Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 155

Văn bản gốc(Tây Tạng)

Trang 10 / 17 (50.000 ký tự/trang)
་ཉུག་པ་དང་། རྒྱན་གྱིས་ལུས་ལ་མི་ཀླུབ་པ་དང་། སྐྲ་སོ་མངས་ཀྱིས་བཤད་པར་མི་བྱ་བ་དང་། མེ་ལོང་ལ་སོགས་པ་ལ་གདོང་མི་ལྟ་བ་དང་། འཐབ་མོའི་ནང་དུ་འགྲོ་ཞིང་འདུག་པར་མི་བྱ་བ་དང་། རྩེད་
མོ་སྣ་ཚོགས་ཀྱི་ནང་དུ་མི་བྱ་བ་ལ་སོགས་པ་སྟེ། འདུལ་བ་ཕྲན་ཚེགས་དང་གཞུང་བླ་མ་དག་ལས་འབྱུང་བའི་བསླབ་པ་རྣམས་ཀྱང་དགེ་སློང་གིས་ཕྱི་ཕྱིར་བསླབ་ཅིང་བསྲུང་བ་ཡིན་མོད་ཀྱི་འདིར་མ་སྨོས་ཀྱི། གཞན་ནས་འབྱུང་བར་རིག་པར་གྱིས་ཤིག་འདིར་ནི་རེ་ཞིག་ཤམ་ཐབས་དང་། ཆོས་གོས་ཇི་ལྟར་
བགོ་བ་དང་། གྲོང་དུ་ཇི་ལྟར་འཇུག་ཅིང་ཁྱིམ་དུ་འདུག་པར་བྱ་བ་དང་། བསོད་སྙོམས་བསླངས་པ་དང་། བཟའ་བ་དང་། ཆོས་འཆད་ཅིང་བསྟན་པའི་ཐབས་དང་། བཤང་གཅི་བབ་བབ་ཏུ་མི་བྱ་བ་ལ་སོགས་པ་འཕྲལ་གྱི་བསླབ་པ་ལ་སོགས་པ་ཉུང་ཤས་ཤིག་བསྡུ་བའོ། །ཤམ་ཐབས་ཟླུམ་པོར་བགོ་
བར་བྱ་ཞེས་བྱ་བའི་གླེང་གཞི་ནི་བཅོམ་ལྡན་འདས་གྲོང་ཁྱེར་ཁོར་མོ་འཇིག་གི་དྲང་སྲོང་གི་གནས་རི་དགས་རྒྱུ་བ་ན་བཞུགས་སོ། །ནམ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་རྣམས་སྐྱོན་མེད་དེ་རབ་ཏུ་ཕྱུང་ནས་དངོས་པོར་བྱས་པ་དེ་ན་དེ་དག་ཀྱང་སྔོན་གོམས་པའི་ཚུལ་དུ་ཁྱིམ་པ་བཞིན་དུ་གྱོན་པ་བྲམ་ཟེ་དང་ཁྱིམ་

བདག་གིས་མཐོང་ནས་འཕགས་པ་དག་དེ་ལྟ་བུ་ནི་ནོར་ཅན་དང་། ཚོང་དཔོན་དག་གྱོན་ན་ཁྱེད་ཀྱང་དེ་བཞིན་ནམ་ཞེས་ཟེར་རོ། །དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་བདག་དག་ཟེར་བ་ནི་བདེན་ཏེ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱི་ཉན་ཐོས་དག་གིས་ཤམ་ཐབས་ཇི་ལྟ་བུར་གྱོན་པ་དགོངས་ཏེ་བྱའོ་ཞེས་གསུངས་པ་དང་། ལྷ་རྣམས་ཀྱིས་གསོལ་པ་བཙུན་པ་འདི་ལྟ་སྟེ། གནས་གཙང་མའི་རིས་ཀྱི་ལྷ་རྣམས་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱིས་བརྟགས་ན་དེ་བཞིན་དུ་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དེ་བས་ན་དགེ་སློང་དག་ངའི་ཉན་ཐོས་རྣམས་ཀྱིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་ལྔ་པོ་དང་ཉེ་བ་ལྔ་པོ་དང་བཟང་པོ་དྲུག་ཅུ་སྡེ་དང་གཞན་ཡང་དགེ་སློང་གཅིག་གིས་གཅིག་རབ་ཏུ་ཕྱུང་བ་རྣམས་ཀྱང་ཤམ་ཐབས་ཟླུམ་པོར་
གྱོན་ཞིང་ཚུལ་བཞིན་དུ་གནས་སོ། །ཧ་ཅང་རྩེངས་པ་ཡང་མ་ཡིན། ཞེས་བྱ་བ་ནི་སླད་ཀྱིས་དྲུག་སྡེ་དག་རབ་ཏུ་ཕྱུང་བ་སྟེ། དེ་དག་གིས་ཤམ་ཐབས་རབ་ཏུ་རྩེངས་ཤིང་གྱོན་པ་དང་དད་པའི་བྲམ་ཟེ་དང་། ཁྱིམ་བདག་གིས་མཐོང་སྟེ། འཕགས་པ་དག་རྒྱན་པོ་པ་དང་། དྭ་དང་ནལ་གྱི་བུ་དག་ནི་འདི་ལྟར་
གྱོན་གྱི་འཕགས་པ་དག་དེ་ལྟར་གྱོན་མི་རིགས་ཀྱིས་ཤམ་ཐབས་བརྫེས་ལ་མ་གྱོན་ཅིག་བྱས་པ་དང་། དེ་དག་རྗེ་ཐུར་གྱོན་ནས་ཁྱིམ་བདག་མ་དད་ཅིང་འཕྱ་བ་ལས་སྙན་དུ་བདས་ཏེ། ཁྱིམ་བདག་འཕྱ་བར་བདེན་གྱིས་ཞེས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོས་པར་བསླབ་པར་བྱའོ་ཞེས་
འདུལ་བ་ལ་བསླབ་པའི་གནས་བཅས་སོ། །རྩེངས་པ་མ་ཡིན་ཞེས་བྱ་བ་ནི་ཤམ་ཐབས་པུས་མོ་ལས་འདས་པ་ལ་བྱའོ། །ཧ་ཅང་འཇོལ་བ་མ་ཡིན་ཞེས་བྱ་བ་ནི་དྲུག་སྡེ་པོ་རྣམས་ཤམ་ཐབས་ལོང་བུ་ལས་འདས་ཏེ་ནར་བར་གྱོན་པ་ལས་དད་པའི་བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་སྟེ་འཕགས་
པ་དེ་ལྟ་བུ་ནི་ཡུལ་ཀ་ཏ་ན་ཞེས་བྱ་བ་ན་རིགས་ཀྱི་མནའ་མ་དང་བུད་མེད་རྣམས་གྱོན་ཏེ། དེ་ལྟ་བུར་མི་རིགས་ཀྱིས་ཧ་ཅང་ནར་བར་མ་གྱོན་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ནས། འཕྱ་བ་ཡུས་ཀྱི་ཧ་ཅང་འཇོལ་བར་མི་བགོ་བར་བསླབ་པར་བྱའོ་ཞེས་བཅས་སོ། །གླང་པོ་ཆེའི་སྣ་ལྟར་མ་ཡིན་ཞེས་བྱ་

བ་ནི་དྲུག་སྡེ་རྣམས་ཤམ་ཐབས་མདུན་ལོགས་སུ་སྣ་གཉིས་པ་ལ་ནར་ཞིང་གྱོན་པ་ལས་འཕགས་པ་དག་དེ་ལྟ་བུ་ནི་བྱིས་པ་ཆུང་ངུ་དང་། ར་རོ་བ་དག་གྱོན་པས་དེ་ལྟ་བུ་ནི་མི་རིགས་ཀྱིས་མ་གྱོན་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ནས་གླང་པོ་ཆེའི་སྣ་ལྟར་མ་ཡིན་པར་བསླབ་པ་བཅས་སོ། །
ཏ་ལའི་ལོ་མ་ལྟར་མ་ཡིན་ཞེས་བྱ་བ་ནི། དྲུག་སྡེ་པོ་རྣམས་ཤམ་ཐབས་སྟ་ཟུར་པོ་རྣམས་ཀྱི་སྟེང་དུ་མེ་ཏོག་ཁ་གྱེས་པ་ལྟ་བུར་གྱོན་པ་ལས། ཁྱིམ་བདག་དག་འཕྱ་སྟེ་དེ་ལྟ་བུ་ནི་གར་མཁན་མང་པོའི་ནང་དུ་གྱོན་ཞིང་འོངས་ཏེ། འཕགས་པ་དག་དེ་ལྟ་བུ་ནི་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས། ཏ་ལའི་
ལོ་མ་ལྟར་མ་ཡིན་པར་ཤམ་ཐབས་བགོ་བར་བསླབ་པར་བྱའོ་ཞེས་བཅས་སོ། །ནས་ཅན་གྱི་ཕུར་མ་ལྟར་མ་ཡིན་ཞེས་བྱ་བ་ནི། དགེ་སློང་དྲུག་སྡེ་རྣམས་ཤམ་ཐབས་སྟ་ཟུར་གྱི་སྟེང་དུ་ཁྱིམ་པ་ལྟར་བསྡུས་ཏེ་ཐུམ་པོར་བྱས་ཏེ་གཞག་པས་ཁྱིམ་བདག་དག་འཕྱ་བར་གྱུར་ཏེ། དེ་ལྟ་བུ་ནི་ནོར་ཅན་དང་ཚོང་དཔོན་
དང་བུད་མེད་དག་ནི་དེ་ལྟར་གྱོན་ཏེ། འཕགས་པ་དག་ཅིའི་ཕྱིར་དེ་ལྟར་གྱོན་ཅེས་འཕྱ་བ་ལས་སྙན་དུ་བདས་ནས། ཤམ་ཐབས་ནས་ཅན་གྱི་ཕུར་མ་ལྟར་མ་ཡིན་པར་བགོ་བར་བྱའོ་ཞེས་བཅས་སོ། །སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཤམ་ཐབས་བགོས་ནས། ལྟེ་བའི་ཁུང་དུ་ཕྱིར་
བཟློག་ཅིང་འཕྱང་བ་སྦྲུལ་མགོ་ལྟ་བུར་གྱོན་པ་དང་། ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་རྒྱན་པོ་པ་ནི་དེ་བཞིན་གྱོན་ཏེ་དེ་ལྟ་བུ་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས། ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བྱ་ཞེས་བཅས་སོ། །ཤམ་ཐབས་རྣམ་པ་བདུན་ལྟ་བུའི་སྐྱོན་སྤངས་
ཏེ། ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཆོས་གོས་ཇི་ལྟར་གྱོན་པ་ནི་མི་ཤེས་ནས། ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཆོས་གོས་རྩེངས་པར་གྱོན་ཏེ་ཕུས་མོ་ལས་འདས་པར་གྱོན་པ་མི་མཛེས་ཏེ། དྭ་དང་ནལ་གྱི་བུ་
དང་། རྒྱན་པོ་པ་ནི་དེ་ལྟར་གྱོན་ཏེ་དེ་ལྟ་བུ་ནི་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁྱིམ་བདག་འཕྱ་བ་ནི་ཡུས་ཏེ་ཆོས་གོས་ཧ་ཅང་མ་རྩེངས་པར་བགོ་བར་བསླབ་པར་བྱའོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཆོས་གོས་མ་རྩེངས་པར་གྱོན་ཅིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཆོས་

གོས་ཧ་ཅང་འཇོལ་ཞིང་ཤམ་ཐབས་ལས་མར་ཐལ་བར་གྱོན་པ་དང་། འཕགས་པ་དག་དེ་ལྟ་བུ་ནི་ཡུལ་ཀ་ཏ་ན་བུད་མེད་དང་། རིགས་ཀྱི་མནའ་མ་རྣམས་ནི་དེ་ལྟར་གྱོན་ཏེ། དེ་ལྟ་བུ་གྱོན་པ་ནི་མི་རིགས་ཏེ་ཧ་ཅང་ནར་བར་མ་གྱོན་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁྱིམ་བདག་དག་འཕྱ་བ་ཡུས་ཏེ་ཆོས་གོས་
ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅས་སོ། །དེ་བས་ན་ཆོས་གོས་ཧ་ཅང་རྩེངས་པ་ཡང་མ་ཡིན། འཇོལ་བ་ཡང་མ་ཡིན་པར་ཟླུམ་པོར་བགོ་བར་བྱའོ་ཞེས་གསུངས་སོ། །ཤིན་ཏུ་བསྡམས་ཞེས་བྱ་བ་ནི་དྲུག་སྡེ་རྣམས་རྐང་ལག་ཀྱོག་ཅིང་ཁྱིམ་པའི་དེར་དོང་བ་དང་། དད་པའི་བྲམ་ཟེ་
དག་ན་རེ་འཕགས་པ་དག་འབྱུང་པོ་དང་། ཆང་གིས་སྨྱོས་པ་དང་། ཤ་ཟས་ཟིན་པ་རྣམས་ནི་དེ་ལྟར་འགྲོའོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། ལུས་ཤིན་ཏུ་བསྡམས་ནས་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བྱའོ་ཞེས་བཅས་སོ། །ལེགས་པར་བགོས་པར་ཞེས་བྱ་བ་ནི་དྲུག་སྡེ་དག་ཆོས་གོས་བརྟུལ་ཏེ་ཕྲག་པ་ལ་
གཟར་ནས་གྲོང་དུ་འགྲོ་བ་དང་། ཁྱིམ་བདག་རྣམས་ནི་དེ་ལྟར་འགྲོའོ་ཞེས་འཕྱ་སྟེ། འཕགས་པ་དག་གྱད་རྣམས་གྱད་སར་འགྲོ་བ་ནི་དེ་བཞིན་ཏེ། དེ་ལྟར་མི་རིགས་ཀྱིས་མ་འགྲོ་ཞིག་ཅེས་འཕྱ་བ་ལས་སྙན་དུ་བདས་ནས། ལེགས་པར་བགོས་ཏེ་འགྲོ་བར་བྱའོ་ཞེས་འདུལ་བ་ལ་བསླབ་པ་བཅས་སོ། །
སྒྲ་བསྐྱུངས་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཅ་ཅོ་འདོན་ཅིང་གྲོང་དུ་འདོང་བ་དང་། དད་པའི་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་ཆང་གིས་མྱོས་པ་དང་། བྱིས་པ་ཆུང་ངུ་རྣམས་དེ་བཞིན་འདོང་སྟེ། དེ་ནི་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། སྒྲ་བསྐྱུངས་ལ་ཁྱིམ་པའི་ཁྱིམ་དུ་འགྲོ་
བར་བྱའོ་ཞེས་བཅས་སོ། །མིག་གཡེང་བར་མི་བྱ་བ་ནི་དྲུག་སྡེ་རྣམས་མིག་ཡན་མན་དུ་གཡེངས་ཤིང་འགྲོ་བས་ན། དད་པའི་ཁྱིམ་བདག་དག་འཕྱ་བར་གྱུར་པ་ལས་སྙན་དུ་བདས་ནས། མིག་གཡེངས་ཤིང་མ་འགྲོ་ཞིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་མིག་བཙུམས་ཤིང་འགྲོ་བ་ལས་རྟ་
དང་། ཤིང་རྟ་འདྲེན་པ་དག་དང་ཐུག་པར་གྱུར་ནས་ས་ལ་འགྱེལ་ཏེ་མི་གཙང་བ་དང་། འདམ་རྫབ་ཀྱིས་གོས་པར་གྱུར་ཏེ། ཁྱིམ་བདག་དང་བྲམ་ཟེ་དག་འཕྱ་བ་ལས་སྙན་དུ་བདས་ནས། མིག་མི་བཙུམས་མི་གཡེང་བར་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བྱའོ་ཞེས་

