Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 155

Văn bản gốc(Tây Tạng)

Trang 11 / 17 (50.000 ký tự/trang)
གས་པ་དང་། གནས་བརྟན་
གྱི་མཐར་མ་ཕྱིན་པར་སྦྱོར་བ་བཟློག་པ་དང་། ཤེས་པར་ལྡན་པ་ལ་སྒྱུར་བར་མི་བྱེད་ཅིང་འདུལ་བ་འཛིན་པ་ལ་སོགས་པ་མི་འདྲི་བ་དང་། དགེ་འདུན་འབྱེད་པར་འདོད་པ་དང་། དགེ་སློང་ཆོས་བཞིན་མ་ཡིན་པར་སྨྲ་བ་མང་པོར་འདོད་ཅིང་། དགེ་འདུན་ལ་དབྱེ་བར་འགྱུར་རོ་སྙམ་དུ་ཤེས་པ་དང་། ཆོས་མ་ཡིན་པར་སྨྲ་བར་
འགྱུར་རོ་སྙམ་དུ་ཤེས་སོ། །སླར་བཟློག་པ་བཅུ་ནི་ཆོས་བཞིན་ཡིན་ནོ། །ཚུལ་ཤིང་འདྲིམ་པས་ཚུལ་ཤིང་རྣམ་པ་གཉིས་སུ་སྟེ། ཆོས་ཀྱི་ཚུལ་ཤིང་ནི་དབྱིབས་དང་ཁ་དོག་དང་གཟུགས་སུ་ལྡན་པའོ། །ཆོས་མ་ཡིན་པའི་ཚུལ་ཤིང་སླར་བཟློག་པའོ། །ཆོས་ཀྱི་ཚུལ་ཤིང་ནི་ལག་པ་གཡས་པར་ལོང་ཤིག །
ཆོས་མ་ཡིན་པའི་ཚུལ་ཤིང་ནི་ལག་པ་གཡོན་པའོ། །དེ་ནས་མདུན་དུ་འདུག་པ་ལ་བསྔགས་པ་དང་། མི་བསྔགས་པ་གཉིས་བརྗོད་པར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་ནི་ཕྱིར་ལག་པ་བརྐྱང་བ་དང་། ཚིག་དང་པོ་དང་གཉིས་ཀྱི་བར་དུ་མ་བྱིན་ཅིག །གསུམ་པ་ལ་སྦྱིན་ཏེ། འདུལ་བ་ལས་འདས་
པའི་ཉེས་བྱས་འཆགས་སུ་ཆུག་ཤིག་དེ་སྟེ་ཆོས་ཀྱི་ཚུལ་ཤིང་གཅིག་གིས་ཉུང་པར་གྱུར་ནས། ཀུན་ཤེས་ཀཽཎྜི་ནྱའི་ཕྱིར་ཡང་གཅིག་ལོང་། དེ་སྟེ་ཆོས་ཀྱི་ཚུལ་ཤིང་མང་པོར་གྱུར་ན། ཆོས་བཞིན་དུ་རྩོད་པ་དེ་ཞི་བ་ཡིན་ཏེ། གང་གིས་བསྐྱོད་པ་དེ་ལྟུང་བའོ། །དེ་སྟེ་ཆོས་མ་ཡིན་པའི་ཚུལ་ཤིང་མང་བར་གྱུར་ན་
ཡང་། ཆོས་བཞིན་མ་ཡིན་པས་ཞི་བ་ཡིན་ཏེ། དེ་ཡང་བསྐྱོད་ན་ཉེས་བྱས་སོ། །དེ་ལྟར་གང་ཚུལ་ཤིང་མང་པོ་བྲིམས་པས་ཞི་བར་གྱུར་པ་ཡིན་ནོ། །མི་སྟོན་པའི་རྩོད་པ་ལ་ཞི་བར་བྱ་བ་རྣམ་པ་གསུམ་གྱིས་བྱ་སྟེ། འཁྲུགས་པས་རྩོད་པ་བཞིན་དུ་མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་།
མ་མྱོས་པས་འདུལ་བ་སྦྱིན་པར་བྱ་སྟེ། མངོན་སུམ་གྱིས་འདུལ་བ་ནི་གོང་མ་དང་འདྲ་བར་སྦྱར་རོ། །དྲན་པས་འདུལ་བ་སྦྱིན་པ་ནི་གྱད་བུ་ནོར་ལ་དགེ་སློང་དག་གིས་ཕས་ཕམ་པས་སྐུར་ཏེ་དེ་ལ་གླེངས་པ་དང་། ངས་བྱས་པ་མི་དྲན་ནོ་ཞེས་ཟེར་བ་ལ་དྲན་ནམ་མི་དྲན་ཞེས་སེམས་སུ་གཞུག་སྟེ། གསོལ་བ་དང་ལས་

གཉིས་ཀྱིས་དྲན་པས་འདུལ་བ་སྦྱིན་པར་བྱའོ། །མ་མྱོས་པས་འདུལ་བ་ནི་ཇི་ལྟར་དགེ་སློང་བྱེ་མ་ཅན་མྱོས་པའི་ཚེ་བྱས་པ་མི་དྲན་པས་གནང་གིས་ནམ་དྲན་པ་ཚུན་ཆད་སྔ་མ་རྗེས་སུ་ཞུགས་ཏེ་བྱས་པ་ནི་ཉེས་པ་བཤགས་དགོས་ཀྱི་ནམ་དྲན་པའི་མཚམས་སོམས་ཤིག་ཅེས་མ་མྱོས་པའི་འདུལ་བ་གསོལ་
བ་དང་ལས་གཉིས་ཀྱིས་སྦྱིན་པར་བྱའོ། །གང་མོས་པའི་ཚེ་གླེངས་པ་ནི་ཆོས་བཞིན་དུ་གླེངས་པ་མ་ཡིན་ནོ། །ཉེས་པའི་རྩོད་པ་ལ་ཞི་བར་བྱ་བ་རྣམ་པ་བཞིས་ཞི་བར་བྱ་སྟེ། མངོན་སུམ་གྱིས་ཞི་བར་བྱ་བ་དང་། ཁས་ལེན་པས་ཞི་བར་བྱ་བ་དང་། དེའི་ངོ་བོ་ཉིད་ཚོལ་བས་ཞི་བར་བྱ་བ་དང་། རྩྭ་བཀྲམ་པ་ལྟ་བུས་ཞི་
བར་བྱ་བའོ། །དེ་ལ་མངོན་སུམ་གྱིས་ཞི་བར་བྱ་བ་ནི། རི་དགས་དགྲའི་བུ་ནག་པོ་སྤང་བ་ལས་བརྩམས་ཏེ། རྒོལ་བ་དང་། ལན་ལྡོན་པ་དང་། ཆོས་བཞིན་བྱ་བ་མངོན་སུམ་དུ་གྱིས་ཤིག་ཅེས་འབྱུང་བའོ། །ཁས་ལེན་པས་ཞི་བར་བྱ་བ་ནི། ཉེས་པ་བྱས་པ་ཕ་རོལ་གྱིས་གླེངས་ཀྱང་རུང་མ་
གླེངས་ཀྱང་རུང་སྟེ། རང་གིས་ཆོས་བཞིན་དུ་བཤགས་ཤིང་མཐོལ་བས་ཞི་བར་བྱ་བའོ། །ངོ་བོ་ཉིད་ཚོལ་བས་ཞི་བར་བྱ་བ་ནི་དགེ་སློང་ལག་པ་ཅན་ལྟ་བུ་ཡང་དང་ཡང་སྨྱོན་ཅིང་ཁས་ལེན་པ་ནི་ཉེས་པའི་དམིགས་གཏན་ལ་མ་ཕེབས་ཤིང་གང་ཡིན་པ་གཏོལ་མེད་པས། གང་ཡིན་པ་གཏན་ལ་འབེབས་
ཤིང་ངོ་བོ་ཉིད་ཚོལ་བའི་འདུལ་བ་ལས་ན་སྦྱིན་པ་ཡིན་ནོ། །རྩྭ་བཀྲམ་པ་ལྟ་བུས་འདུལ་བ་སྦྱིན་པ་ནི། རྩོད་པ་ཕྱོགས་གཉིས་སུ་ཆད་དེ། གནས་པ་ལ་ཕྱོགས་གཉིས་ཀའི་གཙོ་བོ་གཉིས་རང་རང་གི་ཕྱོགས་ལ་བསྒོ་སྟེ། གཅིག་ལ་གཅིག་བཟོད་པར་གསོལ་ཞིང་ཉེས་པ་བཤགས་ཏེ་བསྡུ་བས་ཞི་བར་
བྱའོ། །བྱ་བས་རྩོད་པ་ནི་ལས་བརྒྱ་རྩ་གཅིག་ལས་གླེངས་ཏེ། ལྟུང་བ་རིས་ལྔ་ལས་རྩོད་པ་བྱུང་བ་ན་རྩོད་པ་གོང་མ་ཀུན་ཞི་ན་འདི་ཡང་ཞི་བར་འགྱུར་ཏེ། དགེ་འདུན་ཀུན་མཐུན་ཞིང་འདུམ་པས་ཞི་བའི་ཕྱིར་ཞི་བར་བྱ་བ་ལྷག་པར་བྱ་བ་མེད་དེ། དེ་ལྟར་ན་རྩོད་པ་བཞི་ལ་ཞི་བར་བྱ་བ་བདུན་ཏེ། མངོན་སུམ་
དང་། ཚུལ་ཤིང་མང་པོ་ལེན་པ་དང་། དྲན་པ་དང་། མ་མྱོས་པ་དང་། ངོ་བོ་ཉིད་ཚོལ་བ་དང་། རྩྭ་བཀྲམ་པ་དང་། ཁས་བླང་བར་བྱ་བ་ལྟ་བུས་ཞི་བར་བྱའོ་ཞེའོ། །དེ་དག་གི་དངོས་པོ་ཞི་བར་བྱེད་པས་ན་ཞི་བར་བྱེད་པ་བདུན་པོ་ནི་ཕས་ཕམ་པ་མན་ཆད་ཉེས་བྱས་ཡན་ཆད་ཀྱི་ནང་དུ་མ་གཏོགས་སོ། །རྩོད་པ་ཞི་

བ་མི་བརྗེད་པའི་ཚིག་སྟེ། མིང་མཁན་ཙམ་མོ། །ཚེ་དང་ལྡན་པ་དག་བདག་གིས་ཡོངས་སུ་དག་པ་རིག་པར་བྱ་སྟེ་ཞེས་བྱ་བ་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ཡན་ཆད་ནི་ཡོངས་སུ་དག་ཅིང་གཙང་བར་བྱས་པས་བར་དུ་གཅོད་པར་མི་འགྱུར་ཞིང་ལས་སུ་བྱས་པ་ཡིན་ནོ་ཞེས་བསྟན་
པའི་ཐ་ཚིག་གོ། །གླེང་གཞི་དང་ཕས་ཕམ་པ་ནས། ལྟུང་བ་རིས་ལྔ་པོ་བཤད་ཟིན་ཏོ་ཞེས་བྱ་བ་ནི་གོང་དུ་ཀུན་སྨྲས་ཟིན་མོད་ཀྱིས། འོན་ཀྱང་གཡེང་བས་ཁ་ཅིག་མ་གོ་བ་དག་ཡོད་པས། ཡང་བཟླས་ནས་བསྡུས་ཏེ་སྨྲས་པའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཞེས་བྱ་བ་དེ་ནི། ཡོན་ཏན་ལས་མཚན་དུ་གསོལ་བ་ནི་གོང་མ་དག་དང་མཐུན་ནོ། །དེའི་མདོར་གཏོགས་ཞེས་བྱ་བ་ནི་འདུལ་བ་འབུམ་གྱི་མདོ་སོ་སོར་ཐར་པ་འདི་ཉིད་དོ་ཞེའོ། །མདོར་བསྡུས་ཞེས་བྱ་བ་ནི་ཚིག་དང་དོན་འདུས་པ་ལ་བྱའོ། །དེ་དག་ཏུ་ཟད་དོ་ཞེས་བྱ་བ་ནི་མདོར་བསྟན་པ་ལ་བྱའི་
རྒྱས་པར་འདུལ་བ་རྣམ་པར་འབྱེད་པ་དང་། ཕྲན་ཚེགས་ལ་སོགས་པའི་ནང་ནས་འབྱུང་བའང་རིག་པར་བྱའོ། །འོ་ན་བསྒྲུབ་པར་བྱ་བའི་ཆོས་དེར་ཟད་དམ་ཞེ་ན་མ་ཡིན་ཏེ། གང་གཞན་ནས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནས་འབྱུང་བ་ཞེས་བྱ་བ་ནི་འདུལ་བའི་དངོས་པོ་དང་གཞུང་དམ་པ་
ལ་སོགས་པ་ལ་བྱའོ། །གཅིག་ཏུ་མཐུན་པའི་ཆོས་ཞེས་བྱ་བ་ནི་ཆོས་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དེ་དང་མཐུན་པ་གང་ཞེ་ན། མདོ་སྡེ་དང་མ་མོ་དག་ལས་འབྱུང་བ་བསྒྲུབ་པར་བྱ་བའི་ཆོས་གང་ཡིན་པ་དེ་དག་ལ་ཡང་བསླབ་པར་བྱའོ་ཞེས་བསྟན་ཏོ། །ཁྱེད་རྣམས་ཞེས་བྱ་བ་ནི་གང་བསྟན་པ་ལ་ཞུགས་ཤིང་
འཁོར་བ་ནའང་འདུག་པའི་ཉན་ཐོས་རྣམས་ལ་བྱའོ། །འདུམ་པ་ཞེས་བྱ་བ་ནི་ཕན་ཚུན་མི་རྩོད་ཅིང་འཕྲོད་པའོ། །མཐུན་པ་ཞེས་བྱ་བ་ནི་ལྟ་བ་དང་འཚོ་བ་དང་། ཚུལ་ཁྲིམས་དང་ཆོ་ག་ལ་སོགས་པ་ཐ་དད་པ་མ་ཡིན་ཞིང་། མྱ་ངན་ལས་འདས་པའི་ཆོས་དང་། རྣམ་པར་གྲོལ་བའི་ཕྱོགས་སུ་བསྒྲུབ་པར་
མཐུན་པའོ། །དགའ་བ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་འཕེལ་བར་དགའ་ཞིང་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་དགའ་བའོ། །མི་རྩོད་པ་ཞེས་བྱ་བ་ནི་འཐབ་མོ་འགྱེད་པའམ། ཤགས་སུ་རྩོད་པའམ། གཅིག་ལ་གཅིག་མཚང་འདྲུ་ཞིང་རྒོལ་བ་མེད་པའོ། །སེམས་ཀུན་དུ་བསྲུང་བ་ཞེས་བྱ་བ་ནི། ཚངས་

པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཡིད་དང་མི་འགལ་བར་སེམས་བསྲུང་བའོ། །དྲན་པ་ཞེས་བྱ་བ་ནི་བྱ་བ་དང་མི་བྱ་བ་གཉིས་ལས་བསམས་པའི་ཐོག་མར་གཏོང་ཞིང་བློས་ཟིན་པའོ། །དགའ་བ་ཞེས་བྱ་བ་ནི་བསྒྲུབ་པ་དང་། ཚུལ་ཁྲིམས་བསྲུང་བ་ལ་སེམས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བརྩོན་
པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བསྟན་པའི་གནས་རྣམས་ལ་ཡང་བསླབ་ཅིང་བརྩོན་པར་བྱའོ་ཞེའོ། །དེ་ལ་འདི་མན་ཆད་ནི་སྔོན་གྱི་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལ། སོ་སོར་ཐར་པ་མང་ཉུང་ངམ་ཁྱད་ཡོད་དམ་མེད་དམ་དེ་དག་གིས་ཉན་ཐོས་ཅིས་འདུལ་ན། དེའི་ཚེ་ད་ལྟར་གྱིས་སོ་སོར་
ཐར་པ་འདྲ་བ་མེད་དམ། དེ་དག་གིས་ཅིས་འདུལ་ཞེས་གང་ཡིན་པ་དེ་དག་གིས་སོ་སོར་ཐར་པ་འདྲ་བ་མེད་ཅིང་འདུལ་བ་ཡང་མ་བཤད་མ་བསྟན་ན་ནི། དེ་དག་ཀྱང་ཇི་ལྟར་རྣམ་པར་གྲོལ་ཞེས་དེ་ལྟ་བུའི་རྟོག་པ་བསལ་བ་དང་། བསྐལ་པ་བཟང་པོ་ཚུན་ཆད་དེ་བཞིན་གཤེགས་པ་རྣམ་པར་གཟིགས་
ནས། ད་ལྟར་གྱི་ཤཱཀྱ་ཐུབ་པ་བཞུགས་པ་ཕན་ཆད་དང་། སངས་རྒྱས་རབས་བདུན་པོ་དེ་དག་གི་ཚེ་ན་སྔོན་གྱི་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལ་སོ་སོར་ཐར་པ་ལྔ་པ་རྣམས་ཀྱང་། དེ་དག་ཅིས་འདུལ་ཇི་ལྟར་རྣམ་པར་གྲོལ་བ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་ཚེ་སེམས་ཅན་རྣམས་བསོད་
ནམས་དམན་པ་དབང་པོ་རྟུལ་བ། ཤེས་རབ་ཞན་པས་བསླབ་པའི་གནས་ཅི་དང་ཇི་ལྟར་བཅས་སྟོན་པར་བཞེད་དེ། བཟོད་པ་དཀའ་ཐུབ་དམ་པ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །དེ་ལ་བཟོད་པ་དཀའ་ཐུབ་དམ་པ་ཞེས་པ་ནས་ཤློ་ཀ་གཅིག་གིས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སྐུ་རིང་
ལ། དགེ་སློང་དག་དང་སེམས་ཅན་དག་ཕལ་ཆེར་ལོག་པའི་བརྟུལ་ཞུགས་ལུས་ཀྱི་དཀའ་ཐུབ་ལ་དད་ནས། ལྟ་བ་དེ་ལས་བཟློག་ཅིང་དེའི་གཉེན་པོར་ཤློ་ཀ་གཅིག་གིས་བསྟན་ཏོ། །དེ་ཡང་རྣམ་པ་བཞི་ལྟ་བུའི་ཚུལ་གྱིས་དད་དེ། བཞི་གང་ཞེ་ན། ལུས་ཀྱི་དཀའ་ཐུབ་ལ་དད་པ་དང་། དཀའ་ཐུབ་
ཀྱི་ནན་ཏན་ལ་དད་པ་དང་། དཀའ་ཐུབ་ཀྱི་འབྲས་བུ་ལ་དད་པ་དང་། དཀའ་ཐུབ་སྟོན་པའི་གང་ཟག་ལ་དད་པའོ། །དེ་ལ་ལུས་དཀའ་ཐུབ་ཇི་ལྟར་འདྲ་བ་དག་ལ་སྤྱོད་ཅིང་གནས་ཤེ་ན། ཆུར་མཆོངས་པ་དང་། ཝའི་བརྟུལ་ཞུགས་དང་། ཁྱིའི་བརྟུལ་ཞུགས་དང་། ཚེ་གཅིག་ཏུ་ཐལ་བའི་ནང་དུ་འགྲེང་

ཞིང་ཕུར་བུ་འཛིན་པ་ལྟ་བུའོ། །དེ་ཡང་ཇི་ལྟར་དེ་ལ་དད་ཅེ་ན། མུ་སྟེགས་ཅན་གྱི་ལོག་པའི་དཀའ་ཐུབ་དེ་ལྟ་བུ་དག་བྱས་ན། ལས་རྙིང་པ་ནི་དཀའ་ཐུབ་བྱས་པས་འཕྱ་ཞིང་ཟད་པར་འགྱུར། ལས་སར་པ་ནི་མ་བྱས་མ་སྤྱད་པས་ན་ཆུ་ལོན་བཞིན་ཏེ། ཚེ་ཕྱི་མ་ལ་ཟག་པ་ཟད་པས།
ལས་ཟད་པས་སྡུག་བསྔལ་ཟད་དེ། སྡུག་བསྔལ་ཟད་པས་གྲོལ་ཐར་ཅིང་མཐར་ཕྱིན་པར་གྱུར་ཏེ། དེ་ལྟར་སྟོན་པ་ནི་དགེ་སྦྱོང་ཡིན་ནོ་ཞེས་ཟེར་ཏེ། དེའི་གཉེན་པོར་ལོག་པའི་དཀའ་ཐུབ་རྣམ་པ་བཞིར་ལྟ་བ་ལས་ཕྲལ་ནས། ཡང་དག་པའི་དཀའ་ཐུབ་ལྟ་བུ་ལ་བསྟེན་པར་བྱའོ། །བཞི་གང་ཞེ་ན་འཕགས་
པའི་བདེན་པ་བཞི་ལ་དད་པ་དང་། དཀའ་ཐུབ་ཀྱི་ནན་ཏན་བདེན་པ་བཞིའི་ཡོན་ཏན་ལ་ནན་ཏན་བྱེད་པ་དང་། དཀའ་ཐུབ་ཀྱི་འབྲས་བུ་ནི་རྒྱུན་དུ་ཞུགས་ནས་དགྲ་བཅོམ་པའི་བར་དག་སྟེ། བདེན་པ་བཞིའི་འབྲས་བུ་ལ་བྱའོ། །སྟོན་པ་ནི་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་དད་པར་བྱའོ་ཞེས་བཀའ་
སྩལ་ཏོ། །དེ་ལྟ་བས་ན་དཀའ་ཐུབ་ཐམས་ཅད་ཀྱི་ནང་ན་ཆོས་ལ་བཟོད་པ་ནི་དམ་པ་སྟེ། དེ་ལ་ཇི་ལྟར་བཟོད་པ་ཞེ་ན། སེམས་ཀྱིས་འཕགས་པའི་བདེན་པ་བཞིའི་ཆོས་རྣམས་ལ་བཟོད་པ་དང་དེ་ཉིད་དམ་པར་བསྟན་ཏོ། །དེ་ལ་བཟོད་པ་ཡང་གསུམ་སྟེ། གནོད་པ་ལ་མི་མཇེད་པའི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་
པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །དེ་ལྟར་བཟོད་པ་རྣམ་པ་གསུམ་གྱི་ནང་ན་ཡང་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དམ་པ་སྟེ། དེ་ལྟར་སེམས་ཀྱིས་འཕགས་པའི་བདེན་པ་བཞི་ལ་ཕྱིན་ཅི་མ་ལོག་པར་ཤེས་པར་བགྱིས་བརྟགས་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་
བ་དང་། བདག་མེད་པའི་ཆོས་ལ་སེམས་རྩེ་གཅིག་ཏུ་གནས་པར་བཟོད་པ་དེ་ཉིད་ཀྱིས་མྱ་ངན་ལས་འདའ་བར་འགྱུར་བས་དམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལུས་ཀྱི་དཀའ་ཐུབ་ཀྱིས་མྱ་ངན་ལས་འདའོ། །ཞེས་སངས་རྒྱས་ཀྱིས་མ་གསུངས་པས་ན། ལུས་ཀྱི་དཀའ་ཐུབ་ནི་མཆོག་དམ་པ་མ་ཡིན་ཏེ།
དེ་ལས་འཕགས་པར་བསྟན་པའི་ཕྱིར་དེའི་སེམས་ཀྱི་བཟོད་པ་དེ་ཉིད་ཀྱིས་ན་མྱ་ངན་ལས་འདས་པ་མཆོག་གི་འབྲས་བུ་ཐོབ་བོ་ཞེས་སངས་རྒྱས་ཀྱིས་བཀའ་སྩལ་ཏེ། སངས་རྒྱས་གསུང་ཞེས་བྱ་བ་ནི་ཡིད་ཆེས་པར་བསྟན་པའི་ཚིག་གོ། །མྱ་ངན་ལས་འདས་པས་ཞེས་བྱ་བ་ནི་འཁོར་བའི་རྒྱུན་བཅད་དེ། བསྒྲུབ་

པར་བྱ་བའི་མཐར་ཕྱིན་ཅིང་། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའོ། །དེ་ལྟར་ན་སེམས་ཀྱིས་འཕགས་པའི་བདེན་པ་བཞི་ལ་བརྟེན་ཅིང་བགྲོད་པས་ན། མྱ་ངན་ལས་འདས་པ་མཆོག་གི་འབྲས་བུ་དམ་པ་འཐོབ་ཀྱིས་ལུས་ཀྱི་དཀའ་ཐུབ་དམ་པ་མ་ཡིན་ནོ་ཞེའོ། །མཆོག་ཅེས་བྱ་བ་ནི་མུ་སྟེགས་ཅན་
དག་ལུས་ཤིན་ཏུ་སྡུག་བསྔལ་ཞིང་། ལུས་ཡོངས་སུ་གདུངས་པར་དཀའ་ཐུབ་བྱས་པས་མྱ་ངན་ལས་འདའ་བ་ཐོབ་པོ་ཞེས་འཆད་པ་དག་ཀྱང་ཡོད་དོ། །དེ་དག་གི་གཏོལ་མེད་པར་ཉོན་མོངས་པ་ཐམས་ཅད་སྤངས་པ་བདེ་ཞིང་སྐྱོན་མེད་པ་མྱ་ངན་ལས་འདའ་བའི་རང་བཞིན་ཐོབ་པས་ན་མྱ་ངན་ལས་འདས་པ་མཆོག་
ཅེས་སྨོས་སོ། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་པ་ཤློ་ཀ་ཕྱེད་ནི་ལུས་ཀྱི་དཀའ་ཐུབ་སྟོན་པ་ལ་དད་པའི་གཉེན་པོར་གསུངས་ཏེ། རབ་ཏུ་བྱུང་བ་ནི་ཁྱིམ་གྱི་གནས་ཐམས་ཅད་སྤངས་ནས། གསོལ་བ་དང་ཞུ་བའི་ལས་ཀྱིས་ལེགས་པར་གསུངས་པའི་
ཆོས་འདུལ་བ་ལ་ཞུགས་པ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །དེ་ལྟ་བུར་རབ་ཏུ་བྱུང་བ་ནི་ཕ་རོལ་པོ་གཞན་དག་སྡིག་པ་མི་དགེ་བའི་ཆོས་དང་ཕྲལ་ནས་ཕན་པ་དང་བདེ་བ་སྦྱིན་ཞིང་བསྟན་པའི་རིགས་ཀྱི། ཅི་སྟེ་ལུས་ཀྱི་དཀའ་ཐུབ་གཞན་ལ་གནོད་ཅིང་དོན་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་ཅིང་
བསྔགས་པ་མ་ཡིན་པ་དེ་ལྟ་བུ་བྱ་བར་སྟོན་པ་ནི་གཞན་ལ་ཡང་དག་པར་གནོད་ཅིང་གཙེ་བ་ཡིན་པས་དེ་བཞིན་གཤེགས་པའི་ལུང་དང་འགལ་བས་ན་དེ་ལྟ་བུ་སྟོན་པ་ནི་དགེ་སྦྱོང་མ་ཡིན་ནོ་ཞེའོ། །འོ་ན་དགེ་སྦྱོང་ཞེས་བྱ་བ་ཇི་ལྟ་བུ་ལ་བྱ་ཞེ་ན། སེམས་ཀྱིས་འཕགས་པའི་བདེན་པ་བཞི་ལ་རྟོག་པར་བཟོད་པ།
དགེ་སྦྱོང་གི་འབྲས་བུ་བཞི་མངོན་པར་བསྒྲུབ་ཅིང་ཚུལ་དབྱུང་བ་ཞི་བ། དགེ་བ་ལ་གཅིག་ཏུ་འདུན་ཅིང་གནས་པ་དེ་དག་ལ་དགེ་སྦྱོང་ཞེས་བྱ་སྟེ། དེ་བས་ན་དེ་ལྟ་བུའི་ལུས་ཀྱི་དཀའ་ཐུབ་དོན་མེད་པ་ལ་དད་པར་མི་བྱའི། སེམས་ཀྱི་དཀའ་ཐུབ་དམ་པ་གང་ཡིན་པ་ལ་དད་པར་བྱའོ་ཞེའོ། །དེ་བཞིན་གཤེགས་པ་
གཙུག་ཏོར་ཅན་གྱི་སྐུ་རིང་ལ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་དང་། སེམས་ཅན་དག་ཚུལ་ཁྲིམས་བསྲུང་བ་དང་། དགེ་བ་སྤྱད་པ་རྣམས་མཐོ་རིས་བཟང་འགྲོར་སྐྱེ་བ་དང་། མཐོ་རིས་ཀྱི་ལོངས་སྤྱོད་ཐོབ་པར་ཤོག་ཅེས་སྨོན་ལམ་འདེབས་ཤིང་ཚངས་པར་སྤྱད་པས་ན་དེ་ཉིད་མི་རིགས་ཤིང་འགལ་བས་ན།

