Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 155

Văn bản gốc(Tây Tạng)

Trang 4 / 17 (50.000 ký tự/trang)
ི་ཡང་དག་པར་བསྟན་པའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཚངས་པར་སྤྱད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕུང་པོའོ། །དེ་ལྟར་ན་ཕུང་པོ་གསུམ་
དང་ལྡན་པ་ན་ཡོན་ཏན་དང་ལྡན་པ་ཡིན་པས་ན་དེ་ལྟ་བུའི་གཡོག་བྱེད་ཅིང་མི་ཚངས་པར་སྤྱད་ན་བསོད་ནམས་སུ་འགྱུར་རོ་ཞེས་བསྟན་པའོ། །ཀུན་དུ་སྤྱད་ན་ཞེས་བྱ་བ་ནི་གཡོག་བྱ་བའོ། །ཆེ་ཞེ་དེ་ནི་ཀུན་དུ་སྤྱད་པའི་མཆོག་གོ་ཞེས་བྱ་བ་ནི་འཁྲིག་པའི་ཆོས་ཀྱི་
མཆོག་ནི་འདི་ཞེས་བྱའོ། །བསྔགས་པ་ཞེས་བྱ་བ་ནི་བསྟོད་པའོ། །ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དངོས་པོ་ནི་བཅོ་བརྒྱད་དེ། མཆོག་དང་། གཙོ་བོ་དང་། བྱེ་བྲག་ཏུ་འཕགས་པ་དང་། བཟང་པོ་དང་། མཛེས་པ་དང་། དགེ་
བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་པ་དང་། ཆེས་གཙོ་བོ་དང་། ཆེས་བྱེ་བྲག་ཏུ་འཕགས་པ་དང་། ཆེས་བཟང་པོ་དང་། ཆེས་བཟང་པོ་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་།

ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བའོ། །དགེ་སློང་ཆགས་བརྟུལ་བའི་སེམས་ཀྱིས་བུད་མེད་ལེགས་པ་དང་ཉེས་པའི་དོན་གོ་ལ། ཆེ་ཞེ་འདི་ལྟ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ། ཆོས་འདི་ལྟ་བུ་ཀུན་དུ་སྤྱད་ན་དེ་ནི་མཆོག་
གོ་ཞེས་ཟེར་ན་ལྷག་མའོ། །ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་ང་ལྟ་བུ་དང་སྦྱར་ན་ཡང་ལྷག་མར་འགྱུར་རོ། །དགེ་བའི་ཆོས་ཅན་ཚངས་པར་སྤྱད་པ་ང་ལྟ་བུ་དང་། འཁྲིག་པའི་ཆོས་འདི་ལྟ་བུ་སྦྱར་ན་ཡང་ལྷག་མར་འགྱུར་རོ། །ཇི་ལྟར་ཚུལ་ཁྲིམས་དང་ལྡན་
པ་ང་ལྟ་བུ་ཞེ་འམ་ཚངས་པར་སྤྱད་པ་ང་ལྟ་བུ་ཞེའམ། དགེ་བའི་ཆོས་ཅན་ང་ལྟ་བུ་ཞེས་སྨོས་པའི་ཚིག་གསུམ་པོ་དེ་རེ་རེ་དང་། དངོས་པོ་བཅོ་བརྒྱད་པོ་དེ་གང་ཡང་རུང་སྟེ་བསྣོར་ཞིང་སྦྱར་རོ། །ཡན་ལག་ནི་ང་ལྟ་བུ་ཞེས་པ་དང་། ཚུལ་ཁྲིམས་དང་ལྡན་པ་ཞེས་སྨྲས་པ་དང་།
འཁྲིག་པའི་ཆོས་དེ་ལྟ་བུ་བྱས་ན་བསོད་ནམས་ཆེའོ་ཞེས་སྨྲས་པ་དང་། བུད་མེད་ཀྱིས་དོན་གོ་བའོ། །དེ་དག་དང་ལྡན་ན་ལྷག་མར་འགྱུར་རོ། །དེ་དག་གཅིག་དང་མི་ལྡན་ན་སྦོམ་པོར་འགྱུར་རོ། །དགེ་སྦྱོང་དང་། དགེ་སྦྱོང་མ་དང་། དགེ་བསྙེན་ཕ་དང་། དགེ་སློབ་
མ་དང་། དགེ་བསྙེན་མ་ལ་ནི་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་ལ་ཉེས་པ་མེད་དོ། །ཉེས་པར་འགྱུར་མི་འགྱུར་གྱི་ལྕི་ཡང་གོང་མ་དང་འདྲའོ། །སྨྱན་བྱེད་པ་བཤད་པར་བྱ་སྟེ། གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་
རི་དགས་དགྲའི་བུ་ནག་པོ་ཞེས་བྱ་བ་དེ་ལྟས་ཤེས་པས་བག་མ་ལེན་པ་དང་བག་མ་གཏོང་བའི་ཚེ་ཀུན་ཀྱང་འདི་ལ་དྲིས་ཏེ། ལུང་བསྟན་པ་བཞིན་དུ་བྱས་པས་བག་མ་བླངས་སོ་ཅོག་ཀུན་བཀྲ་ཤིས་ནས་ཀུན་གྱིས་དེ་ལ་ཟས་དང་འཚོ་བའི་ཡོ་བྱད་སྦྱིན་ནོ། །རི་དགས་དགྲའི་བུ་
ནག་པོ་རབ་ཏུ་བྱུང་ནས་ཡང་སྔོན་གྱི་ལས་སྡིག་པ་སྨྱན་བྱེད་པ་ལ་ཞུགས་ཏེ། འཚོ་བའི་ཡོ་བྱད་སྦྱོར་བ་སོགས་པ་གཞན་གྱིས་སྦྱར་བས་ན། དྲུག་སྡེ་རྣམས་ཀྱིས་ཀྱང་དེའི་ཁེ་མཐོང་ནས་དྲུག་སྡེ་ཡང་སྨྱན་བྱེད་པ་ལ་ཞུགས་སོ། །དེ་ན་མུ་སྟེགས་ཅན་རྣམས་དགེ་སྦྱོང་ཤཱཀྱའི་བུ་དེ་

རྣམས་བསླབ་པ་བཟུང་ཡང་ཁྱིམ་པ་སྐྱེ་བོ་བཞིན་དུ་སྨྱན་བྱེད་ན། སྐྱེ་བོ་དང་བསམ་པ་དང་བྱེ་བྲག་ཐ་དད་ཅི་ཡོད་ཅེས་མི་སྙན་པ་འཛེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་བཀུག་སྟེ་རྨས་ན། བཙུན་
པ་མད་དོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་དང་། གླེང་གཞི་དེ་དང་། དེ་ལྟར་གྱུར་པ་དེའི་ཕྱིར་དགེ་སློང་གི་དགེ་འདུན་རྣམས་བསྡུས་ནས། ཡང་དགེ་སློང་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཏེ། གཞན་
ཡང་དེ་དང་འདྲ་བའོ། །བུད་མེད་ལས་སྐྱེས་པའི་ཚིག་ཅེས་བྱ་བ་ནི་བུད་མེད་གང་ལ་སྐྱེས་པས་ཀུན་དུ་སྤྱད་པར་སེམས་པའོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་ཅེས་བྱ་བ་ནི་གང་སྐྱེས་པ་ལ་བུད་མེད་ཡོངས་སུ་སེམས་པའོ། །ཆུང་མ་འམ་མཛའ་ན་མོ་ཞེས་བྱ་བ་ནི་ཆུང་མ་བདུན་དང་
མཛའ་ན་མོ་བཅུའོ། །ཆུང་མ་བདུན་གང་ཞེ་ན། ཆུ་སྦྱིན་པའི་ཆུང་མ་དང་། ནོར་གྱིས་ཉོས་པའི་ཆུང་མ་དང་། རྒྱལ་མཚན་གྱིས་ཕྲོགས་པའི་ཆུང་མ་དང་། དགའ་བས་གནས་པར་བྱ་བའི་ཆུང་མ་དང་། བསྒོ་བས་གནས་པར་བྱ་བའི་ཆུང་མ་དང་། མཉམ་དུ་འཚོ་བའི་
ཆུང་མ་དང་། དེ་སྐད་ཅིག་མའི་ཆུང་མའོ། །ཆུ་བྱིན་པའི་ཆུང་མ་གང་ཞེ་ན། སྐྱེས་པ་གང་ཕ་མས་ཆུ་བླུད་དེ་འདི་ནི་ཁྱོད་ཀྱི་ཆུང་མའོ་ཞེས་བསྒྲགས་ནས་དེ་ལ་གཞན་གྱིས་སྤྱད་དུ་དོགས་ནས་ཤིན་དུ་རྩེ་ཞིང་སྲུང་བའོ། །ཅི་ལྟར་ཆུས་ཉེས་པ་བཞིན་དུ་སླད་མ་དྲུག་པོ་རྣམས་ལ་ཡང་
དེ་བཞིན་དུ་སྲུང་ཞིང་སྦ་བར་སྦྱར་རོ། །མཛའ་ན་མོ་བཅུ་གང་ཞེ་ན། ཕས་བསྲུངས་པ་དང་། མས་བསྲུངས་པ་དང་། མིང་པོས་བསྲུངས་པ་དང་། ཕུ་ནུ་མོས་བསྲུངས་པ་དང་། སྒྱུག་མོས་བསྲུངས་པ་དང་། གྱོས་པོས་བསྲུངས་པ་དང་། གཉེན་གྱིས་བསྲུངས་པ་དང་
རིགས་ཀྱིས་བསྲུངས་པ་དང་། རུས་ཀྱིས་བསྲུངས་པ་དང་། འཁྲུག་པ་མེད་པ་དང་བཅུའོ། །མས་བསྲུངས་པ་གང་ཞེ་ན། བུད་མེད་གཞོན་ནུ་མ་ཁྱིམ་ཐབ་ཡུལ་གཞན་དུ་སོང་ངམ་དམག་ལ་སོང་ན། དེའི་ཆུང་མ་གཞོན་ནུ་མ་མི་གཞན་གྱིས་ཡོངས་སུ་སྤྱད་དུ་དོགས་ནས་ཤིན་

ཏུ་སྦ་ཞིང་བསྲུང་བའོ། །མཛའ་ན་མོ་གཞན་རྣམས་ཀྱང་དེ་བཞིན་དུ་སྦྱར་རོ། །སྨྱན་ཞེས་བྱ་བ་ནི་ཕྲིན་ནོ། །བྱེད་ཅེས་བྱ་བ་ནི་སྦྱོར་བའོ། །སྐད་ཅིག་པ་ཞེས་བྱ་བ་ནི་ཐང་ཅིག་པ་ཡང་རུང་ངོ་། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་
བདག་ཉིད་ཀྱིས་བཟླུགས་ལ། བདག་ཉིད་ཀྱིས་ལན་བསྐྱལ་ན་ལྷག་མར་འགྱུར་རོ། །དེ་བཞིན་དུ་གཉིས་བདག་གིས། གཅིག་ཐན་གྱིས་སམ། གཅིག་བདག་གིས། གཉིས་ཐན་ཕྲིན་གྱིས་ཀྱང་རུང་སྟེ། ལྷག་མར་འགྱུར་རོ། །ལན་གསུམ་དུ་མ་བསྐྱལ་ལ། ལན་གཉིས་སུ་
བླངས་པ་ནི་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཆུང་མ་དང་པོ་གསུམ་པ་ལས་འཐབས་མ་ཐག་སྟེ། འཐབས་ནས་ཅུང་ཟད་ཅིག་ལོན་ལ་རྩྭ་བཅད་པ་དང་རྡོ་གསུམ་བོར་བ་དང་། ཆུང་མ་ཡིན་ནོ་ཞེས་མ་བསྒྲགས་པ་བསྡུམས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཆུང་
མ་དང་པོ་གསུམ་པོ་འཐབས་པར་ཡང་གྱུར། རྩྭ་བཅད་པ་ལྟ་བུ་དང་། རྡོ་གསུམ་བོར་བ་ལྟ་བུ་དང་། བརྩད་དེ་སྤངས་པ་དང་། ཆུང་མ་མ་ཡིན་ནོ་ཞེས་བསྒྲགས་པ་སླར་བསྡུམས་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་དེ་ལས་གཞན་པ་བུད་མེད་བཅུ་བཞི་ལས་
འཐབས་པར་ཡང་གྱུར། ཆུང་མ་མ་ཡིན་ནོ་ཞེས་བསྒྲགས་པ་ལས་སླར་བསྡུམས་ན་དགེ་འདུན་ལྷག་མར་འགྱུར་རོ། །ལྷག་མ་མཛའ་ན་མོ་བཅུ་འཐབས་པར་གྱུར་ནས་སླར་བསྡུམས་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་ཁྱེའུ་ཆུང་མ་བླངས་པའི་རིགས་
ཤེའམ། བུ་མོ་འདི་བག་མར་ཅི་ཕྱིར་མི་བཏང་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ། །སྨྱོན་པ་ལས་ཕྲིན་བླངས་ཏེ་རང་བཞིན་དུ་གནས་པ་ལ་བསྐྱལ་ཏམ། རང་བཞིན་དུ་གནས་པ་ལས་བླངས་ཏེ། སྨྱོན་པ་ལ་བསྐྱལ་ན་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་
འཁྲུགས་པ་དང་། ནད་ཀྱིས་གཟིར་བ་ལ་ཡང་ངོ་། །དབང་པོ་ཡོད་པ་ལས་ཕྲིན་བླངས་ཏེ་དབང་པོ་མེད་པ་ལ་ཡང་ངམ། མི་དབང་བ་ལས་ཕྲིན་བླངས་ཏེ། དབང་པོ་ལ་ཡང་ཐམས་ཅད་ལ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལས་ཕྲིན་བླངས་ཏེ། བུད་མེད་

ལ་ཡང་ངམ། བུད་མེད་ཤིན་དུ་གཞོན་ནུ་མའམ། བུད་མེད་མངལ་ན་གནས་པ་ལ་སྨྱན་བྱས་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །ལས་དང་པོ་པ་དང་སེམས་འཁྲུགས་པ་ལ་ལྟུང་བ་མེད་དོ། །ཡན་ལག་ནི་མི་ཡང་ཡིན་ལ། བུད་མེད་ལས་ཕྲིན་བླངས་པ་དང་། སྐྱེས་
པ་དབང་པོ་ཡོད་པ་ལ་བཟླུགས་པ་དང་། དེའི་ལན་སླར་བསྐྱལ་བ་སྟེ། ལན་གསུམ་དུ་ཡང་བསྐྱལ་ལ། དངོས་པོ་གྲུབ་ན་ལྷག་མར་འགྱུར་རོ། །ཁང་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ཡོན་
བདག་གིས་གནས་ཁང་དུ་བརྩིགས་ཏེ་བྱིན་པ་དང་། དགེ་སློང་དག་གིས་འདི་ནི་ཁང་པ་རིང་ཆེས། འདི་ནི་ཧ་ཅང་ཡང་ཐུང་འདི་ནི་ཀུན་དུ་གྲུམས་པ་གསོ་ཞིང་བཅོས་དཀའོ་ཞེས་དེ་དག་བོར་བ་ནས། ཁང་པ་བཅོས་ཤིང་གསར་དུ་ཁང་པ་གཞན་བརྩིགས་པ་དང་། རྩྭ་ཤིང་
དང་མི་བླས་ཁྱིམ་པ་རྣམས་ལ་སློང་བས་ན། ཁྱིམ་པ་དག་ཀྱང་འཕྱ་ནས། དགེ་སློང་ཡང་བྱ་བ་མང་བས་ལུང་དབོག་པ་དང་། ཆོས་ཀླག་པ་དང་། ཁ་དོན་བྱ་བ་དང་། རྣལ་འབྱོར་ཡིད་ལ་བྱེད་པ་རྣམས་སྤངས་ཏེ་བར་ཆད་དུ་གྱུར་པས། ཁྱིམ་པ་དག་འཕྱ་བ་འོད་སྲུངས་
ཆེན་པོས་ཐོས་ནས་འོད་སྲུངས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བཀུག་སྟེ། དེ་ལྟར་གྱུར་པ་བདེན་ནམ་ཞེས་རྨས་པ་དང་། བཙུན་པ་མད་དོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་མགུ་དཀའ་བ་ཆོག་མི་ཤེས་པ་ཞེས་རྣམ་
གྲངས་དུ་མའི་སྒོ་ནས་སྨད་ནས་དགེ་སློང་གི་དགེ་འདུན་རྣམས་བསྡུས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །བདག་གིས་བསླངས་ཞེས་བྱ་བ་ནི་ཤིང་དང་རྩྭ་དང་མིའི་བླས་སོ། །ཁང་པ་ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་
ལྡན་པ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ཤོང་བའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །བདག་པོ་མེད་ཅེས་བྱ་བ་ནི་བདག་པོ་གཞན་མེད་དེ། བདག་གི་ཕྱིར་རྩིག་པའོ། །ཚད་བཞིན་དུ་བརྩིགས་ཤིང་ཞེས་བྱ་བ་ནི་ཁང་པ་