གསུངས་སོ། །མགོ་མི་གཡོགས་པ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་མགོ་གཡོགས་ནས་ཁྱིམ་དུ་དོང་བ་དང་། ཁྱིམ་བདག་རྣམས་འཕྱ་སྟེ་རིགས་ཀྱི་མནའ་མ་ན་བ་རྣམས་ནི་དེ་བཞིན་དོང་སྟེ། འཕགས་པ་རྣམས་དེ་ལྟ་བུ་ནི་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། མགོ་མི་གཡོགས་
པར་གྲོང་དུ་འགྲོ་བར་བྱའོ་ཞེས་བཅས་སོ། །མི་བརྫེ་བ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཤམ་ཐབས་བརྫེས་ཏེ་ཁྱིམ་དུ་འདོང་བ་དང་། ཁྱིམ་བདག་རྣམས་ཀྱིས་འཕགས་པ་དག་སྐྱེས་པ་བཤང་གཅི་བྱ་བའམ། འདམ་རྫབ་དང་ཆུ་ཡོད་ན་དེ་ལྟར་བྱའི་དེ་ལྟ་བུ་མེད་པ་ལ་ནི་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས།
མི་བརྫེ་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །གོས་མི་གཟར་བར་འགྲོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཆོས་གོས་གྱོན་པ་སླར་གཟར་ཏེ་དོང་བ་ལས། ཁྱིམ་བདག་ན་རེ་རྒྱན་པོ་པ་དང་། ནལ་གྱི་བུ་དག་ནི་དེ་ལྟར་འདོང་གིས་འཕགས་པ་དག་ཅིའི་ཕྱིར་དེ་ལྟར་དོང་ཞེས་འཕྱ་བ་ལས་སྙན་དུ་བདས་ནས།
ཆོས་གོས་མི་གཟར་བར་ཁྱིམ་དུ་འགྲོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཆོས་གོས་གཉའ་གང་དུ་བསྣོལ་ཞིང་འགྲོ་བ་ནི་དྲུག་སྡེ་རྣམས་ཆོས་གོས་བགོས་ནས་གཉའ་གང་དུ་བསྣོལ་ནས་གྲོང་དུ་དོང་བ་དང་། བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དྭ་དང་ནལ་གྱི་བུ་དག་ནི་དེ་བཞིན་དོང་སྟེ། དེ་ལྟ་བུ་མི་
རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། གཉའ་གོང་དུ་བསྣོལ་ཏེ་གྲོང་དུ་མི་འགྲོ་བར་བྱའོ་ཞེས་བཅས་སོ། །ཕྲག་པ་གཉིས་ཀར་མི་གཟར་བར་འགྲོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གོས་ཕྲག་པ་གཉིས་ཀ་ལ་གཟར་ནས་འགྲོ་བ་ལས་ཁྱིམ་བདག་རྣམས་ན་རེ། འཕགས་པ་དག་གཡོག་བྱེད་པ་ནི་དེ་ལྟར་བྱེད་དེ་དེ་
ལྟ་བུ་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས་ཕྲག་པ་གཉིས་ཀ་ལ་མི་གཟར་བར་གྲོང་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་སོ། །བྲང་བས་འགྲོ་བ་མ་ཡིན་ཞེས་བྱ་བ་ནི་དྲུག་སྡེ་རྣམས་རྐང་པའི་བྲང་བས་ཁྱིམ་དུ་དོང་བ་དང་། ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་བྱིས་པ་ཆུང་ངུ་
ཤིང་ལ་རྩེ་བ་དང་། རྐང་པའི་མཐིལ་ས་པ་རྣམས་ནི་དེ་ལྟར་འགྲོ་སྟེ། དེ་ལྟ་བུ་ནི་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། བྲང་བས་གྲོང་དུ་མི་འགྲོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །འཇལ་ཐབས་སུ་འགྲོ་བར་མི་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གོམ་པ་འཇལ་ཐབས་སུ་གྲོང་དུ་དོང་བ་ལ། ཁྱིམ་

བདག་དག་འཕྱ་སྟེ་དེ་ལྟ་བུ་ནི་འཇིག་རྟེན་ན་བཟོ་བོ་དང་། ཕྱ་མཁན་རྣམས་དེ་ལྟར་བྱེད་དེ་དེ་ལྟར་མ་བཞུད་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ཏེ། གྲོང་དུ་གོམ་པ་བརྐྱང་ཞིང་འཇལ་ཐབས་སུ་འགྲོ་བར་མི་བྱའོ་ཞེས་བསླབ་པ་བཅས་སོ། །མི་མཆོང་བར་འགྲོ་བར་བྱ་བ་ནི་དྲུག་སྡེ་རྣམས་ཤིང་ཐགས་དེ་དག་ལ་
མཆོང་ཞིང་དོང་བས་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་འཇིགས་ཤིང་སྐྲག་པ་ནི་དེ་ལྟར་དོང་སྟེ། དེ་ལྟ་བུ་མི་རིགས་ཀྱིས་དེ་ལྟར་མ་བྱེད་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁྱིམ་བདག་འཕྱ་བ་ཡུས་ཀྱི་གོང་བུ་དང་། ཤིང་ཐགས་ལ་མཆོང་ཞིང་མ་འགྲོ་བར་ལམ་དུ་དེང་ལ་མི་མཆོང་
བར་གྲོང་དུ་འགྲོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཙོག་པུར་མ་ཡིན་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཙོག་པུར་འདོང་བས། ཁྱིམ་བདག་དག་འཕྱ་སྟེ་དེ་ལྟ་བུ་ནི་རྒན་པོ་དང་རྐང་ནད་ཅན་དང་། བྱིས་པ་ཆུང་ངུ་རྣམས་འགྲོ་མི་ནུས་པ་ནི་དེ་བཞིན་དུ་འགྲོ་སྟེ། འཕགས་པ་དག་དེ་ལྟ་བུ་ནི་མི་རིགས་སོ་ཞེས་འཕྱ་
བ་ལས་སྙན་དུ་བདས་ཏེ། ཙོག་པུར་འགྲོ་ཞིང་གྲོང་དུ་མི་འདོང་བར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་སོ། །དཀུར་མི་བརྟེན་པར་འགྲོ་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་དཀུར་བརྟེན་ཞིང་འགྲོ་བ་དང་ཁྱིམ་བདག་དག་འཕྱ་སྟེ། ཚོང་དཔོན་དང་དེད་དཔོན་དག་ནི་དེ་ལྟར་འགྲོ་སྟེ། འཕགས་པ་རྣམས་
དེ་ལྟར་འགྲོ་བ་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། དཀུར་མི་བརྟེན་པར་གྲོང་དུ་འགྲོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ལུས་མི་བསྒྱུར་བར་འགྲོ་བར་བྱ་བ་ནི་དྲུག་སྡེ་རྣམས་ལུས་བསྒྱུར་ཞིང་གྲོང་དུ་དོང་བ་དང་། དད་པའི་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་གཟུགས་ཀྱིས་
འཚོ་བ་དང་། བལ་གླང་མོ་དག་དེ་ལྟར་དོང་སྟེ། དེ་ལྟ་བུ་མི་རིགས་སོ་ཞེས་ཟེར་བ་ལས་སྙན་དུ་བདས་ཏེ། ལུས་མི་བསྒྱུར་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ལག་པ་མི་ཀྱོག་པར་འགྲོ་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ལག་པ་འཁྱུགས་ཀ་བྱེད་ཅིང་གྲོང་དུ་དོང་བས་
ཁྱིམ་བདག་དག་འཕྱ་བར་གྱུར་ཏེ། འཕགས་པ་དག་བྱིས་པ་ཆུང་ངུ་དང་། དྭ་དང་སྨྱོན་པ་རྣམས་ནི་དེ་ལྟར་དོང་སྟེ། མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། ལག་པའི་འཁྱུགས་ཀ་མི་བྱ་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅས་སོ། །མགོ་མི་བསྒྱུར་བར་འགྲོ་

བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་མགོ་བསྒྱུར་ཞིང་གྲོང་དུ་དོང་བ་ལས་ཁྱིམ་པ་དག་འཕྱ་སྟེ། འཕགས་པ་དག་གླང་པོ་ཆེ་དང་། རྩངས་པ་དག་ནི་དེ་ལྟར་འགྲོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། མགོ་མི་བསྒྱུར་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་
སོ། །ཕྲག་པ་མི་སྤྲད་པར་འགྲོའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་དུ་དོང་བ་དང་། དེ་ན་མི་ཞིག་སྤོས་ཀྱིས་བསྐུས་མེ་ཏོག་གིས་བཏགས་ཏེ། འགྲོ་བ་དྲུག་སྡེ་དག་གིས་མཐོང་ནས་དགའ་བོ་དང་བསྙེན་དགའ་བོ་བསྐྲན་པ་འདི་མི་དགའ་བར་བྱའོ་ཞེས་ནས་ཕྲག་པ་སྤྲད་དེ་ཕུལ་བས་དེ་ཡང་ས་ལ་འགྱེལ་ཏོ། །དེ་མི་སྙན་པར་འཕྱ་
བ་ལས་སྙན་དུ་བདས་ཏེ། ཁྱིམ་པ་འཕྱ་བ་ནི་རིགས་པར་འཕྱས་པས། ཕྲག་པ་སྤྲད་ཅིང་ཁྱིམ་པའི་ཁྱིམ་དུ་མི་འགྲོ་བར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་སོ། །ལག་པ་མི་སྦྲེལ་བར་འགྲོ་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་དུ་དོང་བ་དང་། སྐྱེས་པ་ཞིག་མེ་ཏོག་དང་། སྤོས་ཀྱིས་བརྒྱན་ནས་འཇིག་རྟེན་
ལ་ངོམ་བཞིན་དུ་འོང་བ་དང་། དྲུག་སྡེ་དག་གིས་མཐོང་ནས་དེ་མི་དགའ་བར་བྱའོ་ཞེས་ནས། དེ་དག་ལག་པ་སྦྲེལ་ཏེ་ཕུལ་བ་དང་ས་ལ་འགྱེལ་ཏོ། །དེ་ཡང་བདག་གིས་ནོངས་པ་ཅི་བགྱིས་ཞེས་སྨོད་པ་ལས་སྙན་དུ་བདས་ནས། ཁྱིམ་པ་འཕྱ་བ་ནི་ཡུས་ཏེ། ལག་པ་སྦྲེལ་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་མི་
བྱའོ་ཞེས་བསླབ་པ་བཅས་སོ། །མ་བསྒོ་བར་ཁྱིམ་པའི་སྟན་ལ་མི་འདུག་ཅེས་བྱ་བ་ནི་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གཙང་སྦྲ་ལ་དགའ་སྟེ། མལ་སྒོ་ཁང་དུ་བཅས་ནས་དེར་བུ་མོ་ཞིག་སྦྲང་ཡབ་ཐོགས་ཏེ། སྦྲང་མ་སྐྲོད་དུ་བཅུག་པ་དང་བསྙེན་དགའ་བོ་བསོད་སྙོམས་ལ་བྲམ་ཟེ་དེའི་མལ་སྒོར་འོངས་ཏེ་བུ་
མོ་སོང་སྟེ། བྲམ་ཟེ་ལ་བསྙེན་དགའ་བོ་སྒོ་ན་འདུག་གིས་སྦྲོན་ཅིག་ཅེས་བསྒོ་བ་དང་། བདག་ནི་སྦྲང་མ་སྐྲོད་པས་མི་མཆིའོ་ཞེས་སྨྲས་པ་དང་། ངས་སྐད་ཅིག་བསྲུང་གིས་སོང་ཤིག་ཅེས་ནས་དེ་སོང་བ་དང་། བསྙེན་དགའ་བོས་རྐང་པ་དེའི་མལ་གྱི་སྟེང་དུ་བཞག་སྟེ་འདུག་གོ། །བྲམ་ཟེ་ཡང་ནང་ནས་བྱུང་སྟེ་
འོངས་པ་དང་། དེས་རྐང་པ་བཞག་པ་མཐོང་ནས་དེ་ན་རེ་འཕགས་པ་བདག་ནི་གཙང་སྦྲ་ལ་དགའ་བ་ལགས་ཏེ། ཅིའི་ཕྱིར་ལྷག་མ་དང་བཅས་པར་ངའི་མལ་ན་འདུག་ཅེས་འཕྱ་ཞིང་སྨོད་པ་ལས་སྙན་དུ་བདས་ཏེ་འཕྱ་བ་ནི་རིགས་པར་འཕྱས་པས། ད་ཕྱིན་ཆད་ཁྱིམ་པས་མ་བསྒོ་བར་སྟན་ལ་མི་འདུག་པར་བྱའོ་

ཞེས་བསླབ་པ་བཅས་སོ། །སྟན་ལ་མ་བརྟགས་པར་འདུག་པར་མི་བྱ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་འཆར་ཀ་སྐབས་སྐབས་སུ་གཏུམ་མོའི་གནས་དེར་ཆོས་འཆད་ཅིང་འགྲོའོ། །ཕྱི་ཞིག་ན་གཏུམ་མོ་ལ་བུ་གཅིག་བཙས་ཏེ། དེའི་ཚེ་རིང་བར་འདུག་པའི་ཕྱིར་རས་དཀར་པོས་གཡོགས་ཏེ། དྲང་
སྲོང་གི་སྟན་ལ་བཞག་པ་དང་། ཕྱིས་འཆར་ཀ་འོངས་ཏེ། སྟན་ལ་མ་བརྟགས་པར་འདུག་པས་བུ་དེ་དུས་ལས་འདས་སོ། །དེ་དག་མྱ་ངན་བྱེད་ཅིང་མི་སྙན་པར་ཟེར་བ་སྙན་དུ་བདས་ཏེ། ཁྱིམ་པའི་སྟན་ལ་མ་བརྟགས་པར་འདུག་ཏུ་མི་གནང་བར་བཅས་སོ། །ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་
ཕབ་སྟེ་འདུག་པར་མི་བྱ་བ་ནི་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་ནས་སེར་སྐྱའི་གནས་ན། བཙུན་མོ་གྲགས་འཛིན་མའི་དེར་བཤོས་གསོལ་བའི་ཚེ། ཚེ་དང་ལྡན་པ་འཆར་ཀས་གྲགས་འཛིན་མ་བཤོས་འདྲིམ་པའི་རྐང་པ་ལ་རྐང་པས་བརྡེགས་ཏེ་བཏང་ངོ་། །དེ་ཡང་མི་དགའ་སྟེ་ཕྱིན་ཆད་དེ་
ལྟ་བུ་མི་བྱེད་པར་བྱ་བའི་ཕྱིར་གྲགས་འཛིན་མས་ཁྲི་རྒྱུད་མ་བཏགས་པའི་སྟེང་གོས་ཀྱིས་གཡོགས་ནས་བཞག་སྟེ། འཆར་བ་བོས་ཤིག་ཅེས་བུ་མོ་ཞིག་མངགས་ནས་འཆར་ཀ་ཡང་རྙེད་པ་ཞིག་གྲུབ་སྙམ་སྟེ་མྱུར་ཞིང་རེངས་པར་འོངས་ནས། ཁྱེད་ཀྱིས་ང་ལ་ཅི་སྦྱིན་ཞེས་བྱས་པ་དང་། ཁྲི་ལ་བཞུགས་
ཤིག་དང་། ཕྱེ་དང་ཞོ་ཕོར་གང་གསོལ་ལོ་ཞེས་པ་དང་། ཁྲི་དེ་ཡང་དབང་མོད་ཅེས་འཆར་ཀས་སྨྲས་ན་ཁྲི་དེ་མི་གསོལ་ལོ་ཞེས་ནས་འཆར་ཀས་ཀྱང་ཕྱེ་དང་ཞོ་ཕོར་གང་ལག་ཏུ་བླངས་ནས། ཁྲིའུ་དེ་ཆག་གོ་སྙམ་དུ་བསམས་ཏེ་སྟེང་དུ་ལྗིད་ཀྱིས་ཕབ་སྟེ་དྲག་ཏུ་འདུག་པ་དང་། ཁྲིའུ་རྒྱུད་མེད་པས་ན་ནུབ་སྟེ།
ཕྱེ་ཕོར་གང་དང་ཞོ་ཕོར་གང་ཡང་དེའི་གདོང་དུ་བོ་ནས་དེ་དག་གད་མོ་བྱུང་སྟེ། འཆར་ཀའི་རྐང་པ་ནས་བཟུང་ནས་རྫིང་བུའི་ནང་དུ་བོར་རོ། །འཆར་ཀ་ཡང་ལངས་ཏེ་ཆོས་གོས་གཅུ་ཞིང་འདུག་པ་དང་། དགེ་སློང་དག་གིས་མཐོང་སྟེ། ཅི་ཉེས་ཞེས་སྨྲས་ན། ངས་ཁར་སོང་རྩེད་མོ་ཞིག་བྱས་ན་དི་རིང་
གནོད་པ་དེ་དང་འདྲ་བར་བྱས་ཞེས་བྱས་པ་དང་། དེ་དང་འདྲ་བས་སྙན་དུ་བདས་ཏེ། ཁྱིམ་པའི་ཁྱིམ་དུ་སྟན་ལ་ལྗིད་ཀྱིས་ཕབ་སྟེ་མི་འདུག་པར་བྱའོ་ཞེས་བཅས་སོ། །རྐང་པ་མི་བསྣོལ་བར་འདུག་པར་བྱ་ཞེས་བྱ་བ་ནི། དྲུག་སྡེ་རྣམས་རྐང་པ་བསྣོལ་ཞིང་འཁོད་པ་དང་། ཁྱིམ་བདག་དག་གིས་

