Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 155

Văn bản gốc(Tây Tạng)

Trang 6 / 17 (50.000 ký tự/trang)
ཞེས་བྱས་ནས་དེའི་འོག་ཏུ་གཞན་མེད་པ་དང་དེ་ལ་བཞམས་ཏེ་ཁྱིམ་གང་ཙམ་ན་ཡོད་པ་ཞིབ་ཏུ་དྲིས་ནས་ཚོང་དུས་སུ་བསྙེན་དགའ་
བོ་གོམ་པ་བརྒྱངས་ཏེ་སོང་བ་དང་། སྤོས་འཚོང་བའི་ཁྱེའུས་ཀྱང་དྲུག་སྡེ་བོ་ཡིན་པར་ཤེས་ནས་ལྷུང་བཟེད་སྦས་སོ། །བསྙེན་དགའ་བོས་མཐོང་ནས་ལྷུང་བཟེད་བླངས་ནས་བཞིན་བཟངས་ནད་མེད་ཅིང་སྦྱིན་པ་འདིས་ཁྱེད་ཀྱི་སེམས་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དང་རྣལ་འབྱོར་གྱི་ཚོགས་དང་དོན་གྱི་མཆོག་གྲུབ་ཅིང་
ལྷ་དང་མིའི་དོན་དུ་གྱུར་ཅིག་ཅེས་བྱས་པ་དང་འཕགས་པ་ཁྱོད་ཀྱིས་མང་ཞིག་སྨྲས་མོད་ཀྱི་རིན་མེད་ཀྱི་བར་དུ་མི་གསོལ་ལོ་ཞེས་མ་སྟེར་བ་དང་། བསྙེན་དགའ་བོ་དང་བཤེས་པའི་ཚོང་དཔོན་ཞིག་དེར་ཕྱིན་དེ་བསྙེན་དགའ་བོ་ལ་ཕྱག་འཚལ་ལོ་ཞེས་བྱས་པ་དང་། ཁྱེད་ཀྱི་ཕྱག་སྐམ་པོས་ང་ལ་ཅི་བྱ། ངའི་ཅི་དག་
བསྒྲུབས་ཏེ་ཕྱིན་ན་ཕན་མོད་ཅེས་བྱས་པ་དང་། འོ་ན་ངས་ཅི་བྱ་ལྷུང་བཟེད་དེ་ཉོས་ཏེ་ང་ལ་བྱིན་ན་ཕན་མོད། དེས་ཀྱང་ཉོས་ནས་བྱིན་ནོ། །བསྙེན་དགའ་བོས་ལྷུང་བཟེད་དེ་ཁྱེར་ནས་ལྷུང་བཟེད་བཟང་པོ་གཞན་ལ་སྤྱོམས་ཤིང་ངོམ་པ་དང་། དགེ་སློང་གཞོན་ནུ་ཞིག་གིས་སྨྲས་པ་གནས་བརྟན་ལྷུང་བཟེད་བཟང་
པོ་ཡོད་བཞིན་དུ་གཞན་ལ་བསླང་བའི་རིགས་སམ་ཞེས་བྱས་པ་དང་། དགེ་སློང་གཞན་གྱིས་ཀྱང་དེ་ནི་བདེན་ནོ་ཞེས་འཕྱ་བར་གྱུར་པ་སྙན་དུ་བདས་ནས། ལྷུང་བཟེད་བཟང་པོ་ཚོལ་དུ་མི་གནང་བར་བཅས་སོ། །དེ་ལྟར་ལྷུང་བཟེད་བཟང་པོ་ཚོལ་དུ་མི་གནང་བ་དང་། དགེ་སློང་བསོད་སྙོམས་པ་ཞིག་ལྷུང་