དེའི་ཚད་ནི་ནང་སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཏེ། བཅུ་གཉིས་ལ་མི་ཐ་མལ་པའི་ཁྲུ་བཅོ་བརྒྱད་དོ། །བདེ་བར་གཤེགས་པའི་མཐོ་གང་ལ་ཐ་མལ་པའི་ཁྲུ་ཕྱེད་དང་དོའོ། །ཞེང་དུ་བདེ་བར་གཤེགས་པའི་མཐོ་བདུན་ཞེས་བྱ་བ་ནི་མི་ཐ་
མལ་བའི་ཁྲུ་ཕྱེད་དང་བཅུ་གཅིག་གོ། །ནང་ཞེས་བྱ་བ་ནི་གལ་ཏེ་ལྷག་པར་བྱས་པའོ། །དགེ་སློང་དེ་ཞེས་བྱ་བ་ནི་ཁང་པ་བརྩིག་པར་འདོད་པའི་དགེ་སློང་སུ་ཡང་རུང་བའོ། །དགེ་སློང་དག་ཁྲིད་ཅིག་ཅེས་བྱ་བ་ནི་དེ་ན་དགེ་སློང་དག་སུ་ཡོད་པ་དག་ཁྲིད་པར་བྱའོ། །བདག་གི་
མིག་གིས་མ་བརྟགས་ཀྱི་བར་དུ་དགེ་སློང་དག་མ་ཁྲིད་ཅིག །བདག་གིས་སྔར་བརྟག་པར་བྱ་བ་ནི་ས་གཞི་འདི་ན་སེམས་ཅན་སྦྲུལ་གདུག་པ་དང་སེམས་ཅན་ཤ་ཟན་དང་། སྡིག་པ་དག་ཀྱང་མེད་པ་དང་། ས་གཞི་རྒྱལ་པོའི་གཅེས་པ་དང་། མཆོད་རྟེན་གྱི་གཞིར་དགོས་
པ་དང་། ལམ་ཀ་དང་། ཁྱིམ་བདག་གི་ས་གཞི་འམ། མུ་སྟེགས་ཅན་གྱི་གཞི་འམ། དགེ་སློང་མའི་དབྱར་མོ་ཁང་ངམ། ཤིང་ཆེན་པོ་བཅད་དགོས་པའི་ས་གཞི་ཞིག་ཡིན་ན་རྩེད་དགོས་པ་དེར་ཡང་མ་གསོལ་ཅིག །ས་གཞི་དེ་ཉེ་འཁོར་ཁྲོན་པའམ། གཡང་སའམ། ལམ་
སྲང་ལྟ་བུ་ཡོད་ན་དེ་ཡངས་པའི་གནས་མ་ཡིན་གྱི་མ་གསོལ་ཅིག །དེ་ལྟ་བུ་མི་རུང་བ་དང་། རྩོད་པ་དང་། མི་ཡངས་པ་མ་ཡིན་པའི་གནས་སུ་ཁང་པ་བརྩིག་པ་ཞེས་བྱ་སྟེ། དགེ་འདུན་ལ་གསོལ་བར་བྱའོ། །དེས་དགེ་འདུན་ལ་གསོལ་བ་དང་ལས་བྱས་ནས་དགེ་
འདུན་རྣམས་ཀྱིས་ཀྱང་དགེ་སློང་དེ་ལ་ཡིད་ཆེས་པར་མ་བྱེད་པར་ཡང་ན་དགེ་འདུན་ཐམས་ཅད་དེར་དེང་ལ་ལྟོས་ཤིག །ཡང་ན་དགེ་སློང་གཅིག་ཅིག་སྐོས་ཤིག །དགེ་སློང་དེས་ཀྱང་དམིགས་ཀྱིས་ལེགས་པར་བརྟགས་ནས་གནས་རྩོད་པ་ཡང་མེད། དོག་པ་ཡང་
མེད། མི་རུང་བ་ཡང་མ་ཡིན་ན། གདོད་གསོལ་བ་དང་ཞུ་བའི་ལས་ཀྱིས་དགེ་འདུན་ལ་གསོལ་ནས་གདོད་ཁང་པ་བརྩིག་པར་བྱའོ། །དགེ་སློང་ཁྲིད་པའི་དགེ་སློང་དག་གིས་ཞེས་བྱ་བ་ནི་དགེ་སློང་དེ་ན་སུ་འཁོད་པའོ། །ས་གཞི་ཞེས་བྱ་བ་ནི་ཁང་པ་བརྩིགས་

པའོ། །ལྟོས་ཤིག་ཅེས་བྱ་བ་ནི་སོ་སོར་བརྟགས་པའོ། །རུང་བ་ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པ་མེད་པའོ། །མི་རྩོད་ཅེས་བྱ་བ་ནི་འཐབ་མོ་དང་མཚང་འདྲུ་བ་ལ་སོགས་པ་དང་བྲལ་བའོ། །ཡངས་པ་ཞེས་བྱ་བ་ནི་དེའི་ཁོ་ར་ཁོར་ཡུག་འདོམ་གང་ཚུན་ཆད་ཁྲོན་
པ་ལ་སོགས་པ་མེད་པའོ། །གལ་ཏེ་མི་རུང་བར་དགེ་སློང་དེས་ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པ་གནས་པའོ། །རྩོད་པ་ཞེས་བྱ་བ་ནི་འཐབ་པ་དང་མཚང་འདྲུ་བ་དང་འཁྲུག་པ་དང་བཅས་པའོ། །མི་ཡངས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་འདོམ་གང་ཁོ་ར་
ཁོར་ཡུག་ཉེ་བར་སྤྱོད་དུ་མེད་པའོ། །བདག་གིས་བསླངས་པ་བདག་པོ་མེད་པ་ཞེས་བྱ་བ་ནི། བདག་པོ་གཞན་མེད་པའོ། །གཞི་བསྟན་པའི་ཕྱིར། དགེ་སློང་དག་མ་ཁྲིད་དམ་ཞེས་བྱ་བ་ནི་གཞི་རྟོག་པའི་དགེ་སློང་མ་ཁྲིད་པའོ། ཁྲིད་པ་དག་ལ་མ་བསྟན་
ཏམ་ཞེས་བྱ་བ་ནི། དགེ་སློང་འགས་གནས་བརྟགས་པ་དེ་དགེ་འདུན་ལ་མ་བཟླུགས་མ་གསོལ་བའོ། །ཚད་ལས་འདས་ཞེས་བྱ་བ་ནི་ཚད་གསུངས་པ་ལས་ལྷག་པར་བྱས་པའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལུས་པས་ན་དགེ་འདུན་ལྷག་མ་
ཞེས་བཤད་དོ། །ཉེས་པར་འགྱུར་བ་གང་ཞེ་ན། མི་རུང་བའི་གནས་སུ་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་ཡངས་པར་བརྩིགས་ན་ཉེས་པར་སྦོམ་པོར་འགྱུར་རོ། །ལུང་མེད་པར་
བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཚད་ལས་འདས་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐམས་ཅད་དང་འགལ་བར་བརྩིགས་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་གཞན་ཞིག་ལ་སྐྱོན་རྣམ་པ་ལྔ་པོ་མེད་པས་རྩིགས་
ཤིག་ཅེས་བསྒོ་བ་ལས་ཐམས་ཅད་དང་འགལ་བར་བརྩིགས་ན་རྩིག་རྩིག་པ་ལ་ཉེས་པར་འགྱུར་རོ། །ཐམས་ཅད་དང་འགལ་བར་བརྩིགས་པ་ལས་མ་ཟིན་པ་དང་། ཕྱེད་ཙམ་བགྱིས་ནས་བོར་བ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བསླབ་པ་བྱིན་པ་ལ་ཡང་དགེ་འདུན་

ལྷག་མར་འགྱུར་རོ། །ཡན་ལག་ནི་མི་ཡངས་པ་དང་། རུང་བ་མ་ཡིན་པ་དང་། རྩོད་པ་ཅན་དང་། ལུང་མེད་པས་མ་ཡིན་པ་དང་། ཚད་ལས་འདས་ན་ལྷག་མར་འགྱུར་རོ། །གཙུག་ལག་ཁང་གི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀཽ་ཤཱམ་བཱི་དགྲ་ཟིན་གྱི་ཀུན་
དགའི་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དྲུག་སྡེ་པོ་རྣམས་གཞན་གྱིས་བརྩིགས་པའི་གཙུག་ལག་ཁང་ན་འཁོད་པ་བཞིན་དུ་དགའ་བོ་བསྙེན་དགའ་བོ་ལྟོས། འདི་ནི་གོགས། འདི་ནི་རལ། འདི་རྩིག་པ་མ་ལེགས་སོ་ཞེས་གཞན་གྱིས་བརྩིགས་པའི་གཙུག་ལག་ཁང་ལ་འཕྱས་འདོགས་པ་
ལ་ཞུགས་པ་དང་། དེ་ན་དགེ་སློང་རྣམས་ཀྱིས་ཁྱེད་ཅག་ཉིད་ཀྱིས་ཕ་གུ་གཅིག་བསླང་ཡང་མི་ནུས་ན། གཞན་གྱིས་བརྩིགས་པ་ལ་འཕྱར་ཅི་ཡོད། དྲུག་སྡེ་པོ་ནང་བགྲོས་པ། ལྷུང་བཟེད་ནག་པོ་ཅན་དེ་དག་བདག་ཅག་ལ་ཤིན་ཏུ་བརྙས་ཀྱི། དེ་དག་གིས་སྔོན་མ་བརྩིགས་པའི་ཁང་པ་གཅིག་བདག་
ཅག་གིས་རྩིགས་ཤིག །བདག་ཅག་ཀུན་གྱིས་བརྩིགས་ན་ནི་ཁོ་ཡང་འཕྱ་ན་མ་ལེགས་ཀྱི། བདག་ཅག་གི་ནང་ན་གང་ཁབ་ཀྱི་རྗེས་སུ་གཉའ་ཤིང་ཆུད་པར་ནུས་པ་གཅིག་གིས་བྱའོ་ཞེས་ནས་དེ་དག་གིས་ཚེ་དང་ལྡན་པ་མོས་པ་ཅན་དད་པར་བྱས་སོ། །མོས་པ་ཅན་གྱིས་བསམས་པ། གཞན་ནི་མེད་ན་གྲོང་
ཁྱེར་འདི་ན་བྲམ་ཟེ་ཕྱུག་པོ་སེར་སྣ་ཅན་བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ་མ་དད་ཅིང་སུའི་ཡོན་བདག་ཏུ་ཡང་མ་བྱས་པ་ཞིག་ཡོད་པ་དེ་ལ་འབྲིད་དོ་སྙམ་དུ་བསམས་ནས་མོས་པ་ཅན་གྱིས་གྲོང་ཁྱེར་གཞན་ནས་བསླངས་པའི་ཕྱེ་ཞིག་ཁྱེར་ཏེ། བྲམ་ཟེ་དེའི་སྒོར་ཕྱིན་པ་དང་། སྒོ་བས་མ་སྟེར་ཏོ། །དེའི་སྒོ་བ་ཡང་རོལ་མོ་
ཞིག་ལ་གཡེང་བའི་བར་དུ་ནང་དུ་སོང་ནས་བྲམ་ཟེ་ལ་ཕྱེ་འཚག་ཏུ་བཅོལ་བ་དང་། དེས་བྲན་མོ་ཕྱེ་འཚག་ཏུ་བཅུག་པ་དང་། བདག་གི་དྲུང་དུ་ཚོགས་ཤིག་ཅེས་བྱས་སོ། །དེ་དྲུང་ན་འཚག་པའི་ཚེ་ཡང་དེ་ལ་རབ་ཏུ་རྟོག་ནས། བྲམ་ཟེས་ཁྱེད་ཅི་ལ་རྟོག་ཅེས་དྲིས་ན། དེ་ལ་སྲོག་ཆགས་ཡོད་དམ་མེད་རྟོག་གོ། །ཡོད་ན་ཅི་
བྱ་ཞེས་སྨྲས་པ་དང་། དེ་ལས་གླེང་ནས་སྲོག་བཅད་དུ་མི་རུང་བ་དགེ་བ་བཅུ་བཤད་པས་བྲམ་ཟེ་དད་པར་བྱས་སོ། །དེ་ནས་བྲམ་ཟེ་དེས་དགེ་སློང་དེ་ལ་ཟས་དང་གོས་ཀྱིས་བསྟབས་ན་དེས་ཕྱིན་ཆད་སྒོ་བཅད་དུ་དོགས་ནས་ལེན་དུ་མ་བཏུབ་པོ། །དེ་ནས་དགེ་སློང་དེས་བསོད་ནམས་སུ་བྱ་བའི་ལེགས་པ་བཤད་པ་དང་། དེས་

འོ་ན་ངས་ཅི་བྱ་བའི་རིགས་ཞེས་བྱས་པ་དང་། དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིག་པའི་རིགས་སོ་ཞེས་བྱས་སོ། །འོ་ན་རྒྱུ་ནི་བདག་གིས་སྦྱོར་ནས་གཞི་མེད་དོ་ཞེས་བྱས་པ་དང་ས་གཞི་ངས་རྒྱལ་པོ་ལ་བསླང་ངོ་། །ཞལ་ཏ་སུས་བགྱི་ཞེས་དྲིས་ན་ངས་བྱའོ་ཞེས་ཁས་བླངས་སོ། །དེ་ནས་རྒྱལ་པོ་ལ་
ས་གཞི་གསོལ་བ་དང་། རྒྱལ་པོའི་ཕོ་བྲང་འཁོར་མ་གཏོགས་པ་གཞན་གར་དགའ་བར་བརྩིགས་ཤིག་ཅེས་བྱས་སོ། །དེ་ནས་ཀཽ་ཤཱམྦཱི་དང་། དགྲ་ཟིན་གྱི་བར་ན་བྲམ་ཟེའི་བུ་ལྔ་བརྒྱ་ཙམ་ཡོད་པ་རྟག་པར་སྨྲང་ཀློག་པའི་གྲིབ་ཤིང་ཆེན་པོ་གཅིག་ཡོད་དེ། བྲམ་ཟེའི་བུ་དེ་དག་རྟག་ཏུ་དྲུག་སྡེ་ཡན་མན་འགྲོ་
བ་ལ་འཕྱ་བས་ན། དེ་དག་ལ་ཀུ་རེ་བྱ་བའི་ཕྱིར་མཚན་མོ་གྲིབ་ཤིང་ཆེན་པོ་བཅད་དེ་མི་མངོན་པར་བྱས་ནས། དེ་ཉིན་གཅིག་གིས་ལྷ་ཁང་ཟིན་པར་བྱས་ཏེ། སྐར་ཁུང་མ་བཏོད་པ་དེའི་ཕྱི་དེ་ཉིན་ཆར་ཆེན་པོ་བབ་སྟེ། ཁང་པ་འཇིག་པར་འགྱུར་བས་ན་བྲམ་ཟེ་མི་དགའ་ཞིང་ཁྲག་གིས་སྐྱུགས་པར་བཅོམ་ལྡན་
འདས་ཀྱིས་མཁྱེན་ནས་དེ་མཚན་གཅིག་ལྷའི་འཁོར་དང་སྲོད་ཀྱི་བར་དུ་ཆོས་བཤད་ནས། ཕྱི་དེ་ཉིན་བྲམ་ཟེ་ཕས་འོངས་པ་ལ་མདུན་ནས་བསུ་སྟེ། མདང་དེ་ལྟར་ཁང་པའི་ནང་དུ་ཆོས་བཤད་དོ་ཞེས་བཀའ་སྩལ་པས་ན། དེ་ཡང་དགའ་བར་གྱུར་ཏོ། །གྲིབ་ཤིང་ཆེན་པོ་བཅད་པས་ན་བྲམ་ཟེའི་བུ་
རྣམས་དགེ་སྦྱོང་ཤཱཀྱའི་བུ་རྣམས་མི་སྲུན་པའི་ཚིག་པ་ཅན་གཞན་ལ་གནོད་པར་བྱེད་པ་ཞེས་མི་སྙན་པར་འཛེར་པ་དགེ་སློང་དག་གིས་སྙན་དུ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་པོ་རྣམས་ལ་རུང་བ་མ་ཡིན་མཐུན་པ་མ་ཡིན་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། དགེ་སློང་གི་དགེ་
འདུན་རྣམས་བསྡུས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་པོ་རྣམས་ཏེ་གཞན་ཡང་དེ་དང་འདྲ་བའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་ལྡན་པའོ། །བདག་པོ་ཡོད་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་། མ་ནིང་དང་། མཚན་
གཉིས་རྣམས་སོ། །དགེ་འདུན་གྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགེ་འདུན་ནོ། །དགེ་སློང་འདི་ཞེས་བྱ་བ་ནི་ཆོས་འདི་དང་ལྡན་པའོ། །དགེ་སློང་དག་ཁྲིད་ཅིག་ཅེས་བྱ་བ་ནི་དེ་ན་དགེ་སློང་སུ་ཡོད་པའོ། །བདག་ཉིད་ཀྱིས་མ་བརྟགས་ཀྱི་བར་དུ་དགེ་སློང་དག་སྔར་མ་ཁྲིད་ཅིག་བདག་གིས་