འཕགས་པ་དག་དྭ་དང་ནལ་གྱི་བུ་དག་ནི་འདི་ལྟར་འཁོད་དེ། དེ་ལྟ་བུ་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། འཕྱ་བ་ཡུས་ཀྱིས་ཁྱིམ་པའི་ཁྱིམ་དུ་རྐང་པ་མི་བསྣོལ་བར་བྱའོ་ཞེས་བཅས་སོ། །བརླ་མི་བསྣོལ་བར་འདུག་ཅེས་བྱ་བ་ནི་དྲུག་སྡེ་རྣམས་བརླ་བསྣོལ་ནས་འཁོད་
པ་དང་། འཕགས་པ་དག་དྭ་དང་ནལ་གྱི་བུ་དག་ནི་དེ་བཞིན་དུ་འཁོད་དེ། དེ་ལྟ་བུ་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁྱིམ་པ་ནི་རིགས་པར་འཕྱའོ་ཞེས་ཏེ། གྲོང་དུ་བརླ་བསྣོལ་ཏེ་མི་འདུག་པར་བསླབ་པར་བྱའོ་ཞེས་བཅས་སོ། །ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་
རྣམས་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འཁོད་པ་དང་། ཁྱིམ་བདག་དག་ན་རེ་འཕགས་པ་དག་རྒྱན་པོ་པ་དང་ནལ་གྱི་བུ་དག་ནི་དེ་ལྟར་འཁོད་དེ་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁྱིམ་པ་འཕྱ་བ་ནི་རིགས་པར་འཕྱས། ཁྱིམ་པའི་ཁྱིམ་དུ་ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་བསླབ་
པར་བྱའོ་ཞེས་བཅས་སོ། །རྐང་པ་བཀུག་སྟེ་འདུག་པར་མི་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་རྐང་པ་བཀུག་སྟེ་འདུག་པ་དང་། དགེ་བསྙེན་མ་རྣམས་ཕྱག་འཚལ་ན་དེ་དག་ནད་མེད་པར་གྱུར་ཅིག་ཅེས་མི་ཟེར་ནས། དེ་དག་གིས་སྨྲས་པ། བདག་ཅག་ལ་ནད་མེད་ཅིག་ཅེས་ཅིའི་ཕྱིར་མི་གསུང་ཞེས་བྱས་པ་དང་།
ངེད་ཀྱི་རྐང་པ་གཉིས་ལ་ཕྱག་མ་བྱས་སོ་ཞེས་བྱས་པ་དང་། དེ་དག་གིས་རྐང་པ་གཉིས་ལ་ཕྱག་འཚལ་བ་དང་། དེ་དག་གིས་བུད་མེད་ཀྱི་རྐུབ་ལ་མཐོས་འཇལ་ཞིང་རྐུབ་ཚོས་ཆེ་བ་ལ་ལྟོས་ཞེས་ཟེར་བ་ལས་དེ་དག་ངོ་ཚ་སྟེ་མི་སྨྲ་བར་འཁོད་དེ། དེ་ལྟར་གྱུར་པ་སྙན་དུ་བདས་ཏེ་གྲོང་དུ་རྐང་པ་མི་དགུག་
པར་བྱའོ་ཞེས་བཅས་སོ། །རྐང་པ་གདངས་ཤིང་མི་འདུག་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་རྐང་པ་གདངས་ཤིང་འདུག་པ་ལ་དགེ་བསྙེན་མ་དག་ཕྱག་འཚལ་བ་ན་དེ་དག་ནད་མེད་ཅིག་ཅེས་རྫོགས་པར་མི་ཟེར་ནས། འཕགས་པ་ཅིའི་སླད་དུ་མི་གསུང་ཞེས་བྱས་ན། ཁྱེད་ཀྱིས་ངེད་ཀྱི་རྐང་པ་གཉིས་
ལ་ཕྱག་མ་བྱས་སོ་ཞེས་པ་དང་། དེ་དག་ཡང་རྐང་པ་གཉིས་ལ་ཕྱག་བྱེད་པ་དང་། རྐུབ་ལ་མཐོས་འཇལ་བ་དང་དེ་དག་འཕྱ་བ་སྙན་དུ་བདས་ནས། རྐང་པ་གདངས་ཤིང་འདུག་པར་མི་བྱའོ་ཞེས་བཅས་སོ། །མདོམས་མི་སྣང་བར་འདུག་པར་བྱ་ཞེས་ཟེར་བ་ནི་དྲུག་སྡེ་རྣམས་མདོམས་སྣང་བཞིན་དུ་

གྲོང་ན་འཁོད་ཅིང་སྒྲེན་མོར་འཁོད་པས་ན་བྲམ་ཟེ་དང་། ཁྱིམ་བདག་དག་འཕྱ་བ་སྙན་དུ་བདས་ནས་མདོམས་མི་སྣང་བར་གྲོང་དུ་འདུག་པར་བྱའོ་ཞེས་བཅས་སོ། །ལེགས་པར་ཟས་བླང་བར་བྱ་ཞེས་བྱ་བ་ནི་ཡུལ་སྦལ་དཀར་ཅན་ན་རྒྱལ་བུ་རྟོགས་ལྡན་གྱིས་ཁང་བཟངས་པད་མོའི་ཚོན་བརྒྱ་རྩ་གཅིག་གིས་ས་གཞི་ལ་
བྲིས་པ་ཞིག་བརྩིགས་ཏེ། དེར་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་པ་དང་། རྒྱལ་བུ་ཉིད་ནི་ཆོས་ལ་དད་འཁོར་རྣམས་ཆོས་ལ་མ་དད་པས་དེ་དག་གིས་ལ་དུ་འདྲིམ་པའི་ཚེ་ལ་དུ་བསྐྱུར་བས་ལྷུང་བཟེད་ཆག་སྟེ་དྲུག་སྡེ་རྣམས་ཀྱིས་དེ་དག་མི་དགའ་བར་བྱའོ་ཞེས་ནས། འབྲས་དང་ཚོད་མ་འདྲིམ་
པའི་ཚེ་ལྷུང་བཟེད་གང་བས་ཚོད་མ་དེ་དག་ས་ལ་བོ་ནས། དེ་དག་གིས་འཕགས་པ་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་ཚོན་སྣ་ཚོགས་བརྒྱ་རྩ་གཅིག་གིས་བྲིས་པ་མ་རུང་བར་གྱུར་ཏོ། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཀྲེན་པ་ཁྱེད་ཀྱིས་མ་རུང་བར་སེམས་ན། དགེ་འདུན་དེ་དག་གི་ལྷུང་
བཟེད་ཇི་ལྟར་བྱ་ཞེས་པ་ལས་སྙན་དུ་བདས་ཏེ། ཟས་ལེགས་པར་བླང་བར་བྱའོ་ཞེས་བསླབ་པའི་གནས་བཅས་སོ། །མུ་དང་ཁ་ད་ཆད་དུ་མ་ཡིན་ཞེས་བྱ་བ་ནི་དྲུག་སྡེ་རྣམས་རྟོགས་ལྡན་གྱི་ཁྱིམ་དུ་ལྷུང་བཟེད་གང་བར་བླངས་པས་དེ་དག་ཀྱང་ཚོད་མ་གར་བླུགས་ཞེས་བྱས་པ་དང་དེ་ཉིད་དུའོ་ཞེས་
བྱས་ཏེ་བླུགས་པ་དང་བོ་ནས་དེ་དག་གིས་ཁང་བཟངས་མ་རུང་བར་བྱས་ཞེས་པ་ལས་རྟོགས་ལྡན་དང་ཁྱེད་ཅག་ཉིད་ཀྱང་འདི་ལ་ཆགས་པས་ན་ཡི་དགས་ཝ་བ་ཅན་དུ་འགྱུར་རོ་ཞེས་བྱས་པ་དང་། དེ་དག་མི་དགའ་ཞིང་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། མུ་དང་ཁ་ད་ཆད་དུ་ཟས་མི་བླང་བར་
བྱ་ཞེས་བསླབ་པ་བཅས་སོ། །ཚོད་མ་དང་མཉམ་པར་མ་ཡིན་ཞེས་བྱ་བ་ནི་དྲུག་སྡེ་རྣམས་རྟོགས་ལྡན་གྱི་ཁྱིམ་དུ་ལྷགས་ཏེ། དེ་དག་གི་སྔོན་དུ་ཚོད་མ་བྱིན་ན་ལྷུང་བཟེད་གང་བར་བླངས་སོ། །ཕྱིས་འབྲས་བྱིན་པ་ཡང་དེ་ཉིད་དུ་བཟེད་པ་དང་། མ་ཤོང་སྟེ་ཕོ་བས་ན་ཁང་པ་མ་རུང་ཞེས་ཁྱིམ་
བདག་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ཚོད་མ་དང་མཉམ་པར་མི་བླང་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཟས་མཐར་ཆགས་སུ་བླང་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཟས་ཟ་བའི་ཚེ་ཚོད་མ་མི་ལེན་ཏེ། ཕྱིས་རིང་དུ་སོང་བ་དང་འབོད་ཅིང་ཚོད་མ་ལེན་པས་ཚོད་མ་སྔ་ཕྱིར་

འཕྲུལ་བར་གྱུར་པ་སྙན་དུ་གསོལ་ནས། བཀའ་སྩལ་པ། ཟས་མཐར་ཆགས་སུ་བླང་བར་བྱའོ་ཞེས་བཅས་སོ། །ལྷུང་བཟེད་བལྟ་ཞིང་བཟའ་བར་བྱ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན། ཁྱིམ་བདག་ཅིག་གིས་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་ཏེ། ཡོན་
བདག་གིས་ཁུར་བ་འདྲིམ་པའི་ཚེ། འཕགས་པ་དག་ཞལ་ཟས་ཞིམ་པོ་གསོལ་གྱིས་ཕྱེ་མང་དུ་མ་ལེན་ཅིག་ཅེས་བྱས་པ་དང་། དྲུག་སྡེས་ཕྱེ་མང་དུ་བླངས་སོ། །རྒན་རིམས་ལ་ཁུར་བ་དག་འདྲིམ་པའི་ཚེ་དྲུག་སྡེ་དག་གི་འོག་ན་རྒན་ཞུགས་ཤིག་འདུག་པ་དེ་གོང་དུ་རྒན་རིམས་ལ་ལྟ་བའི་ཚེ།
དྲུག་སྡེས་ཟན་ཆང་ཆང་པོས་ལྷུང་བཟེད་བཀང་ངོ་། །ཁྱིམ་བདག་དེས་ཁུར་བ་འདྲིམ་པའི་ཚེ་རྒན་ཞུགས་ལ་བྱིན་པ་དང་། ལྷུང་བཟེད་ལྕི་བས་ས་ལ་ལྷུང་ངོ་། །ཡོན་བདག་གིས་སྨྲས་པ། འཕགས་པ་ཅིའི་ཕྱིར་ཕྱེ་མང་དུ་ལེན་བདག་གིས་མ་བླངས་སོ། །འོ་ན་སུས་བླངས། དེ་ལྟར་གཏོལ་མེད་དོ་
ཞེས་བྱས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། ཁྱིམ་བདག་མ་ཐོས་སམ་རྒྱལ་པོ་དག་ལ་སོ་ཡུལ་དུ་ཞག་བདུན་གྱི་བར་དུ་ནོར་དབྱིག་གི་ཆར་འབབ་པ་དེ་བཞིན་དུ། རྒན་ཞུགས་དེ་ལ་གང་ཟན་ཆང་ཆང་པོར་ཆར་བབ་པོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ། །དེ་ལྟར་གྱུར་པ་སྙན་དུ་བདས་
ནས། དེ་ལྟ་བས་ན་ལྷུང་བཟེད་ལ་བལྟ་བར་བྱའོ་ཞེས་བཅས་སོ། །བཟའ་བཅའ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་བསོད་སྙོམས་ལ་ཞུགས་པ་ན་ཟས་མ་བྱིན་པར་དེ་དག་ལྷུང་བཟེད་སྔར་བཟེད་ཅིང་འཁོད་པས་དད་པའི་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། ཅིའི་ཕྱིར་ན་
བཅའ་བ་དང་བཟའ་བ་མ་བྱིན་པར་ལྷུང་བཟེད་བཟེད་ཅེས་འཕྱ་བ་ལ་སྙན་དུ་བདས་ནས། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བྱ་ཞེས་བསླབ་པ་བཅས་སོ། །ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་པར་བྱ་ཞེས་བྱ་བ་ནི་མ་ཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་
གིས་བཅོམ་ལྡན་འདས་དགེ་སློང་གི་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པ་དེ་ན། ཁྱིམ་བདག་གིས་འབྲས་ནི་མང་ཚོད་མ་ནི་ཉུང་ངུ་བྱས་པ་དང་། དྲུག་སྡེ་རྣམས་ཀྱིས་ཚོད་མ་འབྲས་ཀྱིས་གཡོགས་ཏེ་བཞག་པ་དང་། ཁྱིམ་བདག་གིས་འབྲས་མཐོང་སྟེ། ཚོད་མ་མཆིས་སམ་ཞེས་སྨྲས་པ་དང་། ཁྱིམ་བདག་

དེ་ཉིད་ལ་ལྟོས་ཞེས་ནས་ཚོད་མ་ཡང་བྱིན་ནོ། །དགེ་སློང་ལྷ་ཁང་དུ་དོང་སྟེ་ཁྱིམ་བདག་དེའི་ཟན་ནི་བཟང་སྟེ། ཚོད་མ་ནི་ཉུང་ངོ་། །ཞེས་གཏམ་འཛེར་བ་དེ་ན། དྲུག་སྡེ་རྣམས་ན་རེ་ངེད་ཀྱིས་ནི་མང་དུ་ཐོབ་སྟེ། འབྲས་ཆན་གྱིས་ཚོད་མ་བཀབ་བོ་ཞེས་བྱས་པ་དང་། དགེ་སློང་དག་འཕྱ་བ་ལས་སྙན་
དུ་བདས་ཏེ། འབྲས་ཆན་གྱིས་ཚོད་མ་མི་དགབ་པར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་སོ། །ཚོད་མས་འབྲས་ཆན་མི་དགབ་པར་བྱའོ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པ་དེ་ན། ཁྱིམ་བདག་གིས་ཚོད་མ་ནི་མང་
འབྲས་ཆན་ནི་ཉུང་ངུ་བྱས་པས་དྲུག་སྡེ་རྣམས་ཀྱིས་ཚོད་མས་འབྲས་ཆན་བཀབ་པས་ཁྱིམ་བདག་གིས་ཚོད་མ་མཐོང་སྟེ། འཕགས་པ་འབྲས་མ་མཆིས་སམ་ཞེས་བྱས་པ་དང་། ཁྱིམ་བདག་དེ་ཉིད་ལ་ལྟོས་ཞེས་ནས་དེས་ཡང་འབྲས་བྱིན་ནོ། །དགེ་སློང་དེ་དག་ཡང་ལྷ་ཁང་དུ་ཕྱིན་ནས། ཁྱིམ་བདག་
དེས་ཚོད་མ་ནི་མང་དུ་སྦྱར་ན། འབྲས་ཆན་ནི་ཉུང་ངུ་ཞེས་པ་དང་། དྲུག་སྡེ་དག་ན་རེ་ངེད་ཀྱིས་ནི་འབྲས་མང་དུ་ཐོབ་བོ། །དེ་ལྟ་བུ་དབང་ངམ་ཞེས་པ་དང་སྙན་དུ་བདས་ཏེ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་སོ། །ལེགས་པར་ཟས་བཟའ་བར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་
རྣམས་སླེ་མ་ཕྱོ་ཞིང་ཟན་ཟ་བ་དང་། འཕགས་པ་དག་བྱིས་པ་ཆུང་ངུ་དང་། གཟུགས་ཀྱིས་འཚོ་བ་ནི་དེ་ལྟར་བྱེད་དེ། དེ་ལྟ་བུ་མ་བྱེད་ཅིག་ཅེས་ཁྱིམ་བདག་དག་འཕྱ་བ་ལས་སྙན་དུ་བདས་ཏེ། ལེགས་པར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཁམ་ཧ་ཅང་ཆུང་བ་ཡང་མ་ཡིན་པ་ཞེས་བྱ་
བ་ནི་དྲུག་སྡེ་རྣམས་གྲོང་དུ་ཟན་ཟ་བ་ན་ཁམ་ཆུང་ངུ་ནས་ཟན་ཟ་བས་དད་པའི་ཁྱིམ་བདག་དག་འཕྱ་སྟེ། བྱིས་པ་ཆུང་ངུ་དང་རིགས་ཀྱི་མནའ་མ་དག་ནི་དེ་ལྟར་ཟའོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁམ་ཧ་ཅང་ཆུང་བ་ཡང་མ་ཡིན་པ་ཁམ་རན་པར་བཟའ་བར་བྱའོ་ཞེས་བསླབ་པའི་གནས་བཅས་སོ། །
ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན་པར་བཟའ་བ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་དུ་ཟན་ཟ་བ་ན་ཁམ་ཧ་ཅང་ཆེར་བཟའ་བས་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་ལྟོགས་པ་དང་སྤྲང་པོ་ནི་དེ་བཞིན་དུ་བཟའ་བས་དེ་ལྟར་མ་གསོལ་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ཏེ། ཁམ་ཧ་ཅང་ཆེན་པོ་ཡང་མ་