དེ་ལྟར་ལྟ་བ་བཟློག་པའི་ཕྱིར་གཉེན་པོར་མཐུ་རྩལ་མིག་དང་ལྡན་པར་ཞེས་བྱ་བ་ཤློ་ཀ་གཅིག་གསུངས་སོ། །མཐུ་རྩལ་ཞེས་བྱ་བ་ནི་བསོད་ནམས་དང་ཤེས་རབ་ཀྱི་ཚོགས་ཏེ། མྱ་ངན་ལས་འདས་པའི་མཐུ་རྩལ་ཡོད་པ་ལ་བྱའོ། །མིག་དང་ལྡན་པ་ནི་ཤེས་རབ་ཀྱི་མིག་དང་ལྡན་པ་ལ་བྱ་
སྟེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདའ་བ་ཐོབ་པར་བྱེད་པའི་མིག་དང་ལྡན་པའོ། །མཐུ་རྩལ་དང་མིག་ཅེས་བྱ་བ་ནི་དཔེར་བསྟན་པ་སྟེ། འཇིག་རྟེན་ན་སྐྱེ་བོ་མཐུ་རྩལ་མེད་ཅིང་ཉམ་ཆུང་བ་དང་། མིག་མེད་ཅིང་མིག་དང་མི་ལྡན་པའི་མི་ནི་གྲོག་པོ་དང་ཚེར་མ་དང་གཡང་ས་དག་ཏུ་འགྲོ་ཞིང་ལྟུང་བའི་རྒྱུར་འགྱུར་
རོ། །སུ་མཐུ་རྩལ་དང་མིག་དང་ལྡན་པའི་སྐྱེ་བོ་ནི་ལམ་མི་བདེ་བ་དང་ཉམ་ང་བ་ཐམས་ཅད་ལས་འབྱོལ་ཞིང་མཐུ་རྩལ་དང་ལྡན་པས་ན་ལམ་ཉམ་ང་བ་ཐམས་ཅད་ལས་འདའ་བར་བྱེད་དོ། མིག་དང་ལྡན་པས་ན་གྲོག་པོར་མི་ལྟུང་ཞིང་ལམ་ཉམ་ང་བ་ལས་ཐར་བར་འགྱུར་རོ། །དེ་བས་ན་སྐྱེས་བུ་མིག་དང་ལྡན་པས་
ལམ་ཉམ་ང་བ་སྤོང་ཞིང་ལམ་བདེ་བར་འགྲོ་བའི་རིགས་སོ། །དེ་བཞིན་དུ་བསོད་ནམས་ཀྱི་མཐུ་རྩལ་དང་ལྡན་ཞིང་ཤེས་རབ་ཀྱི་མིག་དང་ལྡན་པས་ཀྱང་མྱ་ངན་ལས་འདས་པའི་ཆོས་མཐའ་ཡུན་དུ་བདེ་ཞིང་དཔེ་མེད་པ་བཏང་སྟེ། མཐོ་རིས་བག་མེད་པའི་གནས་གཡང་ས་དང་འདྲ་བ་ཟད་པའི་མཐའ་ཅན་འཁོར་
བའི་རྒྱུ་ཉོན་མོངས་པའི་གནས་ཇི་ལྟར་ལམ་ཉམ་ང་ཞིང་མི་བདེ་བ་དེ་ལྟ་བུར་མཁས་པའི་སྐྱེས་བུ་དམ་པ་དག་དེར་སྒྲུབ་ཅིང་སྨོན་པ་ནི་ཤིན་ཏུ་མི་རིགས་སོ་ཞེས་བསྟན་ཏོ། །ཉམ་ང་བ་དག་ཡོད་པ་ནི་དེ་ལྟར་མཐོ་རིས་སུ་སྨོན་ལམ་འདེབས་པ་ཉིད་ཁམས་གསུམ་དུ་འཁོར་བར་འགྱུར་བས་ན། དེ་ལྟར་སྒྲུབ་ཅིང་
སྨོན་པ་ཉིད་ཉམ་ང་བའོ། །ཡོད་པ་ནི་ཉོན་མོངས་པ་སྟེ། སྡུག་བསྔལ་གསུམ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བ་སྟེ། གཟུགས་མེད་པའི་ཁམས་སུ་འགྱུར་བའི་སྡུག་བསྔལ་ཏེ། གཟུགས་ཡོད་པའི་ལྷ་མན་ཆད་འདོད་པའི་ཁམས་མི་ཡན་ཆད་དོ། །སྡུག་བསྔལ་བའི་ཡང་སྡུག་བསྔལ་བ་སྟེ། བྱོལ་སོང་དང་ཡི་དགས་
དང་སེམས་ཅན་དམྱལ་བའོ། །སྡུག་བསྔལ་བརྒྱད་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གཉེན་སྡུག་པ་དང་བྲལ་བ་དང་། དགྲ་སྡང་བ་དང་ཕྲད་པ་དང་། འདོད་པ་མི་རྙེད་པ་དང་། ཕུང་པོ་ལྔ་རྒྱས་པའི་སྡུག་བསྔལ་བའོ། །མཁས་པའི་འཚོ་བ་འཇིག་རྟེན་འདིར་ཞེས་བྱ་བ་མཁས་པ་ནི་བསོད་ནམས་དང་

ཤེས་རབ་དང་ལྡན་པའི་སྐྱེས་བུ་དམ་པ་མྱ་ངན་ལས་འདས་པའི་རྒྱུད་ལྡན་ཞིང་ཐོབ་པའི་ཐབས་ལ་མཁས་པའོ། །འཚོ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ལྡན་ཞིང་འཇིག་རྟེན་ན་གནས་པའི་གང་ཟག་ཉིད་ལ་བྱའོ། །སྡིག་པ་ཞེས་བྱ་བ་ནི་མཐོ་རིས་སུ་སྨོན་ལམ་འདེབས་པ་ཉིད་ཁམས་གསུམ་གྱི་ལོངས་སྤྱོད་ལ་ཆགས་
པས་ན། ཉོན་མོངས་པ་དང་འཁོར་བ་ལས་ནམས་ཀྱང་ཐར་བར་མི་འགྱུར་བས་དེ་ཉིད་སྡིག་པའོ་ཞེའོ། །ཡོངས་སུ་སྤོང་བ་ནི་མིག་དང་ལྡན་པས་ཉོན་མོངས་པ་སྤངས་ནས་མྱ་ངན་ལས་འདས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་སྐུ་རིང་ལ་དགེ་སློང་དག་ཕལ་ཆེར་རང་གི་ཚུལ་ཁྲིམས་ཡོངས་སུ་
སྡོམ་པ་ཙམ་གྱིས་ཆོག་པར་འཛིན་ཏེ། གཞན་དུ་མུ་སྟེགས་ཅན་གྱི་དགེ་སློང་ལ་འཕྱས་འདོགས་ཤིང་སྐུར་པ་འདེབས་པས་ན། དགེ་སློང་གི་དོན་དག་ཀྱང་ཆུད་ཟོས་པར་གྱུར་པས་ན། དེའི་གཉེན་པོར་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱིས། སྐུར་པ་མི་གདབ་གནོད་མི་བྱ། །ཞེས་བྱ་བ་ལ་སོགས་ཏེ། ཤློ་ཀ་ཕྱེད་
དང་གཉིས་གསུངས་སོ། །སྐུར་པ་མི་གདབ་པ་ནི་རབ་ཏུ་བྱུང་བས་མུ་སྟེགས་ཅན་གྱི་དགེ་སྦྱོང་ལ་ངག་གི་སྒོ་ནས་སྐུར་བ་མི་གདབ་པར་བསྟན་པའོ། །གནོད་པར་མི་བྱ་བ་ནི་ལུས་ཀྱིས་མི་གཙེ་ཞིང་ཡིད་ཀྱིས་ངན་དུ་མི་བསམས་པ་སྟེ། མདོར་ན་སྒོ་གསུམ་ནས་མུ་སྟེགས་ཅན་དང་སྐྱེ་བོ་མང་པོ་ཀུན་ལ་གནོད་པར་མི་བྱེད་
ཅིང་མི་འཚེ་བའོ། །སོ་སོར་ཐར་པའི་ནི་འགྲོ་བ་རྒྱུད་ལྔ་ལས་ཐར་པར་བྱེད་པས་ན་ཐར་པའོ། །བསྡམ་པར་བྱ་བ་ནི་ལྟུང་བ་རིས་ལྔ་ལ་བྱ་སྟེ། དེ་མ་རལ་མི་ཉམས་མི་འཇིག་ཅིང་ཤིན་ཏུ་སྡོམས་ཤིག་པའོ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ་བ་ནི་རྣལ་འབྱོར་སྤྱོད་པས་ཟས་ཀྱི་ཚོད་རིག་པར་བྱ་སྟེ། ཧ་ཅང་འགྲངས་
ཆེས་ན་བརྩོན་འགྲུས་ཀྱི་དྲི་མར་འགྱུར་བ་དང་། ཧ་ཅང་བཀྲེས་ན་ནི་ཉོན་མོངས་པ་མཐར་ལྟུང་བར་འགྱུར་བས་བརྩོན་འགྲུས་ནུས་ཤིང་སེམས་ཡང་བ་དང་། ཟས་རན་པར་བཟའོ་ཞེའོ། །བས་མཐའི་གནས་སུ་གནས་པར་བྱ། །ཞེས་བྱ་བ་ནི་དགོན་པ་ལ་བྱ་སྟེ། དེ་ལྟ་བུའི་གནས་དབེན་པར་གནས་པར་བྱའོ་ཞེའོ། །
དེ་ལྟར་ན་དགེ་སློང་དག་ཚུལ་ཁྲིམས་ཀྱིས་མགུ་ཞིང་ཚུལ་ཁྲིམས་འཛིན་པ་འབའ་ཞིག་གིས་ཆོག་པར་མི་བྱའི། བསམ་གཏན་ལ་སོགས་པ་ཡང་སྒྲུབ་ཅིང་བསྒོམ་པར་བྱའོ་ཞེས་བྱ་བའི་ཚིག་ཏུ། ལྷག་པའི་སེམས་ལ་ཡང་དག་འཇུག །ཅེས་སྨོས་ཏེ། ལྷག་པའི་སེམས་ཞེས་བྱ་བ་ནི་ཉོན་མོངས་པའི་སྲེག་པ་དང་བྲལ་བ་

སྟེ། ལྷག་པའི་ཤེས་རབ་དང་། ལྷག་པའི་ཏིང་ངེ་འཛིན་དང་། ལྷག་པའི་ཚུལ་ཁྲིམས་ལ་བྱའོ། །སྐབས་འདིར་ལྷག་པའི་སྒྲས་ནི་བསླབ་པ་གསུམ་ཆར་ཡོངས་སུ་བསྒྲུབ་པར་བྱ་བ་བསྟན་ཏོ། །ཡང་གཅིག་ཏུ་ན་ཚུལ་ཁྲིམས་ཀྱིས་མགུ་ཞིང་ཆོག་པར་འཛིན་པའི་གཉེན་པོར་བསྟན་པས་ལྷག་
པའི་ཏིང་ངེ་འཛིན་འབའ་ཞིག་བསྒྲུབ་པར་བྱའོ་ཞེས་ཀྱང་འཆད་དེ། དེ་བས་ན་ལྷག་པའི་ཏིང་ངེ་འཛིན་གྱིས་མ་བསྒྲུབས་སམ། བཙལ་ན་མྱ་ངན་ལས་འདས་པ་མི་ཐོབ་སྟེ། ཚུལ་ཁྲིམས་མ་གོད་མ་རལ་ཏེ། བརྒྱར་ཐུབ་ཏུ་ཟིན་གྱིས་ཀྱང་མཐོ་རིས་བཟང་འགྲོར་སྐྱེའོ་ཞེས་འབྱུང་བས་ན། དེ་བས་ན་ལྷག་པའི་ཏིང་ངེ་
འཛིན་མི་སྒྲུབ་ཏུ་མི་རུང་བས་དེའི་གཉེན་པོར། ལྷག་པའི་སེམས་ལ་ཡང་དག་འཇུག །ཅེས་སྨོས་སོ། །ཡང་དག་འཇུག་ཅེས་བྱ་བ་ནི་དགེ་སློང་དགོན་པ་བས་བསླབ་པ་གསུམ་ལ་གནས་ཤིང་བརྩོན་པ་དང་སྤྱད་པར་བྱའོ་ཞེའོ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ནི་ཡིད་ཆེས་པར་བསྟན་པའོ། །དེ་
དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱི་སྐུ་རིང་ལ་དེའི་ཉན་ཐོས་དག་ཕལ་ཆེར་ཁེ་དང་བཀུར་སྟི་དང་རྙེད་པ་ལ་ཆགས་ཤིང་གྲོང་ལ་ལྟ་བར་གྱུར་ནས་འདུ་འཛི་མང་པོ་ལ་སྤྱོད་པས་ན། ཚུལ་ཁྲིམས་བསྲུང་ཞིང་ཏིང་ངེ་འཛིན་བསྒྲུབ་པ་ལ་གཡེལ་ཞིང་གནོད་པར་གྱུར་ནས་དེ་ལྟར་ལྟ་བ་དེ་བཟློག་ཅིང་དེའི་གཉེན་པོར་
དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱིས་གསུངས་པ། ཇི་ལྟར་བུང་བ་མེ་ཏོག་ཅེས་བྱ་བ་ཤློ་ཀ་གཅིག་བསྟན་ཏོ། །བུང་བ་མེ་ཏོག་ཅེས་བྱ་བ་ནི་དཔེར་བསྟན་ཏོ། །བུང་བ་ཞེས་བྱ་བ་ནི་གང་ཟག་ལ་བྱའོ། །མེ་ཏོག་ཅེས་བྱ་བ་ནི་གྲོང་ལ་བྱའོ། །ཁ་དོག་ནི་ཚུལ་ཁྲིམས་ལ་བྱའོ། །དྲི་ནི་ཏིང་ངེ་འཛིན་གྱི་རོ་ལ་
བྱའོ། །ཡང་ན་ཁ་དོག་ནི་སྐྱེ་བོའི་ལོངས་སྤྱོད་ནོར་རྫས་ལ་བྱའོ། །དྲི་ནི་འཕྲལ་གྱི་ཟས་ལ་བྱ་སྟེ། མི་གནོད་ཅེས་བྱ་བ་ནི་དཔེར་ན་ཇི་ལྟར་བུང་བས་མེ་ཏོག་གི་ཁུ་བ་གཞིབས་ཏེ། འགྲོ་ཡང་མེ་ཏོག་གི་དྲི་དང་ཁ་དོག་ལ་མི་གནོད་པར་འགྲོ་བ་བཞིན་དུ་གང་དེ་བཞིན་གཤེགས་པ་ཡང་ཚུལ་ཁྲིམས་ལས་མི་འགལ་ཞིང་
ཏིང་ངེ་འཛིན་བསྒྲུབ་པ་ལ་བར་ཆད་དུ་མི་འགྱུར་བ་དང་། སྐྱེ་བོའི་ལོངས་སྤྱོད་དང་འཕྲལ་གྱི་ཁ་ཟས་ལ་མི་ཆགས་ཤིང་སྐྱེ་བོའི་ལོངས་སྤྱོད་ལ་མི་གནོད་པར་དེ་འདྲ་བའི་ཚུལ་དུ་བསོད་སྙོམས་ལ་གཤེགས་ཤིང་སྤྱོད་དོ། །དེ་བས་ན་ཉན་ཐོས་ཁྱེད་རྣམས་ཀྱང་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་དང་།

ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལས་མི་ཉམས་ཤིང་སྐྱེ་བོའི་ལོངས་སྤྱོད་ལ་མི་གནོད་ཅིང་མི་ཆགས་པར་བསོད་སྙོམས་ལ་རྒྱུ་ཞིང་སྤྱད་པར་བྱའོ་ཞེས་བསྟན་པའོ། །ཡང་ན་ཐུབ་པ་ཞེས་བྱ་བ་ནི་གང་ཟག་ཉིད་ལ་བྱ་སྟེ། རང་གི་རྒྱུད་ལ་ཉོན་མོངས་པས་མི་འཁོར་ཞིང་ལུས་དང་ངག་ཡིད་གསུམ་ཐུབ་པས་གྲོང་དུ་རྒྱུ་བ་ནི་སྒོ་གསུམ་ནས་
ཉེས་པ་མི་འབྱུང་བར་ཐུབ་པ་རྣམས་ཀྱི་གྲོང་དུ་རྒྱུ་བར་བྱའོ་ཞེའོ། །དེ་བས་ན་དགེ་སློང་བསོད་སྙོམས་བླངས་ནས་གྲོང་དུ་མི་གནས་པར་དགོན་པ་ལ་གནས་པར་བྱའོ་ཞེའོ། །དེས་ན་ཁེ་དང་བཀུར་སྟིའི་མཐའ་སྤངས་པར་འགྱུར་ཏེ། བསོད་སྙོམས་ཆོག་པ་ཙམ་ལས་ལྷག་པར་མི་ལེན་པས་ནི་ཁེ་སྤངས་པར་འགྱུར། དགོན་པ་ན་
དབེན་པར་གནས་པས་ནི་བཀུར་སྟི་སྤངས་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་སྐུ་རིང་ལ། དེའི་ཉན་ཐོས་དག་ཐོས་པའི་ལོངས་སྤྱོད་ལ་ཞུགས་ཤིང་། ཚུལ་ཁྲིམས་ཀྱི་གཏམ་གཏན་ལ་འབེབས་པས་ན། ཁ་ཅིག་གིས་ཡོན་ཏན་བསྔགས་ཤིང་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དང་། སྐྱེ་བོ་
དག་ལ་ཁ་ཟེར་ཞིང་འཕྱས་འདོགས་པས་ན། སྐྱེས་བུ་དམ་པའི་ཚུལ་མ་ཡིན་པ་ཆེར་སྤྱོད་དེ་དེའི་གཉེན་པོར་གསུངས་སོ། །བདག་གི་རིགས་དང་མི་རིགས་དང་། །ཞེས་ཤློ་ཀ་གཅིག་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱིས་གསུངས་ཏེ། དེ་ལ་རིགས་པ་ཞེས་བྱ་བ་ནི་དགེ་བ་བསྒྲུབ་ཅིང་སྤྱོད་པའི་རིགས་པའོ། །མི་རིགས་པ་ནི་སྡིག་
པ་མི་དགེ་བའི་ཆོས་སྤྱོད་པར་མི་རིགས་པའོ། །བརྟག་པར་བྱ་བ་ནི་གོང་མའི་དགེ་བ་དང་མི་དགེ་བ་གཉིས་བདག་གིས་དགེ་བ་ནི་ཅི་བྱས་ཞེས་བདག་གི་སེམས་ཀྱི་རྒྱུད་ལ་བརྟག་པར་བྱའོ་ཞེའོ། །གཞན་རྣམས་ཀྱིས་མི་མཐུན་པ་ཞེས་པ་གཞན་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་འདི་ནི་དགེ་སློང་དང་། མུ་སྟེགས་ཅན་གྱི་དགེ་སྦྱོང་དང་སྐྱེ་བོ་
སྤྱོད་པ་དག་བདག་གི་ཡིད་དུ་མི་འོང་བའོ། །མི་མཐུན་པ་ཞེས་བྱ་བ་ནི་གཞན་རྣམས་ཀྱིས་བདག་དང་མི་མཐུན་པའི་ཆོས་གཞན་གྱིས་སྡིག་པ་བྱས་པ་དང་། དགེ་བ་བྱས་པ་ལ་བདག་གིས་འདི་ནི་བྱས་པ་ལེགས་སོ། །འདི་ནི་མ་བྱས་པས་ཉེས་ཤིང་འཕྱས་གདགས་ཤིང་སྨད་པར་མི་བྱ་བའི་ཕྱིར། གཞན་གྱིས་བྱས་དང་མ་བྱས་
རྣམས་ལ་མིན། །ཞེས་སྨོས་སོ། །མདོར་ན་བདག་གིས་ཉེས་པ་ཅི་བྱས་ལེགས་པ་ནི་གང་བྱས་ཅི་ཡོད། ལེགས་པ་ནི་ཇི་ལྟར་སྒྲུབ། ཉེས་པ་ནི་ཇི་ལྟར་སྤང་། ཐབས་ཀྱིས་དོར་བ་སེམས་ལ་བརྟགས་ཤིང་དཔྱད་པར་ནི་རིགས་ཀྱི། གཞན་གྱི་ལེགས་པ་ཉེས་པ་ལ་འཕྱས་གདབ་པ་ནི་མི་རིགས་སོ་ཞེས་དེ་བཞིན་གཤེགས་པ་གསེར་

ཐུབ་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་སྐུ་རིང་ལ། དེའི་ཉན་ཐོས་ཕལ་ཆེར་འཇིག་རྟེན་གྱི་བསམ་གཏན་བཞིའི་རོ་ལ་ཆགས་ཤིང་མངོན་པར་ཞེན་ནས། གོང་དུ་ཐར་པ་མི་ཚོལ་གཉེན་པོ་ལ་མི་བརྟེན། རྣམ་པར་གྲོལ་བ་སྔ་མའི་ས་དག་ཏུ་རྩོམ་ཞིང་སྒྲུབ་པར་མི་བྱེད་ནས། དེ་ལྟར་ལྟ་བ་
སྤང་བའི་ཕྱིར་གཉེན་པོར། ལྷག་པའི་སེམས་ལ་བག་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གཉིས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱིས་གསུངས་ཏེ། ལྷག་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དང་མུ་སྟེགས་ཅན་ལ་སོགས་པ་ལྷག་པ་སྟེ། འཇིག་རྟེན་གྱི་བསམ་གཏན་བཞིའོ། །བག་བྱ་བ་ནི་དཔེར་ན་ཚིག་ཏུ་འོང་
གིས་མེ་ལ་བག་བྱོས་ཤིག་ཅེས་རིང་དུ་སྤང་བའི་དོན་ཏོ། །འཇིག་རྟེན་གྱི་བསམ་གཏན་བཞི་ལ་བག་བྱས་ན་ཁམས་གསུམ་གྱི་ཁྲི་མོན་དུ་མི་འཁོར་རོ་ཞེའོ། །འོ་ན་དེ་ལྟར་འཇིག་རྟེན་གྱི་བསམ་གཏན་བཞི་ལ་བསྲིངས་ཤིང་བག་བྱས་ན་གང་ལ་བསླབ་ཅིང་བསྟེན་པར་བྱ་ཞེ་ན། ཐུབ་པའི་གནས་ལ་བསླབ་པར་
བྱའོ། །ཞེའོ། །ཐུབ་པ་ཞེས་བྱ་བ་ནི་ལུས་དང་ངག་ཡིད་གསུམ་ཐུབ་པ་སྟེ། དེ་བཞིན་གཤེགས་པ་ལ་བྱའོ། །དེའི་གནས་ནི་འཕགས་པའི་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ལ་བྱ་སྟེ། དེ་རྣམས་ལ་བསླབས་ཤིང་ཞུགས་ན། འཇིག་རྟེན་བསམ་གཏན་རིང་དུ་སྤོང་བ་དང་། དེ་ལས་འཕགས་
པ་རྣམས་བྱུང་ཞིང་སྐྱེ་བས་ན། ཐུབ་པའི་སྐྱེ་མཆེད་ཅེས་བྱ་སྟེ། དེ་ལས་རྣམ་པར་གྲོལ་བའི་འབྲས་བུ་སྐྱེ་ཞིང་འབྱུང་བའི་ཕྱིར་རོ། །དེ་བས་ན་ཉོན་མོངས་པ་དང་རིང་དུ་གྱུར་པའི་ཕྱིར་ཉེར་ཞི་ཞེས་སྨོས་སོ། །ཉེར་ཞི་རྟག་ཏུ་དྲན་ལྡན་པ་སྟེ་དེ་ལ་ཉེར་ཞི་ནི་སྡུག་བསྔལ་གསུམ་དང་བརྒྱད་ཞི་བ་ལ་བྱའོ། །ཡང་ན་ཁམས་
གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཅུ་རྩ་བརྒྱད་ཞི་བའོ། །རྟག་ཏུ་དྲན་ལྡན་པ་ནི་འབྲི་བ་དང་གང་བ་མེད་པར་རང་བཞིན་གྱིས་ཤེས་བཞིན་དང་ལྡན་པའམ། བདེན་པ་བཞི་དང་འཕགས་པའི་ལམ་ལ་སེམས་རྩེ་གཅིག་པར་གནས་པས་ན་རྟག་ཏུ་དྲན་ལྡན་པར་གནས་པའོ། །སྐྱོབ་པ་མྱ་ངན་
མི་མངའ་ཞེས་བྱ་བ་དེ་བཞིན་གཤེགས་པ་དག་ཀྱང་དེ་འདྲ་བའི་ཐུབ་པའི་གནས་ལ་བརྟེན་ཏེ་མྱ་ངན་མི་མངའ་ཞིང་ཉོན་མོངས་པ་མེད་པ་ཡིན་པ་དེ་བས་ན་སྐྱོབ་པ་ཞེས་ཡོན་ཏན་གྱིས་མཚན་དུ་གསོལ་ཏེ། དེའི་ཕྱིར་དེའི་རྗེས་སུ་དོང་ཞིང་ཞུགས་པའི་ཉན་ཐོས་དག་གིས་ཀྱང་དེ་འདྲ་བར་བྱས་ཏེ། ལྷག་པའི་སེམས་ཀྱི་

ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་དེ་སྤོང་ངོ་། །ཡང་ན་སྐྱོབ་པ་ནི་གང་ཟག་དེ་ཉིད་ལ་བྱ་སྟེ་ཐུབ་པའི་གནས་ལ་སློབ་པའི་གང་ཟག་གང་ཡིན་པ་དེས་ནི་རང་གི་རྒྱུད་ལ་ཉོན་མོངས་པ་ལྡང་ཞིང་འབྱུང་བར་སྐྱོབ་པར་ནུས་པས་སྐྱོབ་པ་ཞེས་བྱ་སྟེ། དེ་ཉིད་སྐྱོབ་པ་མྱ་ངན་མི་མངའོ། །ཞེའོ། །ཚིགས་སུ་བཅད་པ་འདི་གསུམ་གྱིས་
འཇིག་རྟེན་གྱི་བསམ་གཏན་བཞིའི་རོ་ལ་ཆགས་པ་ནི་མངོན་པར་སྤངས། འཕགས་པའི་བདེན་པ་བཞིའི་ཆོས་ལ་བརྟེན་ཅིང་བསྒོམས་པས། མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཅུ་རྩ་བརྒྱད་ཡོངས་སུ་སྤངས་པས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་
གང་ཟག་དེའི་ཡོན་ཏན་ནི་འདིར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་རོ། །བྱིས་པ་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གཅིག་བསྟན་ཏེ། དེ་ལྟར་འཕགས་པའི་བདེན་པ་བཞི་ལ་གནས་པས་ན་འཇུངས་པ་དང་། སེར་སྣའི་དྲི་ཤིན་ཏུ་སྤངས་ཏེ་ཕྲལ་བས་ན། བདག་གི་ལོངས་སྤྱོད་ལ་མ་ཆགས་ཤིང་
གཏོང་བ་སྐྱོང་ཞིང་སྦྱིན་པར་བྱེད་པ་དང་། གཞན་གྱི་ལོངས་སྤྱོད་ལ་མི་ལྟ་བས་ན་མ་བྱིན་པར་མི་ལེན་ཏོ། །མ་བྱིན་པར་མི་ལེན་པས་ན་བསོད་ནམས་རབ་ཏུ་འཕེལ་ལོ་ཞེའོ། །ཚིགས་སུ་བཅད་པ་རྩ་བ་འདིས་ནི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་སྤོང་བར་འགྱུར་རོ། །བསྡམས་པས་དགྲ་
སོགས་མི་འགྱུར་རོ། །ཞེས་བྱ་བ་འཕགས་པའི་བདེན་པ་བཞི་མཐོང་བས་ན་བསྡམས་པ་ཞེས་བྱ་སྟེ། བསྡམས་པ་ནི་ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་པ་མི་འབྱུང་ཞིང་ཤིན་ཏུ་སྡོམ་པ་སྟེ། ཚུལ་ཁྲིམས་བསྲུང་བའོ། །ཚུལ་ཁྲིམས་བསྲུངས་པས་ན་གཞན་གྱི་སྲོག་མི་གཅོད་དོ། །སྲོག་མ་བཅད་པས་ན་
སེམས་ལ་བྱམས་པ་དང་ལྡན་པར་འགྱུར་ཏེ། བྱམས་པའི་བདག་ཉིད་དུ་གྱུར་པས་ཁོང་ཁྲོ་བ་མེད་དོ། །ཚིགས་སུ་བཅད་པ་རྩ་བ་འདིས་ནི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་སྤངས་པར་སྟོན་ཏོ། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ལ་སེམས་རྩེ་
གཅིག་པར་ཡོངས་སུ་བསྒོམས་པས་ན། སྡིག་པ་མི་སྤྱོད་དེ་དེ་བས་ན་དགེ་བ་དང་ལྡན་པ་ཉིད་དོ་ཞེའོ། །ཚིགས་སུ་བཅད་པ་རྩ་བ་འདིས་ནི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ང་རྒྱལ་དང་མ་རིག་པ་སྤོང་བར་སྟོན་ཏོ། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་མན་ཆད་ཚིགས་སུ་བཅད་པ་རྩ་བ་

འདི་གསུམ་གྱིས། འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་བཞི་གཅིག་ཏུ་བསྡུས་ནས་གསུམ་དུ་བསྡོམས་ཏེ། ཆེན་པོ་དང་འབྲིང་པོ་དང་ཆུང་ངུ་གསུམ་ལ་གཅིག་གསུམ་གསུམ་སྟེ། ཉོན་མོངས་པའི་རིམ་པ་རྣམ་པ་དགུ་ལ་དྲུག་མན་
ཆད་སྤངས་པ་ནི་ཕྱིར་འོང་བའི་གང་ཟག་ཅེས་བྱའོ། །དགུ་ཆར་སྤངས་པ་ནི་ཕྱིར་མི་འོང་བའི་གང་ཟག་ཅེས་བྱའོ། །ཉོན་མོངས་ཟད་པ་མྱ་ངན་འདའ། །ཞེས་བྱ་བ་ཚིགས་སུ་བཅད་པ་འདིས་ནི། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་དང་གསུམ་
ཁམས་གཉིས་ན་གསུམ་གསུམ་སྟེ། དྲུག་ལ་ཡང་ཐུམ་པོ་གཅིག་ཏུ་བྱས་ལ། ཆེན་པོ་དང་། འབྲིང་པོ་དང་། ཆུང་ངུ་གསུམ་སྟེ། གཅིག་ལ་ཡང་གསུམ་གསུམ་དུ་བྱ་སྟེ། ཉོན་མོངས་པའི་རིམ་པ་དགུ་སྟེ། དགུ་ཆར་སྤངས་པ་ནི་དགྲ་བཅོམ་པའོ། །དེ་བས་ན་གང་ཟག་བརྒྱད་ལ་བཞི་ནི་དངོས་སུ་བཤད་པས་བཞི་ནི་ཉོན་
མོངས་པའི་རིམ་པ་སྤོང་བ་ལ་འཇུག་པ་སྟེ། རྒྱུན་དུ་འཇུག་པ་སྤངས་ཟིན་པ་ནི་རྒྱུན་དུ་ཞུགས་པ་སྟེ། གོང་མ་གསུམ་ཡང་འདི་དང་འདྲའོ། །དེ་བས་ན་གང་ཟག་བརྒྱད་ཀྱི་རིམ་པ་ནི་འདིར་བསྟན་ཟིན་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་རིང་ལ་འདུལ་བ་ལ་བསླབ་པའི་གནས་མ་བཅས་ཏེ། འདུལ་བ་འབུམ་དག་མ་བསྟན་
པའི་ཚེ་དགེ་སློང་ཉེས་པ་ལ་མིག་ཆེ་ཞིང་མི་དགེ་བའི་ཆོས་ལ་ཉེ་བར་གནས་པ་དང་། དགེ་བ་ཅུང་ཟད་སྤྱད་པ་ཙམ་གྱིས་ཀྱང་ཐར་བར་འགྱུར་རོ་ཞེས་བསྙེམས་པའི་ཕྱིར། འདི་ལྟ་བུའི་ལྟ་བ་བཟློག་ཅིང་དེའི་གཉེན་པོར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་
བཅད་པ་ཕྱེད་དང་བཞིས་བསྟན་ཏོ། །དེ་ལ། སྡིག་པ་ཐམས་ཅད་མི་བྱའོ། །ཞེས་བྱ་བ་ཤློ་ཀ་གཅིག་གིས་ཉེས་པ་ལ་མིག་ཆེ་བའི་གཉེན་པོར་བསྟན་ཏོ། །དགེ་བ་ཅུང་ཟད་ཙམ་གྱིས་ཀྱང་མགུ་ཞིང་སྡིག་པ་མི་བྱ་བ་ནི་སྲོག་གཅོད་པ་ལ་སོགས་ཏེ། མི་དགེ་བ་བཅུ་དང་། ལྟུང་བ་རིས་ལྔ་དང་། ཡང་ན་འཇིགས་རྟེན་ན་ཡུལ་ཆོས་ཀྱིས་མི་མཛེས་
ཤིང་། བྱ་བ་མི་རིགས་པ་ཐམས་ཅད་མི་བྱའོ། །མཁས་པར་བསྙེན་པར་རྫོགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ལུང་གིས་གནང་ཞིང་རབ་ཏུ་འབྱུང་དུ་རུང་བ་དང་། བསྙེན་པར་རྫོགས་པར་གནང་བ་དེ་ལྟ་བུས་བསྙེན་པར་རྫོགས་པར་བྱའོ་ཞེའོ། །ཡང་ན་མཁས་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་ལ་བྱ། བསྙེན་པ་ནི་དགེ་