བརྟགས་ཏེ་གནས་རུང་བ་དང་། ཡངས་པ་དང་མི་རྩོད་པ་ཡིན་ན་དགེ་འདུན་ལ་གསོལ་ནས་དགེ་སློང་གཅིག་གིས་བལྟ་བར་བྱའོ། །དགེ་འདུན་རྣམས་ཀྱིས་རབ་ཏུ་བརྟགས་ནས་གསོལ་བ་དང་ཞུ་བའི་ལས་ཀྱིས་དགེ་འདུན་ལ་གསོལ་ནས་གཞི་རུང་བ་དང་། མི་རྩོད་པ་དང་། ལུང་བྱིན་
པ་ཡིན་ན་ཐེ་ཚོམ་མེད་པ་ཡིན་གྱིས་རྩིགས་ཤིག །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལས་པས་ན་དགེ་འདུན་ལྷག་མའོ་ཞེས་སོ། །ཉེས་པ་ཇི་ལྟ་བུ་ཞེ་ན། གནས་མི་རུང་བར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་ཅན་དུ་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་
རོ། །མི་ཡངས་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལུང་མེད་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐམས་ཅད་དང་འགལ་བར་བརྩིགས་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་གཞན་ལ་རྩིག་ཏུ་བཅོལ་ན་ཡང་གཉིས་ཀས་དགའ་བར་བརྩིགས་ན་གཉིས་ཀ་ལ་ཉེས་པ་སྦོམ་
པོའོ། །དགེ་སློང་ལ་ཇི་ལྟར་ཉེས་པར་འགྱུར་བ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་དེ་བཞིན་ནོ། །ལས་དང་པོ་ལ་ཡང་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་དང་། ཡངས་པ་དང་། རྩོད་པའི་སྒྲས་ནི་ཁང་པ་གོང་མ་བཞིན་ནོ། །རྩ་བ་མེད་པའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་
ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ན་གྲོང་ཁྱེར་སྡིག་པ་ཅན་ཞེས་བྱ་བ་ན། གྱད་སྡེ་རྒྱལ་ཞེས་བྱ་བ་ཞིག་ཡོད་དེ། །ཡང་རིགས་མཉམ་པ་ལས་ཆུང་མ་བླངས་ནས་ཡོངས་སུ་སྤྱད་པ་ལས་བུ་གཅིག་ཅིག་བཙས་ཏེ། ཁྱེའུ་དེ་ཡང་མལ་སྟན་ཆེན་པོའི་སྟིང་དུ་བཤང་གཅི་དག་མི་བྱེད་པས་ན་ནོར་དང་
འདྲའོ་ཞེས་གྲགས་ཏེ། དེའི་ཕྱིར་ཡང་མིང་གྱད་བུ་ནོར་དུ་བཏགས་སོ། །གྱད་བུ་ནོར་ཡང་སྔོན་དགེ་བའི་རྩ་བས་བསྐུལ་བས་ན་འདི་སྙམ་དུ་སེམས་ཏེ། ལྷ་དང་མིར་བཅས་པ་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་འཇིག་རྟེན་ན་རྐང་གཅིག་པ་དང་། རྐང་གཉིས་པ་དང་། རྐང་བཞིའི་ནང་ན། སྨན་དང་སྔགས་དང་
རིགས་པའི་ཚིག་འཛིན་པ་གང་གིས་བདག་འཁོར་བའི་འབྲོག་དགོན་པ་དེ་ནས་རབ་ཏུ་ཐར་བར་བྱེད་སྙམ་སེམས་སོ། །དེས་མུ་སྟེགས་ཀྱི་མཁན་པོ་དྲུག་ལ་ལུང་མནོས་ན། དེ་དག་ལ་མི་མགུ་ནས་རབ་ཏུ་སེམས་ཤིང་འདུག་པ་དང་། བར་སྐབས་འདིར་བཅོམ་ལྡན་འདས་ཀྱིས་ཀྱང་མི་མཁྱེན་པའམ་མི་གཟིགས་པ་

མེད་པས་གྱད་བུ་ནོར་ཡང་སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་ལ་རྒྱུད་ཡོངས་སུ་སྨིན་སྤྱོད་ལམ་གྱིས་འདུལ་བར་གཟིགས་ནས་དགེ་སློང་རྟ་ཐུལ་གྱིས་གྱད་བུ་ནོར་རབ་ཏུ་ཕྱུང་ཤིག་པར་བཀའ་སྩལ་ནས། དེས་ཀྱང་རབ་ཏུ་ཕྱུང་ངོ་། །གྱད་བུ་ནོར་གྱིས་ཁ་དོན་བསླབ་པས་ནི་སྡེ་སྣོད་གསུམ་ལོབས། བསམ་གཏན་བྱས་
པས་ནི་གོང་ནས་གོང་དུ་འཕར་བའི་ཁྱད་པར་ཐོབ་བོ། །དེ་ནས་གྱད་བུ་ནོར་བཅོམ་ལྡན་འདས་ལ་ཕྱག་འཚལ་དུ་བཅོམ་ལྡན་འདས་ཀྱི་གན་དུ་ཕྱིན་ཏོ། །བཀའ་སྩལ་པ། གྱད་བུ་ནོར་བདེ་བར་འོངས་སམ་ཚུར་ཤོག །ཁྱོད་སུས་ཕྱིན་ཏོ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ན་རྒྱལ་པོའི་ཁབ་ན་དགེ་འདུན་གྱི་གནས་ཁང་
དང་མལ་སྟན་དག་མི་མཐུན་པར་འགྱེད་དེ། མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པར། མདོ་སྡེ་འཛིན་པ་དང་ནི་མ་མོ་འཛིན་པར། མ་མོ་འཛིན་པ་དང་ནི་དགེ་སློང་བསམ་གཏན་པར། དེ་ལྟར་ནང་མི་མཐུན་པར་མལ་སྟན་དང་གནས་ཁང་བགོས་པས་ན། གཅིག་ལ་གཅིག་སེམས་མི་སྲུང་ཞིང་མི་མཛེམ་
པས་ན་དགེ་བ་མི་འཕེལ་ཏེ་མི་བདེ་བར་གནས་པ་ལས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་མལ་སྟན་འདིང་བར་བསྐོས་ཏེ། གྱད་བུ་ནོར་གྱིས་མདོ་སྡེ་འཛིན་པ་དང་མདོ་སྡེ་འཛིན་པར། འདུལ་བ་འཛིན་པ་དང་འདུལ་བ་འཛིན་པར། ཆོས་སྨྲ་བ་དང་ཆོས་སྨྲ་བར། བསམ་གཏན་པ་དང་
བསམ་གཏན་པར། རྒན་རིམས་སུ་ཐོབ་རྒྱལ་མེད་པར་གནས་ཁང་དང་མཐུན་མཐུན་དུ་བགོས་པས་ན། དགེ་སློང་རྣམས་དགེ་བའི་ཆོས་མངོན་པར་འཕེལ་བ་ནི་ཆུ་ཅན་གྱི་ཨུཏྤ་ལ་བཞིན་ནོ། །གློ་བུར་དུ་མཚན་མོ་ལྷག་པ་རྣམས་ལ་ཡང་རྫུ་འཕྲུལ་གྱིས་རང་གི་མཛུབ་མོ་ལས་མེ་འབར་བར་བྱས་ནས་
མལ་སྟན་མཚན་མོ་བཏིང་བས་ན། དགེ་སློང་དེ་དག་ཀྱང་དེ་ལྟར་འདི་འདྲ་བའི་སྟོན་པ་དང་མཚུངས་པས་བདག་ཅག་གིས་མལ་སྟན་བཏིང་བས་ན་བདག་ཅག་ཉལ་བའི་མི་རིགས་ཞེས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བརྩོན་པར་དགེ་བར་བྱེད་དོ། །སླད་ཀྱིས་དགེ་སློང་དྲུག་སྡེ་པོ་རྣམས་ཀྱིས་ཁྱིམ་བདག་
དད་པས་མགྲོན་དུ་གཉེར་བའི་ཚེ། ཁྱིམ་བདག་ཕྱུག་པོ་དང་ཟས་ཞིམ་པོ་དག་གམ་ཐ་ཤལ་དག་ཏུ་བསྲེས་པས་གྱད་བུ་ནོར་ཟས་འགྱེད་པར་ཡང་བསྐོས་སོ། །གྱད་བུ་ནོར་གྱིས་ཟས་རྣམ་པ་གསུམ་དུ་བསྐོས་ཏེ་ཟས་ཞིམ་རབ་དང་། བར་མ་དང་ཐ་མའོ། །དགེ་སློང་རྒན་རིམས་ཀྱིས་དང་པོ་ནི་དེར་ཟས་

ཞིམ་པོར་བསྐོ། ཕྱི་དེ་ཉིན་ནི་འབྲིང་པོར་བསྐོའོ། །དེའི་ཡང་ཕྱི་དེ་ཉིན་ནི་ཐར་མར་རོ། །དེའི་ཚེ་ལྷོའི་རི་བོ་ཞེས་བྱ་བ་ནས་དགེ་སློང་མཛའ་བོ་དང་ས་ཅན་ཞེས་བྱ་བ་གཉིས་ལྗོངས་རྒྱུ་ཞིང་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་གཉིས་ཀྱིས་དགེ་འདུན་གྱི་ཟས་འགྱེད་པ་དང་། མལ་
སྟན་འགྱེད་པ་སུ་ཡིན་ཞེས་སྨྲས་པ་དང་། གྱད་བུ་ནོར་ཡིན་ནོ། །དེ་ནས་གྱད་བུ་ནོར་གྱི་གན་དུ་སོང་ནས་མལ་སྟན་དང་ཟས་ལ་སྐོས་ཤིག་ཅེས་སྨྲས་པ་དང་། དེའི་ཚེ་མལ་སྟན་དང་ཟས་བསྐོས་ཟིན་པས་ནང་གི་ངན་པ་ཐ་མར་མལ་སྟན་ཐོབ་པོ། །བྲམ་ཟེ་ཕྱུག་པོ་ཞིག་གིས་དེར་ང་ཟས་ལ་བསྐོས་པ་དང་
བྲམ་ཟེ་དེ་ཡང་བུ་ཤི་སྟེ་བྲེལ་བ་དང་། བདག་གིས་དེར་སུ་འོང་ཞེས་དྲིས་ན་མཛའ་བོ་དང་ས་ཅན་འོང་ཞེས་ཐོས་ནས་གནས་ངན་ལེན་དུ་སྤྱོད་པས་ཞལ་ཏ་དང་རིམ་གྲོ་ཆེར་མ་བྱས་ཏེ་ཟས་ངན་པ་ཞིག་བྱིན་ནོ། །དེའི་ཕྱི་དེ་ཉིན་ཟས་འབྲིང་པོར་བསྐོས་པ་དང་། དེ་དག་གིས་ཀྱང་ཞལ་ཏ་མ་བྱས་ཏེ་ཟས་ངན་པ་བྱིན་
ནོ། །དེའི་ཡང་ཕྱི་དེ་ཉིན་ཟས་ངན་པ་བསྐོས་པས་ཟས་ངན་པ་ཐོབ་པོ། །དེ་ནས་དེ་གཉིས་ཀྱིས་བསམས་པ། ཀྱེ་མའོ་བདག་ཅག་ལ་གྱད་བུ་ནོར་གྱིས་ཟས་ངན་པ་དང་གོས་ངན་པས་ལན་དུ་མར་མནར་ཏེ། ལུས་ཀྱང་དམས་པར་གྱུར་ན། བདག་ཅག་གཉིས་ཀྱིས་དེ་ལ་གནོད་པ་ཞིག་བྱའོ་སྙམ་ནས། དེའི་
མཛའ་མོ་སྲིང་མོ་ཞེས་བྱ་བ་ལ་སྲིང་མོ་ཁྱོད་གྱད་བུ་ནོར་དང་ཉལ་གྱིས་གྱད་བུ་ནོར་ནི་ཕས་ཕམ་པ་བྱུང་ངོ་ཞེས་བཅོམ་ལྡན་འདས་ལ་གསོལ་ཅིག་དང་ངེད་ཀྱིས་ཀྱང་ཆེ་བཞི་བྱའོ། །དགེ་སློང་མ་དེས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་
བུ་ནོར་ཁྱོད་ཀྱིས་ཐོས་སམ་དྲན་ནམ། བཙུན་པ་བདག་གིས་མི་དྲན་ནམ། ཁྱོད་ཀྱིས་ཉེས་སམ་བཙུན་པ་བདག་གིས་ནོངས་སམ་མ་ནོངས་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། གྱད་བུ་ནོར་ནི་ཉེས་པ་མེད་ཅིང་དྲན་པ་དང་ལྡན་
པར་ཟུང་ཤིག །དགེ་སློང་མ་མཛའ་མོ་ནི་བདག་རང་གིས་ཁས་ལེན་པ་སྨ་ཕོབ་ཤིག །དགེ་སློང་མཛའ་བོ་དང་ས་ཅན་གཉིས་ཤིན་ཏུ་ལེགས་པར་སྨྲོས་ལ། གང་དུ་མཐོང་ཇི་ལྟར་མཐོང་། ཁྱོད་གཉིས་དེར་ཇི་ལ་དོང་དོང་བ་ལས་མཐོང་ཞེས་ཞིབ་ཏུ་སྨྲོས་ཤིག །དེ་ནས་དགེ་སློང་རྣམས་ཀྱིས་བཀའ་