ཡིན་ཆུང་ངུ་ཡང་མ་ཡིན་པར་ཁམ་རན་པར་བཟའ་བར་བྱའོ་ཞེས་བསླབ་པའི་གནས་བཅས་སོ། །ཁམ་མ་གཟས་པར་ཁ་མི་གདངས་པར་བྱ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པ་དང་། དྲུག་སྡེའི་འོག་ན་རྒན་
ཞུགས་ཤིག་འདུག་སྟེ། དེ་ཡང་ཁ་གདངས་ནས་རྒན་རིམས་ལ་ལྟ་བ་དང་བསྙེན་དགའ་བོས་དེའི་ཁར་བོང་བ་གཅིག་བཅུག་སྟེ་སྔར་དེ་ཟོ་ཤིག་ཅེས་བྱས་པ་དང་སྙན་དུ་བདས་ནས། ཁམ་མ་གཟས་པར་ཁ་མི་གདངས་པར་བྱ་བ་ཞེས་བསླབ་པ་བཅས་སོ། །ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བྱའོ་ཞེས་བྱ་བ་ནི་
དྲུག་སྡེ་རྣམས་ཁ་ཁམ་གྱིས་བཀང་སྟེ་སྨྲ་བས། །ང་རོ་ཉམས་ཤིང་མི་སྙན་པར་གྱུར་པ་སྙན་དུ་བདས་ཏེ་བཀའ་སྩལ་པ། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཙུག་ཙུག་མི་བྱེད་ཅེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་
བཤོས་ལ་སྤྱན་དྲངས་པ་དང་། དེས་ཚོད་མ་ཤིན་ཏུ་མངར་བར་སྦྱར་བས་དྲུག་སྡེ་རྣམས་རྐན་སྒྲ་གཏོགས་པས་ཚོད་མ་ཤིན་ཏུ་སྐྱུར་རོ་ཞེས་བྱས་པ་དང་། ཁྱིམ་བདག་དེ་སྐྱེངས་པས་སྙན་དུ་བདས་ཏེ། བཀའ་སྩལ་པ། ཙུག་ཙུག་མི་བྱ་བར་བཟའ་བར་བྱའོ་ཞེས་བཅས་སོ། །བལྕག་བལྕག་མི་བྱ་བར་
བཟའ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པའི་ཚེ། ཚོད་མ་ཤིན་ཏུ་སྐྱུར་བར་སྦྱར་བ་དང་། དྲུག་སྡེ་རྣམས་རྐན་སྒྲ་ཕྱུང་སྟེ། ཤིན་ཏུ་ཚོད་མ་མངར་རོ་ཞེས་བྱས་པ་ལས། ཁྱིམ་བདག་སྐྱེངས་པས་སྙན་དུ་བདས་
ནས་བཀའ་སྩལ་པ། བལྕག་བལྕག་མི་བྱ་བར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཧུ་ཧུ་མི་བྱ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པ་དེ་ན་ཁྱིམ་བདག་དེ་སྣོད་སྤྱད་ཉུང་བས་འབྲས་ཆན་རྣམས་རྐོན་བུར་
བླུགས་ཏེ་བཞག་པས་དྲོད་ཆེ་བར་གྱུར་ཏོ། །དྲུག་སྡེ་རྣམས་འབྲས་དེ་ནི་གྲང་གི་དབུགས་ཀྱིས་བསྲོས་ལ་ཟོ་ཤིག་ཟེར་བ་ཁྱིམ་བདག་གིས་ཐོས་ཏེ་སྐྱེངས་པ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཕུ་ཕུ་མི་བྱ་བར་བཟའ་བར་བྱ་ཞེས་བྱ་བ་ནི་

མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་ཏེ། འབྲས་བཅོས་ནས་རེ་ལྡེའི་སྟིང་དུ་བཞག་པ་དང་གྲངས་པར་གྱུར་ཏེ། དྲུག་སྡེ་དག་ན་རེ་འབྲས་དེ་ནི་རབ་ཏུ་ཚ་བས་ཕུ་ཕུ་ཞེས་གྱིས་ལ་ཟོ་ཤིག་ཅེས་བྱས་པ་ལས་ཁྱིམ་བདག་སྐྱེངས་པས་སྙན་དུ་བདས་ནས། ཕུ་ཕུ་མི་བྱ་
བར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ལྕེ་ཕྱུང་སྟེ་ཟས་མི་ཟ་བར་བསླབ་པར་བྱ་ཞེས་བྱ་བ་ནི་ཁྱིམ་བདག་ནི་དེར་ཟན་ཟ་བའི་ཚེ་ལྕེ་ཕྱུང་ནས་བལྟ་ཞིང་མཆུ་ལྡག་པ་དང་དགེ་སློང་དག་གིས་ཚེ་དང་ལྡན་པ་དག་ལྕེ་ཕྱུང་ནས་བལྟར་ཅི་ཡོད་ཅེས་བྱས་པ་དང་། དེ་དག་གིས་སྨྲས་པ་འགའ་ཞིག་ནང་དུ་མི་འཇུག་གྲང་སྙམ་ནས་
བལྟས་སོ་ཞེས་བྱས་པ་དང་། དེ་དག་འཕྱ་བར་གྱུར་པ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ལྕེ་ཕྱུང་སྟེ་ཟས་མི་ཟ་བར་བྱའོ་ཞེས་བསླབ་པ་བཅས་སོ། །འབྲུ་ནས་ཐ་དད་དུ་མི་དབྱེ་བར་ཟས་བཟའ་བར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་པོ་རྣམས་གྲོང་དུ་ཟན་ཟ་བ་ན་འབྲས་ཀྱི་འབྲུམ་བུ་གཏོར་ནས་ཐུ་ཞིང་ཟ་བ་དང་། དད་
པའི་ཁྱིམ་བདག་དག་འཕྱ་སྟེ། བྱིས་པ་ཆུང་ངུ་དང་ནལ་གྱི་བུ་དག་དེ་ལྟར་ཟ་སྟེ། འཕགས་པ་དག་དེ་བཞིན་མ་ཟ་ཅིག་ཅེས་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། འབྲུ་ནས་ཐ་དད་མི་དབྱེ་བར་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །འཕྱས་མི་གདགས་པར་ཟས་བཟའ་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་
ཁྱིམ་པའི་ཁྱིམ་དུ་ཟན་ཟ་བའི་ཚེ། དགའ་བོ་བསྙེན་དགའ་བོ་ཚོད་མ་དེ་ནི་སྐྱུར་རོ། །འདི་ནི་མངར་རོ་ཞེས་བྱུང་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། འཕྱས་མི་གདགས་པར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །མཁུར་བ་མི་སྤོ་བར་ཟས་བཟའ་བར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་དུ་ཟན་ཟ་བའི་ཚེ། ཁམ་འགྲམ་གཡས་
གཡོན་དུ་སྤོ་ཞིང་ཟ་བ་དང་ཁྱིམ་བདག་དག་འཕྱ་ཏེ། བྱིས་པ་ཆུང་ངུ་དང་མུ་ཏོ་བ་དག་ནི་དེ་བཞིན་དུ་ཟ་སྟེ། འཕགས་པ་དག་མི་རིགས་སོ་ཞེས་བྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། མཁུར་བ་མི་སྤོ་བར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །རྐན་མི་གཏོགས་ཤིང་ཟས་བཟའ་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་
དུ་ཟན་ཟ་བའི་ཚེ་རྐན་སྒྲ་གཏོགས་ཤིང་བཟའ་བ་ཁྱིམ་བདག་དག་འཕྱ་བ་ལས་སྙན་དུ་བདས་ནས། །བཀའ་སྩལ་པ། རྐན་མི་གཏོགས་པར་ཟས་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཁམ་འཕྲོར་གཅོད་ཅིང་ཟས་མི་ཟ་བར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཁྱིམ་བདག་གི་དེ་ན་ཟན་ཟ་བའི་ཚེ་ཁམ་བླངས་ནས་ཕྱེད་ནི་ཁར་

བཅུག་ཕྱེད་ནི་ལྷུང་བཟེད་དུ་འདོར་བས་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་བྱིས་པ་ཆུང་ངུ་དང་གཟུགས་ཀྱིས་འཚོ་བ་རྣམས་ནི་འདི་ལྟར་བཟའོ་ཞེས་བྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ཁམ་འཕྲོར་བྱས་ཤིང་ཟས་མི་བཟའ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ལག་པ་མི་ལྡག་པར་ཟས་བཟའ་
བར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཁྱིམ་པའི་ཁྱིམ་དུ་ཟས་ཟ་བའི་ཚེ། ལག་པ་ལ་ཟས་དམ་པ་ཉིད་ཆགས་སོ་ཞེས་ནས་བལྡགས་པ་ལས། དགེ་སློང་དག་གིས་ལག་པ་ལྡག་པར་མི་རིགས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ལག་པ་མི་ལྡག་པར་ཟས་བཟའ་བར་བྱའོ་ཞེས་བསླབ་པའི་གནས་བཅས་
སོ། །ལྷུང་བཟེད་མི་བྱོགས་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཀྱིས་གྲོང་ན་ཟན་ཟ་བའི་ཚེ། ལྷུང་བཟེད་ཕྱོགས་པ་དང་ཚེ་དང་ལྡན་པ་དེ་ལྟ་བུའི་མི་མཛེས་པ་ཅི་བྱེད་ཅེས་བྱས་པ་དང་། གང་ཁ་ཟས་དམ་པ་ཉིད་ནི་འདི་ལ་ལུས་སོ་ཞེས་པ་ལས་སྙན་དུ་བདས་ནས། བཀའ་སྩལ་པ། ལྷུང་བཟེད་མི་བྱོགས་པར་བྱའོ་ཞེས་འདུལ་བ་ལ་བསླབ་པའི་
གནས་བཅས་སོ། །ལག་པ་མི་སྤྲུགས་པར་བསླབ་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་ན་ཟན་ཟ་བའི་ཚེ་ལག་པ་སྤྲུགས་པ་དང་། དགེ་སློང་དག་ལ་ལག་པའི་ཆུ་ཟེར་གྱིས་ཕོག་པ་དང་། དེ་དག་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ལག་པ་སྤྲུགས་ཤིང་ཟས་མི་བཟའ་བར་བྱའོ་ཞེས་བསླབ་པའི་གནས་བཅས་སོ། །
ལྷུང་བཟེད་མི་བསྐྱམས་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཀྱི་གན་ན་དགེ་སྦྱོང་སྦྱར་མ་ངུར་ཁ་ཞིག་གོན་ཞིང་འདུག་པས་དྲུག་སྡེ་རྣམས་ན་རེ་དགའ་བོ་བསྙེན་དགའ་བོ་བཀྲེན་པ་འདིའི་སྙིང་ལམ་ན་སྦྱར་མ་འདི་ལྟ་བུ་བདག་ཅག་གིས་མ་བགོས་སྙམ་སེམས་ཀྱིས། དེ་མི་དགའ་བར་བྱའོ་ཞེས་ནས་ལྷུང་བཟེད་བཀྲུ་བའི་ཆུས་ཆོས་གོས་དེ་མ་རུང་
བར་བྱས་སོ། །དེ་ནས་དེ་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ལྷུང་བཟེད་མི་བསྐྱམས་པར་བྱའོ། །ཞེས་བསླབ་པའི་གནས་བཅས་སོ། །མཆོད་རྟེན་འདྲ་བར་སྦྲུས་ཏེ་ཟས་མི་བཟའ་བར་བྱའོ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་འདུག་པ་དེ་དག་གཅེར་བུ་བ་ལ་མ་དགའ་བ་ལས། ཕྱིས་སངས་རྒྱས་ལ་དགའ་བར་
གྱུར་ནས་དགེ་འདུན་སྤྱན་དྲངས་ནས། དེས་ཕྱེ་བྲིམས་པ་དང་། དྲུག་སྡེ་དག་གིས་ཕྱེ་བརྫིས་ཏེ་མཆོད་རྟེན་འདྲ་བར་བྱས་ནས་བཞག་གོ། །ཕྱིས་ལ་ཕུག་བྲིམས་པ་དང་། དེ་ཡང་བུ་གུ་བརྐོས་ནས་སྲོག་ཤིང་འདྲ་བར་བྱས་སོ། །དེ་ནས་ཁུར་བ་བྲིམས་པ་དང་། དེ་ཡང་ལ་ཕུག་གི་སྟེང་དུ་གདུགས་ལྟ་བུར་བྱས་ནས་དགའ་བོ་བསྙེན་དགའ་བོ་འདི་ནི་ངན་འགྲོ་

རྫོགས་བྱེད་ཀྱི་མཆོད་རྟེན་ནོ་ཞེས་འཛེར་ཏོ། །དེ་ནས་ཡང་དེ་བཤིག་སྟེ་ཟ་བའི་ཚེ། ངན་འགྲོ་རྫོགས་བྱེད་ཀྱི་མཆོད་རྟེན་བཤིག་གོ་ཞེས་འཛེར་ཅིང་ཟ་བ་ཁྱིམ་བདག་གིས་ཐོས་ནས། འཕགས་པ་དག་དེ་ལྟ་བུའི་སྡིག་པའི་ལྟ་བ་ལས་སླར་བཟློག་ནི་ཟིན་ན། ཁྱེད་ཅག་འགྱོད་པ་ད་རུང་མ་བྱང་ངམ་ཞེས་བྱས་པ་དང་། དེ་དག་
ཅང་མི་ཟེར་བར་འཁོད་དོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། མཆོད་རྟེན་འདྲ་བར་སྤྲུས་ནས་ཟན་མི་བཟའ་བར་བསླབ་པར་བྱའོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་ན་ཟན་
ཟ་བ་དེ་དག་གིས་གན་ན། དགེ་སློང་ཞིག་མང་དུ་ཟ་བ་ལ་དྲུག་སྡེ་རྣམས་འཕྱ་ནས་དགའ་བོ་བསྙེན་དགའ་བོ་རྒན་ཞུགས་འདི་མང་དུ་ཟ་བ་ལ་ལྟོས་ཞེས་འཛེར་བ་ལས་སྙན་དུ་བདས་ནས་བཀའ་སྩལ་པ། འཕྱ་བར་སེམས་ཤིང་ལྷུང་བཟེད་ལ་མི་བལྟ་བར་བྱའོ་ཞེས་བསླབ་པ་བཅས་སོ། །ལག་པ་ཟས་དང་
འབགས་པས་ཆུ་སྣོད་ལ་མི་གཟུང་བར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཟན་ཟ་བའི་ཚེ་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པ་དང་། དད་པའི་ཁྱིམ་བདག་དང་། བྲམ་ཟེ་དག་འཕྱ་སྟེ། དགེ་སློང་ཤཱཀྱའི་བུ་དག་ནི་གཙང་སྦྲ་མེད་པ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས་བཀའ་སྩལ་པ། ཟས་
དང་འབགས་པའི་ལག་པས་ཆུ་སྣོད་ལ་མི་གཟུང་བར་བྱའོ་ཞེས་བསླབ་པ་བཅས་སོ། །དྲུང་ན་འདུག་པའི་དགེ་སློང་ལ་ཆུ་ཟས་དང་འབགས་པས་མི་གཏོར་བར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་གྲོང་ན་ཟན་ཟ་བ་ལས་གན་ན་དགེ་སློང་སྦྱར་མ་ངུར་ཁ་ཞིག་གྱོན་ཞིང་འདུག་པ་ལས་དྲུག་སྡེ་རྣམས་ཀྱིས་བཀྲེན་པ་
དེའི་རྨི་ལམ་ན་འུ་བུ་ཅག་གིས་སྔོན་མ་གྱོན་སྙམ་གྱིས་མི་དགའ་བར་བྱའོ། །ཞེས་ལག་པ་ཟས་དང་འབགས་པའི་ཆུས་མ་རུང་བར་བྱས་ཏེ། དེ་ལྟར་བྱས་པ་སྙན་དུ་བདས་ཏེ་དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བྱའོ་ཞེས་བསླབ་པ་བཅས་སོ། །ཁྱིམ་བདག་
འདུས་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་པའི་ཁྱིམ་དུ་མི་དབོ་བར་བྱའོ་ཞེས་བྱ་བ་ནི་ཡུལ་སྦལ་དཀར་ཅན་དུ་རྒྱལ་བུ་རྟོགས་ལྡན་གྱིས་དགེ་འདུན་བཤོས་ལ་སྤྱན་དྲངས་ནས་བཤོས་གསོལ་བ་དང་། དྲུག་སྡེ་པོ་རྣམས་ཀྱིས་ལྷུང་བཟེད་ཀྱི་ཆུ་དེ་ཉིད་དུ་ཕོའོ། །ཞལ་ཟས་འདྲིམ་པའི་མི་