བ་རྫོགས་པར་བྱ་བའི་དོན་ཡིན་པས་ངག་གིས་མི་བྱ་བ་བཞི་སྟེ། བརྫུན་དང་ཕྲ་མ་དང་། བྱུང་རྒྱལ་གྱི་ཚིག་དང་། ཞེ་གཅོད་པར་མི་སྨྲ་ཞིང་ལྷག་པའི་ཤེས་རབ་ཀྱི་ཕུང་པོ་དང་། ལྷག་པའི་ཤེས་རབ་ལ་རབ་ཏུ་འཇུག་པའོ་ཞེའོ། །རང་གི་སེམས་ཀྱང་ཡོངས་སུ་གདུལ། །ཞེས་བྱ་བ་ནི། ཡིད་ཀྱིས་མི་བྱ་བ་གསུམ་སྟེ། ཆགས་པར་མི་བསམས་
པ་དང་། ངན་དུ་མི་བསམས་པ་དང་། ལོག་པར་མི་ལྟ་བའོ། །གཞན་དུ་ན་ཏིང་ངེ་འཛིན་གྱི་ཕུང་པོ་དང་། ལྷག་པའི་ཏིང་ངེ་འཛིན་ལ་རབ་ཏུ་འཇུག་པའོ། །འདི་ནི་སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་ཡིད་ཆེས་པར་བྱ་བའི་ཕྱིར་ཤཱཀྱ་ཐུབ་པས་བསྟན་པའོ་ཞེའོ། །དེས་ནི་ཉེས་པ་ལ་མིག་ཆེ་བ་བཟློག་པའི་གཉེན་པོར་བཤད་
དོ། །ཉེས་པ་ནི་སྤང་བའི་ཐབས་བཤད་དེ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་བྱ་བ་ཤློ་ཀ་ཕྱེད་དང་གཉིས་སྨོས་ཏེ། ལུས་དང་ངག་ཡིད་གསུམ་སྡོམ་པ་ནི་གོང་མ་དག་དང་ཡང་སྦྱར། ཡང་ན་ལུས་ཀྱི་ཉེས་པ་དང་། ངག་གི་ཉེས་པ་དང་། ཡིད་ཀྱི་ཉེས་པ་འདི་བསྡམས་ན་སྡིག་པ་མི་འཕེལ་བས་ན། དེའི་ཕྱིར་བསྡམ་པར་
བྱའོ་ཞེས་སྨོས་སོ། །དེ་བས་ན་ལུས་ཀྱི་སྡོམ་པ་ཡང་ལེགས་ན། ངག་གི་ལྟ་ཅི་སྨོས། ངག་གི་སྡོམ་པ་ཡང་ལེགས་པ་ཡིན་ནོ། །ཡིད་ཀྱི་སྡོམ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་ཐམས་ཅད་བསྡོམ་པར་བྱའོ་ཞེའོ། །ཐམས་ཅད་སྡོམ་པ་ལེགས་པ་ནི་དུས་གསུམ་དུ་ལུས་དང་ངག་ཡིད་གསུམ་སྡོམ་པའོ། །ཀུན་
དུ་བསྡོམས་པའི་དགེ་སློང་ནི་ཡུལ་དང་། དུས་དང་གང་ཟག་ལ་ཆད་པ་མེད་པར་ཚུལ་ཁྲིམས་བསྲུང་བའོ། །སྡུག་བསྔལ་གསུམ་ལས་རབ་ཏུ་གྲོལ། །ཞེས་བྱ་བ་སྡུག་བསྔལ་ནི་གསུམ་དང་། བརྒྱད་དང་། ཁམས་གསུམ་གྱི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ལས་རྣམ་པར་གྲོལ་ཞིང་འཁོར་བའི་བཙོན་ར་ནས་ཐར་
པར་འགྱུར་རོ་ཞེའོ། །དེས་ནི་ཉོན་མོངས་པ་སྤོང་བའི་ཐབས་སུ་བཤད་དོ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཞེས་བྱ་བ་ཤློ་ཀ་གཅིག་གིས་དྲན་པ་མི་བརྗེད་པའི་ཐབས་སུ་སྟོན་ཏེ། ངག་གི་སྲུང་བ་ནི་ངག་གིས་མི་བྱ་བ་བཞི་དང་། གཞན་དུ་ན་རང་གི་ལྟུང་བ་ལྕི་ཡང་ཅི་བྱུང་ན་དགེ་བའི་བཤེས་གཉེན་
གྱིས་གླེངས་ཤིང་བསྟན་ན། སླར་འཁྱལ་ཞིང་མི་སྨྲ་བར་དགེ་བའི་བཤེས་གཉེན་གྱི་ཁར་གུས་པར་ཉན་པའོ། །ཡིད་ཀྱིས་བསྡམས་པ་ནི་འགྱོད་ཚངས་བྱེད་པའི་ཚེ། ཚིག་གིས་སྨྲས་པ་མ་ཟད་ཀྱིས། ཡིད་ཀྱིས་སེམས་ཐག་པ་ནས་མཐོལ་བའོ། །ཡང་ན་ཡིད་ཀྱིས་མི་བྱ་བ་དེ་གསུམ་ཕྱིན་ཆད་མི་བྱེད་པར་ཡིད་

དམ་དུ་འཆའ་བའོ། །ལུས་ཀྱིས་མི་དགེ་བ་མི་བྱེད། །ཅེས་བྱ་བ་ནི། ལུས་ཀྱིས་མི་བྱ་བ་ནི་གསུམ་སྟེ། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། འདོད་པས་ལོག་པར་མི་སྤྱོད་པའོ། །ཡང་ན་ལུས་སྙོགས་པ་དང་། འཚེ་བ་དང་། འཚོག་པ་ལ་སོགས་པའི་ལས་རྣམས་མི་བྱེད་པའོ། །རྣམ་པ་གཞན་དུ་ན་ལུས་
ཀྱི་སྤྱོད་ཡུལ་མ་ཡིན་པ་ལྔ་སྤང་བར་སྟོན་ཏེ། དེ་ཡང་གང་ཡིན་ཞེ་ན། རྒྱལ་པོའི་ཕོ་བྲང་དང་། རིགས་ངན་གྱི་ཁྱིམ་དང་། ཆང་འཚོང་བ་དང་རོལ་མོ་མཁན་གྱི་ཁྱིམ་དང་། སྨད་འཚོང་གི་ཁྱིམ་རྣམས་སུ་མི་སྤྱོད་པའོ། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་
བ་ལམ་ཞེས་བྱ་བ་ནི་དཔེ་སྟེ། འདི་ལྟར་ལམ་ལ་སྐྱེ་བོ་ཀུན་རྒྱུ་ཞིང་འགྲོ་བ་ལྟར་ལུས་དང་ངག་ཡིད་གསུམ་གྱི་ལམ་ལ་ཡང་། དགེ་སྡིག་གི་དངོས་པོ་རྒྱུ་ཞིང་འགྲོ་བར་བྱེད་པས་ལམ་དང་འདྲ་སྟེ། དེ་གསུམ་རབ་ཏུ་སྦྱངས་པས་ན་དྲི་མ་དང་། སྐྱོན་མེད་པར་སྦྱངས་པས་དྲང་པོའི་ལམ་ཞེས་བྱ་སྟེ། དེས་ཐོབ་པ་ནི་དེ་བཞིན་གཤེགས་
པའི་བཀའ་ཡིན་པས་ན། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་ལུང་དང་མཐུན་པར་སྤྱད་པས་ན། གང་ཟག་བརྒྱད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེའོ། །དེ་བས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཚེའི་ཉན་ཐོས་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཤློ་ཀ་འདི་རྣམས་ཀྱིས་འདུལ་ཞིང་རྣམ་པར་གྲོལ་བར་འགྱུར་ཞིང་སྤྱོད་དོ། །ལོ་
བཅུ་གསུམ་དུ་གྱུར་ནས་ནི་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དེ་ལ་སངས་རྒྱས་རབས་བདུན་པོ་སྨོས་པ་ནི་བསྡུ་བའི་ཚིག་སྟེ། གོང་དུ་སྨྲས་པའི་ཚིག་འོག་ཏུ་འདིའོ་ཞེས་བསྡུས་ནས་ཡང་དག་པར་བསྟན་པའོ། །ཤཱཀྱ་ཐུབ་པ་གཽ་ཏམ། །ཞེས་བྱ་བ་ནི་ཁྱིམ་པའི་ཕྱོགས་ནས་བསྟོད་པ་སྟེ། ཐུབ་པ་ནི་སྒོ་གསུམ་
ནས་ཉེས་པ་མི་འབྱུང་བར་ཐུབ་པའོ། །གཽ་ཏམ་ཞེས་བྱ་བ་ནི་ཡོན་ཏན་གྱི་རྣམ་གྲངས་ཀྱི་སྒོ་ནས་བསྟོད་པའོ། །ལྷའི་ལྷ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ལྷ་དང་རྣམ་པར་གྲོལ་བའི་ལྷ་གཉིས་ཡོད་པ་ལས། ཤཱཀྱ་ཐུབ་པ་རིགས་ཀྱི་འཇིག་རྟེན་གྱི་ལྷ་ཆེན་པོ་བརྗེད་པའི་ཚེ། རྒྱལ་བུ་དོན་གྲུབ་པ་བཙས་ནས་རྒྱལ་བུ་དོན་གྲུབ་ཀྱིས་ལྷ་དེ་
ལ་ཕྱག་བྱས་པ་དང་། ལྷ་དེ་མགོ་ཚལ་པ་བདུན་དུ་གས་པས། དེ་བས་ཀྱང་འཕགས་པར་གྱུར་པས་ན་ལྷའི་ལྷ་ཞེས་ཤཱཀྱ་ཐུབ་པ་ལ་མཚན་དུ་གསོལ། མི་འདུལ་བ་ནི་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་གཤེགས་པའི་ཚེ་དུས་ངན་ཏེ། སྐྱེ་བོ་རྣམས་ཤིན་ཏུ་གདུལ་དཀའ་བའི་ཕྱིར་དེ་ལྟ་བུ་གདུལ་བས་ན་མི་གདུལ་གདུལ་བའོ། །

ཡང་ན་མི་གདུལ་བ་ནི་འདོད་ཆགས་དང་ལྡན་པ་མཛེས་དགའ་དང་། ཞེ་སྡང་དང་ལྡན་པ་སོར་མོའི་ཕྲེང་བ་དང་། གཏི་མུག་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་ལྟ་བུ་ཤིན་ཏུ་གདུལ་དཀའ་བ་ཡང་། བཅོམ་ལྡན་འདས་ཀྱིས་བཏུལ་ནས་དགེ་བ་ལ་བཞག་པས་ན་མི་འདུལ་བའོ། །ཡང་རྙོག་པ་ལྔ་ནི་སེམས་ཅན་དང་ལྟ་བ་དང་། ཉོན་མོངས་
པ་དང་། བསྐལ་པ་དང་། ཚེའི་རྙོག་པའོ། །རྙོག་པ་ལྔའི་ཚེ་མི་འདུལ་བས་ན་མི་འདུལ་བའོ་ཞེའོ། །ཁ་ལོ་སྒྱུར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཉོན་མོངས་པ་ལས་འཕགས་པའི་ལམ་དུ་ཁ་ལོ་སྒྱུར་བར་བྱེད་པའོ། །བླ་ན་མེད་པ་ནི་ཉན་ཐོས་མན་ཆད་ཚངས་པ་དང་། བརྒྱ་བྱིན་གྱིས་གདུལ་བ་རྒྱ་ཆུང་ངུ་ལྟ་བུ་མ་
ཡིན་ཏེ། རྒྱ་ཆེ་ཞིང་གོང་ན་མེད་པས་བླ་ན་མེད་པའོ། །འཇིག་རྟེན་མགོན་པོ་སྐྱོབ་པའི་མཆོག །ཅེས་བྱ་བ་འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱའོ། །མགོན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པས་དེ་བཞིན་གཤེགས་པ་ལ་བྱའོ། །དེ་སྐྱོབ་པ་ནི་སྐྱེ་བོ་ངན་པར་སྤྱད་ཅིང་ངན་སོང་དུ་འགྲོ་བ་ལས་
སྐྱོབ་ཅིང་ཐར་པར་འདྲེན་པས་སྐྱོབ་པ་ཞེས་བྱའོ། །མཆོག་ནི་སྐྱོབ་པར་བྱེད་པ་མང་མོད་ཀྱི་སངས་རྒྱས་ཀྱི་སྐྱོབ་པ་ལྟ་བུ་གཞན་ལ་མེད་པས་ན། སངས་རྒྱས་ཀྱི་སྐྱོབ་པ་ནི་མཆོག་གོ་ཞེས་བསྟན་ཏོ། །སངས་རྒྱས་བདུན་པོ་ཞེས་སྨོས་པ་དང་། སྐབས་འདིར་ཁ་ཅིག་ཐེ་ཚོམ་དུ་གྱུར་ཏེ། སངས་རྒྱས་བདུན་པོར་ཟས་ཀྱིས་ཕྱིས་འབྱུང་ངམ་
མི་འབྱུང་སྙམ་པ་ལ། ཕྱིས་སངས་རྒྱས་འབྱུང་བར་བསྟན་པའི་གླེང་གཞི་ནི་མདོ་སྡེ་བཟང་པོ་ཞེས་བྱ་བའི་ནང་ནས་འབྱུང་བ་བསྐལ་པ་གསུམ་ཡོད་དེ། མེ་དང་རླུང་དང་། ཆུའི་བསྐལ་པའོ། །དེ་ལ་ཆུའི་བསྐལ་པ་བདོ་ཞིང་འབྱུང་བའི་ཚེ། འོད་གསལ་ལྷའི་རིས་སུ་འདི་ལྟ་བུའི་ལྟས་བྱུང་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་
དེ་སྙེད་ཀྱི་པད་མོ་རྫིང་ལས་སྐྱེས་ཏེ། དེའི་ཚེ་རྫིང་ཆེན་པོ་ལས་པད་མ་སྟོང་རྩ་བདུན་བྱུང་ནས། ལྷ་དག་ན་རེ་ཨེ་མའོ། །དེ་བཞིན་གཤེགས་པ་སྟོང་རྩ་བདུན་འབྱུང་བའི་ལྟས་ཤིག་ཅེས་ཟེར་ཏེ། དེ་དག་ལས་སངས་རྒྱས་རབས་བདུན་འདས་ཟིན་ཏེ། རྣམ་པར་གཟིགས་ནས་ཤཱཀྱ་ཐུབ་པ་བཞུགས་པའི་བར་དུའོ། །སྟོང་རྩ་བདུན་ལས་བདུན་
གཤེགས་ཟིན་པས་ལྟག་པ་སྟོང་གདོད་གཤེགས་པར་འགྱུར་ཏེ། ཐ་མར་ནི་ཕྱག་ན་རྡོ་རྗེ་བཞེད་པ་ཅན་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་ཞིང་། སེམས་ཅན་གྱི་དོན་མཛད་དོ་ཞེས་འབྱུང་ངོ་། །དཔའ་བོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བ་ལ་མི་སྐྱོ་མི་ལྡོག་པ་དང་། ཉོན་མོངས་པ་དང་བདུད་ཀྱི་དགྲ་རྣམས་འཇོམས་པར་བྱེད་པས་