སྩལ་པ་བཞིན་དུ་ཞིབ་ཏུ་རྨས་པ་དང་། མཛའ་བོ་དང་ས་ཅན་གཉིས་ཀྱི་མཆིང་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་མི་ཚངས་པར་སྤྱོད་ཅིང་ཕས་ཕམ་པར་གྱུར་པ་ནི་མ་མཆིས་ཀྱི་གདུགས་གསུམ་གྱི་བར་དུ་བདག་ལ་ཟས་ཀྱིས་མནར་བས་ན་བདག་ཅག་ཞེ་སྡང་གི་དབང་གིས་སྨྲས་སོ་ཞེས་བྱས་པ་དང་།
དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་མཛའ་བོ་དང་ས་ཅན་གཉིས་བཀུག་ནས། སྐྱེས་བུ་གཏི་མུག་ཁྱེད་གཉིས་ཀྱིས་ཟས་ཆུང་ངུའི་ཕྱིར་ཤེས་བཞིན་དུ་བརྫུན་དུ་སྨྲ་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས་ཡང་དགེ་སློང་གང་ཞེས་འདུལ་བ་ལ་
བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ཅན་གཉིས་ཏེ། གཞན་ཡང་དེ་དང་འདྲའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཁྲོས་པའོ། །ཞེ་སྡང་གིས་གནོད་པར་བྱེད་ཅེས་བྱ་བ་ནི་ཡི་མ་རངས་ནས་གནོད་པར་བྱེད་པའོ། །དགེ་སློང་གཙང་མ་ཞེས་བྱ་བ་ནི་གྱད་བུ་ནོར་ཏེ།
གཞན་ཡང་དེ་དང་འདྲའོ། །ཉེས་པ་མེད་ཅེས་བྱ་བ་ནི་རྩ་བའི་ཉེས་པ་མེད་པས་ན་དངོས་པོ་མེད་པའོ། །རྩ་བ་མེད་ཅེས་བྱ་བ་ཡང་གསུམ་སྟེ། མཐོང་བའི་རྩ་བ་དང་། དོགས་པའི་རྩ་བ་དང་། ཐོས་པའི་རྩ་བ་གསུམ་མེད་པའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ཕས་ཕམ་པ་བཞི་པོ་གང་ཡང་རུང་བའོ། །སྐུར་ཞེས་
བྱ་བ་ནི་ཀླང་བཏབ་པའོ། །ཅི་ནས་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ཞེས་བྱ་བ་ནི་ཅི་ནས་དགེ་སྦྱོང་གི་དངོས་པོ་དང་དབྲལ་ལོ་སྙམ་པའོ། །དེ་ཡང་དུས་གཞན་ཞིག་ན་ཞེས་བྱ་བ་ནི་ཕྱི་ཞིག་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་འགྱོད་
དེ་མཐོལ་བའོ། །རྩོད་པ་དེ་ཡང་རྩ་བ་མེད་པར་གྱུར་ཞེས་བྱ་བ་ནི་རྩོད་པའི་དངོས་པོ་མེད་པར་གྱུར་པའོ། །རྩོད་པ་རྣམ་པ་བཞི་སྟེ། རྩོད་པས་རྩོད་པ་དང་། མི་འདོམས་པས་རྩོད་པ་དང་། ལྟུང་བ་ལ་རྩོད་པ་དང་། བྱ་བ་ལ་རྩོད་པའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་པ་ཞེས་བྱ་བ་ནི་བདག་གིས་
སྐུར་པ་གདབ་པར་འདོད་པའོ། །ཁྲོས་ཏེ་སྨྲས་སོ་ཞེས་བྱ་བ་ནི་སྐུར་པ་འདེབས་པ་ཡིན་ནོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལས་ཤིང་ཉེས་པ་ལྷག་མ་དང་བཅས་པའི་ཕྱིར་རོ། །དེ་ལ་ཉེས་པ་གང་ཞེ་ན། ཉེས་པ་བཅུས་ལྷག་མར་འགྱུར་བ་དང་། ཉེས་པ་ལྔས་ལྷག་མ་མེད་པར་

འགྱུར་རོ། །གང་ཟག་གཙང་མ་ལ་སྐུར་ནའོ། །མ་མཐོང་མ་ཐོས་མི་དོགས་པར་འདུ་ཤེས་དང་བློ་གྲོས་སྦས་ནས་མཐོང་ངོ་ཐོས་སོ་དོགས་སོ་ཞེས་སྨྲས་ན་ལྷག་མ་རེ་རེར་འགྱུར་རོ། །ཐོས་དོགས་ལ་དེ་ཡང་བརྗེད་པར་འགྱུར་ལ། བཟོད་པ་དང་བློ་གྲོས་དང་འདུ་ཤེས་སྦས་ནས་མ་
བརྗེད་དོ་ཞེས་སྨྲས་ན་ལྷག་མ་རེ་རེར་འགྱུར་རོ། །ཐོས་ནས་ཡིད་ཆེས་ཏེ་ངས་མཐོང་ངོ་ཞེའམ་ཐོས་ནས་ཡིད་མ་ཆེས་པར་མཐོང་ངོ་ཞེས་སྨྲས་སམ་ཐོས་ལ་མི་དོགས་པར་ངས་མཐོང་ངོ་ཞེ་འམ། ཐོས་ལ་དོགས་པར་ངས་མཐོང་ངོ་ཞེའམ། དོགས་ལ་དོགས་བཞིན་དུ་ངས་མཐོང་ངོ་ཞེས་སྨྲ་ན་ཚིག་རེ་རེ་ཞིང་
ལྷག་མ་རེ་རེར་འགྱུར་རོ། །རྣམ་པ་ལྔས་ལྟུང་བ་མེད་པ་གང་ཞེ་ན། མཐོང་བ་དང་ཐོས་པ་དང་། དོགས་པ་དང་། དོགས་པ་ཡང་མེད་ལ། འདུ་ཤེས་ཀྱང་མ་སྦས་པའོ། །ངས་དོགས་ཏེ་དེ་ཡང་བརྗེད་ཐོས་ཏེ་དེ་ཡང་བརྗེད་ཅེས་སྨྲས་ན་ལྟུང་བ་མེད་དོ། །གང་ཟག་ཉེས་པ་བྱུང་བ་དྲིལ་བརྡུངས་པ་བཞིན་དུ།
ཀུན་གྱིས་ཤེས་པ་དང་། རི་མོ་བྲིས་པ་དང་། བདག་གིས་ཤེས་པ་བཞིན་དུ་འཇིག་རྟེན་ཀུན་གྱིས་ཤེས་པ་ནི་ཉེས་པ་མེད་དོ། །དགེ་སློང་གིས་དགེ་སློང་ལ་ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་གཅིག་ནས་གཅིག་དུ་བརྒྱུད་དེ་སྐུར་ན་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དགེ་སློང་སྨྱོན་པ་དང་སེམས་འཁྲུགས་པ་
དང་། ནད་ཀྱིས་གཟིར་བ་དང་། གླན་པ་དང་། ལྐུགས་པ་དང་། འོན་པ་དང་། ར་རོ་བ་ལ་སྐུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པའི་སྐད་དམ་དབེན་པ་ལ་མི་དབེན་པའི་འདུ་ཤེས་སམ། སྔགས་དང་སྨན་གྱིས་ལུས་མི་སྣང་བར་བྱས་ཏེ་སྨྲས་སམ། ལུས་ཀྱིས་དམིགས་ཏེ་སྐུར་ན་ཉེས་པ་སྦོམ་པོར་འགྱུར་
རོ། །དགེ་སྦྱོང་དང་མུ་སྟེགས་ཅན་དང་། ཁྱིམ་པ་སྐྱེ་བོ་དང་བྲམ་ཟེ་ལ་སྐུར་ན་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་།
མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་སུ་གྱུར་པ་དང་སྔར་འཁྲུགས་པ་ལ་སྐུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དགེ་འདུན་ལ་སྐུར་པ་དང་། དགེ་འདུན་བྱེ་བ་དང་། མི་གནས་པ་དང་། རྗེས་སུ་ཕྱོགས་པ་དང་། བསླབ་པ་བྱིན་པ་ལ་སྐུར་ན་ཐམས་ཅད་ཀྱང་ལྷག་མར་འགྱུར་རོ། །ལྟུང་བ་འོག་མ་ལ་

ཡང་དེ་བཞིན་དུ་སྦྱར་རོ། །བག་ཙམ་གྱི་གླིང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་སྤུངས་པའི་རི་ལ་རྫིང་བུ་རྡོས་བསྐོར་ཞེས་བྱ་བ་ཞིག་ཡོད་དེ། དེའི་འགྲམ་ཡན་མན་གྱད་བུ་ནོར་ཉིན་
པར་དེར་གནས་ཤིང་བསྒོམ་མོ། །དེའི་ཚེ་དགེ་སློང་མ་ཨུཏྤ་ལའི་མདོག་དགེ་བའི་བཤེས་གཉེན་འཕགས་པ་མཽད་གལ་གྱི་བུས་རབ་ཏུ་ཕྱུང་ངོ་། །ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་སངས་རྒྱས་དང་། འཕགས་པ་མཽད་གལ་གྱི་བུ་དང་། འཕགས་པ་གྱད་བུ་ནོར་ལ་སོགས་པ་ལ་རྟག་ཏུ་བསྙེན་བཀུར་བྱེད་ཅིང་
ཕྱག་འཚལ་དུ་འགྲོའོ། །དེའི་ཉིན་པར་འཕགས་པ་མཽད་གལ་ལ་སོགས་པ་ལ་ཕྱག་བྱས་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་ཕྱག་འཚལ་ཏེ་ཆོས་ཉན་པའི་ཕྱིར་མདུན་ན་འདུག་གོ། །དེའི་ཚེ་ན་དགེ་སློང་མཛའ་བོ་དང་ས་ཅན་གཉིས་ཀྱང་རྟག་ཏུ་ཀླན་ཀ་ཚོལ་བ་ནན་ཏན་བྱེད་པས་ནང་པར་དེ་གཉིས་ཕྱག་དར་
ཁྲོད་པ་མང་ཞིག་བཏུས་ནས་རྫིང་བུ་རྡོས་བསྐོར་དུ་འཁྲུར་ལྷགས་པ་དང་། དེའི་ཚེ་རི་དགས་ཁྱུ་མང་པོ་ཞིག་རྫིང་བུ་དེར་ཆུ་འཐུང་དུ་ལྷགས་ནས། ཆུ་འཐུངས་ཟིན་པའི་འོག་ཏུ་རི་དགས་རྣམས་གཅིག་ལ་གཅིག་ཞོན་ཞིང་མི་ཚངས་པར་སྤྱོད་པ་དང་མཛའ་བོ་དང་ས་ཅན་གཉིས་ཀྱིས་མཐོང་ནས་གཅིག་ལ་
གཅིག་སྨྲས་པ། དགེ་སློང་ཨུཏྤ་ལའི་མདོག་དང་གྱད་བུ་ནོར་གཉིས་མི་ཚངས་པར་སྤྱོད་ཀྱི། དགེ་སློང་དག་ལ་བསྙད་དུ་འདོང་ཞེས་བྱས་པ་དང་། ཚེ་དང་ལྡན་པ་ཁར་ཉིན་ཡང་བདག་ཅག་ཨད་པོར་དོ་སྤངས་ནས། ད་ཡང་སྤང་བའི་ལས་བྱེད་འདོད་དམ་ཞེས་ས་ཅན་གྱིས་སྨྲས་པ་དང་། དེས་ཁར་ཉིན་
ནིའུ་བུ་ཅག་བརྫུན་གྱི། ད་ནི་བག་ཙམ་གྱི་ཆ་ལས་བླངས་པས་རུང་གིས་དགེ་སློང་དག་ལ་བསྙད་དུ་འདོང་ངོ་ཞེས་བྱས་ནས། དེ་དག་དགེ་སློང་དག་ལ་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་མི་ཚངས་པར་སྤྱོད་དོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་ཚེ་དང་ལྡན་པ་ཁྱོད་གཉིས་ལྷ་དང་མི་ནི་ཤིན་ཏུ་སྤངས་
ཀྱི། བྱོལ་སོང་དང་སེམས་ཅན་དམྱལ་བ་དང་། ཡི་དགས་ནི་མངོན་པར་བསྙེན་ཏོ་ཞེས་བྱ་བ་དང་། དགེ་སློང་དག་གིས་ཡང་གོང་མ་བཞིན་དུ་ཅིའི་ཕྱིར་མཐོང་། གང་དུ་མཐོང་ཁྱེད་ཅག་ཅི་ལ་དོང་དོང་སྟེ་མཐོང་ཞེས་སྨྲས་པ་དང་། དེ་གཉིས་ཀྱིས་ཅི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ་དང་། དོན་ཉུང་བའི་

དགེ་སློང་རྣམས་འཕྱ་སྟེ། དགེ་སློང་གཙང་མ་ཉེས་པ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་ལ་ཕས་ཕམ་པར་སྐུར་ཅེས་སྨོད་ཅིང་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། ལེགས་པ་རྣམ་པ་བཅུ་ལ་གཟིགས་ནས། ཡང་དགེ་སློང་གང་ཞེས་འདུལ་བ་ལ་བསླབ་
པའི་གནས་བཅས་ཏེ་རྩ་བའི་ཚིག་རྣམས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ཅན་ཏེ་གཞན་ཡང་དེ་དང་འདྲའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཞེ་སྡང་གིས་ཀུན་ནས་བསྐོར་བའོ། །ཁྲོས་ནས་གནོད་པར་བྱེད་ཅེས་བྱ་བ་ནི་ཡི་མ་རངས་ཏེ། འཁྲུགས་པ་མ་བཏང་བའོ། །དགེ་སློང་གཙང་མ་ཞེས་
བྱ་བ་ནི་གྱད་བུ་ནོར་རམ་གཞན་ཡང་དེ་དང་འདྲའོ། །མ་ཉེས་ཞེས་བྱ་བ་ནི་ཉེས་པ་དེའི་དངོས་པོ་མེད་པའོ། །གཞན་གྱི་ཆ་མ་ཡིན་ཞེས་བྱ་བ་གཞན་གྱི་མྱ་ངན་ལས་འདས་པ་སྟེ། དེའི་ཆ་མ་ཡིན་པ་ནི་བཞི་སྟེ། ཕས་ཕམ་པའི་ཆོས་སོ་ཕས་ཕམ་པ་ཞེས་བྱ་བ་ནི་བཞི་པོ་ལས་གང་གིས་ཀྱང་རུང་ངོ་། །ཆོས་ཞེས་བྱ་
བ་ནི་རང་གི་མཚན་ཉིད་འཛིན་པས་སོ། །སྐུར་ཞེས་བྱ་བ་ནི་ཀླང་བཏབ་པའོ། །དེ་ཅི་ནས་ཀྱང་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་པ་ནི་དེ་ཅི་ནས་ཀྱང་དགེ་སློང་གི་དངོས་པོ་དང་དབྲལ་ལོ་སྙམ་དུ་སེམས་པའོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་
གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཏེ། རབ་ཏུ་འགྱོད་ཅིང་རྣམ་པར་འགྱེད་པའོ། །གཞན་གྱི་ཆ་མ་ཡིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལས་གཞན་པ་ཕས་ཕམ་པར་སྨྲས་པའོ། །རྩོད་པ་ནི་རྣམ་པ་བཞི་སྟེ། རྣམ་པར་རྩོད་པས་རྩོད་པ་དང་། མི་འདོམས་པས་རྩོད་པ་དང་། ལྟུང་
བས་རྩོད་པ་དང་བྱ་བས་རྩོད་པའོ། །གཞན་གྱི་ཆ་མ་ཡིན་པས་རྩོད་པ་ཡང་བག་ཙམ་གྱི་ཆ་ལས་འགའ་ཞིག་ཅེས་བྱ་བ་ནི་རི་དགས་ཕོ་མོས་འཁྲིག་པའི་ཆ་ལས་བླངས་པའོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པར་ཆོས་ཀྱི་སྒྲར་གསུངས་སོ། །བླངས་པ་ཡིན་ཞེས་བྱ་བ་ནི་གཟུང་བ་ཡིན་ནོ། །དགེ་སློང་
ཡང་ཞེ་སྡང་ལ་གནས་པ་ཞེས་བྱ་བ་ནི་ཀླང་གདབ་པར་འདོད་པའོ། །ཁྲོས་ཏེ་སྨྲས་སོ་ཞེས་བྱ་བ་ནི་ཀླང་འདེབས་པའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉེས་པ་གང་ཞེ་ན། དགེ་སློང་གིས་དགེ་སློང་ལ་ཕས་ཕམ་པའི་ལྟུང་བ་བྱུང་བ་མཐོང་ནས་དེས་དེ་ལ་ལྟུང་བ་མ་ཡིན་ནོ་སྙམ་དུ་བལྟས་ལ་འདུ་