རྣམས་འཕྱ་སྟེ་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ཁང་པ་མ་རུང་བར་བྱས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ། ཟས་དང་འབགས་པའི་ཆུས་ཁྱིམ་པའི་ཁྱིམ་དུ་མི་དབོ་བར་བྱའོ་ཞེས་བསླབ་པ་བཅས་སོ། །མ་དྲིས་ཞེས་བྱ་བ་ནི་ཁྱིམ་པ་འདུག་པས་འདིར་
ཕོ་ཤིག་ཅེས་ཟེར་བ་ལ་ཉེས་མེད་དོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བྱ་བ་ནི། མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་པའི་བུ་ན་ནས་དེས་སྨན་པ་ལ་དྲིས་པ་དང་། བྲམ་ཟེ་དེ་ཡང་ཆོས་ལ་དད་པ་ཞིག་པས། ལྷུང་བཟེད་བཀྲུས་པའི་ཆུས་ཁྲུས་བྱོས་ཤིག་ཅེས་བསྟན་པས་བྲམ་
ཟེས་དགེ་སློང་དྲུག་སྡེ་པོའི་གན་དུ་སོང་ནས་ལྷུང་བཟེད་བཀྲུས་པའི་ཆུ་བསླངས་པ་དང་། དེ་ཉིད་ན་སྣོད་གཅིག་ཁྱེར་ཏེ་འོང་ངོ་ཞེས་ནས་དེ་ནང་དུ་སོང་སྟེ་ལྷུང་བཟེད་ཀྱི་ནང་དུ་འབྲས་དང་ཕྱེ་དང་། ཁུར་བ་དང་ཤ་ལྷག་མ་ཆུ་དང་བསྲེས་ཏེ་ཕྱིར་ཕྱུང་ནས་བྲམ་ཟེ་ལ་བསྟན་པ་དང་། འཕགས་པ་བུ་ཤི་ཡང་བླའི་དེ་
ལྟ་བུའི་བཙོག་པས་ནི་མི་བཀྲུའོ། །ཞེས་ཟེར་བ་ལས་སྙན་དུ་བདས་ནས་བཀའ་སྩལ་པ། ལྷུང་བཟེད་བཀྲུས་པའི་ཆུ་སློང་བ་ལ་ལྷུང་བཟེད་དུ་ལྷག་མ་བླུགས་ཏེ་མི་སྦྱིན་པར་བསླབ་པར་བྱའོ། །གལ་ཏེ་ལྷུང་བཟེད་ཀྱི་ཆུ་ཞིག་སློང་ན་ལྷུང་བཟེད་ལན་གསུམ་ཁྲུས་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་
པ་བཀླགས་པས་སྦྱིན་པར་བྱའོ་ཞེས་བསླབ་པ་བཅས་སོ། །འོག་གཞི་མེད་པའི་ས་ལ་ལྷུང་བཟེད་མི་གཞག་པར་བྱ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན། དགེ་སློང་ཞིག་གིས་འོག་གཞི་མེད་པའི་ས་ལ་ལྷུང་བཟེད་གཞག་པ་ན་བཙས་ཟོས་པ་སྙན་དུ་བདས་ཏེ། བཀའ་སྩལ་བ། འོག་གཞི་མེད་པའི་ས་ལ་ལྷུང་
བཟེད་མི་གཞག་པར་བྱའོ་ཞེས་བསླབ་པ་བཅས་སོ། །གད་ཀར་ལྷུང་བཟེད་མི་གཞག་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་ཞིག་གིས་ལྷུང་བཟེད་གད་ཀར་བཞག་པ་ལས་སྙན་དུ་བདས་ཏེ་གད་ཀར་ལྷུང་བཟེད་མི་གཞག་པར་བྱའོ་ཞེས་བསླབ་པ་བཅས་སོ། །གཡང་སར་ལྷུང་བཟེད་མི་གཞག་པར་བྱ་ཞེས་བྱ་བ་ནི་
དགེ་སློང་རྣམས་ལྷུང་བཟེད་གཡང་སར་བཞག་པ་ལས་རྦབ་ཏུ་སོང་གིས་དོགས་པའི་ཕྱིར། བཀའ་སྩལ་པ། གཡང་སར་མི་གཞག་པར་བྱ་ཞེས་བསླབ་པ་བཅས་སོ། །དཀན་གཟར་པོར་ལྷུང་བཟེད་མི་གཞག་པར་བྱ་ཞེས་བྱ་བ་ནི། དགེ་སློང་རྣམས་ལྷུང་བཟེད་བང་རིམ་གྱི་དེར་བཞག་པས་དེ་ཉིད་ཉེས་

པར་འགྱུར་རོ་ཞེས་བཀའ་སྩལ་པ། ལྷུང་བཟེད་བང་རིམ་དུ་མི་གཞག་པར་བྱའོ་ཞེས་བསླབ་པ་བཅས་སོ། །འགྲེང་སྟེ་ལྷུང་བཟེད་མི་བཀྲུ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན། དགེ་སློང་ཞིག་འགྲེང་ཞིང་ལྷུང་བཟེད་འཁྲུ་བས་མ་བྱེད་ཅིག་ཅེས་དགེ་སློང་དག་གིས་བསྒོ་ན་ཅིར་འགྱུར། ལྷུང་བཟེད་ཆག་པར་འགྱུར་
རོ་ཞེས་བྱས་ན་མ་བཏུབ་པས་ལྷུང་བཟེད་ལྷུང་ནས་ཆག་པས་སྙན་དུ་བདས་ཏེ། བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བྱའོ་ཞེས་བསླབ་པ་བཅས་སོ། །འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ། ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཆུ་བོ་རྒྱུན་དྲག་པོ་ལས་
ཡར་བཟློག་སྟེ། ལྷུང་བཟེད་ཀྱིས་ཆུ་བཅུས་པས་ལྷུང་བཟེད་ཆུས་ཁྱེར་བ་ལས་སྙན་དུ་བདས་ཏེ། བཀའ་སྩལ་པ་ཆུའི་རྒྱུན་ལས་ཡར་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བྱའོ་ཞེས་བསླབ་པ་བཅས་སོ། །གད་ཀ་དང་དཀན་གཟར་པོར་ལྷུང་བཟེད་མི་བཀྲུ་ཞེས་བྱ་བ་ནི། གོང་དུ་གཞག་པར་མི་བྱ་
ཞེས་བྱ་བ་དང་སྦྱར་ཏེ་བཀྲུ་བས་བྱེ་བྲག་གོ། །མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་ཅེས་བྱ་བ་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་མི་ན་བར་འདུག་པ་ལ་འགྲེང་བཞིན་དུ་ཆོས་སྟོན་པ་དང་། དད་པའི་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་
གསུམ་གྱི་བར་དུ་དཀའ་བ་སྤྱད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན་ཁྱེད་ནི་གུས་པར་རིམ་གྲོ་མེད་པར་ས་ལ་འདུག་པ་ལ་ཆོས་འཆད་དམ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བྱའོ་ཞེས་བསླབ་པ་བཅས་སོ། །མི་ན་བར་
ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་འཆད་པས་ཁྱིམ་བདག་དག་འཕྱ་བ་ལས་སྙན་དུ་བདས་ནས་མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བྱའོ། །ཞེས་བསླབ་པ་བཅས་སོ། །མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་
དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བྱ་བ་ནི་དྲུག་སྡེ་རྣམས་སྟན་དམའ་བ་ལ་འདུག་ནས་སྟན་མཐོན་པོ་ལ་མི་ན་བར་འདུག་པ་ལ་ཆོས་བཤད་པས་ཁྱིམ་པ་དག་འཕྱ་བ་ལས་སྙན་དུ་བདས་ནས། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ། སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བྱའོ་ཞེས་བསླབ་པ་

བཅས་སོ། །མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་མཉན་དུ་ཡོད་པ་ན་མི་ན་བར་མདུན་དུ་འགྲོ་བ་ལས། ཕྱིས་མི་སླེབས་བཞིན་དུ་ཆོས་འཆད་པ་ལས་ཁྱིམ་པ་འཕྱ་བ་ལས་སྙན་དུ་བདས་ཏེ། མི་ན་བར་མདུན་དུ་འགྲོ་བ་ལ་
ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བྱའོ་ཞེས་བཅས་སོ། །མི་ན་བར་ལམ་ནས་འགྲོ་བ་ལ་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བྱའོ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ནི་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་ན་བ་ནི་ལམ་དུ་འགྲོ་བ་ལ་ཆོས་འཆད་པས་ཁྱིམ་པ་དག་འཕྱ་བ་ལས་སྙན་དུ་བདས་ཏེ། མི་ན་བར་ལམ་དུ་འགྲོ་
བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བྱའོ་ཞེས་བཅས་སོ། །མི་ན་བར་མགོ་གཡོགས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཀྱིས་མགོ་གཡོགས་པ་ལ་ཆོས་བཤད་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱད་པ་བརྒྱ་སྟོང་དུ་མས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་ན་འདི་དག་རིམ་གྲོ་མེད་པ་ལ་ཆོས་འཆད་དོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། མི་ན་བར་མགོ་གཡོགས་པ་ལ་ཆོས་མི་བཤད་པར་བྱའོ་ཞེས་བསླབ་པ་བཅས་སོ། །མགོ་
གཡོགས་པ་ལ་ཆོས་བཤད་པ་ཇི་ལྟ་བ་བཞིན་དུ་བརྫེས་པ་དང་། གོས་གཟར་བ་དང་། གོས་གཉའ་གོང་དུ་བསྣོལ་བ་དང་ཕྲག་པ་གཉིས་ལ་གཟར་བ་ལ་དྲུག་སྡེ་རྣམས་ཆོས་འཆད་པ་ལས་བསླབ་པའི་གནས་བཅས་པ་ནི་མགོ་གཡོགས་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །དོ་ཀེར་ཅན་དང་། ཞྭ་གོན་པ་ལ་དྲུག་
སྡེ་རྣམས་ཆོས་འཆད་པས་བྲམ་ཟེ་དང་། ཁྱིམ་བདག་དག་འཕྱ་བ་ལས་སྙན་དུ་བདས་ཏེ། མི་ན་བར་དོ་ཀེར་ཅན་དང་ཞྭ་གྱོན་པ་ལ་ཆོས་མི་བཤད་པར་བྱའོ་ཞེས་བསླབ་པ་བཅས་སོ། །དོ་ཀེར་ཅན་དང་ཞྭ་གྱོན་པ་ལ་ཇི་ལྟ་བ་བཞིན་དུ། ཅོད་པན་ཅན་དང་། ཕྲེང་བ་ཅན་དང་། ཐོད་བཅིངས་པ་ལ་མི་ན་
བར་ཆོས་མི་བཤད་པར་བྱའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་མི་བཤད་པར་བྱ་བ་ནི་དྲུག་སྡེ་རྣམས་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་པ་དང་། དད་པའི་ཁྱིམ་བདག་དག་འཕྱ་སྟེ། འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་

དུ་དཀའ་བ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་བརྙེས་ན་དེ་ལྟ་བུ་མ་གུས་པར་རིམ་གྲོ་མེད་པ་ལ་ཆོས་འཆད་དམ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས། བཀའ་སྩལ་པ། མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་མི་བཤད་པར་བྱའོ་ཞེས་བཅས་སོ། །མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་དུ་མི་གནང་བ་དེ་བཞིན་
དུ་རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། ལྷམ་མཐོན་པོ་གྱོན་པ་ལ་ཆོས་མི་བཤད་པར་ཡང་རྒྱས་པར་སྦྱར་རོ། །མི་ན་བར་ལག་ན་དབྱུག་པ་ཐོགས་པ་ལ་ཆོས་མི་བཤད་པར་བྱ་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ལག་ན་དབྱུག་པ་ཐོགས་པ་ལ་ཆོས་བཤད་པས་དད་པའི་བྲམ་
ཟེ་དང་། ཁྱིམ་བདག་གིས་འཕྱ་སྟེ། བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་དུ་མར་དཀའ་བ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་བརྙེས་ན། འཕགས་པ་དག་རིམ་གྲོ་མེད་པ་དང་གུས་པ་མེད་པ་ལ་ཡང་ཆོས་བཤད་དམ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས་མི་ན་བར་ལག་ན་དབྱུག་པ་
ཐོགས་པ་ལ་ཆོས་མི་བཤད་པར་བྱའོ་ཞེས་བཅས་སོ། །མི་ན་བར་ལག་ན་དབྱུག་པ་ཐོགས་པ་ལ་ཆོས་འཆད་དུ་མི་གནང་བ་དེ་བཞིན་དུ་མི་ན་བར་གདུགས་ཐོགས་པ་དང་། མཚོན་ཆ་ཐོགས་པ་དང་། རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་བགོས་པ་ལ་ཡང་
ཆོས་མི་བཤད་པར་ཡང་རྒྱས་པར་སྦྱར་རོ། །མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་བསྙེན་དགའ་བོས་འགྲེང་བཞིན་དུ་བཤང་གཅི་བྱས་པས་སྟོན་པའི་ཉན་ཐོས་རྣམས་ནི་ངོ་ཚ་ཤེས་པ་རྣམས་ཡིན་ན། འདི་ནི་ངོ་ཚ་དང་ཁྲེལ་གྱིས་མི་དོགས་པའི་ཉན་ཐོས་དག་ཅི་ཡིན་
ཞེས་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་བ་ལས་སྙན་དུ་བདས་ནས། མི་ན་བར་འགྲེང་ཞིང་བཤང་གཅི་མི་བྱའོ་ཞེས་བསླབ་པ་བཅས་སོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱའོ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་བསྙེན་དགའ་བོས་གཙོ་བླག་མཁན་ཞིག་གི་གན་དུ་སོང་ནས་ངའི་གོས་འདི་ཁྲུས་ཏེ་བྱིན་ཅིག་
ཅེས་བྱས་པ་དང་། དེས་སྨྲས་པ། འཕགས་པ་སྔོན་ནི་བདག་ཅག་ལ་མགོན་སྐྱབས་དང་བསྲུང་བ་མཛད་ན། ད་ནི་མི་མཛད་ན་མི་བཀྲུའོ་ཞེས་པ་དང་། བསྙེན་དགའ་བོས་བཀྲེན་པ་སྡོད་ཅིག་ཅེས་མི་དགའ་བར་བྱའོ་སྙམ་ནས། བཀྲུ་སྨན་འཐུངས་ཏེ་རྙོང་པས་ཆུའི་ནང་དུ་བླུགས་སོ། །བཙོ་བླག་མཁན་ནང་པར་