ན་དཔའ་བོའོ། །ཡང་ན་བསྐལ་པ་གྲངས་མེད་པའི་བར་དུ་སེམས་ཅན་གྱི་དོན་མཛད་པས་ན་དཔའ་བོ་ཞེའོ། །བདུན་པོ་ནི་རྣམ་པར་གཟིགས་ནས་ཤཱཀྱ་ཐུབ་པའི་བར་དུ་སྔར་བྱུང་བ་རྣམས་ཀྱི་གྲངས་སོ། །གྲགས་ལྡན་ནི་སངས་རྒྱས་བདུན་པོའི་ཡོན་ཏན་ཏེ། བདུད་བཞི་བཅོམ་ནས་བསོད་ནམས་དང་། ཡེ་ཤེས་ཕུན་སུམ་
ཚོགས་པ་དང་ལྡན་ནོ་ཞེས་འཇིག་རྟེན་དུ་གྲགས་པའོ། །སོ་སོར་ཐར་པ་ནི་སངས་རྒྱས་བདུན་པོས་བཤད་པའི་སོ་སོར་ཐར་པ། བཟོད་པ་དཀའ་ཐུབ་དམ་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རབ་ཏུ་རྒྱས་པར་བཤད། །ཅེས་བྱ་བ་ནི་དེ་ལྟར་ཚིག་ཉུང་ངུ་ཟིན་གྱིས་ཀྱང་དོན་ཀུན་འདིར་འདུས་པས་ན་དེ་དག་གི་ཚེ་དེ་ཙམ་དག་གིས་ཀྱང་ཉན་ཐོས་དེ་
དག་རྣམ་པར་གྲོལ་ཞིང་བསླབ་པ་ལས་མི་འདའ་བར་རྒྱས་པ་དང་འདྲ་བར་འབྲས་བུ་ཐོབ་པས་ན་རྒྱས་པ་ཞེས་བཤད་དོ། །འདི་ལ་སངས་རྒྱས་རྣམས་དང་གང་། །ཞེས་བྱ་བ་ཤློ་ཀ་གཅིག་གིས་སངས་རྒྱས་བདུན་གྱི་ཡོན་ཏན་དང་། འབྲས་བུ་བསྔགས་པ་སྟོན་ཏེ། འདི་ལ་ཞེས་བྱ་བ་ནི་སངས་རྒྱས་བདུན་གྱིས་གསུངས་པའི་སོ་སོར་
ཐར་པ་འདི་ལའོ། །སངས་རྒྱས་ཉན་ཐོས་དག་ཀྱང་གུས། །ཞེས་བྱ་བ་སྔ་མ་འདས་པའི་སངས་རྒྱས་བདུན་པོ་དག་ཀྱང་སོ་སོར་ཐར་པ་ལ་བསྲུང་ཞིང་གུས་པ་དང་བཅས་ཏེ། བླ་མར་བྱས་ཤིང་ཡོངས་སུ་བསྲུང་བས་ན་བླ་ན་མེད་པའི་འབྲས་བུ་ཐོབ་པོ། །དེ་བཞིན་དུ་ཉན་ཐོས་རྣམས་ཀྱང་གུས་པར་བྱེད་དོ། །དེ་ལ་གུས་བཅས་
གྱུར་པ་དང་། །ཞེས་གུས་པ་དང་བཅས་པ་ནི་ཚུལ་ཁྲིམས་སྡོམ་ཞིང་ནན་ཏན་དུ་བསྲུང་བའོ། །འདུས་མ་བྱས་པ་ཐོབ་པར་འགྱུར། །ཞེས་པ་འདུས་མ་བྱས་པ་ནི་བྲག་པ་མེད་པའི་ཆོས་ཏེ། འགོག་པ་དང་ལམ་ལ་བྱའོ། །དེ་ཡང་ཇི་ལྟར་ཐོབ་ཅེ་ན་སོ་སོར་ཐར་པ་བསྲུང་ཞིང་ཡོངས་སུ་བསྡམས་པས་སྡུག་བསྔལ་དང་ཀུན་འབྱུང་ནི་
སྤངས། འགོག་པ་དང་ལམ་ནི་མངོན་སུམ་དུ་བྱས་ཤིང་ཡོངས་སུ་བསྒོམས་པས་འདུ་བྱེད་ཐམས་ཅད་ཡོངས་སུ་སྤང་བར་འགྱུར་རོ། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །ཞེས་བྱ་བ་ཤློ་ཀ་གཅིག་ནི་སློབ་དཔོན་ཨུ་པཱ་ལིས་རབ་ཏུ་བྱུང་བ་དང་ཁྱིམ་པའི་ཕྱོགས་དགེ་བའི་ཕྱོགས་ལ་གཞེན་བསྐུལ་གདབ་པ་དང་། དད་པ་སྐྱེད་ཅིང་སྤྲོ་བར་བྱ་
བའི་ཕྱིར་ཐབས་བསྟན་པ་སྟོན་ཏེ། བརྩམ་པར་བྱ་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་དད་ཅིང་མོས་ནས། དེ་ལ་འཇུག་ཅིང་བསླབ་པར་བརྩམས་པའོ། །འབྱུང་བ་ནི་བརྟན་པ་ལ་བསླབས་ནས་དོན་གོ་བ་དང་ཁྱིམ་སྤོང་ཞིང་རབ་ཏུ་འབྱུང་བའོ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །ཞེས་པ་སངས་རྒྱས་ཀྱི་བསྟན་པ་ནི་བདེན་པ་བཞི་དང་

སོ་སོར་ཐར་པ་ཉིད་ལ་བྱའོ། །ཁྱིམ་ནས་བྱུང་ཕན་ཆད་སངས་རྒྱས་ཀྱི་བསྟན་པ་ནི་བདེན་པ་བཞི་དང་། འཕགས་པའི་ལམ་བརྒྱད་དང་། སོ་སོར་ཐར་པ་ཡང་དག་པར་འཇུག་པ་ཞེའོ། །དེ་ནི་མཐོང་བའི་ལམ་གྱིས་བསྐྱེད་དོ། །འདོམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱ། །ཞེས་བྱ་བ་བསྒོམ་པའི་ལམ་གྱིས་
བསྐྱེད་པ་སྟེ། གོང་དུ་བདེན་པ་བཞི་དང་འཕགས་པའི་ལམ་བརྒྱད་ཡོངས་སུ་བསྒོམས་པས་འཆི་བདག་གི་སྟེ་སྐྱེ་རྒ་ན་འཆི་རྣམས་སོ་སོར་ཐར་པས་བསྡམས་པ་དང་། བདེན་པ་བཞི་བསྒོམས་པའི་མཐུས་གཞོམ་པར་བྱེད་པའོ། །དཔེར་ན་ཁྱིམ་རྩྭའི་འམ། འདོམ་བུའི་ཁྱིམ་སྙིང་པོ་མེད་ཅིང་མི་བརྟེན་པ་ལ་གླང་པོས་བཅོམ་པ་
བཞིན་དུ་སྐྱེ་རྒ་ན་འཆིའི་སྡེ་རྩྭ་ཁྱིམ་དང་འདྲ་བ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་གླང་པོ་དང་འདྲ་བས་འཇོམས་པར་བྱེད་པའོ། །གང་ཞིག་རབ་ཏུ་བག་ཡོད་པ། །ཞེས་པ་ཤློ་ཀ་གཉིས་ཀྱིས་ནི་བསླབ་པ་ལ་ནན་ཏན་བྱེད་པའི་བརྗོད་པ་སྟོན་ཏེ། གང་ཞིག་ཅེས་བྱ་བ་ནི་སྐྱེ་བོ་དགེ་བ་ཅན་ལ་བྱ། བག་ཡོད་པ་ནི་དགེ་བ་ཅན་ཏེ།
ཉོན་མོངས་པ་ལ་བག་བྱེད་པའོ། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །ཞེས་པ་ཆོས་འདུལ་བ་ནི་སོ་སོར་ཐར་པ་དང་འཕགས་པའི་བདེན་པ་བཞི་ལ་བྱའོ་སྤྱོད་པར་འགྱུར་བ་ནི་སྐྱེ་བོ་དགེ་བ་ཅན་འདི་ལ་སྤྱོད་པར་འཇུག་པའོ། །སྐྱེ་བའི་འཁོར་བ་རབ་སྤངས་ཞེས་པ་སྐྱེ་བ་ནི་སྐྱེ་བ་རྣམ་པ་བཞི་ལ་བྱའོ། །འཁོར་བ་ནི་ལམ་
རྒྱུད་ལྔ་ལ་བྱ་སྟེ། གང་དུ་སོ་སོར་ཐར་པ་དང་བདེན་པ་ལ་བསྒོམས་པས་རྣམ་པ་དེ་དགུ་སྤངས་པར་འགྱུར་རོ་ཞེའོ། །སྡུག་བསྔལ་ཐ་མར་ཕྱིན་པར་འགྱུར། །ཞེས་པ་གོང་དུ་སྐྱེ་བ་དང་། འཁོར་བ་ཡོངས་སུ་སྤངས་པས་ན། སྡུག་བསྔལ་གསུམ་དང་བརྒྱད་ལས་ཐར་བར་འགྱུར་ཏེ། མཐོང་བ་དང་བསྒོམ་པའི་ལམ་གྱི་
མཐར་ཕྱིན་པར་འགྱུར་རོ་ཞེའོ། །ཕན་ཚུན་ཚུལ་ཁྲིམས་སྲུང་བ་ཞེས་བྱ་བ་ཚུལ་ཁྲིམས་སྲུང་བ་ནི་སྒོ་གསུམ་ནས་ཉེས་པ་མི་འབྱུང་བར་བསྡམས་པ་དང་། ཉེས་པ་བྱུང་ན་ཡང་གཅིག་ལ་གཅིག་བཤགས་ཤིང་མཐོལ་བ་དང་ཉེས་པ་གསོལ་བའོ། །བསྟན་པ་འཕེལ་བར་འགྱུར་ཞེས་བྱ་བ་ནི་ཉེས་པ་མཐོལ་ཞིང་གསོལ་བས་ན།
དེ་བཞིན་གཤེགས་པའི་གསུང་རབ་མི་འགྲིབ་ཅིང་རྒྱས་པ་དང་འཕེལ་བར་འགྱུར་རོ་ཞེའོ། །སོ་སོར་ཐར་པ་བཤད་པས་ནི། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །ཞེས་བྱ་བ་ནི་གོང་དུ་སྨོས་པ་ཕན་ཚུན་ཚུལ་ཁྲིམས་མིག་བཞིན་དུ་བསྲུང་བ་དང་། བསྟན་པ་རྒྱས་པར་བྱ་བའི་ཕྱིར་སོ་སོར་ཐར་པ་བཤད་ཅིང་གསོ་སྦྱོང་བྱའོ་ཞེའོ། །གང་