ཤེས་དང་བློ་གྲོས་སྦས་ནས་ཕས་ཕམ་པ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་ཕས་ཕམ་པ་བྱུང་བ་མཐོང་ན་དེས་དགེ་འདུན་གྱི་ལྷག་མའོ་སྙམ་དུ་བལྟས་ལ་འདུ་ཤེས་དང་བཟོད་པ་སྦས་ན་ཕས་ཕམ་པའི་ལྟུང་བ་བྱུང་ངོ་ཞེས་སྨྲས་ན་ལྷག་མར་འགྱུར་རོ། །དེ་བཞིན་དུ་ལྟུང་བ་
རིགས་ལྔ་ལ་ཡང་སྦྱར་རོ། །དགེ་འདུན་གྱི་ལྷག་མ་མཐོང་བ་དང་། སྤངས་པ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་བྱུང་བ་མཐོང་བ་ལ་དེས་འདུ་ཤེས་སྦས་ན་བློ་གྲོས་སྦས་ནས་ཕས་ཕམ་པ་བྱུང་ངོ་ཞེས་བྱ་བ་སྨྲས་ན་ཐམས་ཅད་དུ་ལྷག་མར་འགྱུར་བ་དེ་རེ་རེར་སྦྱོར་ཅིག །ཀུན་གྱིས་ཤེས་
པ་དང་། རི་མོ་བྲིས་པ་འདྲ་བ་དང་། ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་འདུན་གྱི་དབྱེན་གྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་ལྷ་སྦྱིན་དང་། དེའི་གྲོགས་རྗེས་སུ་ཕྱོགས་པ་དགེ་སློང་ཀོ་ཀ་ལི་
ཀ་དང་། ཁཎྜ་དྲ་བ་བྱ་དང་། ཀ་ཌ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་ལ་སོགས་པ་དགེ་འདུན་འདུམ་པ་དབྱེ་བ་ལ་ཞུགས་ནས་གསོལ་བ་དང་ཞུ་བའི་ལས་ཀྱིས་ལན་གསུམ་གྱི་བར་དུ་བཟློག་ཀྱང་མ་བཏུབ་ནས། དེ་བཞིན་གཤེགས་པའི་བཀའ་བཅག་པས་ཉོན་མོངས་པས་ན་དགེ་འདུན་
གྱི་ལྷག་མ་བཅུ་པ་དང་བཅུ་གཅིག་པ་བཅས་པའོ། །དེའི་ཚེ་རྒྱལ་པོའི་ཁབ་ན་མུ་གེ་ཆེན་པོ་བྱུང་ནས། ཁ་ཟས་རབ་ཏུ་དཀོན་ཏེ་རྙེད་པར་དཀའ་ནས་དགེ་སློང་རྫུ་འཕྲུལ་ཐོབ་པ་རྣམས་གྱིས་འཛམ་བུའི་གླིང་ནས་ཤིང་འཛམ་བུའི་འབྲུ་དང་སྐྱུ་རུ་རའི་འབྲས་བུ་ལ་སོགས་ལེན། དགེ་སློང་ཁ་ཅིག་
གིས་བྱང་གི་སྒྲ་མི་སྙན་གྱི་གླིང་ནས་མ་བཏབ་མ་རྨོས་པའི་འབྲས་ལེན། ཁ་ཅིག་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་དུ་དོང་ནས་ལྷའི་ཟས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ཏེ་འོངས་ནས་བདག་ཀྱང་ཟ་དགེ་སློང་གཞན་རྣམས་ལ་ཡང་སྦྱིན་ནོ། །དེ་ནས་ལྷ་སྦྱིན་གྱིས་བསམས་པ། ད་ལྟར་ཁ་
ཟས་དཀོན་ཞིང་སྡུག་བསྔལ་ཆེ་ན་བདག་གིས་ཀྱང་རྫུ་འཕྲུལ་མངོན་པར་བསྒྲུབས་ལ་བདག་ཀྱང་ཟས་གཞན་ལ་ཡང་སྦྱིན་ནོ་སྙམ་ནས་བཅོམ་ལྡན་འདས་ལ་རྫུ་འཕྲུལ་གྱི་ལམ་ཞིག་དྲིའི་སྙམ་དུ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལ་རྫུ་འཕྲུལ་བསྟན་ན་དེ་ལྟ་བུའི་སྡིག་པའི་འདོད་

ཆེན་སྐྱེད་པར་མཁྱེན་ནས་ཕུང་པོ་ལྔ་ལ་རྟོག་ཏུ་བཅུག་ནས་རྫུ་འཕྲུལ་མ་བསྟན་ཏོ། །དེ་བཞིན་དུ་གནས་བརྟན་ལྔ་བརྒྱ་པོ་ལ་དྲིས་པ་དང་། སེམས་ཀྱིས་བརྟགས་ནས་རྫུ་འཕྲུལ་མ་བསྟན་ཏོ། །དེ་ནས་འོད་སྲུངས་སྟོབས་བཅུ་ལ་དྲིས་པ་དང་། དེས་རྫུ་འཕྲུལ་གྱི་ལམ་བསྟན་ཏེ། ལྷ་སྦྱིན་
གྱིས་རྣལ་འབྱོར་ལ་བརྩོན་པར་གནས་པས་རྫུ་འཕྲུལ་མངོན་པར་ཐོབ་སྟེ། ལུས་སྣ་ཚོགས་སུ་བསྒྱུར་ནས་ནམ་མཁའ་ལ་ནི་བྱ་བཞིན། ཆུ་ལ་ནི་ཉ་བཞིན་དུ་རྒྱལ་པོ་མ་སྐྱེས་དགྲ་ཡང་མགུ་བར་བྱས་ཏེ། དེའི་མཆིལ་མ་ཡང་འཐུངས་ནས་མ་སྐྱེས་དགྲས་ཀྱང་ལྷ་སྦྱིན་གྱི་འཚོ་བ་ཡང་སྦྱར་རོ། །དེ་ནས་ལྷ་སྦྱིན་གྱིས་
བཅོམ་ལྡན་འདས་ནི་རྒས་ཐུག་སྟེ། འཁོར་རྣམ་བཞི་ལ་སྟོན་ཀྱང་མི་ནུས་ལ་འོ་བརྒྱལ་གྱིས་འཁོར་རྣམ་བཞི་བདག་ལ་གཏད་པར་གསོལ་ན། བཀའ་སྩལ་པ། ངས་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལ་ཡང་མ་གཏད་ན་སྐྱེས་བུ་བླུན་པོ་ཁྱོད་ལ་ཅི་སྨོས་ཞེས་མ་གནང་ངོ་། །དེ་ནས་ལྷ་སྦྱིན་གྱིས་དགེ་སློང་གྲོགས་ཀ་
ཌ་མོ་ར་ཀ་ལ་སོགས་པ་ལྔ་པོ་ལ་ཁེ་མོ་ཚུར་ཤོག །དགེ་སྦྱོང་གཽ་ཏ་མ་འདུག་བཞིན་དུ་འཁོར་ཉན་ཐོས་རྣམས་འཁྲུག་པར་བྱའོ། །འུ་བུ་ཅག་འདས་པའི་འོག་ཏུ་ཕྱོགས་ཕྱོགས་སུ་གྲགས་པར་འགྱུར་རོ། །ཞེས་བགྲོས་ནས། གནས་བརྟན་དག་ནི་ལོངས་སྤྱོད་ཀྱིས་ཁ་དྲངས། གཞན་ནི་ལོངས་སྤྱོད་དང་བསླབ་
པས་ཁ་དྲངས་ནས། དགེ་སློང་འཁོར་ལྔ་བརྒྱ་ཁ་དྲངས་སོ། །བསླབ་པ་ལྔ་བཅས་ཏེ། འོ་མ་མི་བཏུང་བ་དང་། ཤ་མི་བཟའ་བ་དང་། ལན་ཚྭ་མི་བཟའ་བ་དང་། སྐྱེས་བུའི་མཐུ་རྩལ་ལ་གནོད་པས་རས་ཁ་ཚར་བཅས་པ་མི་གོན་པ་དང་། བྱིན་པའི་ཆོས་ལོངས་སྤྱོད་བཀག་པས་དགོན་པར་མི་གནས་སོ་
ཞེས་བྱ་བ་བཅས་སོ། །དེ་ལྟར་གྱུར་པ་དགེ་སློང་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་བཀུག་ནས་ལྷ་སྦྱིན་དེ་ལྟར་བྱེད་པ་བདེན་ནམ་ཞེས་སྨྲས་པ་དང་། མད་དོ་ཞེས་གསོལ་ཏོ། །དེ་ལྟར་གྱུར་པ་དེའི་ཕྱིར་འདུལ་བ་ལ་བསླབ་པའི་གནས་བཅས་ཏེ། ཡང་དགེ་སློང་གང་ཞེས་
བྱ་བ་ནི་རྩ་བའི་ཚིག་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ལྷ་སྦྱིན་དང་རྗེས་སུ་ཕྱོགས་པའི་དགེ་སློང་དང་གཞན་ཡང་འདི་འདྲ་བའི་ཚིག་བཞམས་ཏེ་བསྒོ་བར་བྱའོ། །དེ་སྟེ་ཡང་གཏོང་དུ་ཡང་མ་བཏུབ་ན་གསོལ་བ་དང་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་

དུ་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ལྷ་སྦྱིན་ཏེ་གཞན་ཡང་དེ་དང་འདྲའོ། །མཐུན་པ་ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། ཆ་ལུགས་དང་། ལས་དང་། ཚུལ་ཁྲིམས་དང་། ལྟ་བ་དང་། འཚོ་བ་དང་། སྤྱོད་ལམ་མཐུན་པ་དེ་ལྟ་བུ་དྲུག་ཅེས་བྱའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །དབྱེན་བྱེད་ཅེས་བྱ་བ་ནི་སྟོན་པ་དང་ལམ་གཞན་དུ་གཟུད་ཅིང་རྣམ་པ་གཉིས་སུ་འབྱེད་པའོ། །དེའི་ཕྱིར་ཞུགས་ཞེས་བྱ་བ་ནི་རྩོད་པར་ཞུགས་པ་སྟེ། ཚུལ་ཁྲིམས་སམ་གསོལ་བ་བྱེད་པའོ། །དབྱེ་བའི་ཕྱིར་ཡང་ཞེས་བྱ་བ་ནི་ཟས་ལ་སོགས་པ་བྱིན་པ་དང་། གྲོགས་
པོ་ལ་སོགས་པའོ། །རྩོད་ཅེས་བྱ་བ་ནི་འཁྲུག་པའི་རྩོད་པའོ། །དགེ་སློང་རྣམས་ཞེས་བྱ་བ་ནི་ལས་མ་བྱས་པར་བཞམས་ཏེ་བསྒོ་ཞིང་སླར་བཟློག་པར་བྱའོ། །ཡང་དག་པར་བཟུང་སྟེ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །རབ་ཏུ་འཛིན་ཅེས་བྱ་བ་ནི་མངོན་པར་ཆགས་པས་ན་མི་འགྱུར་བའོ། །མཉམ་དུ་
ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་མཚུངས་པའམ། ཕན་ཚུན་དད་པ་ལ་སོགས་པས་སྦྱིན་པ་ལ་མཉམ་དུ་འཚོ་བའོ། །ཀུན་དུ་དགའ་ཞེས་བྱ་བ་ནི་དགེ་བའི་ཚོགས་འཕེལ་བར་དགའ་བའམ། ཏིང་ངེ་འཛིན་བསྒྲུབ་པ་ལ་དགའ་བའོ། །རྩོད་པ་ཞེས་བྱ་བ་ནི་ལྟ་བ་ལོག་པར་གྱུར་པ་ལ་སྤང་
བར་བྱའོ། །རྩེ་གཅིག་ཅེས་བྱ་བ་ནི་སེམས་གཞན་དུ་མི་འགྱུར་བར་ཐུབ་པར་བྱའོ། །འདོན་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་ཐ་དད་དུ་མི་འབྱེད་པས་ནི་གཅིག་པའོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་ཞེས་བྱ་བ་ནི་གཅིག་ལ་གཅིག་རིམ་གྲོ་བྱེད་ཅིང་སྟོན་པའི་ཕྱིར་རོ། །སྟོན་པའི་བསྟན་
པ་རྒྱས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཞན་གྱིས་འགྲན་པར་མི་བྱེད་པས་ན། བཅོམ་ལྡན་འདས་ཀྱིས་གསུང་རབ་བཤད་ཅིང་སྟོན་ཏམ་བཤད་ཅིང་ཕྱེ་ན་རྒྱས་པར་འགྱུར་རོ་ཞེའོ། །དེ་ལྟར་གསུང་རབ་རྒྱས་དང་སློབ་མའི་འཁོར་དགེ་འདུན་རྣམས་ཚེ་འདི་ལ་བདེ་བར་གནས་པར་གྱིས་ཤིག་
པའོ། །དེ་ཡང་ཇི་ལྟར་བདེ་ཞེ་ན། ལུས་ནི་བདེ་བའོ། །སེམས་ནི་རེག་པའོ། །བཞམས་ཏེ་བསྒོ་བའི་ཚེ་མ་མཉན་ན་ཉེས་བྱས་སུ་འགྱུར་རོ། །གསོལ་བ་དང་ཞུ་བའི་ལས་ཀྱིས་བསྒོ་སྟེ་ལྡོག་ཏུ་མ་བཏུབ་ན་ཉེས་པ་སྦོམ་པོ་གསུམ་དང་དགེ་འདུན་གྱི་ལྷག་མ་གཅིག་གོ། །ལན་གཉིས་ལན་གསུམ་ཞེས་

བྱ་བ་ནི་ཧ་ཅང་ཉུང་ན་ཡང་གཡེངས་པ་ཁ་ཅིག་གིས་མི་གོ་ལ་ཧ་ཅང་མང་ན་ཡང་རིང་དུ་ཐོགས་པའི་ཕྱིར་རོ། །ཡང་དག་པར་བསྒོ་བ་ཞེས་བྱ་བ་ནི་དགེ་བ་ལ་གཞུག་པར་བྱ་བའོ། །ཡང་དག་པར་བསྟན་ཞེས་བྱ་བ་ནི་མི་དགེ་བ་ལས་བཟློག་པར་བྱའོ། །འཁོར་འགྱེད་པར་བསམས་ནས་
གཞན་གྱི་འཁོར་ཁ་དྲངས་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་འདུན་འདུས་ནས་ཆོས་བཞིན་དུ་མ་བྱས་ན་སྨྲ་བ་རྫོགས་ཀྱང་ཉེས་པ་མེད་དོ། །ཆོས་བཞིན་དུ་བྱས་ཀྱང་ཚོགས་ན་ལྟུང་བ་མེད་དོ། །འདུས་ཀྱང་ཆོས་ཀྱི་གཟུགས་བརྙན་གྱིས་བསྒོ་ན་ཡང་ཉེས་པ་མེད་དོ། །དགེ་འདུན་ཡང་ཚོགས་ལ་སྟོན་
པའི་བསྟན་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་བསྒོ་ན་དགེ་འདུན་ལྷག་མར་འགྱུར་རོ། །ཉེས་པ་རབ་ཏུ་མ་བཤགས་མ་མཐོལ་བར་དགེ་འདུན་གྱི་ནང་དུ་འཇུག་ཅིང་གནས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །རྗེས་སུ་ཕྱོགས་པའི་གླེང་གཞི་ནི་གོང་མ་དང་གཅིག་གོ། །དེ་ནས་བཅོམ་ལྡན་འདས་གདན་
དེ་ཉིད་ལ་བཞུགས་བཞིན་དུ་རྗེས་སུ་ཕྱོགས་པའི་བསླབ་པ་བཅའ་བར་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱི་བྱ་བ་ཅུང་ཟད་ཅིག་ཡོད་ཀྱི་སྐད་ཅིག་སྡོད་ཅིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འདྲི་བས་ན། ཀོ་ཀ་ལི་ཀ་དང་། ཀ་ཌ་མོ་ར་
ཀ་ལ་སོགས་པ་ལ་དེ་ལྟ་བུར་རྗེས་སུ་ཕྱོགས་པ་བདེན་ནམ་ཞེས་སྨྲས་པ་དང་། མད་དོ་ཞེས་གསོལ་ནས། དགེ་སྦྱོང་གི་བྱ་བ་མ་ཡིན་ན་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། ཡང་དགེ་སློང་ཞེས་བྱ་བ་རྩ་བའི་ཚིག་རྣམས་སོ། །དགེ་སློང་རྗེས་སུ་ཕྱོགས་པ་རྣམས་ལ་དགེ་འདུན་རྣམས་ཀྱིས་ཆོས་དང་མཐུན་པ་
འདུལ་བ་དང་མཐུན་པའི་ཚིག་གིས་ལན་གཉིས་ལན་གསུམ་དུ་བསྒོ་བར་བྱ། བསྟན་པར་བྱ་ཡང་དགེ་སློང་ཞེས་བྱ་བ་ནི་ལྷ་སྦྱིན་ནོ། །གྲོགས་སུ་གྱུར་ཅེས་བྱ་བ་ནི་ཀོ་ཀ་ལི་ཀ་ལ་སོགས་པའོ། །དབྱེན་བྱེད་པར་ཕྱོགས་ཞེས་བྱ་བ་ནི་ལྟ་བ་དང་། དེའི་འདོན་པ་དང་། དེའི་བསམ་པའོ། །གཅིག་གམ་གཉིས་སམ་
མང་པོ་ཞེས་བྱ་བ་ནི་དགེ་འདུན་མ་ལོངས་པ་དབྱེན་མི་སྲིད་པས་བཞི་ཡན་ཆད་ལ་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །དེ་སྐད་ཀྱང་ཟེར་ཞེས་བྱ་བ་ནི་སྨྲ་བའོ། །ཚེ་དང་ལྡན་པ་དག་དགེ་སློང་འདི་ལ་ཞེས་བྱ་བ་ནི་ལྷ་སྦྱིན་ལ་བྱའོ། །དགེ་ཡང་རུང་ཞེས་བྱ་བ་