སྔར་ལངས་ཏེ། གོས་བཀྲུས་ཞེས་བྱ་བ་ནི་རྙོང་བ་མནམ་ནས། དེ་ཀོས་བཙུགས་བཅས་ཏེ་རབ་ཏུ་སེམས་ཤིང་འདུག་པ་དང་། བསྙེན་དགའ་བོས་ཡང་ཕྱོགས་དེར་འོངས་ནས་བཞིན་བཟངས་ཅི་ཉེས། འཕགས་པ་སུས་བདག་གིས་བཀྲུ་བའི་ཆུའི་ནང་དུ་རྐྱག་པ་བོར་བ་མ་འཚལ། དེ་ནི་ངས་
བྱས་ཏེ་བཀྲན་པ་ཁྱོད་མི་དགའ་བར་བྱའོ་ཞེས་བྱས་པ་དང་། དེ་དག་འཕྱ་བ་ལས་སྙན་དུ་བདས་ནས་མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱའོ་ཞེས་བསླབ་པ་བཅས་སོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱ་བ་བཞིན་དུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། སྣ་ནས་གཟགས་པ་ཡང་མི་དོར་བར་
དེ་བཞིན་དུ་བསླབ་པར་བྱའོ་ཞེས་བཅས་སོ། །མི་ན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་གཅི་མི་བྱ་ཞེས་བྱ་བ་ནི་གྲོང་ཁྱེར་སེར་སྐྱའི་གནས་ན་འདུག་སྟེ། བསྙེན་དགའ་བོ་ལྡུམ་པའི་གན་དུ་སོང་སྟེ། ལྡུམ་བུ་བསླངས་པ་དང་མ་བྱིན་ནོ་དེ་ནས་དེ་མི་དགའ་བར་བྱའོ་ཞེས་ནས་བཀྲུ་སྨན་འཐུངས་ཏེ་རྙོང་
པས་གྱོ་མོ་བཀང་སྟེ་ཕྱགས་མ་ཐོགས་ནས་ལྡུམ་ར་ཐམས་ཅད་རྙོང་པས་ཆག་ཆག་བཏབ་སྟེ་མ་རུང་བར་བྱས་སོ། །མི་གཙང་བ་མནམ་པས་ཝ་རྣམས་ཀྱང་འདུས་ཏེ་ཇེ་ཐུར་མ་རུང་བར་བྱས་སོ། །ནང་པར་ལྡུམ་པ་ཚོང་དུས་སུ་ལྡུམ་པ་བཙོང་དུ་འགྲོ་ཞེས་ལྡུམ་རར་བ་ལྟས་ན་མ་རུང་བར་གྱུར་ཏེ་རབ་ཏུ་སེམས་
ཤིང་འདུག་པ་དང་། བསྙེན་དགའ་བོས་མཐོང་སྟེ། ཅིའི་ཕྱིར་སེམས་ཞེས་བྱས་ན་ལྡུམ་རར་རྐྱག་པས་བཀང་སྟེ། སུ་མཆིས་མ་འཚལ་ཏོ་ཞེས་བྱས་པ་དང་། བཀྲེན་པ་ཁྱོད་མི་དགའ་བར་བྱ་བའི་ཕྱིར་ངས་ཆེད་དུ་བྱས་སོ་ཞེས་བྱས་པ་དང་དེ་ཡང་འཕྱ་བར་གྱུར་པ་སྙན་དུ་བདས་ནས། བཀའ་སྩལ་པ། མི་
ན་བར་རྩྭ་སྔོན་པོའི་ས་ཕྱོགས་སུ་བཤང་གཅི་མི་བྱ་བར་བསླབ་པ་བཅས་སོ། །བཤང་གཅི་ཇི་ལྟ་བ་བཞིན་དུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། སྣ་ནས་གཟགས་པ་དག་མི་དོར་བར་བྱའོ་ཞེས་བཅས་སོ། །གནོད་པ་བྱུང་བ་མ་གཏོགས་ཏེ་ཤིང་ལ་མི་གང་ལས་མཐོར་འཛེག་ཏུ་མི་གནང་བ་
ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་སོ། །བསྙེན་དགའ་བོས་གཙུག་ལག་ཁང་སྐྱོང་གི་ཟན་མནོས་ནས། ཁང་སྐྱོང་དི་རིང་ཟན་ཆད་པར་བྱའོ་སྙམ་བསམས་ནས་ཛེ་ཏའི་ཚལ་ནས་མཉན་དུ་ཡོད་པའི་བར་དུ་གོམ་པ་དུ་ཡོད་པ་འཇལ་ཞིང་འགྲོ་

བ་དང་། ཁང་སྐྱོང་གིས་ཀྱང་དྲོ་ཡོལ་དུ་ཉེ་ནས་ཤིང་ལ་འཛེགས་ཏེ་བལྟས་ན། བསྙེན་དགའ་བོ་དལ་གྱིས་འོངས་པ་མཐོང་ནས། གཞིར་ཕྱིན་པ་ལ་ཁྱོད་ཀྱིས་ང་ཟན་བཅད་པར་བསམས་ཏེ་དལ་གྱིས་འོངས་པ་ངས་ཤིང་ལ་འཛེགས་ཏེ་བལྟས་པས་མཐོང་ངོ་ཞེས་སྨྲས་པ་དང་། སྙན་དུ་བདས་ཏེ།
ཤིང་ལ་འཛེག་ཏུ་མི་གནང་བར་བཅས་སོ། །དེ་ལྟར་མི་གནང་བ་དང་། དགེ་སློང་གོས་ཁ་དོག་བསྒྱུར་བ་དག་ལས་མི་བྱེད་ནས་སླད་ཀྱིས་མི་གང་ཙམ་དུ་འཛེག་ཏུ་གནང་བ་དང་། མི་གང་ཙམ་དུ་འཛེག་ཏུ་གནང་བ་ལས་དགེ་སློང་ཞིག་འགྲོན་པ་མང་པོ་དང་འགྲོགས་ཏེ་ལམ་དུ་སོང་བ་ལས། དགོན་
པའི་ལམ་དུ་སྟག་གིས་འཇིགས་ནས་མཐོར་མ་འཛེགས་ནས་སྟག་གིས་བསད་དོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། གནོད་པ་བྱུང་བའི་དུས་སུ་མི་གང་ལས་མཐོ་བར་འཛེག་ཏུ་གནང་ངོ་། །བསླབ་པ་མང་པོ་མི་བརྗེད་པའི་ཚིག་གོ།། །།སོ་སོར་ཐར་པའི་སྐབས་ནས་འདུལ་བའི་དངོས་པོ་བམ་
པོ་ལྔ་བཅུ་རྩ་བརྒྱད་དང་། ལྔ་བཅུ་རྩ་དགུ་པ་དང་། དྲུག་ཅུའི་ནང་ན་རྩོད་པའི་དངོས་པོ་རྒྱ་ཆེར་འཆད་ཀྱིས་དེར་ལྟོས་ཤིག །རྩོད་པ་ཞི་བར་བྱ་བ་བདུན་སྨོས་པ་ལས་བརྩམས་ཏེ་སྨྲས་པ། རྩོད་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། འཐབ་པ་ལ་རྩོད་པ་དང་། མི་སྟོན་པས་རྩོད་པ་དང་། ཉེས་པ་འབྱུང་བ་ལས་
རྩོད་པ་དང་། བྱ་བ་ལས་རྩོད་པའོ། དེ་ལ་འཐབ་ཅིང་འཁྲུག་པའི་གླེང་གཞི་ནི་བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱའི་གནས་ན་བཞུགས་ཏེ། ཕྱི་དྲོ་རྒྱལ་པོ་ཟས་གཙང་མ་དང་། ཤཱཀྱའི་མིང་ཆེན་པོ་ལ་སོགས་པ་ལ་ཆོས་སྟོན་པར་མཛད་དོ། །སྔ་དྲོ་ནི་སྐྱེ་དགུའི་བདག་མོ་དང་། ཤཱཀྱ་མིང་ཆེན་གྱི་ཆུང་མ་
ལ་སོགས་ཏེ། ཤཱཀྱའི་བུད་མེད་རྣམས་ལ་དེའི་ཚེ་ན་བུ་མོ་གཅིག་ཅིག་རང་གི་མགུལ་ནས་མུ་ཏིག་གི་སེ་མོ་དོ་ཅིག་ཡོད་པ་ཡང་ནས་ཡང་དུ་རྟོག་ཅིང་། ལག་པས་འཛིན་པ་སྐྱེ་དགུའི་བདག་མོས་མཐོང་སྟེ། དེའི་ང་རྒྱལ་བཅག་པའི་ཕྱིར་རང་གི་མུ་ཏིག་གི་སེ་མོ་དོ་མངག་གཞུག་མ་སྲུང་མ་ཞེས་བྱ་བ་ལེན་
དུ་བཏང་བ་དང་། བུ་མོ་ཡང་ཆོས་ཉན་པའི་བར་ཆད་དུ་བྱས་ཏེ། མི་དགའ་བཞིན་དུ་སོང་བ་ལམ་དུ་བས་བརྡུངས་ཏེ་དུས་ལས་འདས་སོ། །དེ་ཡང་དེ་མ་ཐག་ཏུ་སིང་ག་ལའི་རྒྱལ་པོའི་བུ་མོར་སྐྱེས་ཏེ་དེ་ནམ་སྐྱེས་པའི་ཚེ། དེའི་ཡུལ་མུ་ཏིག་གི་ཆར་བབ་པས་དེའི་མིང་ཡང་མུ་ཏིག་མར་བཏགས་སོ། །དུས་

ཕྱི་ཞིག་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་ཞུགས་ཏེ་དོང་བ་རླུང་གིས་བདས་པས་སིང་ག་ལའི་གླིང་དུ་ཕྱིན་ཏོ། །དེ་དག་སྲོད་དང་ཐོ་རངས་ལ་གསུང་རབ་རྣམས་དབྱུངས་སུ་བཀླགས་པ་དང་བུ་མོ་དེས་ཐོས་ཏེ། ཨེ་མ་ཧོ། །དེ་ལྟ་བུའི་གླུ་སྙན་ཡུལ་སིང་ག་ལའི་མི་ཞེས་བྱ་བ་ནི། དེ་ནི་
གླུ་མ་ཡིན་གྱིས་སངས་རྒྱས་ཀྱི་གསུང་རབ་ཀྱི་ཆོས་སོ་ཞེས་བྱས་ནས། སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེར་བསྟན་པས་བུ་མོས་ཚོང་པ་ལ། ཕྲིན་དང་ཡི་གེ་སངས་རྒྱས་ལ་གསོལ་ཏེ། སངས་རྒྱས་ཀྱི་སྐུའི་རི་མོ་དང་། ཡན་ལག་བཅུ་གཉིས་ཀྱི་ཚིགས་སུ་བཅད་པ་ཚོང་པ་ལ་བུ་མོ་མུ་ཏིག་མའི་དྲུང་དུ་བསྐུར་
ཏེ། དེ་ཡང་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་བུ་མོ་དེས་སྐྱེས་ལན་དུ་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་མུ་ཏིག་བྲེ་གསུམ་བསྐུར་བ་དང་། སངས་རྒྱས་ཀྱི་སྐུ་སྐལ་ནི་དྲི་གཙང་ཁང་དུ་སྐྱང་ནུལ་བྱས་སོ། །དགེ་འདུན་གྱི་སྐུ་སྐལ་ནི་སོ་སོར་བགོས་སོ། །ཆོས་ཀྱི་རྙེད་པ་ནི་ཆོས་སྨྲ་བ་
དབང་ངོ་ཞེས་བྱུང་བ་དང་། འདུལ་བ་འཛིན་པ་དང་། མདོ་སྡེ་དང་། མ་མོ་འཛིན་པ་རྣམས་སོ་སོ་ནས་དེ་དབང་ངོ་ཞེས་འཁྲུག་པ་ལས་འཐབ་ཅིང་རྩོད་པའི་དབང་པོར་བཅས་པ་དང་། ཕྱིས་མཉན་དུ་ཡོད་པ་ན་སངས་རྒྱས་བཞུགས་པའི་ཚེ། ཡུལ་ཡངས་པ་ཅན་ན་དགེ་སློང་དག་འཐབ་ཅིང་རྩོད་པར་
གྱུར་པ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུས་དེ་དག་སྡུམས་པ་སྙན་དུ་བདས་ཏེ། བཅོམ་ལྡན་འདས་ཀྱི་བཀས་མངགས་ནས། དགེ་སློང་དག་གཞན་ཡང་རྩོད་པ་འདི་ལྟ་བུ་ཞི་བར་བྱའོ་ཞེས་བཀའ་སྩལ་ཏེ། མདོར་རྩོད་པའི་ཆོས་དང་ཆོས་མ་ཡིན་པ་དཔྱོད་པ་ལས་ཕྱོགས་
གཉིས་སུ་ཆད་དེ་འཐབ་མོར་གྱུར་པའོ། །འཁྲུག་ཅིང་རྩོད་པས་ན། འཁྲུག་པས་རྩོད་པ་ཞེས་བྱ་སྟེ་འཁྲུག་པ་དེའི་རྩ་བ་ནི་དྲུག་སྟེ། རྩ་བ་དྲུག་དང་དབྱེན་དུ་སྨྲ་བའི་དངོས་པོ་བཅུ་བཞིའོ། །འཁྲུག་པའི་རྩ་བ་དྲུག་པོ་གང་ཞེ་ན། ཁྲོ་ཞིང་ཁོན་དུ་འཛིན་པ་དང་། འཆབ་ཅིང་འཚིག་པ་དང་། ཕྲག་
དོག་ཅིང་འཇུངས་པ་དང་། སྒྱུ་བྱེད་ཅིང་གཡོ་བྱེད་པ་དང་། ངོ་མི་ཚ་ཞིང་ཁྲེལ་གྱིས་མི་དོགས་པ་དང་། སྡིག་པ་ལ་འདོད་ཅིང་ལོག་པར་ལྟ་བ་ལ་བདག་ཏུ་ལྟ་བ་བསྙེམས་པའོ། །དབྱེན་དུ་འབྱེད་པའི་དངོས་པོ་བཅུ་བཞི་ནི། འདི་ནི་ཆོས་སོ་ཞེས་པ་དང་། འདི་ནི་ཆོས་མ་ཡིན་ནོ་ཞེས་

པ་དང་། འདི་ནི་འདུལ་བ་དང་། འདི་ནི་འདུལ་བ་མ་ཡིན་ནོ་ཞེས་པ་དང་། འདི་ནི་ཉེས་པའོ་འདི་ནི་ཉེས་པ་མ་ཡིན་ནོ་ཞེས་པ་དང་། འདི་ནི་ལྕི་བའོ་འདི་ནི་ཡང་བའོ་ཞེས་པ་དང་། འདི་ནི་ལྷག་མ་ལུས་པའོ་འདི་ནི་ལྷག་མ་མ་ལུས་པའོ་ཞེས་པ་དང་། འདི་ནི་བསྡམ་པར་བྱའོ། །
འདི་ནི་བཤགས་པར་བྱའོ་ཞེས་པ་དང་། འདི་ནི་འདུལ་བ་ལས་འདས་པའོ་ཞེས་པ་དང་། འདི་ནི་ངན་པར་སྨྲ་བར་གྱུར་པའོ་ཞེས་པ་དང་། འདི་ནི་དགེ་བ་དང་འདི་ནི་མི་དགེ་བའོ་ཞེས་པ་དང་། འདི་ནི་ལུང་དུ་མི་སྟོན་པར་བྱེད་པ་ལ་རྣམ་པ་གསུམ་སྟེ། དགེ་བར་འདོད་པ་དང་། མི་དགེ་བར་འདོད་པ་དང་། གཉི་གར་
མི་འདོད་པ་ཡང་རིམ་བཞིན་དུ་སྦྱར་རོ། །གང་འཁྲུག་པ་དེ་ཉིད་རྩོད་པ་སྟེ། རྣམ་པ་བཞིར་སྦྱར་རོ། །རྣམ་པ་དང་པོ་ནི་མི་མཐུན་པར་སྨྲ་བ་ཙམ་མོ། །གཉིས་པ་ནི་དེ་ལས་གཞན་པའོ། །གསུམ་པ་ནི་གཉི་ག་ལྷན་ཅིག་པའོ། །བཞི་པ་ནི་དེ་རྣམས་མ་གཏོགས་པའོ། །མི་སྟོན་པ་ལས་རྩོད་པའི་གླེང་གཞི་ནི། གང་གླེང་བར་མི་
རིགས་པར་གླེང་བ་སྟེ། ངན་པར་མ་གཏོགས་པར་གླེངས་པས་ན་མི་སྟོན་ཅིང་ཀློག་པ་དང་། ལུང་ལ་སོགས་པ་སྟོན་པ་བཀག་པས་ན་མི་སྟོན་པའི་རྩོད་པ་ཞེས་བྱའོ། །དེ་ཡང་གང་ལྟ་བུ་ལ་བྱ་ཞེ་ན། དཔེར་ན་དགེ་སློང་མ་གྲོགས་མོས་གྱད་བུ་ནོར་ལ་ཕས་ཕམ་པས་སྐུར་ཏེ་གླེངས་པ་དང་། དེ་ལ་དགེ་སློང་གཞན་གྱིས་
ཀྱང་དེ་ཉིད་གླེངས་པ་དང་། དེ་ཡང་མ་ཉེས་པས་ངོ་ཚ་ནས་མ་བྱས་སོ་ཞེས་ཟེར་བ་དང་། དགེ་སློང་བྱེ་མ་ཅན་སྨྱོ་ནས་ཅི་ཡང་བྱས་ཏེ་སངས་ནས། དགེ་སློང་གཞན་གྱིས་ཉེས་པ་དེ་ཤོགས་ཤིག་ཅེས་བྱས་ནས། ངས་མ་དྲན་ནོ་ཞེས་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྟོན་པ་བཀག་སྟེ་ལུང་མི་སྟེར་བས། སྣ་
དེ་ལྟ་བུ་ལ་སོགས་པས་ནི་མི་སྟོན་པ་ལས་རྩོད་པ་བྱུང་བ་ཞེས་བྱའོ། །ཉེས་པ་ལས་རྩོད་པ་བྱུང་ན་ནི་ལྟུང་བའི་རིས་ལྔ་ལས་གླེང་གཞིར་གྱུར་ཏེ། རྩོད་པ་བྱུང་བའོ། །ཉེས་པའི་རྩ་བ་ནི་ལུས་དང་ངག་ཡིད་གསུམ་ཆར་དང་ལྡན་པ་ལས་བྱུང་བ་ཡང་ཡོད། གཉིས་དང་ལྡན་པ་ལས་བྱུང་བ་ཡང་ཡོད། གསུམ་ཆར་
ལ་སོ་སོར་རེ་རེ་ནས་བྱུང་བ་ཡང་ཡོད། དེ་ལ་ལུས་གཅིག་པུ་ནས་བྱུང་བ་ནི། དཔེར་ན་བསྙེན་པར་མ་རྫོགས་པའི་གང་ཟག་དང་། ཁྱིམ་གཅིག་ཏུ་ཉལ་བ་ལས་དེ་ཡང་ཕྱིར་མ་བྱུང་བ་དང་ཕྱིར་བྱུང་བར་འདུ་ཤེས་དེ་ཉལ་བ་དང་། བདག་ཁྱིམ་གྱི་ནང་ན་ཉལ་བ་ལས་བུད་མེད་ཕྱིས་འོངས་ཏེ་ཉལ་བ་ལས། བདག་