གི་ཕྱིར་ནི་མདོ་བཤད་ཅེས་བྱ་བ་ཤློ་ཀ་གཅིག་གིས་ཡང་དག་པར་བསྲུང་བ་སྟོན་ཏེ། སྲོག་མི་ཕངས་པར་ཚུལ་ཁྲིམས་བསྲུང་བར་བྱའོ་ཞེའོ། །གང་གི་ཕྱིར་ནི་མདོ་བཤད་ཅེས་བྱ་བ་ནི་ཅིའི་ཕྱིར་སོ་སོར་ཐར་པའི་མདོ་བཤད་ཅེས་བྱ་བའི་དོན་ཏོ། །གང་ཕྱིར་གསོ་སྦྱོང་བྱས་གྱུར་ཞེས་པ་ཚུལ་ཁྲིམས་དམ་དུ་སྲུང་ཞིང་
བསྲུང་བར་བྱ་བའོ། །ཚུལ་ཁྲིམས་དེ་ནི་བསྲུང་བྱས་ཞེས་བྱ་བ་ནི་གསོ་སྦྱོང་བྱས་པས་ཆོག་པ་མ་ཡིན་གྱི་ཚུལ་ཁྲིམས་བསྲུང་བ་ལ་ནན་ཏན་སྤྱོད་དུ་གཞུག་པའོ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་བྱ་བ་ནི་ཚུལ་ཁྲིམས་མིག་བཞིན་དུ་ཕངས་ཤིང་སྲོག་གི་ཕྱིར་ཡང་མི་དྲལ་བའི་དཔེ་སྟེ། གཞན་ཁ་ཅིག་ན་རེ་ནགས་
སྟུག་པོའི་ནང་ན་གནས་པའི་ཚེ་རྔ་མ་ཤིང་ལ་མི་ཐོགས་ཤིང་མི་ཟིན་པ་དང་མི་ཟེགས་མི་གོད་ཅིང་། ཤིང་ལ་ཐོགས་ཤིང་ཟིན་ན་ཡང་གོད་ཅིང་ཟེགས་སུ་དོགས་ནས་བག་བྱེད་པ་ལྟར་བསླབ་པ་ལ་ཞུགས་པའི་གང་ཟག་ཀྱང་ཚུལ་ཁྲིམས་སྲོག་གི་ཕྱིར་ཡང་མི་དྲལ་ལོ་ཞེས་བསྟན་ཏོ། །སོ་སོར་ཐར་པ་བཤད་པ་འདི་ནས་
འཕགས་པ་ལ་ཨུ་པཱ་ལིས་དང་པོ་རྩོམ་པའི་ཚེ་བགེགས་དང་བར་ཆད་ཀྱིས་མི་ཚུགས་པར་བྱ་བ་དང་། བརྩམས་པ་རྣམས་མཐར་ཕྱིན་པར་བྱ་བའི་ཕྱིར་རང་གི་ལྷ་ཡིད་དུ་འོང་བ་ལ་བརྟེན་ནས། བརྩམས་པ་རྣམས་ཀྱི་མཐར་ཡང་ཕྱིན། བགེགས་དང་བར་ཆད་ཞི་ནས་སྐྱེ་བོ་སོ་སོའི་སྨོན་ལམ་བཏབ་པའོ། །སོ་
སོར་ཐར་པ་བཤད་པ་ནི་སོ་སོར་ཐར་པ་བཤད་པའོ། །བསོད་ནམས་གྲུབ་པ་གང་ཡོད་པ་བསོད་ནམས་གྲུབ་པ་ནི་དེའི་བསོད་ནམས་བདག་གིས་ཅུང་ཟད་ཅི་ཐོབ་པ་ལ་བྱའོ། །དེས་ནི་འཇིག་རྟེན་མ་ལུས་པར་དེའི་བསོད་ནམས་མ་ལུས་པ་དེ་ཉིད་ཀྱིས་སོ། །འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་མ་ལུས་པ་ནི་ཁམས་གསུམ་
མོ། ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་བྱ་བ་ནི། ཐུབ་དབང་ནི་དེ་བཞིན་གཤེགས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་པོའོ། །གོ་འཕང་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཐབས་སོ། །ཐོབ་པར་ཤོག་ཅེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་འདི་ལྟར་གྱུར་ཅིག་ཅེས་བྱ་བའོ། །
སོ་སོར་ཐར་པའི་མདོ་རྫོགས་པ་ནི་བརྩམས་པ་མཐར་ཕྱིན་ཏེ། ཉན་པ་རྣམས་དབུགས་ཕྱིན་པའི་ཕྱིར་ཞེས་སྨོས་སོ། །སོ་སོར་ཐར་པའི་བཤད་པ་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛཱ་རན་དྷ་ར་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། པྲ་ཏི་མོ་ཀྵཱ་བྷི་སྨ་ན་པ་དཾ། བོད་སྐད་དུ། སོ་སོར་ཐར་པའི་ཚིག་གི་བརྗེད་བྱང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་བདག་གཞན་བློ་ལྡན་གང་། །བསྟན་བཅོས་སྟོན་པར་མཛད་གྱུར་པ། །དེ་ལ་ཕྱག་འཚལ་བསྟན་བཅོས་དེའི། །
ཚིག་གི་བརྗེད་བྱང་བརྗོད་པར་བྱ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་ཚངས་པར་སྤྱོད་པ་ཡུན་རིང་
དུ་གནས་པར་བྱ་བའི་ཕྱིར་དང་། སྐྱེ་བོ་མང་པོ་ལ་ཕན་གདགས་པའི་ཕྱིར་འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བ་འཁོར་ལ་ཡང་དག་པར་བསྡུ་བར་གསོལ་ནས་འཕགས་པ་ཉེ་བ་འཁོར་གྱིས་ཡང་དག་པར་བསྡུས་སོ། །གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ནི་དུམ་བུ་
བཞི་སྟེ། འདུལ་བ་རྣམ་པར་འབྱེད་པ་དང་། འདུལ་བ་གཞི་དང་། འདུལ་བ་གཞུང་ཕྱི་མ་དང་། འདུལ་བ་ཕྲན་ཚེགས་སོ། །དེ་དག་གི་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་ནོ། །དེ་དག་ཡང་དག་པར་སྡུད་པ་ཡང་མ་འོངས་པའི་སྐྱེ་བོ་ལུང་དང་རྟོགས་པའི་བདག་ཉིད་མེད་
པ་དག་ཡན་ཆད་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་སྤང་བར་བྱ་བ་དང་། ཉན་པ་པོ་བརྗོད་པ་ཉུང་ངུས་དོན་གྱི་སྤྱི་རྟོགས་པར་འདོད་པ་དག་ལ་ཕན་གདགས་པའི་ཕྱིར་སྡོམ་པ་རྣམ་པ་གསུམ་དུ་བསྡུས་ཏེ། སྤྱིའི་སྡོམ་དང་། དངོས་ཀྱི་སྡོམ་དང་། བར་སྡོམ་མོ། །དེ་ལ་སྤྱིའི་སྡོམ་
ནི་སྤྱིའི་དོན་ཚིགས་སུ་བཅད་པས་བསྡུས་པའོ། །དངོས་ཀྱི་སྡོམ་ནི་དངོས་ཀྱི་དོན་ཚིགས་སུ་བཅད་པས་བསྡུས་པའོ། །བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅད་པས་བསྡུས་པ་སྟེ། དེ་དག་ཀྱང་ལུང་གི་སྐབས་དང་སྦྱར་ཏེ་ཅི་རིགས་པར་གཟུང་བར་བྱའོ། །དེ་ལ་སོ་སོར་ཐར་པའི་མདོ་
ཞེས་བྱ་བ་ནི། དོན་ལས་བསྟན་བཅོས་ཀྱི་མིང་དུ་བཏགས་པ་སྟེ། སོ་སོར་ཐར་པ་ཞེས་བྱ་བ་ནི་དང་པོར་ཐར་པ་དེ། དང་པོ་སྡོམ་པ་ཡང་དག་པར་ལེན་པའི་ཚེ་ན་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་བཟླས་ནས་སྡོམ་པ་ཡང་དག་པར་བླང་བའི་ཚིག་བརྗོད་པ་གསུམ་པའི་ཆ་ཐ་མ་སྡོམ་པ་ཐོབ་

པ་ནི་ཐོག་མར་སྡོམ་པ་ཐོབ་པའི་གནས་སྐབས་ཡིན་པས་ན་དང་པོ་ཞེས་བྱའོ། །ཐར་པ་ཞེས་བྱ་བ་ནི་གྲོལ་བ་སྟེ། དེ་ལྟར་སྡོམ་པ་དང་པོ་ཐོབ་པ་དེ་ཉིད་ཀྱི་ཚེ་ན་སྡོམ་པ་མ་ཡིན་པའི་མཚན་ཉིད་ལས་གྲོལ་བ་སྟེ། སྡོམ་པའི་མཚན་ཉིད་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་
མ་ཡིན་པའི་སྐབས་ཐོབ་པའོ། །དེ་ལྟར་དང་པོ་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བའམ། དོན་འདི་བསྟན་བཅོས་འདིར་བསྡུས་པས། བསྟན་བཅོས་འདིའི་མིང་ཡང་དང་པོར་ཐར་པ་ཞེས་བྱ་བར་སྦྱར་རོ། །རྣམ་གྲངས་གཞན་དུ་སོ་སོར་ཐར་པ་ཞེས་བྱ་བར་བསྟན་ཏེ། སོ་སོར་ཞེས་
བྱ་བ་ནི་རྒྱུད་ཐ་དད་པའོ། །ཐར་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་སྟེ་གང་ཟག་རྒྱུད་ཐ་དད་པ་གང་ཞིག་གིས་སྡོམ་པ་ཡང་དག་པར་བླངས་ཏེ། བསླབ་པའི་གཞི་རྗེས་སུ་སྒྲུབ་པར་བྱེད་པ་དེ་ཉིད་ངན་འགྲོ་དང་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་གྱི། གཞན་གྱི་སྡོམ་པ་ཡང་དག་པར་
སླངས་ཏེ་སློབ་པའི་གཞི་རྗེས་སུ་བསྒྲུབ་པས་གཞན་རྣམ་པར་གྲོལ་བར་མི་འགྱུར་བས་སོ་སོར་ཐར་པ་ཞེས་བྱའོ། །དེ་ལྟར་སོ་སོར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བའམ། དོན་དེ་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་སོ་སོར་ཐར་པ་ཞེས་བྱའོ། །
ཡང་རྣམ་གྲངས་གཞན་དུ་ཐར་པའི་སྐབས་ཞེས་བྱ་བར་བསྟན་ཏེ། སོ་སོར་ཞེས་བྱ་བས་ནི་ཕྱིར་ཞེས་བྱ་བ་སྟེ། ཐབས་ཀྱི་དོན་ཏོ། །ཐར་པ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་སྟེ་མྱ་ངན་ལས་འདས་པའོ། །དེས་ན་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བའི་ཐབས་ཀྱི་ཕྱིར་གསུངས་པ་
སྟེ། ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ལ། ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་བསྐྱེད་པའི་རིམ་གྱིས་ངེས་པར་འབྱུང་བ་ཐོབ་པའི་ཐབས་སུ་གྱུར་པའི་ཕྱིར་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས་ཐར་པའི་
ཐབས་ཞེས་བྱའོ། །དེ་ལྟར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བའམ་དོན་དེ་བསྟན་བཅོས་འདིར་བསྡུས་པས། བསྟན་བཅོས་འདིའི་མིང་ཡང་ཐར་པའི་ཐབས་ཞེས་བྱའོ། །མདོ་ཞེས་བྱ་བ་ནི་མདོའི་དོན་མདོ་ཙམ་ཞིག་སྟོན་པས་མདོ་ཞེས་བྱ་སྟེ། དེ་ལྟར་བསྟན་བཅོས་འདི་ནི་

དང་པོར་ཐར་པའི་མདོ་ཞེས་བྱ་བ་དང་། སོ་སོར་ཐར་པའི་མདོ་ཞེས་བྱ་བ་དང་། ཐར་པའི་ཐབས་ཀྱི་མདོ་ཞེས་བྱ་བ་དག་ཏུ་སྟོན་ཏོ། །དེ་ལས་སོ་སོར་ཐར་པ་འདིའི་བསྡུས་པའི་དོན་ནི་མཚན་ཉིད་རྣམ་ལྔས་བསྟན་ཏེ། མཆོད་པ་དང་གླེང་བསླང་བ་དང་། ཡང་དག་པར་བརྩམས་པ་དང་། གཞུང་
རྒྱས་པ་དང་། བསྡུ་བའི་མཚན་ཉིད་ཀྱིས་སོ། །དེ་ལ་མཆོད་པའི་མཚན་ཉིད་ནི། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །གླེང་བསླང་བའི་མཚན་ཉིད་ནི་སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་
སོགས་པ་ཚིགས་སུ་བཅད་པ་བཅུ་གཅིག་གིས་བསྟན་ཏོ། །ཡང་དག་པར་བརྩམས་པའི་མཚན་ཉིད་ནི། བསྐལ་པ་བྱེ་བ་རྣམས་སུ་ཡང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །གཞུང་རྒྱས་པའི་མཚན་ཉིད་ནི་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་།
ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱི་གཞུང་ཐམས་ཅད་ཀྱིས་བསྟན་ཏོ། །བསྡུ་བའི་མཚན་ཉིད་ནི། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །ཞེས་བྱ་བ་ལ་སོགས་པའི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་
རེ་ཞིག་མཆོད་པའི་མཚན་ཉིད་བཤད་པར་བྱ་སྟེ། མཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམས་པ་གླེང་བསླང་བའི་དང་པོར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱའོ། །དེ་ཡང་དམ་པ་རྣམས་ནི་ཡང་
དག་པར་རྩོམ་པ་ཐམས་ཅད་ལ་རང་གི་སྟོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་སྔར་བྱེད་པས་དེའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པས་སོ་སོར་ཐར་པའི་མདོ་ཡང་དག་པར་སྡུད་འདོད་པས་ཀྱང་འགྲོ་བ་མཐའ་དག་གི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་
ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱ་བའི་ཕྱིར་དང་པོར། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་ཚིགས་སུ་བཅད་པ་གཉིས་པོ་འདིའི་བརྗོད་པར་བྱ་བ་དང་། དགོས་པ་དང་། འབྲེལ་

བ་དང་། དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། གཞན་ཡང་བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་བའི་ཚིགས་སུ་བཅད་པ་གཉིས་པོ་འདི་སོ་སོར་ཐར་པ་འདོན་པའི་དང་པོར་སྨོས་པ་དོན་དང་ལྡན་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་དག་
བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་བ་ཁས་ལེན་པར་མི་བྱེད་པ་དེའི་ཕྱིར་ཉན་པའི་སྐྱེ་བོ་སྤྲོ་བར་བྱ་བའི་དོན་དུ་བརྗོད་པར་བྱ་བ་ལ་སོགས་པ་ངེས་པར་བརྗོད་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་སོ། །འདི་ལས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བཅོམ་ལྡན་
འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་མཆོག་བརྗོད་པའོ། །དགོས་པ་ནི་དེར་བསྟན་ཏེ། དེ་ཡང་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྒྲུབ་པར་བྱེད་པས་ཚིགས་སུ་བཅད་པའི་ཐབས་འདིས་བརྗོད་པར་བྱ་བ་ཐབས་ལས་བྱུང་བ་བསྟན་
པ་ནི་དགོས་པ་ཡིན་ནོ། །འབྲེལ་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོའི་ཐབས་དང་དགོས་པ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་བསྟོད་པ་འདི་བརྩམས་ན་བསྟན་བཅོས་ཡོངས་སུ་རྫོགས་པར་བྱ་བ་ལ་བགེགས་དང་ལོག་འདྲེན་བཟློག་
པའམ། དམ་པ་རྣམས་ཀྱི་ཆོ་གའི་རྗེས་སུ་འཇུག་པའོ། །ཚིགས་སུ་བཅད་པ་འོག་ནས་ཕྱེད་ཀྱིས་ནི་སོ་སོར་ཐར་པ་བརྩམ་པ་དམ་བཅའ་བར་སྟོན་ཏེ། དེ་ཡང་རྟོག་པ་སྔོན་དུ་གཏང་བ་དག་གིས་འཇུག་པའི་ཡན་ལག་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིའི་བསྡུས་པའི་
དོན་ནི་རྣམ་པ་གཉིས་ཏེ། སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པ་དང་། ཕྱག་འཚལ་བའི་སྒོ་ནས་མཆོད་པའོ། །དེ་ལ་བསྟོད་པའི་སྒོ་ནས་མཆོད་པ་ལ་ཡང་གཉིས་ཏེ། འགྲོ་བའི་གཙོ་བོ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བདག་
གི་དོན་ཕུན་ཚོགས་པའི་སྒོ་ནས་སོ། །དེ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ཚིགས་སུ་བཅད་པ་དང་པོ་གཅིག་གིས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔས་

བསྟན་ཏེ། རྒྱུ་ཕུན་སུམ་ཚོགས་པ་དང་། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། ཐུགས་རྗེ་ཕུན་སུམ་ཚོགས་པ་དང་། འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བས་ནི་རྒྱུ་ཕུན་སུམ་
ཚོགས་པ་བསྟན་ཏོ། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་བྱ་བས་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་བསྟན་
ཏོ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བས་ནི་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གི་དོན་ཕུན་ཚོགས་པ་ནི་ཚིགས་སུ་བཅད་པ་འོག་མ་ཕྱེད་པོས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་དག་གི་དོན་
ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཕུན་སུམ་ཚོགས་པ་རྣམ་པ་གཉིས་བསྟན་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །ཞེས་བྱ་བས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འགྲོ་བའི་
གཙོ་ལ་ཞེས་བྱ་བས་ནི་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་སྨོས་པ་དེས་ནི་སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པ་བསྟན་ཏོ། །ཕྱག་འཚལ་བའི་སྒོ་
ནས་མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བ་བསྟན་ཏེ། དེ་ནི་སྤྱི་བོས་ཕྱག་འཚལ་ཏེ། ཞེས་པས་བསྟན་ཏོ་དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་བརྩམ་པར་དམ་བཅའ་བ་བསྟན་ཏེ། དེ་ནི་ཚིགས་སུ་བཅད་པ་འོག་མའི་ཕྱེད་ཀྱིས་བསྟན་ཏོ། །དེས་ཀྱང་གང་གིས་
བསྟན་པ་དང་། ཅི་ཞིག་བསྟན་པ་དང་། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བའི་ཆེ་བ་ཉིད་བརྗོད་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་པས་བསྟན་ཏོ། །དེ་ལ་གང་གིས་བསྟན་ཞེ་ན། སྟོན་པ་སྟེ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་