ནི་དགེ་བ་ལ་མ་སྦྱོར་ཅིག་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མ་བཟློག་ཅིག་ལའོ། །དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཞེས་བྱ་བ་ནི་དེ་དག་གི་དོན་དང་མཐུན་པའོ། །མི་ཤེས་པ་མ་ཡིན་ཞེས་བྱ་བ་ནི་དོན་རྟོགས་པའི་དགེ་སློང་དེ་གང་ལ་དད་པ་བདག་ཅག་ཀྱང་དད་དོ་ཞེས་བྱ་བ་ནི་དགེ་སློང་རྗེས་སུ་
ཕྱོགས་པ་ལྔ་པོ་རྣམས། ལྷ་སྦྱིན་གྱི་བསམ་པ་དང་མཐུན་པའོ། །ཡང་དག་པར་བསྟན་ཡང་དག་པར་བསྒོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྗེས་སུ་ཕྱོགས་པ་ལ་ཞུགས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཚིག་བཞམས་ཏེ་བསྒོ་ནས་མ་བཏུབ་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་དང་ཞུ་བའི་
ལས་ཀྱིས་ལན་གསུམ་དུ་བསྐོ་སྟེ། གཏོང་དུ་མ་བཏུབ་ན་ཉེས་བྱས་གཅིག་དང་སྦོམ་པོ་གསུམ་དང་ལྷག་མ་གཅིག་ཏུ་འགྱུར་རོ། །བསྡུམ་པར་བཞམས་ཏེ་མ་བསྒོ་བར་གསོལ་བ་དང་། བཞིའི་ལས་ཀྱིས་སྔར་བསྒོ་ན་བསྒོ་བར་ཡང་མི་ཆུད་ལ་དགེ་འདུན་ཡང་ཉེས་བྱས་སོ། །བསྡུམ་པར་བཞམས་ཏེ་སྔར་
བསྒོ་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་བསྒོ་བར་ཡང་ཆུད་དེ་ཉེས་པ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །རིགས་སུན་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་ཡུལ་སྲིན་བུ་རི་ཞེས་བྱ་བ་ན་དགེ་སློང་ཐ་སྐར་སྐྱེས་དང་། ནབ་
སོ་དང་། དགེ་སློང་ངུར་ཁ་དང་དམར་ཞེས་བྱ་བའི་དགེ་སློང་རྣམས་འཁོད་དོ། །དེ་དག་རིགས་སུན་པའི་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ནི་འདི་ལྟ་སྟེ། གནས་དང་ལོངས་སྤྱོད་གཉིས་ཀྱི་སྒོ་ནས་རིགས་སུན་པར་བྱེད་དོ། །དེ་དག་ལ་གནས་ཀྱི་སྒོ་ནས་རིགས་སུན་པ་ནི་བུད་མེད་དང་སྟེགས་གད་རྒྱངས་བྱེད།
འཛུམ་སྙེགས་ལུས་ཀྱིས་སྙོགས་ཤིང་སྟན་གཅིག་ལ་འདུག་པའོ། །དེ་ལ་ལོངས་སྤྱོད་ཀྱི་སྒོ་ནས་རིགས་སུན་པ་ནི་བུད་མེད་དང་སྣོད་གཅིག་གི་ནང་དུ་ཟ། ཕོར་བུ་གཅིག་གི་ནང་དུ་འཐུང་། གླུ་ལེན། རྔ་རྡུང་། གར་བྱེད། འཇོང་མོ་དང་། གླང་པོ་ཆེ་དང་། རྟ་དང་། བྱ་གག་དང་། ངུར་བ་ལྟ་བུའི་སྐད་འབྱིན་དེ་
དག་འཐབ་ཏུ་གཟུད། དེ་ལྟར་རྩེད་མོ་སྣ་ཚོགས་བྱེད་པས་ན། དེ་ན་གནས་པའི་སྐྱེ་བོ་རྣམས་མི་དགའ་ཞིང་རིགས་རྣམས་སུན་པས་ན་སྐྱེ་བོ་དེ་དག་ཀྱང་མ་དད་ནས་དེ་ན་གནས་པའི་དགེ་སློང་རྣམས་ལ་ཡང་བསོད་སྙོམས་མི་སྟེར་ཞིང་ཡུལ་གཞན་དུ་སྤོང་བར་བྱེད་ན་གློ་བུར་དུ་ལྷགས་པ་ལ་ལྟ་ཞིག་ཅི་སྨོས། དེ་

ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ཡུལ་སྣང་བ་ཅན་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལས་དེའི་ནུབ་མོ་སྲིན་བུའི་རིའི་ནགས་ན་གནས། ནང་པར་གྲོང་ཁྱེར་དུ་བསོད་སྙོམས་ལ་ཞུགས་པ་དང་། བསོད་སྙོམས་ཀྱང་མ་རྙེད་ལན་ཀྱང་མ་ཐོབ་ནས་ཀུན་དགའ་བོས་
བསམས་པ་ཉན་ཐོས་བྱིས་པ་མི་མཁས་པ་མི་གསལ་བ་འགའ་ཞིག་གིས་རིགས་ཀྱི་བུ་མོ་དག་ལ་ཁ་ངན་ནམ་ལུས་ཀྱིས་ཀུན་དུ་རེག་པ་ཞིག་བྱས་སོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྔོན་ཆད་སྲིན་བུ་རིའི་གྲོང་ཁྱེར་དེ་འབྱོར་པ་དང་རྒྱས་པ་དང་། ལོ་ལེགས་པ་དང་། སྐྱེ་བོ་དད་པ་མང་པོ་
དག་དང་ལྡན་པས་བསོད་སྙོམས་དག་ཀྱང་རྙེད་སླ་ན་ད་ཅི་ཉེས་ཞེས་སྐྱེ་བོའི་ཚོགས་མདུན་མ་པ་ལྔ་བརྒྱ་ཙམ་གྱི་ནང་དུ་དྲིས་པ་དང་དེའི་ནང་ན་དགེ་བསྙེན་ཆུར་འཇུག་ཅེས་བྱ་བས་དགེ་སློང་ཐ་སྐར་ལ་སོགས་པས་རིགས་སུན་པའི་ཆོས་མང་དུ་བྱས་སོ་ཞེས་ཀུན་དགའ་བོ་ལ་རྒྱས་པར་གསོལ་ཏོ། །ཀུན་དགའ་བོས་སྙན་
དུ་གསོལ་ནས་བཀའ་སྩལ་པ། དགེ་སློང་གནས་བརྟན་དག་དང་། ཀུན་དགའ་བོ་ཉིད་སོང་ལ། དགེ་སློང་ཐ་སྐར་སྐྱེས་དང་། ནབ་སོ་གཉིས་ལ། དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གླིང་བ་པོའི་དགེ་སློང་གསོལ་བ་དང་ཞུ་བའི་ལས་ཀྱིས་ལམ་དུ་བསྐོས་ཏེ། དེ་རྣམས་བསྐྲད་པར་གྱིས་ཤིག་
ཅེས་བཀའ་སྩལ་ནས་དེ་ནས་དགེ་སློང་ཐ་སྐར་སྐྱེས་དང་། ནབ་སོ་གཉིས་པོ་ལ་སྤང་བའི་ལས་བྱས་པ་དང་། ངུར་ཁ་དང་དམར་གྱི་དགེ་སློང་བདག་ཅག་ལ་ཡང་བསྐྲད་པའི་ལས་བྱེད་པར་འོང་གིས་མཉན་དུ་ཡོད་པར་བྲོས་ཏེ་དོང་ངོ་ཞེས་མཉན་དུ་ཡོད་པར་དོང་ནས་ཉེས་པ་རྣམས་བཤགས་ཤིང་མཐོལ།
སེམས་ཀྱི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱང་ཡོངས་སུ་བསྡམས་ནས་དགེ་སློང་རང་བཞིན་དུ་གནས་པ་དང་འདྲ་བར་གནས་སོ། །ཐ་སྐར་སྐྱེས་དང་ནམ་སོ་གཉིས་ཀྱང་སྤང་བའི་ལས་བྱས་པ་དང་། བདག་ཅག་ཀྱང་ས་ལ་བསྒྱེལ་ན་སླར་ཡང་ས་ལ་བརྟེན་ཏེ་ལྡང་བ་བཞིན་དུ་བཅོམ་ལྡན་འདས་ཉིད་ལ་
མཐོལ་ཞིང་བཤགས་ན་ལེགས་སོ་སྙམ་ནས་མཐར་གྱིས་རྒྱུ་ཞིང་མཉན་དུ་ཡོད་པར་ཕྱིན་ཏེ། དགེ་སློང་གནས་བརྟན་དག་དང་ངུར་ཁ་དང་དམར་གྱི་དགེ་སློང་དག་དང་ཕྲད་ནས་དེ་ན་གནས་པའི་དགེ་སློང་གཅིག་གིས་ཀྱང་བལྟར་ཡང་མི་བཏུབ་ཕྱག་ཀྱང་མི་འཚལ་ལོ། །དེ་གཉིས་ཀྱིས་སྨྲས་པ། དགེ་སློང་

གཞན་ནི་ཡུས་ན་ངུར་ཁ་དང་དམར་གྱི་དགེ་སློང་གཉིས་བདག་ཅག་དང་འདྲ་བར་ཉེས་པ་བྱེད་བྱེད་ན་ཅི་སྟེ་བདག་ཅག་ལ་མི་སྨྲ་ཞེས་བྱས་པ་དང་། བདག་ཅག་ནི་བཤགས་ཤིང་མཐོལ་ཟིན་པས་སོ་ཞེས་བྱས་པ་དང་། དེ་གཉིས་ཁྲོས་ཏེ་བདག་ཅག་ཉེས་པ་འདྲ་བ་ཁོ་ན་ལས་ཁ་ཅིག་ནི་བསྐྲད་ཁ་ཅིག་ནི་མ་བསྐྲད་པ་ལས་
དགེ་སློང་ཀུན་དགའ་བོ་ལ་སོགས་པ་ཁ་ཅིག་ནི་འདོད་ཆགས་ཀྱི་དབང་དུ་འགྲོ། ཁ་ཅིག་ནི་ཞེ་སྡང་གི་དབང་དུ་འགྲོ། གཏི་མུག་གི་དབང་དུ་འགྲོའོ་ཞེས་འཛེར་བ་དང་། དགེ་སློང་རྣམས་བདག་ཅག་གིས་ཉེས་པ་སྣ་ཚོགས་བྱས་ཏེ། ཀུན་དགའ་བོ་དང་། གནས་བརྟན་དག་གིས་གསོལ་བ་དང་། ཞུ་
བའི་ལས་ཀྱིས་བསྐྲད་པར་ཤེས་བཞིན་དུ་དེ་སྐད་འཛེར་ཅེས་འཕྱ་བཞིན་དུ་སྙན་དུ་གསལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྨྲ་བ་དང་གཞན་ཡང་འདི་འདྲ་བ་ལ་དགེ་འདུན་རྣམས་ཀྱིས་ཚིག་འཇམ་པོས་སྒོ་ཤིག་ཅེས་རྩ་བའི་ཚིག་རྣམས་སོ། །རྩ་བའི་ཚིག་རྣམས་ཀྱིས་བཞམས་ཏེ་བསྒོ་
ཡང་གཏོང་དུ་མ་བཏུབ་ན། གསོལ་བ་དང་ཞུ་བའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་བསྒོ་བར་བྱའོ་ཞེས་བཀའ་སྩལ་པ་དང་། ལན་གཉིས་ལན་གསུམ་དུ་བསྒོ་ཡང་གཏོང་དུ་མ་བཏུབ་པ་དང་། དེ་ལྟར་གྱུར་པ་དེའི་ཕྱིར་ཡང་དགེ་སློང་གང་རིགས་སུན་པའི་ཆོས་བྱས་ན་དགེ་སློང་ལྷག་མར་འགྱུར་རོ་ཞེས་
འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་དག་ཅེས་བྱ་བ་ནི་ཐ་སྐར་སྐྱེས་དང་ནབ་སོ་གཉིས་ཏེ། གཞན་ཡང་དེ་དང་འདྲའོ། །མང་པོ་ཞེས་བྱ་བ་ནི་དགེ་སློང་གཉིས་ཡན་ཆད་ལ་མང་པོ་ཞེས་བྱའོ། །གྲོང་ངམ་གྲོང་རྡལ་ཞེས་བྱ་བ་ནི་སྲིན་བུ་རིའོ། །དེ་དག་ཀྱང་རིགས་སུན་པར་བྱེད་ཅེས་བྱ་བ་ནི་
རིགས་ནི་བྲམ་ཟེ་དང་། ཁྱིམ་བདག་གི་རིགས་ཏེ། དེ་ཡང་རྣམ་པ་གཉིས་ཀྱིས་སུན་པར་བྱེད་དེ་གནས་དང་ལོངས་སྤྱོད་དོ། །སྣང་བ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་སོ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པས་སོ། །
སྡིག་པའི་ཆོས་ཀུན་དུ་སྤྱོད་ཅེས་བྱ་བ་ནི་ཉེས་པ་སྣ་ཚོགས་བྱེད་པའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་ལ་ཞུགས་པས་སོ། །ཚིག་འདི་སྐད་སྨྲོས་ཤིག་ཅེས་བྱ་བ་ནི་ཚིག་འཇམ་པོས་བསྒོ་བའོ། །ཇི་སྐད་བསྒོ་བ་ནི་སྔ་མ་བཞིན་ནོ། །ཚིག་འཇམ་པོས་བསྒོ་ན་དངོས་པོ་དེ་གཏོང་བ་ལྟ་ན་ནི་ཞེས་

བྱ་བ་དེ་ལྟར་ལྟ་བ་ཡོངས་སུ་གཏོང་བའོ། །གལ་ཏེ་མི་གཏོང་ཞེས་བྱ་བ་ནི་ཡོངས་སུ་མི་འདོར་བའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྟན་པར་བྱ་བ་ནི་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྟན་ཅིང་བསྒོ་བའོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་རྣམས་ཀྱིས་སྤངས་པའི་
ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདོད་པས་ཞེ་སྡང་གིས་གཏི་མུག་གིས་འཇིགས་པས་འགྲོ་ཞེས་ཟེར་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཚིག་འཇམ་པོས་བསྒོ་སྟེ་མ་བཏུབ་ན་ཉེས་བྱས་སུ་འགྱུར་རོ། །གསོལ་བ་དང་ཞུ་བའི་ལས་ཀྱིས་བསྒོ་སྟེ་མ་བཏུབ་ན་སྦོམ་པོ་གསུམ་དང་ལྷག་མར་འགྱུར་རོ། །
བཞམས་ཏེ་མ་བསྒོ་བར་གསོལ་བ་དང་ཞུ་བའི་ལས་ཀྱིས་སྔར་བསྒོ་ན་དགེ་འདུན་ལ་ཡང་ཉེས་བྱས་སུ་འགྱུར་ལ་བསྒོ་བར་ཡང་མི་ཆུད་དོ། །བཞམས་ཏེ་ཡང་བསྒོ་ལ་གསོལ་བའི་ལས་ཀྱང་བྱས་ན་བསྒོ་བར་ཡང་ཆུད་དེ་ཉེས་པ་མེད་དོ། །བསྐྲད་པའི་ལས་མ་བྱས་པར་བཞམས་ཏེ་སྔར་བསྒོ་བར་མི་ཆུད་དེ་དགེ་འདུན་
ལ་ཉེས་བྱས་སོ། །བསྐྲད་པའི་ལས་བགྱིས་ཤིང་བཞམས་ཏེ་བསྒོ་ན་བསྒོ་བར་ཡང་ཆུད་ལ་ཉེས་པ་ཡང་མེད་དེ། བསྐྲད་པའི་ལས་མ་བགྱིས་པར་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་བསྒོ་བར་ཡང་མི་ཆུད་དེ་དགེ་འདུན་ལ་ཉེས་བྱས་སོ། །བསྐྲད་པ་ཡང་བྱས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་བསྒོ་བར་
ཡང་ཆུད་དེ་ཉེས་པ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །བཀའ་བློ་མི་བདེ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀཽ་ཤཱམྦཱི་དགྲ་ཟིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀཽ་ཤཱམྦཱི་ན་དགེ་སློང་མོས་པ་ཅན་ལ་ལྟུང་བ་བྱུང་ནས་ཆོས་བཞིན་དུ་སླར་མི་བྱེད་དེ། དེ་ལྟུང་བ་
བྱུང་བ་གྲོགས་པོ་ཁ་ཅིག་གིས་མཐོང་ནས་གྲོགས་པོ་ཕན་པར་འདོད་རྣམས་ཀྱིས་དེ་ལ་བསྐུལ་ཞིང་ལྟུང་བ་ཤོགས་ཤིག་ཅེས་བྱས་ན། སུ་ལ་ལྟུང་བ་བྱུང་བ་དེ་སླར་བྱེད་གྲང་ངས་ནི་ལྟུང་བ་མ་མཐོང་ངོ་། །ཁྱེད་ལ་ལྟུང་བ་བྱུང་ན་གཞན་དུ་བཤགས་ཏེ། སུ་མཐོང་བ་དེ་ལྟུང་བ་ཆོས་བཞིན་དུ་བཤགས་ཤིང་བྱེད་
གྲང་། ཚེ་དང་ལྡན་པ་དག་དགེ་ཡང་རུང་། སྡིག་ཀྱང་རུང་ཅུང་ཟད་ཀྱང་ང་ལ་མ་སྨྲ་ཤིག །དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་ལ་མ་གཞུག་ཅིག་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མ་བཟློག་ཅིག་པའོ། །ཁྱེད་རིགས་དང་རུས་ཐ་དད་པ་ལས་རབ་ཏུ་བྱུང་བ་འདབ་མ་རླུང་གིས་བརྡབས་ནས་གཅིག་ཏུ་