གཉིད་ཀྱིས་ལོག་པ་ལས་གཞན་གྱིས་མལ་ལམ་ཁྲི་ཆེན་པོའི་སྟེང་དུ་བཞག་པ་ལྟ་བུ་ནི་ལུས་འབའ་ཞིག་ལས་བྱུང་བའོ། །ངག་འབའ་ཞིག་ལས་བྱུང་བ་ཡང་ཡོད་དེ། ཇི་ལྟར་བུད་མེད་ལ་མ་བསམས་བཞིན་དུ་ཚིག་ལྔ་དྲུག་གམ་བདུན་ལས་འདས་པས་ཆོས་བཤད་པ་ནི་ངག་འབའ་
ཞིག་ལས་བྱུང་བའོ། །སེམས་གཅིག་པུ་ལས་ངེས་པའི་མཐར་འགྱུར་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ལ་ནི་སྐད་ཅིག་ཏུ་འཇུག་པ་ལས་སྐད་ཅིག་ཏུ་ལྡོག་སྟེ་སེམས་ནི་ཆ་ཕྲ་བས་བསྡམ་པར་བྱ་བའི་ཉེས་བྱས་སོ། །འདིར་མ་སྨོས་སོ། །ལུས་དང་སེམས་གཉིས་ལས་ཉེས་པ་འབྱུང་བ་ནི་
ཇི་ལྟར་སྲོག་གཅོད་པ་དང་ཆང་འཐུང་བ་སྟེ། ལུས་དང་སེམས་གཉིས་ལས་ཉེས་པ་བྱུང་བ་ཡིན་ཏེ་ཚིག་ཏུ་མི་སྨྲ་བའོ། །ཚིག་དང་སེམས་གཉིས་ཀྱི་ཡང་ཡོད་དེ། ཇི་ལྟར་བསམས་བཞིན་དུ་ཚིག་ལྔ་འམ་བདུན་ལས་འདས་པར་བུད་མེད་ལ་ཆོས་བཤད་པ་ནི་ཚིག་དང་སེམས་གཉིས་ལས་བྱུང་བའོ། །
ལུས་དང་སེམས་དང་ཚིག་གསུམ་ཆར་ལས་ཉེས་པ་བྱུང་བ་ཡང་ཡོད་དེ། དཔེར་ན་སྲོག་གཅོད་པ་ལྟ་བུ་སེམས་ཀྱིས་ཀྱང་བསམས་ལ། ལུས་ཀྱིས་ཀྱང་སྦྱར་ཏེ་ངག་གིས་ཀྱང་གསོད་ཅེས་སྨྲ་ཞིང་ཤི་བ་ལེགས་སོ་ཞེས་སྨྲ་བའོ། །སྤྱི་དེ་ལྟ་བུ་ལས་རྩོད་པ་འབྱུང་ཞིང་གོང་མའི་ལུས་ངག་ཡིད་
གསུམ་ལྟ་བུ་ལས་བྱུང་བ་ལས་ནང་འཁྲུག་ཅིང་མི་མཐུན་པར་གྱུར་པ་ལས་རྩོད་པ་བྱུང་བ་དང་། གཞན་ཡང་ཉེས་པ་གཏན་ལ་མ་ཕེབས་པ་ལས་རྩོད་པ་བྱུང་བ་སྟེ། དེ་ཡང་དཔེར་ན་དགེ་སློང་མོས་པ་ཅན་ལྟ་བུ་ཉེས་པ་བྱུང་བ་ལས་དགེ་སློང་གཞན་ཕན་པར་དགའ་བ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་བྱས་ན། མ་མཐོང་
ངོ་ཞེས་བཀའ་བློ་མི་བདེ་ཞིང་བསྙོན་པ་དང་། རི་དགས་དགྲའི་བུ་ནག་པོ་ལྟ་བུ་མཉན་དུ་ཡོད་པ་ན་གནས་ཏེ། དེ་ཡང་ཚུལ་དང་ལྡན་པས་ལིཙྪ་བཱི་རྣམས་ཀྱིས་བསྙེན་བཀུར་བྱས་པས་ཡངས་པ་ཅན་གྱི་དགེ་སློང་དག་གིས་ཕྲག་དོག་སྐྱེས་ཏེ། དེ་ལ་སྤངས་པའི་ཀླན་ཀ་བཙལ་ནས་དེ་ཡང་དུས་གཅིག་ན་ཀུན་ཁྲུས་བྱེད་
པའི་ཚེ་དེས་ཀ་ཤ་ཕུད་དེ་བཞག་པ་ལས། གཞན་གྱི་ཀ་ཤ་དང་ནོར་ཏེ་གྱོན་པ་ལས་ཀླན་ཀ་བཙལ་ཏེ། དེ་ལ་ཡང་མ་གླེངས་དེས་ཀྱང་སྐབས་མ་ཕྱེ་བར་ལྐོག་ཏུ་སྤངས་པའི་ལས་བྱས་པ་དང་དེ་ཡང་མ་རངས་ནས་མཉན་དུ་ཡོད་པར་བཅོམ་ལྡན་འདས་ཀྱི་གན་དུ་སོང་སྟེ། དེ་ལ་བཀས་སྨད་པ་དང་། ཞིབ་ཏུ་

སྙན་དུ་གསོལ་ན། གཞན་གྱིས་ཀྱང་མ་གླེང་བདག་གིས་ཀྱང་སྐབས་མ་ཕྱེ། མངོན་སུམ་དུ་མ་གྱུར་པར་སྤངས་པའི་ལས་བྱས་པ་ནི་མི་བརྩན་ནོ་ཞེས་བཀའ་སྩལ་ནས་སྤངས་སོ། །དགེ་སློང་ལག་པ་ཅན་ནི་གཞན་གྱིས་གླེངས་ན་ཁས་བླངས་སོ། །དེ་ནས་སྤང་བར་བྱའི་ལས་བྱས་པ་དང་ཡང་བསྙོན་
ཏེ། དེ་བཞིན་དུ་ཡང་དང་ཡང་དུ་བསྙོན་ཞིང་ཁས་མི་ལེན་པས་ཉེས་པ་གཏན་ལ་མི་ཕེབས་པ་ན། དེ་ལྟ་བུ་དག་ལས་ཕྱོགས་སུ་ཆད་ཅིང་རྩོད་པ་བྱུང་བ་ནི་ཉེས་པ་དང་ལྟུང་བ་ལ་རྩོད་པ་ཞེས་བྱའོ། །བྱ་བ་ལས་རྩོད་པ་ནི་དགེ་སློང་མཁས་པ་གསལ་བར་དཔྱོད་པ་དག་འདུས་ཤིང་ཚོགས་ནས་ཆོས་དང་འདུལ་
བ་བཞིན་དུ་གསོལ་བ་དང་གཉིས་སམ། གསོལ་བ་དང་ལན་གསུམ་སྟེ་བཞི་འམ། གསོལ་བ་རྐྱང་པ་ལ་སོགས་པའི་ལས་བྱེད་པས་ན། ལ་ལ་ན་རེ་འདི་ནི་ཆོས་མ་ཡིན་ནོ་ཞེས་སྨྲས་པ་དང་། ལ་ལ་ན་རེ་འདི་ནི་ཆོས་བཞིན་ཡིན་ནོ་ཞེས་སྨྲས་པ་དང་། དགེ་སློང་འགའ་ཞིག་འདིར་མ་འདུས་པ་ལས་
རྩོད་པ་དང་། ཁ་ཅིག་འཕྱིས་ནས་སྔ་མ་བྱས་པ་ལས་སྐྱོ་སྔོགས་བྱས་ཏེ་རྩོད་པ་དང་། ནང་མི་མཐུན་པ་ལས་རྩོད་པ་དང་། ཆོས་བཞིན་མ་ཡིན་པ་ལས་རྩོད་དེ་འཐབ་ཅིང་རྩོད་པ་ལས་ཕྱོགས་གཉིས་སུ་གྱེས་ཤིང་ཆད་པ་ལས་འཐབ་མོ་བྱུང་བ་ནི་བྱ་བ་ལས་རྩོད་པ་སྟེ་རྩོད་པ་བཞི་སྨྲས་ཟིན་ཏོ། །ཞི་བར་བྱ་
བ་བདུན་སྨྲ་བར་བྱ་སྟེ། གོང་མའི་རྩོད་པ་རྣམ་པ་བཞི་ལྟ་བུར་བྱ་བ་ལ་ཞི་བར་བྱ་བ་རྣམ་པ་བདུན་གྱིས་ཞི་བར་བྱ་བ་ཡང་སོ་སོར་ཁ་བསྟན་པར་བྱ་སྟེ། དེ་ལ་འཁྲུགས་པས་རྩོད་པ་ལ་ནི་མངོན་སུམ་དུ་གདུལ་བར་བྱ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པ་དང་། གཉིས་ཀྱིས་ཞི་བར་བྱ་ཞིང་འདུལ་བར་འོས་ཏེ་
དེ་གཉིས་ཀྱིས་ཞི་བར་བྱའོ། །མངོན་སུམ་དུ་འདུལ་ཞེས་བྱ་བ་ནི། རྩོད་པ་རྣམ་པ་བཞི་ལྟ་བུ་བྱུང་སྟེ། དགེ་འདུན་གྱི་ཕྱོགས་གཉིས་སུ་ཆད་པར་གྱུར་ན་དགེ་སློང་རྣམས་ཀྱིས་དགེ་སློང་གཟུ་བོ་ཞལ་ཆེ་བ་བསྐོ་བར་བྱ་སྟེ། གང་ཟག་གསུམ་མངོན་དུ་གྱུར་པ་སྟེ། དེ་ཡང་གང་ཞེ་ན་རྒོལ་བ་མངོན་སུམ་པ་དང་།
ལན་ལྡོན་པ་དང་མངོན་སུམ་པ་དང་། གཟུ་བོ་མངོན་སུམ་དུ་གྱུར་པ་དང་། ཆོས་མངོན་སུམ་དུ་གྱུར་པ་སྟེ། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་སྟོན་གྱིས་དེ་ལས་མི་འགལ་བའོ། །དེ་ལ་རྒོལ་བ་པོས་གནས་བཅུ་དྲུག་ཏུ་དོན་ཤིན་ཏུ་བསམས་ནས་གཟུང་བར་བྱ་སྟེ། བདེན་པ་དང་། དུས་དང་། ཚོད་དང་།

དོན་དུ་དབེན་པ་དང་མཐོང་བ་དང་། ཐོས་པ་དང་། དོགས་པ་དང་། ལུས་དང་། ངག་དང་། གྲོང་དང་། དགོན་པ་དང་། མཚན་མོ་དང་། ཉིན་པར་བྱས་པ་དང་། ལྷག་མ་ལུས་པ་དང་། ལྷག་མ་མ་ལུས་པ་དང་། སློང་བར་ནུས་པའོ། །དེའི་ཚིག་མི་བརྩན་པ་རྣམ་པ་ལྔ་སྟེ། དོན་
གཏན་ལ་མ་ཕེབས་པ་དང་། གཅིག་ནས་གཅིག་ཏུ་བའི་ཚིག་དང་། བསྙེན་པར་རྫོགས་པའི་ཚིག་ལས་དོན་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། གནས་མི་ཤེས་པའོ། །སླར་ལྡོག་པ་ལྔ་ནི་བརྩན་ནོ། །ལན་ལྡོན་པས་ཀྱང་རྣམ་པ་བཅུ་དྲུག་པོ་འདི་རྣམས་སོམས་ལ་སྐབས་དབྱེ་བར་བྱའོ། །ཅི་སྟེ་
ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། འགྱོད་པ་ཅན་ནམ། མང་དུ་ཐོས་པའམ། འདུལ་བ་གཏན་ལ་འབེབས་པ་ཡིན་ནམ། ཅི་མཐོང་བ་ལས་གླེང་བར་བྱེད་དམ་ཞེས་པ་ལ་སོགས་པ་བཅུ་གཉིས་ནི་སྔ་མ་བཞིན་ནོ། །རྣམ་པ་ལྔས་ནི་ཚིག་མི་བརྩན་པར་བྱ་སྟེ། མཚམས་སྦྱོར་བ་ནི་མི་སྨྲ་བ་
དང་། གཞན་ལས་གཞན་དུ་འགྱུར་བ་དང་། ཕྱོགས་ལ་བསྟན་ཏེ་ཉེས་པ་ཁས་ལེན་པ་ལས་ཀྱང་མ་ཉེས་པར་བསྙོན་པ་དང་། དགེ་སློང་རྣམས་ལ་སྐུར་པ་འདེབས་པ་དང་། རིམ་གྲོ་མེད་པའོ། །སླར་བཟློག་པ་ནི་བརྩན་པར་བྱའོ། །རྒོལ་བ་དང་། ལན་ལྡོན་པ་གཉིས་འཐབ་མོའི་ཉེས་
དམིགས་དེ་ཞི་བའི་ཡོན་ཏན་དུ་སྣང་ན་གཉིས་ཀྱིས་གཟུ་བོ་ཆོས་བཅུ་དྲུག་དང་ལྡན་པ་བཙལ་བར་བྱའོ། །ཚུལ་ཁྲིམས་དང་ལྡན་པ་དང་། སློབ་པ་འདོད་པ་དང་། ཐོས་པ་མང་བ་དང་། འདུལ་བ་ལ་མཁས་པ་དང་། གཟུ་བོའི་ཆོས་བཞིན་དུ་མ་འདྲེས་པ་འདོད་པ་ལ་སོགས་པ་ལྟར་མི་འགྲོ་བ་
དང་། འདོད་ཆགས་དང་ཞེ་སྡང་གི་མ་ཡིན་པ་དང་། རྒྱལ་བའི་ཚིག་ལས་མི་འདའ་བ་དང་། མ་བཅས་པ་ལས་མི་འཆའ་བ་དང་། བཅས་པ་ལས་མི་བསྒྱུར་བ་དང་། ཆོས་དེ་ཞི་བར་ནུས་པ་དང་། སློང་བར་ནུས་པའོ། །གཟུ་བོ་ལ་གསུམ་སྟེ། གང་ལུས་དང་ངག་མི་སྡོམ་པར་དེ་ཕྱོགས་
གཉི་གའི་ཐད་དུ་བདག་ཉིད་སོང་ནས་དཀྲུགས་མར་བྱེད་པ་དང་། གང་དག་མ་བསྡམས་པ་སྟེ། ཕྲིན་པ་ལས་སྦྱོར་བ་དང་གཉི་ག་ལ་ཡང་སྡོམ་པ་སྟེ། དེ་ལྟ་བུ་བསྐོར་བར་བྱའི་སྔ་མ་གཉིས་ནི་མ་ཡིན་ནོ། །བྱིས་པ་ལྟ་བུ་ལྔ་སྟེ་ཆོས་མ་ཡིན་པའི་ཕྱོགས་སུ་འཇུག་པ་དང་། རྩོད་པར་འགྱུར་བར་

