དང་དྲུག་བརྒྱ་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་གཙོ་བོ་དྲུག་ཁྲི་དང་དྲུག་བརྒྱ་སྟེ། སེམས་ཅན་རེ་རེས་ཀྱང་དེ་དག་སྐྱེ་བར་བྱ་དགོས་སོ། །ལྟ་བའི་རྣམ་པ་ལ་རྟོག་པ་ཞེས་བྱ་སྟེ། ལོག་པར་ རྟོག་པའི་ཕྱིར་རོ། །ལས་ལྔ་ཞེས་བྱ་བ་ནི་སྐྱེ་གནས་གཙོ་བོ་དེ་དག་ཐོབ་པར་བྱེད་པའི་ལས་ལྔའོ། །བྲམ་ཟེ་གསོད་པ་དང་། བ་ལང་གསོད་པ་དང་། གསེར་རྐུ་བ་དང་། བླ་མའི་ཆུང་མའི་གནས་སུ་འགྲོ་བ་དང་། ཆང་འཐུང་བ་སྡིག་ཏོ་ཆེན་པོ་ལྔ་པོ་དག་གོ། །གཞན་ཡང་དེ་དག་གི་ ལས་ལྔ་སྟེ། འདེགས་པ་དང་། འཇོག་པ་དང་། བརྐྱང་བ་དང་། བསྐུམ་པ་དང་། འགྲོ་བའོ། །ལས་གསུམ་པོ་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་ཀྱི་ཉེས་པ་དག་གོ། །ལས་གཉིས་ཞེས་བྱ་བ་ནི་རང་གིས་བྱས་པ་དང་། གཞན་གྱིས་བྱས་པའོ། །གཞན་ཡང་ལས་གཉིས་ ཏེ། སེམས་པའི་ལས་དང་བསམས་པའི་ལས་སོ། །ལས་དང་ལས་ཕྱེད་ཅེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ལས་གཉིས་པའོ། །རིས་མཐུན་པའི་འཕེན་པའི་ལས་དང་། རིས་མཐུན་པ་རྫོགས་པར་བྱེད་པའི་ལས་གཉིས་དང་འདྲ་བར་དེ་དག་གིས་ལས་གཉིས་ཏེ། ཟུང་དང་ཟུང་མ་ ཡིན་པའོ། །དེ་ལ་ཟུང་ནི་བསམ་པ་དང་། བྱས་པ་གང་ཡིན་པ་སྟེ་དེ་ནི་ལས་སོ། །ཟུང་མ་ཡིན་པ་ནི་བསམ་པ་ཉིད་ཡིན་ལ། མ་བྱས་པ་གང་ཡིན་པ་སྟེ། དེ་ནི་ལས་ཕྱེད་ཡིན་ནོ། །ཡང་སྡིག་ཏོའི་ལས་དང་། སྡིག་ཏོ་དང་ཉེ་བའི་ལས་ཏེ་དེ་ལ་སྡིག་ཏོའི་ལས་ནི་འདི་ལྟ་སྟེ། བྲམ་ཟེ་ གསོད་པ་དང་། བ་ལང་གསོད་པ་དང་། གསེར་རྐུ་བ་དང་། བླ་མའི་ཆུང་མའི་གན་དུ་འགྲོ་བ་དང་། ཆང་འཐུང་བ་སྟེ་དེ་ནི་ལས་ཡིན་ནོ། །སྡིག་ཏོ་དང་ཉེ་བའི་ལས་ནི་དེ་ལས་གཞན་པ་དག་སྟེ། དེ་ནི་སྔོན་ལས་ཕྱེད་ཡིན་ནོ། །ལམ་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཇི་ལྟར་བདག་ ཅག་གི་རྣམ་པར་དག་པའི་ལམ་བཞི་པོ་མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་དང་འདྲ་བར་དེ་དག་གིས་རྣམ་པར་དག་པའི་ལམ་དྲུག་ཅུ་རྩ་ གཉིས་ཏེ་ཟན་མི་ཟ་བ་དང་། མེར་འཇུག་པ་དང་། རི་ལས་མཆོང་བ་དང་། ཆུར་འཇུག་པ་དང་། རལ་པ་ཐོགས་པ་དང་། ཐལ་བས་སྐུད་པ་དང་། གཡང་གཞི་ཐོགས་པ་དང་། དབྱུག་པ་ལ་སོགས་པ་མཐོ་རིས་ལ་སོགས་པའི་ཐབས་དག་གོ། །རྟོག་པ་བར་མ་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་དེ་དག་ གི་རྟག་པ་དང་། ཆད་པའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་གཙོ་བོ་མ་ཡིན་པ་དྲུག་ཅུ་རྩ་གཉིས་སོ། །ཁ་ཅིག་ན་རེ་མི་རྣམས་ཀྱི་འཕེལ་བ་དང་། འགྲིབ་པའི་དུས་ཏེ་བར་གྱི་བསྐལ་པ་དྲུག་ཅུ་རྩ་གཉིས་ལ་བྱའོ་ཞེས་ཀྱང་ཟེར་རོ། །སེམས་ཅན་དམྱལ་བ་བརྒྱ་ཉི་ཤུ་ཞེས་བྱ་བ་ནི་ཡང་སོས་ལ་སོགས་ པའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དང་དེ་དག་རེ་རེ་ལ་ཡང་འཁོར་མེ་མ་མུར་ལ་སོགས་པ་བཅུ་དྲུག་བཅུ་དྲུག་ཡོད་པ་སྤྱིར་བསྡོམས་ན་བརྒྱ་ཉི་ཤུ་ཡོད་དོ། །དབང་པོ་བརྒྱ་ཉི་ཤུ་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གིས་དབང་པོ་ཉི་ཤུ་རྩ་གཉིས་དང་འདྲ་བ་དེ་དག་གི་དབང་པོ་བརྒྱ་ཉི་ཤུ་སྟེ། དེ་ལ་མིག་ གཉིས་དང་། རྣ་བ་གཉིས་དང་། སྣ་གཉིས་དང་། ལྕེ་དང་ལུས་དང་། ཡིད་དང་སྲོག་དང་། བདེ་བ་དང་། སྡུག་བསྔལ་བ་དང་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་དང་། དད་པ་དང་། བརྩོན་འགྲུས་དང་དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་ཉི་ཤུ་ འདོད་པ་དེ་དག་འགྲོ་བ་དྲུག་ཏུ་བསྒྲེས་ན་བརྒྱ་ཉི་ཤུར་འགྱུར་ཏེ། སེམས་ཅན་གཅིག་གིས་ཀྱང་དེ་དག་བསྐྱེད་པར་བྱ་དགོས་སོ། །རྡུལ་གྱི་ཁམས་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ཀུན་དུ་སྦྱོར་བའི་གནས་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དང་འདྲ་བར་དེ་དག་གི་ཀུན་དུ་སྦྱོར་བའི་གནས་དྲུག་ཅུ་རྩ་གཉིས་ ཏེ། བརྒྱ་བྱིན་གྱི་གནས་ལ་སོགས་པའི་བདེ་བའི་གནས་དག་གོ། །ཀླུའི་རིགས་བཞི་ཁྲི་དགུ་སྟོང་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ཀླུའི་རིགས་བཞི་པོ་སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དང་འདྲ་བར་དེ་དག་གི་ཀླུའི་རིགས་བཞི་ཁྲི་དགུ་སྟོང་ཡོད་དོ། །སེམས་ ཅན་གཅ