སྤུངས་པ་དང་འདྲ་བ་ཁྱེད་ཅག་ཡིན་ན། ངེད་ཀྱི་རིགས་ལས་ནི་བྱང་ཆུབ་ཐོབ་པོ་ཞེས་ཟེར་བ་དོན་ཉུང་བའི་དགེ་སློང་རྣམས་འཕྱ་སྟེ་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་བསྒོ་ན། ངག་མི་ཉན་ཏོ་ཞེས་སྙན་དུ་གསོལ་ཏོ། །བཀའ་སྩལ་པ། དགེ་སློང་མོས་པ་ཅན་དང་གཞན་ཡང་དེ་དག་དང་འདྲ་བ་ལ་
བསླབ་པའི་མདོར་གཏོགས་པ་རྣམས་ཀྱིས་བཞམས་ཏེ་བསྒོ་བར་བྱའོ། །ཞེས་རྩ་བའི་ཚིག་རྣམས་སོ། །དེ་སྟེ་ཡང་ལྟུང་བ་བཤགས་སུ་མ་བཏུབ་ན་གསོལ་བ་དང་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་བསྒོ་བར་བྱའོ། །ལན་གཉིས་ལན་གསུམ་དུ་བསྒོ་སྟེ་མ་བཏུབ་ན་ཉེས་བྱས་གཅིག་དང་། སྦོམ་པོ་
གསུམ་དང་དགེ་འདུན་གྱི་ལྷག་མར་འགྱུར་རོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་འགའ་ཞིག་ཅེས་བྱ་བ་ནི་མོས་པ་ཅན་ཏེ་གཞན་ཡང་དེ་འདྲ་བའོ། །བཀའ་བློ་མི་བདེ་བའི་རང་བཞིན་ཞེས་བྱ་བ་ནི་མཐུན་པ་དང་རིགས་པ་དང་ལེགས་སུ་དགའ་སྟེ་སྨྲས་པ་ལ་ཉན་དུ་མི་བཏུབ་ཅིང་ལོག་པར་འཛིན་
པ་ནི་བཀའ་བློ་མི་བདེ་བ་ཞེས་བྱའོ། །བསྟན་པར་གཏོགས་ཞེས་བྱ་བ་ནི་ཕས་ཕམ་པ་བཞི་ནས་རྩོད་པ་ཞི་བ་བདུན་གྱི་བར་དུ་སྟེ། ལྟུང་བའི་རིས་ལྔ་ལ་བྱའོ། །བདེ་བར་གཤེགས་པའི་མདོར་གཏོགས་ཞེས་བྱ་བ་ནི་མདོ་སྡེའམ་མངོན་པའི་ཆོས་ལ་བྱའོ། །དགེ་ཡང་རུང་ཞེས་བྱ་བ་ནི་ཕན་པ་ཅན་ནོ། །དགེ་སློང་
རྣམས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཆོས་དང་མཐུན་ཞེས་བྱ་བ་ནི་མདོ་སྡེ་དང་མ་མོ་ལ་བྱའོ། །འདུལ་བ་དང་མཐུན་ཞེས་བྱ་བ་ནི་འདུལ་བ་དེ་ཉིད་དོ། །བསྒོ་ཞེས་བྱ་བ་ནི་ཆོས་དང་འདུལ་བ་ཇི་ལྟ་བ་བཞིན་དུ་བསྒོ་བའོ། །ཁྱེད་ཀྱིས་བདག་ལ་བསྒོ་བས་ཆོག་གིས་ཞེས་ཟེར་བ་ནི་བཀའ་བློ་མི་བདེ་བ་ལ་གནས་
པའོ། །དངོས་པོ་དེ་སྤང་བའི་ཕྱིར་ཚིག་འཇམ་པོས་སྒོ་ཤིག་ཅེས་བྱ་བ་ནི་གསོལ་བ་དང་ཞུ་བའི་ལས་ནི་གོང་མ་དག་དང་འདྲའོ། །བསྟན་པའི་མདོར་གཏོགས་པ་རྣམས་ཀྱིས་བསྒོ་སྟེ་མ་བཏུབ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །གསོལ་བ་དང་ཞུ་བ་རེ་རེ་ལ་ཡང་སྦོམ་པོ་རེ་རེར་འགྱུར་རོ། །ཆོས་བཞིན་ལ་མ་ཚོགས་
པ་དང་། ཚོགས་པ་ལས་ཆོས་ཀྱི་གཟུགས་བརྙན་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་མ་བསྒོ་ན་ཉེས་པ་མེད་དོ། །དགུ་ནི་དང་པོ་དག་ཉིད་ཀྱིས་སོ་ཞེས་བྱ་བ་ནི་བྱུང་མ་ཐག་ཏུ་ལྷག་མར་འགྱུར་རོ། །ལན་གཉིས་ལན་གསུམ་བསྒོ་ནས་ལྷག་མར་འགྱུར་བ་ནི་དབྱེན་དང་རྗེས་སུ་ཕྱོགས་པ་དང་། རིགས་སུན་པ་

དང་བཀའ་བློ་མི་བདེ་བའོ། །དེ་དག་ལས་གང་ཡང་རུང་ཞེས་བྱ་བ་ནི་ལྷག་མ་བཅུ་གསུམ་པོ་དག་བྱུང་བ་ལ་བྱའོ། །ཇི་སྲིད་དུ་ཞེས་བྱ་བ་ནི་དགེ་འདུན་གྱི་ལྷག་མ་བྱུང་ནས་ཇི་སྲིད་དུ་བཅས་པའོ། །ཇི་སྲིད་དུ་བཅས་པ་དེ་སྲིད་དུ་ཆད་པ་བྱེད་དུ་ཆུག་ཤིག་པའོ། །སེམས་འཁྲུགས་པ་དང་། ནད་ཀྱིས་
གཟིར་བ་དང་། མི་དྲན་པ་ལ་ཉེས་པ་མེད་དོ། །གང་ཟག་དེའི་ཆད་པ་ནི་དགེ་སློང་རང་བཞིན་དུ་གནས་པ་དང་། སྟན་གཅིག་ལ་མི་འདུག་ལྷན་ཅིག་མི་འཆག་ཁྱིམ་གཅིག་ན་མི་ཉལ། དགེ་སློང་ཐམས་ཅད་ཀྱི་འཇུག་ཏུ་གཞག །བསིལ་ཡབ་གཡོབ་པ་དང་ལྷུང་བཟེད་བཀྲུ་བར་བྱ། ཆད་པ་བྱས་ནས་ཞག་དྲུག་
གི་བར་དུ་དགེ་འདུན་ལ་མགུ་བའི་ལས་བྱའོ། །མ་བཅབས་ན་ཆད་པ་མི་དགོས་ཏེ་མགུ་བར་ཟད་དོ། །ཆད་པ་བྱེད་དུ་གཞུག་པ་ནི་ང་རྒྱལ་མེད་པ་དང་བཅས་པའི་ཉེས་པ་མེད་པའི་ཕྱིར་རོ། །ནད་སྦྱང་བར་བྱ་བའི་ཕྱིར་ཡིད་མགུ་བར་བྱེད་དུ་གཞུག་གོ། །ལྟུང་བ་ལས་འབྱིན་པའི་ཕྱིར་འབྱུང་བར་གསོལ་ལོ། །དགེ་
འདུན་ལ་རག་ལས་ཞེས་བྱ་བ་ནི་དབང་ཡོད་པའི་དོན་ཏོ། །དགེ་སློང་ཉི་ཤུ་མེད་ཅེས་བྱ་བ་ནི་གྲངས་མ་ཚང་ན་མི་ཕྱིན་ཞེས་བྱ་བའི་དོན་ཏོ། །དེ་ནི་འདུ་ཤེས་ཞེས་བྱ་བ་ནི་ངེས་པའོ། །ཡང་ན་ཕྱིན་པའི་དུས་འདིས་ཞེས་བྱ་བའི་རྒྱུ་སྟེ་གཞུང་འདི་ལ་བྱའོ། །གླེངས་ཤིང་དྲན་པར་བྱས་པ་ལ་བདག་ཉིད་བཀའ་བློ་མི་བདེ་བ་ལ་
གནས་ན་ཉེས་བྱས་སོ། །མ་གླེངས་ཤིང་དྲན་པར་མ་བགྱིས་པར་བདག་ཉིད་བཀའ་བློ་མི་བདེ་བ་ལ་གནས་ན་བསྒོ་བ་མི་འཆགས་སོ། །མཚམས་ཀྱི་ནང་རོལ་ནས་བསྒོའམ། ཕྱི་རོལ་ནས་བསྒོ་འམ་ས་ལ་འདུག་སྟེ་ནམ་མཁའ་ལ་འཇུག་པའམ། དགེ་འདུན་གྱིས་དགེ་འདུན་ལོངས་པ་ལ་བསྒོ་ན་བསྒོ་བར་མི་
ཆུད་དོ། །དགེ་འདུན་ལྷག་མ་བཅུ་གསུམ་མི་བརྗེད་པའི་ཚིག་གོ། །གཉིས་མི་མངོན་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚེ་དང་ལྡན་པ་འཆར་བ་པོ་བསོད་སྙོམས་ལས་འཁོར་ཏེ། ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་དུ་སོང་ངོ་། །དེ་སྟན་
བཏིང་བ་ལ་འདུག་པ་དང་། སྦེད་མ་ཡང་འཆར་བ་ལ་ཆོས་ཉན་པའི་ཕྱིར་འཆར་བ་དང་སྟན་གཅིག་ལ་པུས་མོ་སྤྲད་དེ་སྐྱབས་ཡོད་པ་ན་འདུག་ཅིང་ཆོས་འཆད་པ་དགེ་བསྙེན་མ་ས་གས་མཐོང་ནས། དེ་ལྟར་མ་དད་པ་རྣམས་ཀྱིས་མཐོང་ན་ནི་དགེ་སྦྱོང་གི་ཆོས་མ་ཡིན་པ་ཞིག་བྱེད་དུ་གདོན་མི་ཟའོ་ཞེས་སྐུར་པར་ཡང་

འགྱུར་ན་དེ་ལྟ་བུ་མི་མཛེས་པ་ཉན་ཐོས་རྣམས་ལ་སྤངས་པའི་ཕྱིར་དགེ་བསྙེན་མ་དེས་སྙན་དུ་གསོལ་ཏོ། །ལེགས་པ་བཅུ་གཟིགས་ནས་བཀའ་སྩལ་པ། རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། ཡང་དགེ་སློང་གང་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་གང་ཞེས་བྱ་བ་ནི་འཆར་བ་
སྟེ། གཞན་ཡང་དེ་དང་འདྲའོ། །བུད་མེད་ཅེས་བྱ་བ་ནི་མི་ཚངས་པར་སྤྱད་པའི་ཆོས་བཟོད་པའོ། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་པའོ། །གཉིས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་གཉིས་སོ། །དབེན་པ་ཞེས་བྱ་བ་ནི་གང་ན་སྐྱེས་པའམ། བུད་མེད་དམ། མ་ནིང་གཞན་སུ་ཡང་མེད་
པའོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་རྩིག་པ་འམ་སབ་མོའམ། ཡོལ་བས་བསྐྱབས་པའོ། །སྟན་ལ་ཞེས་བྱ་བ་ནི་སྟན་གྱི་རྣམ་གྲངས་སུ་གཏོགས་པ་གང་ཡང་རུང་བའོ། །འདུག་ཅེས་བྱ་བ་ནི་འདོམ་གང་གིས་འཁོར་བ་ན་རྐུབ་བཞག་ཅིང་འདུག་པའོ། །འདོད་པ་ཆོག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་དུ་
ཁོམ་པའི་ཕྱིར་ཆོག་པའོ། །དགེ་བསྙེན་མའི་ཚིག་གིས་ངེས་པར་བྱ་བ་ནི་བདེན་པ་བཞི་ལ་ཐེ་ཚོམ་མེད་ཅིང་རྟོགས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་མངོན་པར་བཏུལ་བ་སྲོག་གི་ཕྱིར་ཡང་བརྫུན་དུ་མི་སྨྲ་བ་ནི་དགེ་བསྙེན་མ་ཡིད་ཆེས་པས་ཞེས་བྱ་བའོ། །ཆོས་གསུམ་ལས་གང་ཡང་རུང་ཞེས་བྱ་
བ་ནི་ཕས་ཕམ་པ་དང་ལྷག་མ་དང་ལྟུང་བ་སྟེ། དེ་དག་ལས་གང་ཡང་རུང་བའོ། །དགེ་སློང་བུད་མེད་དང་སྟན་གཅིག་ལ་འདུག་པའམ། ཆང་འཐུང་བ་འམ། གོང་དུ་སྨོས་པ་གསུམ་ལས་གང་ཡང་རུང་སྟེ། སྡིག་པའི་ལས་སུ་བྱེད་པ་ཅུང་ཟད་ཅིག་མཐོང་ངོ་ཞེས་དགེ་བསྙེན་མ་སྨྲ་ན་དེ་དག་ལས་གང་དགེ་སློང་གིས་
ཁས་ལེན་པ་བྱེད་དུ་ཆུག་ཤིག་ཅེས་བྱེད་དུ་བཅུག་པ་ནི་ལྟུང་བ་བཤགས་ཤིང་བྱེད་དུ་གཞུག་པའོ། །འདི་ནི་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་ཆོས་དེ་དག་གཏན་ལ་མ་ཕེབས་པའོ། །དེ་ལ་ཉེས་པ་ནི་དགེ་བསྙེན་ཡིད་ཆེས་པའི་ཚིག་གིས་གང་དང་གང་གླེངས་པ་དེ་དང་དེ་བྱེད་དུ་གཞུག་གོ། །དེ་སྟེ་ཁས་མི་ལེན་ན་གསོལ་
བ་དང་ཞུ་བའི་ལས་ཀྱིས་ཉེས་པའི་ངོ་བོ་ཉིད་ཚོལ་དུ་གསོལ་ཅིག །ཉེས་པ་མཐོང་ན་ཁས་མི་ལེན་ན་ཉེས་པའི་ངོ་བོ་ཉིད་ཚོལ་བའི་དགེ་སློང་གིས་ཆད་པ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། དགེ་ཚུལ་གཡོག་བྱེད་དུ་མི་གཞུག །མཚམས་ཀྱི་ནང་ན་དགེ་སློང་ཚུལ་ཁྲིམས་ཉམས་སམ། ལྟ་བ་ཉམས་