བས་བསྟན་ཏོ། །ཅི་ཞིག་བསྟན་ཞེ་ན། སོ་སོར་ཐར་པ་སྟེ་དེ་ནི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱ་བས་བསྟན་ཏོ། །སུ་ལ་བསྟན་ཅེ་ན། ཉན་ཐོས་ཀྱི་དགེ་འདུན་ལ་བྱ་སྟེ་དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་
བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི་སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་ཞེས་པས་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་
ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་གསུངས་ཏེ། སྙན་པའི་བ་དན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་འབྲས་བུ་སྤངས་པ་དང་ཡེ་ཤེས་བླ་ན་མེད་པས་བསྡུས་པའི་ཡོན་ཏན་དཔག་ཏུ་མེད་པའོ། །བ་དན་ཞེས་བྱ་བ་ནི་སྙན་པ་དེ་ཉིད་བ་དན་དང་འདྲ་བས་ན་བ་དན་ཞེས་བྱ་སྟེ། ཡོན་ཏན་མངོན་པར་འཕགས་པས་ཀུན་ལ་
གསལ་བ་དེ་ལ་དམིགས་ན་མངོན་པར་མཐོང་བ་དང་ངེས་པར་ལེགས་པའི་ལམ་མི་ནོར་བའི་ཕྱིར་རོ། །འཇིག་རྟེན་གསུམ་དུ་ཞེས་བྱ་བ་ནི་འཇིག་ཚོགས་ཀྱི་ཕུང་པོ་འཇིག་པ་ཙམ་ལ་བརྟེན་པས་བསྡུས་པའི་ཁམས་གསུམ་པོ་འདོད་པ་དང་། གཟུགས་དང་གཟུགས་མེད་པ་དག་གོ། །གྲགས་
ཞེས་བྱ་བ་ནི་དེ་དག་ཏུ་སྙན་པའི་སྒྲས་ཁྱབ་པ་སྟེ། བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་དང་པོར་ས་ལ་གྲགས་དེ་ནས་བར་སྣང་ལ་གྲགས་དེ་ནས་རྒྱལ་ཆེན་བཞིའི་རིས་ལ་གྲགས་སོ་ཞེས་བྱ་བ་ནས་འོག་མིན་གྱི་བར་དུ་གྲགས་སོ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །
གཟུགས་མེད་པར་ནི་ཇི་ལྟར་གྲགས་ཤེ་ན། གཟུགས་ཅན་གྱི་ཁམས་ན་གནས་པའི་ཚེ་གྲགས་པའི་བག་ཆགས་རྒྱུད་ལ་ཡོད་པས་རྒྱུ་ལ་འབྲས་བུར་བཏགས་ཏེ་གྲགས་པར་བརྗོད་དོ། །དེ་སྦྱིན་པ་ལ་སོགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཡོན་ཏན་གཞན་དག་ལ་སྟོན་པར་མཛད་པའི་སྒོ་

ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕན་འདོགས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་བྱ་བ་གསུངས་ཏེ། དམ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཉོན་
མོངས་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ཆོས་སྒྲ་ཞེས་བྱ་བ་ནི་དམ་པ་དེས་གསུངས་པའི་ཆོས་ཏེ། འཕགས་པའི་བདེན་པ་བཞི་པོ་དག་དཔལ་གྱི་མགུར་ནས་གསུངས་པའི་སྒྲའོ། །སེང་གེའི་སྒྲ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་སྒྲ་དེ་ཉིད་སེང་གེའི་སྒྲ་དང་འདྲ་བའི་ཕྱིར་སེང་གེའི་
སྒྲ་ཞེས་བྱ་སྟེ་མུ་སྟེགས་ཅན་གླང་པོ་ཆེ་ལྟ་བུ་དག་སྐྲག་པར་བྱེད་ཅིང་། རིགས་ཀྱི་བུའི་མིང་སེང་གེའི་ཕྲུ་གུ་ལྟ་བུ་དག་སྡུད་པར་བྱེད་པའི་ཕྱིར་རོ། །བསྒྲགས་པ་ཞེས་བྱ་བ་ནི་བསྟན་པ་སྟེ། བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཕྱིར་རོ། །དེས་ནི་
སྟོན་པའི་མཛད་པ་ཕུན་སུམ་ཚོགས་པ་གཞན་ལ་ཆོས་སྟོན་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཤེས་རབ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་
པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། དང་པོར་དངོས་པོའི་ངོ་བོ་ཉིད་མ་ལུས་པ་དང་། ཐུན་མོང་མ་ཡིན་པ་དང་། ཚད་མེད་པ་དང་། ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །དེས་ནི་ཐམས་ཅད་མཁྱེན་པས་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་
ཐབས་སུ་གྱུར་པ་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། དཀོན་མཆོག་ཅེས་བྱ་བ་ནི་བཤད་པ་དང་སྒྲུབ་པའི་ཆོས་དཀོན་མཆོག་སྟེ། རིན་པོ་ཆེ་དང་འདྲ་བར་དཀོན་པ་དང་། རིན་ཆེ་བ་
དང་། དགའ་བར་བྱེད་པ་དང་། ཕན་འདོགས་པ་དང་། མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད་པའི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ། །མཛོད་ཅེས་བྱ་བ་ནི་རིན་པོ་ཆེའི་མཛོད་དང་འདྲ་བར་དཀོན་མཆོག་དེའི་མཛོད་འཕགས་པའི་དགེ་འདུན་ཏེ། ལུང་དང་རྟོགས་པའི་སྒོ་ནས་དེའི་སྣོད་དུ་གྱུར་པ་ཡིན་

པའི་ཕྱིར་རོ། །བརྙེས་པ་ཞེས་བྱ་བ་ནི་སློབ་མ་ཉིད་དུ་བརྙེས་པ་སྟེ། སྟོན་པའི་ལམ་གྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །དེས་ནི་འཁོར་ཡོངས་སུ་སྨིན་པར་མཛད་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཐུགས་རྗེ་ཕུན་སུམ་ཚོགས་པ་བསྟན་ཏོ། །འབྲས་བུའི་
ཁྱད་པར་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བ་གསུངས་ཏེ། ཞབས་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཚངས་དབང་ཞེས་བྱ་བ་ལ། ཚངས་པ་ཞེས་བྱ་བ་ནི་བསམ་གཏན་
དང་པོའི་བསམ་གཏན་ཁྱད་པར་ཅན་བསྒྲུབས་ཏེ་ཚངས་པའི་རྒྱལ་པོ་ཐོབ་པ་སྟོང་གི་འཇིག་རྟེན་ལ་དབང་བསྒྱུར་བའི་ཚངས་པ་ཆེན་པོའོ། །དབང་པོ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཏེ། དེ་གཉིས་ནི་ས་བླའི་གཙོ་བོ་དང་། སྟོང་གི་ཁམས་ན་གཙོ་བོར་གྲགས་པས་འདིར་
སྨོས་པར་ཟད་ཀྱི་གཞན་ཡང་དེ་བཞིན་དུ་གཟུང་བར་བྱའོ། །གཙུག་གི་ནོར་བུས་ཞེས་བྱ་བ་ནི་སྤྱི་བོ་སྟེ། ནོར་བུ་གདགས་པའི་གནས་ཡིན་པའི་ཕྱིར་རོ། །གཏུགས་ཞེས་བྱ་བ་ནི་དེས་བཏུད་དེ་ཕྱག་བྱས་པའོ། །དེས་ནི་འཇིག་རྟེན་ན་འབྲས་བུ་ཐོབ་པའི་མཆོག་དག་གི་སྤྱི་བོས་གཏུགས་པའི་སྒོ་ནས་གཞན་གྱི་
དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྟར་དེ་དག་གིས་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པའི་མཆོད་པ་བསྟན་ཏོ། །དེའི་འོག་ཏུ་འགྲོ་བའི་གཙོ་བོ་
སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་
བས་བསྡུས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ། །རྒྱ་མཚོ་ཞེས་བྱ་བ་ནི་སྡུག་བསྔལ་དེ་ཉིད་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་ཞེས་བྱ་སྟེ། ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །གཏིང་མེད་པ་ཞེས་བྱ་བ་ནི་གཞིའི་གཏིང་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་སྡུག་བསྔལ་མང་བ་ཉིད་དུ་བསྟན་ཏོ། །མཐའ་མེད་པ་

ཞེས་བྱ་བ་ནི་ཕ་རོལ་གྱི་མཐའ་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་འཁོར་བའི་རྒྱུན་མི་འཆད་པ་བསྟན་ཏོ། །བརྒལ་བ་ཞེས་བྱ་བ་ནི་འདས་པ་དེ་ལས་ཉོན་མོངས་པ་སྤངས་པ་སྡུག་བསྔལ་ཟད་པའི་ཕྱིར་རོ། །དེས་ནི་ལས་དང་ཉོན་མོངས་པ་དང་སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་སྒོ་ནས་
བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། འགྲོ་བའི་གཙོ་ལ་ཞེས་བྱ་བ་གསུངས་ཏེ། འགྲོ་བའི་ཞེས་བྱ་བ་ནི་འཇིག་རྟེན་དེ་རྟག་ཏུ་འཁོར་བའི་ཕྱིར་རོ། །གཙོ་ལ་ཞེས་བྱ་བ་ནི་ཟླ་མེད་པ་སྟེ་
མཆོག་ཡིན་པའི་ཕྱིར་རོ། །ལ་ཞེས་བྱ་བ་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་དང་། ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པས་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །འདིས་ནི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་
དུ་ཡོད་པ་ཉིད་ཐུགས་སུ་ཆུད་པས་འགྲོ་བའི་གཙོ་བོར་གྱུར་པའི་སྒོ་ནས་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་དེ་དག་གིས་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བདག་
གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པའི་མཆོད་པ་སྟོན་ཏོ། །དེའི་འོག་ཏུ་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བསྟན་པའི་ཕྱིར། སྤྱི་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་གསུངས་ཏེ། སྤྱི་བོས་ཞེས་བྱ་བ་ནི་ལུས་ཀྱིས་ཕྱག་འཚལ་བ་དངོས་སུ་བསྟན་ལ། ཕྱག་འཚལ་ཏེ་ཞེས་བྱ་བས་
ནི་ལུས་དང་ངག་དང་ཡིད་གསུམ་གྱིས་ཕྱག་འཚལ་བས་བསྡུས་པར་བལྟའོ། །འདིས་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བའི་སྒོ་ནས་སྟོན་པ་ལ་མཆོད་པ་བསྟན་ཏོ། །དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་བརྩམ་པར་དམ་བཅའ་བར་བྱ་བ་བསྟན་པའི་ཕྱིར། ཐམས་ཅད་
མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་གསུངས་ཏེ། འདིས་ནི་གང་གིས་བསྟན་པ་དང་། ཅི་ཞིག་བསྟན་པ་དང་། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བ་ཉིད་བསྟན་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་

ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་ཞེས་བསྟན་ཏོ། །དེ་ལ་གང་གིས་བསྟན་ཅེ་ན་སྟོན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བས་སྟོན་ཏེ། ཚིག་གི་དོན་སྔ་མ་བཞིན་ནོ། །ཅི་ཞིག་བསྟན་ཅེ་ན་སོ་སོར་ཐར་པ་སྟེ། དེ་ནི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱ་བས་བསྟན་ཏེ། བསླབ་པ་
ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའི་མཚན་ཉིད་དོ། །གཞི་ཞེས་བྱ་བ་ནི་ཚིག་སྟེ་ཅིས་དེ་ལ་དོན་གནས་པའི་ཕྱིར་རོ། །དཀོན་མཆོག་ཅེས་བྱ་བ་ནི་བསླབ་པའི་གཞི་དེ་ཉིད་དེ་ཆེན་པོ་རྣམས་ཀྱི་རྐྱེན་ཡིན་པའི་ཕྱིར་དང་། དཀོན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་གོ། །དེ་ཡང་
གང་ཞེ་ན། རྣམ་པར་འབྱེད་པ་དང་། གཞི་དང་། གཞུང་ཕྱི་མ་དང་། ཕྲན་ཚེགས་དག་གོ། །སྣོད་ཅེས་བྱ་བ་ནི་དེ་དག་གི་སྣོད་དེ་སོ་སོར་ཐར་པའི་མདོ་འདི་ཉིད་དོ། །དེ་ནི་སྟོན་པ་ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱའོ། །སུ་ལ་བསྟན་ཅེ་ན། ཉན་ཐོས་ཀྱི་
དགེ་འདུན་ལ་སྟེ། དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏེ། འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པའོ། །ཚོགས་ཞེས་བྱ་བ་ནི་བཞི་ཡན་ཆད་དོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི་སྟོན་པས་
སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་སྟེ། དེ་ནི་དབུས་སུ་དབྱེ་བར་བྱ་ཞེས་བྱ་བས་བསྟན་ཏེ། དབུས་ཞེས་བྱ་བ་ནི་ནང་དུའོ། །དབྱེ་བར་བྱ་བ་ནི་གདོན་པར་བྱ་བའོ། །སུས་གདོན་པར་བྱ་ཞིང་དབྱེ་ཞེ་ན། འཕགས་པའི་ཚོགས་ཀྱིས་ཏེ། དཔེར་ན་རིན་པོ་ཆེའི་
སྣོད་དབྱེ་བར་ཡང་རིན་པོ་ཆེ་རྟོག་ཤེས་པ་དག་གིས་ཚོགས་ཀྱི་དབུས་སུ་དབྱེ་བ་སྟེ། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད་འདི་ཡང་བསླབ་པའི་གཞི་རིན་པོ་ཆེ་ལྟ་བུ་རྟོག་ཤེས་པས་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་ཞིང་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
མཆོད་པའི་མཚན་ཉིད་བཤད་ཟིན་ཏོ། །དེ་ནས་དེའི་འོག་ཏུ་གླེང་བསླང་བའི་མཚན་ཉིད་བཤད་པར་བྱ་སྟེ། གླེང་བསླང་བའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམས་པ་གླེང་བསླང་བའོ། །དེ་ཡང་སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་

པར་འདོད་པས་སོ་སོར་ཐར་པ་བསྒྲུབ་པར་བྱའོ་ཞེས་གླེང་བསླང་དགོས་པས་དེའི་ཕྱིར། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཅིག་གསུངས་སོ། །དེ་ལ་འདིར་ཡང་ཚིགས་སུ་བཅད་པ་བཅུ་གཅིག་པོ་དེ་དག་གིས་བརྗོད་པར་བྱ་བ་དང་། དགོས་
པ་དང་། འབྲེལ་པ་དང་། དགོས་པའི་དགོས་པ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་དོ། །དགོས་པ་ནི་རྟོག་པའོ། །འབྲེལ་པ་ནི་རྟོག་པ་དེ་ཡང་གླེང་བསླང་བ་འདིས་བྱེད་པས། གླེང་བསླང་བའི་ཚིགས་སུ་བཅད་པའི་ཐབས་འདི་དང་དགོས་པ་ཐབས་ལས་བྱུང་
བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་