སྟོབས་པ་དང་། གཟུ་བོ་གཞན་ལས་མདོ་སྡེ་དང་སོ་སོར་ཐར་པས་དགེ་སློང་རྣམས་ལ་སྨན་པ་དང་། རིམ་གྲོ་མེད་པའོ། །སླར་བཟློག་པ་ལྔ་ནི་གསལ་བའོ། །གཟུ་བོས་རྩོད་པ་ཞི་བར་བྱ་བ་ཉམས་སུ་བླང་བ་དང་། བདག་ཉིད་ལ་རྣམ་པ་བརྒྱད་དུ་བརྟག་པར་བྱ་སྟེ། ཅི་བདག་གིས་ཐོག་མ་ཅི་ལས་བྱུང་བ་ཤེས་
སམ། བདག་ནི་གྲོགས་པོ་གཟུ་བོ་བཞིན་ནམ། སྔོན་འདྲེས་པར་བྱེད་པ་མ་ཡིན་ནམ། ཇི་བདག་གི་ཚིག་བརྩན་ནམ་ཉེས་པ་དེ་དག་རྣམ་པར་བྱང་ནུས་སམ། ལན་གླན་པར་ནུས་སམ། ཆོས་བཞིན་དུ་ཞི་བར་བྱ་ནུས་སམ། ཅི་མི་དགེ་བ་ལས་སློངས་པ་ལ་མཁས་སམ། གཞན་ཡང་རྣམ་པ་བརྒྱད་དེ། འདི་ན་
འདི་ལྟར་རྒྱལ་བའི་གསུང་བསྲུང་བ་མདོ་སྡེ་ལ་སོགས་པ་འཛིན་པ་ལྟ་ཡོད་དམ། གང་འཕྱས་འཚོལ་བ་སླར་ཟློག་པར་བྱེད་པའི་གནས་ལ་སོགས་པ་ལྟ་ཡོད་དམ། རྒྱལ་པོ་ལ་བརྟེན་ཏམ། ཁྱིམ་པ་ལ་བརྟེན་ཏམ། ཕྱི་རོལ་པ་ལ་མ་ཡིན་གྱི་དགེ་འདུན་ཡིན་གྱི་དགེ་འདུན་ཉིད་ལས་ཞི་བར་སྦྱོར་བ་ལྟ་ཡོད་
དམ་འཆའ་བའོ། །གཟུ་བོ་དེ་དག་གིས་མངོན་སུམ་དུ་འདུལ་བས་རྩོད་པ་ཞི་བར་བྱའོ། །མངོན་སུམ་དུ་བྱ་བ་ལ་རྣམ་པ་གཉིས་ཏེ། གང་ཟག་མངོན་སུམ་དུ་བྱ་བ་དང་། ཆོས་མངོན་སུམ་དུ་བྱ་བའོ། །གང་ཟག་མངོན་སུམ་དུ་བྱ་བ་ལ་རྣམ་པ་གཉིས་ཏེ། གང་ལ་ཞི་བར་བྱ་བ་དང་གང་གིས་ཞི་བར་བྱེད་པ་
དེ་དག་མངོན་སུམ་དུ་གྱུར་པའོ། །ཆོས་མངོན་སུམ་དུ་བྱ་བ་ནི་ཇི་ལྟར་ཆོས་དང་འདུལ་བ་བཞིན་ནོ། །དེས་རྒོལ་བ་ལ་རྣམ་པ་བརྒྱད་དུ་བརྟག་པར་བྱ་སྟེ། ཆོ་ག་དང་། སྤྱོད་ཡུལ་དང་། མཛའ་བ་དང་གྲོགས་པོ་དང་། ལུས་ཀྱི་ལས་དང་ངག་གི་ལས་དང་། འཚོ་བ་དང་ཐོབ་པ་སྟེ། སྡིག་པ་
ཅན་དུ་རིག་ན་མ་སྨྲ་ཞིག་ཅེས་བསྒོ་བར་བྱའོ། །དེ་བཞིན་དུ་ལན་ལྡོན་པ་ལ་ཡང་རྣམ་པ་བརྒྱད་དུ་སྟེ། དེ་སྟེ་སྡིག་པ་ཅན་ཡིན་ན་ཁྱོད་ཀྱིས་ངག་གི་ལས་ཐོག་མ་ཇི་ལྟ་བུ་ཡིན་ཞེས་དྲིས་ཤིག །དྲིས་ན་ཡང་ཇི་སྐད་དུ་སྨྲ་བ་དེ་བཞིན་ནོ་གྱིས་ཤིག །རྣམ་པ་དྲུག་ཏུ་སྦྱར་བར་བྱ་སྟེ། རྒྱལ་བ་ཉིད་རིག་པར་
བྱ་བ་དང་། བརྟག་པ་དང་། འབྱུང་བ་དང་། དྲི་བ་དང་། དམ་འཆའ་རུ་ཞུགས་པ་དང་། སྤྲོ་བར་བྱའོ། །ལན་ལྡོན་པ་ལ་ཡང་དེ་བཞིན་དུའོ། །རྣམ་པ་བཅུ་གཉིས་སུ་ལན་ལྡོན་པ་དང་དམ་འཆར་གཞུག་སྟེ། མདོ་སྡེ་དང་སྦྱར། ཆོས་བཞིན་འདུལ་བ་བཞིན་དུ་རྩོད་པ་སྨྲ་བར་བྱའོ། །དེ་ལ་རྣམ་པ་ལྔས་

ནི་མི་ནུས་པར་འགྱུར་ཏེ། རྗེས་སུ་བསྟན་པའི་ཚིག་ལྔ་མངོན་སུམ་དུ་མི་ཤེས་པའི་ཕྱིར་ཏེ་རྒོལ་བ་དང་། ལན་ལྡོན་པ་དང་། ཆོས་བཞིན་དུ་རིགས་པ་དང་ཆོས་བཞིན་དུ་བརྟགས་པ་དང་། ཆོས་བཞིན་དུ་མ་ཡིན་པར་རྟོག་པ་དང་། དམ་འཆའ་བ་བཞིན་མི་འཛིན་པའོ། །རྣམ་པ་ལྔས་ཞི་བར་མི་
ནུས་ཏེ། རྩོད་པའི་རང་བཞིན་དང་། འབྱུང་བ་དང་། གཟུང་བ་དང་། བཅས་པ་དང་། ཞི་ནས་ཡང་མི་འབྱུང་བ་མི་ཤེས་པའོ། །གཞན་ཡང་རྣམ་པ་ལྔ་སྟེ་འཁྲུལ་བ་དང་། གསང་སྟེ་སྨྲས་པ་དང་། ནོར་བར་སྨྲས་པ་དང་། གློ་བུར་དུ་སྨྲས་པ་འཛིན་པ་དང་། སྨྲས་པ་ཡང་ལན་གསུམ་དམ་འཆར་མི་
འཇུག་པའོ། །གནས་བཅུ་དྲུག་ཏུ་ལྟུང་བ་བསྟན་པར་བྱ་སྟེ། ལྕི་བ་དང་། ཡང་བ་དང་། ལྷག་མ་ལུས་པ་དང་། ལྷག་མ་མ་ལུས་པ་དང་། གནས་ངན་ལེན་དང་ལུས་ཀྱི་དང་། ངག་གི་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པ་དང་། བཅས་པ་དང་། བཤགས་པ་དང་། བསྡམ་པར་བྱ་བ་
དང་། ངན་དུ་སྨྲས་པར་གྱུར་པ་དང་། འདུལ་བ་ལས་གདའ་བར་འགྱུར་བའི་རྣམ་པ་ལྔ་སྟེ། དེ་ལ་བསྡིགས་པ་ལ་སོགས་པའི་ཆད་པའི་ལས་དང་སྦྱར་རོ། །ཡང་ཆད་པའི་ལས་རྣམ་པ་བཅུ་དྲུག་སྟེ། ཚངས་པའི་དང་། བསྐྲད་པ་དང་། ཡོད་དུ་མི་གཞུག་པ་དང་། མིག་ལམ་དུ་མི་སྣང་བ་དང་། དེའི་རང་
བཞིན་དུ་ཚོལ་དུ་གཞུག་པ་དང་། སྤྱོ་བར་བྱ་བ་དང་། སྨད་པར་བྱ་བ་དང་། སྤང་བར་བྱ་བ་དང་། ཕྱོགས་མེད་པར་བྱ་བ་དང་། སྨ་དབབ་པར་བྱ་བ་དང་། འགྱོད་པ་དང་། དོགས་པ་དང་། རབ་ཏུ་འགྱེད་པར་བྱེད་དུ་གཞུག་པ་དང་། དོགས་པར་བཅས་པ་དང་། ཟུག་རྔུ་འབྱིན་པ་དང་། རོ་བཞིན་དུ་བྱའོ། །
རྣམ་པ་བཅུ་དྲུག་གི་ལས་བྱས་ཏེ། མངོན་སུམ་དུ་གྱུར་པ་དང་། སྐབས་ཕྱེ་བ་དང་། གླེངས་པ་དང་། དྲན་པར་བྱས་པ་དང་། རང་གིས་ཁས་བླངས་པ་དང་། ཕ་རོལ་པོས་ཁས་བླངས་པ་དང་། བརྟགས་པ་དང་། བརྟག་མི་དགོས་པ་དང་། དྲི་བ་དང་། དྲི་མི་དགོས་པ་དང་། ཁས་ལེན་དུ་གཞུག་པ་དང་། དེ་ཁས་ལེན་
དུ་མ་བཅུག་ཀྱང་རུང་ངོ་། །རྣམ་པ་བཅུ་དྲུག་གིས་རྩོད་པ་ཞི་བར་གྱུར་ཏེ། ཆོས་བཞིན་པ་དང་། དགེ་འདུན་གྱིས་བསྒོ་བ་དང་། རྒྱལ་བའི་གསུང་དང་། མཐུན་པ་དང་། ཕྱོགས་དང་། ལན་ལྡོན་པའི་ཕྱོགས་ལ་བསྒོ་བ་དང་། རྒོལ་བ་འདུལ་བ་ལས་མི་འགལ་བ་དང་། རྩེ་བའི་ཉེས་པ་མི་འཆབ་པ་དང་། བྱུང་བ་དང་

བཅས་པ་དང་། རྗེས་སུ་བཅས་པ་དང་། གནང་བ་དང་། མི་གནང་བ་སྦྱོང་བ་དང་། རྒོལ་བ་དང་ལན་ལྡོན་པའི་དམ་ཆ་འཛིན་པ་དང་། མདོ་སྡེ་སྟོན་པ་དང་། འདུལ་བ་མཐུན་པ་དང་། ཆོས་ཀྱི་སྤྱན་འཕེལ་བ་དང་། ཆོས་དང་འདུལ་བ་བཞིན་ཞི་བར་བྱེད་པའོ། །སླར་བཟློག་པ་ནི་མ་ཞི་བའོ། །མི་ནུས་ན་དགེ་འདུན་རྣམས་ལ་སྤོ་བར་བྱ་
སྟེ། དེ་ལ་མངོན་སུམ་དུ་བྱ་བ་ནི་དགེ་འདུན་ལ་མངོན་སུམ་དུ་སྤོས་པ་དང་གསུམ་མོ། །དེས་ཀྱང་མ་ནུས་ན་མཆོག་ལ་གཏད་པར་བྱའོ། །དེ་དག་གིས་ཀྱང་མ་ནུས་ན་མཆོག་གི་ཡང་མཆོག་ལའོ། །དེ་དག་གིས་ཀྱང་མ་ནུས་ན་སླར་དགེ་འདུན་ལ་སྤོ་བར་བྱའོ། །དེ་དག་གིས་གནས་གུད་ནས་གནས་བརྟན་དང་བཅས།
སོ་སོར་ཐར་པར་བཅས་པའི་དགེ་འདུན་ལ་རྩོད་པ་ཁྲིད་ནས་གཏོད་པར་བྱེད་པའི་དགེ་སློང་སྒོ་ཤིག །དེས་ཀྱང་ཇི་ལྟར་གྱུར་པ་སྨྲོས་ཤིག །དེས་ཀྱང་མ་ནུས་ན་རྩོད་པ་སྦེད་པར་བྱེད་པ་དེ་ཉིད་ལ་གཏོད་ཅིག་དེས་མདོ་སྡེ་ལ་སོགས་པ་འཛིན་པ་ལ་སྤོབས་ཤིག །དེ་དག་གིས་ཀྱང་མ་ནུས་ན་དེ་ཉིད་ལའོ། །
དེས་ཀྱང་གང་ན་གནས་བརྟན་གཙོ་འམ་གྲགས་པ་དེ་ལ་ཐོག་མ་ནས་སྨྲོས་ལ་གཏོད་ཅིག །དེས་དེ་དག་ལ་ཅི་ཡང་བླང་བར་མི་བྱ། ཁ་དོན་ལ་སོགས་པ་ཡང་སྦྱིན་པར་མི་བྱ། མདུན་ནས་རྒྱབ་ཏུ་འདུག་ལ། མ་འཐབ་ཞིག་གཉིས་ཀ་རྒྱལ་བར་མི་འགྱུར་གྱིས། གཅིག་ལའོ་ཞེས་དེ་སྐད་ཉི་ཚེ་སྨོས་
ཤིག །དེ་ཞི་བར་གྱུར་ན་ལེགས་པར་ཞི་བར་བྱ་སྟེ། དེ་ལྟར་ན་མངོན་སུམ་དུ་འདུལ་བ་ཡིན་ནོ། །དེ་སྟེ་གནས་བརྟན་གྱིས་ཀྱང་མ་ནུས་ན། དེས་སྦེད་པར་བྱེད་པ་ལ་གཏོད་ཅིག །དེས་ཀྱང་དགེ་འདུན་ལའོ། །དགེ་འདུན་གྱིས་ཀྱང་ཚུལ་ཤིང་མང་པོ་ལེན་དུ་བཅུག་ནས་ཞི་བར་བྱའོ། །རྣམ་པ་
ལྔར་རྒོལ་བ་དང་། ལན་ལྡོན་པ་པོར་འཛིན་པའི་ཕྱིར་རྩུབ་པ་དང་། གཏུམ་པར་བྱེད་པའི་ཕྱིར་གཏུམ་པ་དང་། རབ་ཏུ་དམ་དུ་འཛིན་པའི་ཕྱིར་དམ་དུ་འཛིན་པ་དང་། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་འཛིན་པས་ན། དབྱེན་དུ་འགྱུར་བ་དང་དོགས་པ་དང་། གནས་བརྟན་གྱི་མཐའི་བར་
དུ་ཕྱིན་ཀྱང་སྦྱོར་བ་སླར་བཟློག་ཏུ་མི་བཏུབ་པའོ། །ཚུལ་ཤིང་འབྲིམ་པ་ལ་རྣམ་པ་བཞི་སྟེ། གང་ན་གནས་བརྟན་ཆོས་བཞིན་མི་སྨྲ་བ་མང་བ་ན་དགབ་པར་བྱ་བ་དང་། སླར་བཟློག་པ་དེ་ལ་མི་དགབ་པར་བྱ་བ་དང་། རྣ་བར་བཤུབས་པ་སྟེ། གང་ན་རྣ་དྲུང་དུ་ཁྱོད་ཀྱི་མཁན་པོ་དེས་ནི་ཆོས་ཀྱི་ཚུལ་ཤིང་བླངས་ཀྱིས། ཁྱོད་

ཀྱིས་ཀྱང་ལོང་ཤིག་ཅེས་བསྒོ་བ་དང་། མནན་པ་མང་ཤིང་དགེ་འདུན་གྱི་དང་བཞིའོ། །ཚུལ་ཤིང་ཆོས་བཞིན་མ་ཡིན་པར་འདྲིམ་པ་བཅུ་སྟེ། ཆོས་བཞིན་མ་ཡིན་པར་ལེན་པ་དང་། འདུལ་བར་མི་མཐུན་པ་དང་། མ་འདུས་པར་ལེན་པ་དང་། ཅུང་ཟད་ཅིག་གིས་ཉེས་པ་དང་ཆུང་ངུ་དབྱེ་བར་དོ