པའམ། འཚོ་བ་ཉམས་པ་འམ། སྤྱོད་ལམ་ཉམས་པ་ལ་མ་གླེང་ཤིག །དྲན་པར་མ་བྱེད་ཅིག །ལུང་སྟོན་པའམ་འདོམས་སུ་མ་གཞུག་ཤིག །འདུལ་བ་འཛིན་པའི་དགེ་སློང་ཡོད་ན་དགེ་འདུན་གྱི་དབུས་སུ་འདུལ་བ་མ་འཆད་ཅིག །གསོ་སྦྱོང་དང་ཚུལ་ནས་འབྱུང་བའི་ཚེ། གསོལ་བ་དང་
ལས་ཀྱི་ནང་དུ་མ་གཞུག་ཅིག །དེ་ཀུན་བྱས་ན་ཉེས་བྱས་སུ་འགྱུར་རོ། །མ་ངེས་པ་གཉིས་པའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རི་བོ་དང་ཁྱིམ་བདག་གི་ཆུང་མ་ཉེས་སྨན་གཉིས་འདོད་པ་ནི་མི་ཆོག་པར་སྟན་ལ་འདུག་པ་དགེ་བསྙེན་མ་ལེགས་སྐྱེས་མས་མཐོང་སྟེ། དེ་ལྟར་
གྱུར་པ་སྙན་དུ་གསོལ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །འདོད་པ་ཆོག་པར་བྱ་བའི་ཉེས་པ་དེ་མེད་དེ་ཕས་ཕམ་པར་མི་འགྱུར་བས་ན། ཆོས་གཉིས་ཞེས་བྱ་བ་སྨོས་ཏེ། གཉིས་ནི་དགེ་འདུན་གྱི་ལྷག་མ་དང་ལྟུང་བ་སྟེ། དེ་དག་གང་གིས་གླེང་བ་དེ་བྱེད་དུ་གཞུག་གོ། །མ་ངེས་པ་ནི་སྔ་མ་གཅིག་
པུར་མ་ཟད་ཀྱི་འདི་ཡང་མ་ངེས་པའི་ཆོས་ཡིན་པས་ན་གཏན་ལ་མ་ཕབ་པའི་དོན་ཏོ། །སོ་སོར་ཐར་པའི་མདོ་གདོན་པ་བཞི་པ་མི་བརྗེད་པའི་ཚིག་གོ། །སྤང་བའི་ལྟུང་བྱེད་ལས་བརྩམས་ཏེ་འཆང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་དེ་ལྟ་བུའི་གོས་མང་པོར་
གྱུར་ཏེ་གོས་ལ་ལོངས་སྤྱོད་དེ། གཙུག་ལག་ཁང་ཆག་ཆག་གདབ་པ་ལ་སོགས་པ་ལས་སྣ་རེ་བྱེད་ཀྱང་གོས་ལན་རེ་བརྗེ་ཞིང་གོན་ནས་ཁ་ཏོན་དང་ལུང་དབོག་པ་དང་། བསམ་གཏན་བྱེད་པའི་བར་ཆད་དུ་གྱུར་ནས། དགེ་སློང་རྣམས་ཀྱིས་སྙན་དུ་གསོལ་ཏོ། །དེའི་ཚེ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རས་བཟང་
པོ་གཅིག་སངས་རྒྱས་ལ་ཡོན་དུ་ཕུལ་ནས་ཀུན་དགའ་བོ་ལ་ཆོས་གོས་སུ་དྲུབས་ཤིག་ཅེས་བཀའ་སྩལ་ནས། སངས་རྒྱས་ཀྱི་ཆོས་གོས་གསུམ་དུ་དྲུབས་པ་དང་ལྷག་སྟེ་ཀུན་དགའ་བོ་ཉིད་དང་། སྲས་རཱ་ཧུ་ལ་གཉིས་ཀྱི་ཡང་སྟོད་གཡོགས་གཉིས་དང་ལྔ་ལོངས་སོ། །དེ་ནས་བཅོམ་ལྡན་འདས་ལོ་སར་གྱི་
ལྷགས་པ་ཆེ་བའི་ཡུལ་ཨ་ལ་བྱིར་ཞེས་བྱ་བར་གཤེགས་ནས་དེའི་ནུབ་མོ་སྲོད་ལ་ནི་ཆོས་གོས་ལྔ་པ་གསོལ་ཏོ། །དེས་ཀྱང་མི་ཐུབ་སྟེ་གྲང་བར་གྱུར་ནས་གུང་ལ་ཆོས་གོས་བདུན་པ་གསོལ་ཏོ། །དེས་ཀྱང་མི་ཐུབ་ནས་ཐོ་རངས་ཆོས་གོས་སྦྱར་མ་གསོལ་ན་ལྷགས་པ་ཐུབ་པ་དང་། ང་ལྟ་བུ་ཤ་མདངས་འཇམ་

ཞིང་གཞོན་པ་ཡང་ཆོས་གོས་གསུམ་གྱིས་ཆོག་ན། ཁྱེད་ལ་དེས་ཅིས་མི་ཆོག་ཅེས་འདོད་པ་ཆུང་བ་དང་མགུ་སླ་བ་དང་། ཡོ་བྱད་ཉུང་ངུས་ཆོག་པ་དང་། ཉུང་ངུ་ལ་སོགས་པའི་བསྔགས་པ་བརྗོད་དེ། དགེ་སློང་གོས་མང་དུ་འཆང་ཞིང་ཡོ་བྱད་མང་པོ་ལ་ཆགས་པ་ལ་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། ཡང་
དགེ་སློང་ཆོས་གོས་ཟིན་ཏེ་གཏན་པ་ཕྱུང་ནས་ཆོས་གོས་གསུམ་བཅོས་ཤིག་ཅེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དེ་ལྟར་བསླབ་པ་བཅས་པ་དང་། ཁྱིམ་བདག་གཅིག་གིས་ཀུན་དགའ་བོ་ལ་བདག་གིས་སྔ་མོ་ཞིག་ནས་བཙུན་པ་འོད་སྲུངས་ཆེན་པོ་ལྷ་དང་མིའི་མཆོད་པའི་གནས་དེ་ལ་བདག་
གིས་བཤོས་དང་གོས་ཤིག་གསོལ་བར་བགྱི་བ་ལས་བདག་ཅག་ཁྱིམ་པ་ལས་ཀྱིས་བྲེལ་ཏེ་ཕྱག་ཏུ་མ་ཕུལ་ན་འདི་ཙམ་ཞིག་ཀུན་དགའ་བོས་འོད་སྲུངས་ཆེན་པོ་ལ་དབུལ་བར་གསོལ་ཞེས་བྱས་པ་དང་། ཀུན་དགའ་བོས་བསམས་པ་དང་། བདག་གིས་བླངས་ན་ནི་བསླབ་པ་དང་ཡང་འགལ། མ་བླངས་ན་
ནི་འོད་སྲུངས་ཆེན་པོའི་རྙེད་པ་ཡང་ཉམས་ལ་ཁྱིམ་བདག་ཀྱང་བསོད་ནམས་མི་ཐོབ་ན་བདག་གིས་བླངས་ཏེ་སྙན་དུ་གསོལ་ལོ་སྙམ་དུ་བསམས་ནས། བླངས་ཏེ་གསོལ་བ་དང་རྗེས་སུ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་ནན་ཏན་བྱེད་པ་དང་། གུས་པའི་ཡོན་ཏན་བརྗོད་ནས་ཡང་དགེ་སློང་གང་
ཆོས་གོས་ཟིན་ཅེས་བྱ་བ་ལ་སོགས་པ་རྩ་བའི་ཚིག་རྣམས་སོ། །ཆོས་གོས་ཟིན་ཅེས་བྱ་བ་ནི་དགེ་སློང་གི་ཆོས་གོས་བཀྲུ་བ་དང་དྲ་བ་དང་དྲུབ་པ་དང་ཁ་དོག་བསྒྱུར་བ་ལ་སོགས་པ་ཟིན་པ་ལ་བྱའོ། །གཏན་པ་ཕྱུང་ཞེས་བྱ་བ་ནི་ཚུལ་དུ་ཞུགས་པའི་དགེ་འདུན་རྣམས་ཚུལ་ནས་འབྱུང་སྟེ་ཚུལ་ནས་འབྱུང་བའི་ཡོན་
ཏན་གཏན་པ་དྲུབ་པ་ཡིན་པས་ན་གཏན་པ་དྲུབས་དང་། ཞག་བཅུ་ལས་འདས་ཀྱང་སྤང་བའི་ལྟུང་བར་མི་འགྱུར་ཏེ། གཏན་པ་མ་དྲུབས་སམ་གཏན་པ་ཕྱུང་བའི་ཚེ་ཞག་བཅུ་ལས་འདས་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་བཤད་དོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ་གཞན་ཡང་དེ་དང་འདྲའོ། །ཞག་
བཅུ་ལས་འདས་ཏེ། ཞག་བཅུ་གཅིག་གི་སྐྱ་རེངས་ཤར་ན་སྤང་བར་འགྱུར་རོ། །གོས་ལྷག་ཅེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལས་ལྷག་པའོ། །རུང་བ་མ་ཡིན་ཞེས་བྱ་བ་ནི་རུང་བར་མ་བྱས་པའོ། །ཆོངས་ཤིག་ཅེས་བྱ་བ་ནི་བདག་གིར་བྱ་བའོ། །དེ་ལས་འདས་པར་བཅངས་ན་ནི་ཞེས་བྱ་བ་ནི་ཞག་བཅུ་ལས་ཐལ་

བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །དེ་ལ་ཉེས་པ་ནི་དགེ་སློང་གིས་གོས་ཤིག་རྙེད་ན་ཞག་བཅུ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ། སྤང་བར་བྱ། རུང་བར་བྱ། གཞན་ལ་སྦྱིན་པར་བྱ། དེ་ལྟར་མ་བྱས་ན་ཞག་བཅུ་གཅིག་གི་སྐྱ་རེངས་ཤར་ན་
ལྟུང་བར་འགྱུར་རོ། །ལྟུང་བར་འགྱུར་བའི་དངོས་པོ་མ་བཤགས་སམ། བྲལ་བར་མ་བྱས་སམ་མ་སྤངས་ན་དེ་ཚུན་ཆད་དགེ་སློང་གིས་ཡོ་བྱད་ཇི་སྙེད་རྙེད་པ་དེ་ཐམས་ཅད་སྤང་བའི་ལྟུང་བར་འགྱུར་རོ། །ཞག་བཅུ་མ་ལོན་ཡང་སྤང་བའི་ལྟུང་བར་འགྱུར་བ་ཡོད་དེ། སྔ་མ་ཞག་བཅུ་འདས་པའི་རྒྱུན་གྱིས་སྤང་བར་འགྱུར་
བའོ། །སྤང་བར་བྱ་བའི་གོས་དེ་ཆུས་ཁྱེར་རམ་མེས་ཚིག་ན་སྤང་དུ་མེད་པས་ཉེས་པ་བཤགས་པར་བྱའོ། །གོས་རྙེད་མ་ཐག་ཏུ་དགེ་སློང་སེམས་འཁྲུགས་སམ། ནད་ཀྱིས་གཟིར་ནས་མི་དྲན་པར་གྱུར་ནས། ནམ་དེའི་སེམས་རྙེད་པ་ནས་ཞག་བཅུ་བགྲང་བར་བྱའོ། །གོས་མང་པོ་ཞིག་སྔགས་ཀྱིས་མ་བཏབ་བྱིན་གྱིས་
མ་བརླབས་པར་ནམ་འཚོ་བའི་བར་དུ་འཆང་ཡང་ལྟུང་བར་མི་འགྱུར་བ་ཡང་ཡོད་དོ། །ཉི་མ་རེ་རེ་ཞིང་གོས་ལས་སླར་ཕྱུང་ཞིང་གཞན་ལ་བྱིན་གྱིས་རློབ་པའོ། །ཞག་བཅུ་ལས་འདས་ཀྱང་ལྟུང་བར་མི་འགྱུར་བ་ཡང་ཡོད་དེ། གོས་ཀྱི་རྒྱུ་རུང་ལ་སྤུན་མི་རུང་བའམ། རྒྱུ་དང་སྤུན་གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི་
རྔ་མོའི་བལ་དང་། བ་ལང་དང་། ར་དང་། རི་དགས་ཀྱི་བལ་དང་འདྲེས་པ་ནི་ཞག་བཅུ་ལས་འདས་ཀྱང་ལྟུང་བ་མེད་དེ་ཉེས་བྱས་སུ་འགྱུར་རོ། །ཞག་བཅུས་ལྟུང་བར་འགྱུར་བའི་ཚེ་གཅིག་ཏུ་བཅངས་ཀྱང་ལྟུང་བར་མི་འགྱུར་བ་ཡོད་དོ། །ཞག་བཅུ་ཚུན་ཆད་ཀྱིས་དུས་ལས་འདས་པའོ། །ཞག་བཅུ་མ་ལོན་པ་ལ་ཞག་
བཅུ་ལོན་པར་འདུ་ཤེས་སམ། ཞག་བཅུ་ལོན་པ་ན་མ་ལོན་པར་འདུ་ཤེས་པ་ནི་ཐམས་ཅད་ཀྱང་ཉེས་བྱས་སོ། །གཏན་པ་ནི་བཏིང་ཡང་ཞག་བཅུ་ལས་འདས་པའི་ཉེས་པ་ཡོད་དེ། དགེ་སློང་གིས་གོས་སྤང་བར་བྱ་བ་མ་སྤངས་མ་བཤགས་པར་དགེ་འདུན་གྱི་གཏན་པ་བཏིང་བའོ། །དགེ་སློང་ལ་ལྟུང་བར་འགྱུར་
བ་དེ་བཞིན་དུ་དགེ་སློང་མ་དང་བསླབ་པ་བྱིན་པ་ལ་ཡང་དེ་བཞིན་ནོ། །འབྲལ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་མང་ཞིག་རྙེད་པར་གྱུར་ནས། གོས་འཁྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་དོག་བསྒྱུར་བ་ལ་སོགས་པའི་ལས་བྱས་ནས་

ཚང་ཐུར་གྱི་ནང་དུ་བཅུག་སྟེ། དགེ་སློང་གཞི་ན་གནས་པ་རྣམས་ལ་བཅོལ་ནས། གཞི་ན་གནས་པ་རྣམས་ཀྱང་གོས་སྐེམ་པ་དང་། སྡུད་ཅིང་སྦེད་པ་དག་བྱེད་པས་ལུང་དབོག་པ་དང་ཀློག་པའི་བར་ཆད་དུ་ཡང་གྱུར་ལ་བདག་ཅག་ལྗོངས་རྒྱུར་དོང་བ་རྣམས་ཀྱང་སྟོད་གཡོགས་དང་སྨད་གཡོགས་ཉི་ཚེ་གྱོན་ཞིང་
འགྲོ་བས་ན། གོས་ཀྱིས་མ་གཡོགས་པ་སྣང་ཞིང་མི་མཛེས་པར་གྱུར་པས། ཡང་དགེ་སློང་གང་དག་ཆོས་གོས་དང་འབྲལ་དུ་མི་རུང་ངོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དེ་ལ་རྗེས་སུ་གནང་བ་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་སྡེ་ཆེན་པོའི་ཕུག་ན་
འོད་སྲུངས་ཆེན་པོ་གནས་ཏེ། བཅོ་ལྔ་དང་བཅུ་བཞིའི་གསོ་སྦྱོང་རྒྱལ་པོའི་ཁབ་ཀྱི་དགེ་འདུན་དང་ལྷན་ཅིག་བྱེད་དོ། །དེ་ནས་བཅོ་ལྔའི་གསོ་སྦྱོང་གི་དུས་ཀྱི་ཚེ། འོད་སྲུངས་ཆེན་པོ་གསོ་སྦྱོང་ལ་སོང་སོང་བ་དང་། ཆུ་བོ་དབྱར་བཟངས་འབྲུབ་ནས་ཆོས་གོས་སྦྱར་མ་ལ་སོགས་པ་ཡང་གཤེར་ཏེ། དེའི་
སྐམ་སྲད་ལ་རིང་མོ་ཞིག་ཐོགས་པས་གསོ་སྦྱོང་སར་ཕྱིས་པར་གྱུར་ཏོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། འོད་སྲུངས་རྒས་ཐུག་པ་དང་། ཤཱ་རིའི་སྲས་པོ་རླུང་ནད་ཅན་ལ་སོགས་པ་ཆོས་གོས་དང་འབྲལ་བར་མི་འགྱུར་བར་དགེ་འདུན་གྱི་སྡོམ་པ་བྱིན་ཅིག་ཅེས་སྡོམ་པ་གནང་ངོ་། །ཆོས་གོས་
ཟིན་གཏན་པ་ཕྱུང་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །ནུབ་གཅིག་ཅེས་བྱ་བ་ནི་ཞག་གཅིག་སྐྱ་རེངས་ཤར་ན་ལྟུང་བར་འགྱུར་རོ། །ཆོས་གོས་གསུམ་ཞེས་བྱ་བ་ནི་སྦྱར་མ་དང་། བདུན་པ་དང་ལ