བཟེད་རྡོལ་ཏེ་འབྲས་ཁུ་དག་ཟགས་ཏེ། སྦྲང་མ་མང་པོ་འདུ་བར་གྱུར་པ་བྲམ་ཟེའི་བུ་དག་གིས་ཚོང་དཔོན་དང་དེད་དཔོན་འདྲ་བར་འཁོར་མང་པོས་བསྐོར་ཏོ་ཞེས་འཕྱ་བས་བཀའ་སྩལ་པ། ལྷུང་བཟེད་རྡོལ་བ་གློན་ཅིག་དྲུབས་ཤིག །ལྷན་པ་ལྔར་མ་ཚང་གི་བར་དུ་གཞན་ཚོལ་དུ་མི་གནང་བར་བཅས་སོ། །
ཡང་དགེ་སློང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། །གཞན་ཡང་དེ་དང་འདྲ་བའོ། །ལྷུང་བཟེད་ལྷན་པ་ལྔ་ལས་ཉུང་བ་ཞེས་བྱ་བ་ནི་ལྔར་མ་ཚང་བའོ། །སྤྱད་བཟོད་པར་ཡོད་བཞིན་དུ་ཞེས་བྱ་བ་ནི་སྤྱད་དུ་རུང་བའོ། །ལྷུང་བཟེད་སར་པ་གཞན་ཚོལ་ཞེས་བྱ་བ་ནི་ལྷུང་བཟེད་གཞན་གཉིས་པ་ཚོལ་བའོ། །སར་པ་
ཞེས་བྱ་བ་ནི་རྣམ་པ་གཉིས་སར་པས་སར་པ་དང་། ཐོབ་པས་སར་པའོ། །སྐབས་འདིར་སར་པ་གཉི་ག་ལ་བྱའོ། །ཚོལ་ཞེས་བྱ་བ་ནི་ཚོལ་བར་བྱེད་པའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་སྔ་མ་ལས་ལྷག་པར་བཟང་པོ་འདོད་པའོ། །ལྷུང་བཟེད་དེ་གྲུབ་ན་ཞེས་བྱ་བ་ནི་རྙེད་པའོ། །དགེ་སློང་དེས་
ཞེས་བྱ་བ་ནི་དགེ་སློང་དེ་ཉིད་དོ། །ལྷུང་བཟེད་དེ་དགེ་འདུན་གྱི་འཁོར་ལ་དབུལ་བར་བྱ་ཞེས་བྱ་བ་ནི་དེ་ན་དགེ་སློང་འཁོད་པའི་འཁོར་དེར་ལྷུང་བཟེད་སུ་ངན་པ་ལ་ཕྲོགས་ཏེ་སྦྱིན་པར་བྱའོ། །ལྷུང་བཟེད་བཟང་པོ་ལྷག་པ་འདྲིམ་པའི་དགེ་སློང་ཕ་གསོལ་བ་དང་ལས་ཀྱིས་བསྐོས་ཤིག །དགེ་སློང་དེས་ལྷུང་བཟེད་
ཐོགས་ལ་རྒན་རིམས་སུ་གནས་བརྟེན་དང་གསར་བུའི་བར་དུ་ལྷུང་བཟེད་ཀྱི་ཡོན་ཏན་བསྔགས་ཤིང་འདི་བཞེད་ན་སྣོམས་ཤིག་ཅེས་གནས་བརྟན་དང་པོ་ལ་དབུལ་བར་བྱའོ། །དེས་མ་འདོད་ན་དང་འོག་དང་གསུམ་ལ་དབུལ་བར་བྱའོ། །གང་གིས་ལྷུང་བཟེད་བཟང་པོ་ཁྱེར་བ་དེའི་ལྷུང་བཟེད་ངན་པ་གནས་བརྟན་
ནས་གཅིག་ཏུ་བརྗེས་ལ་ནན་གྱིས་དགེ་སློང་གསར་བུ་ལ་བྱིན་ཅིག །དགེ་སློང་ལྷུང་བཟེད་ལྷག་པ་འཆང་བའི་ཆད་པ་ཡང་དགེ་སློང་གི་འཁོར་ཐམས་ཅད་ཀྱི་ལྷུང་བཟེད་ངན་པར་གྱུར་པ་དགེ་སློང་དེ་ལ་བྱིན་ཏེ། ལྷུང་བཟེད་དེ་བྱིན་གྱིས་ཀྱང་མ་བརླབས་གཞན་ལ་ཡང་མ་བསྐུར། གཞན་ལ་ཡང་མ་བྱིན་པར་ཐ་མ་ཆག་པ་
ལ་ཐུག་གི་བར་དུ་དལ་བུས་བགས་ཀྱིས་སྤྱད་ཅིག་ཅེས་སྒོ་ཤིག །དེའི་ཆད་པ་དང་མཐུན་པ་ནི་དེ་ཡིན་ནོ། །དགེ་སློང་དེས་ཀྱང་ལྷུང་བཟེད་སྣོད་གཉིས་གྱིས་ལ་སྣོད་གང་བཟང་བའི་ནང་དུ་ནི་ལྷུང་བཟེད་མ་གླན་པ་ཆུག་ཤིག །ངན་པའི་ནང་དུ་ནི་བྱིན་གྱིས་བརླབས་པ་ཆུག་ཤིག །ཟས་བསོད་སྙོམས་དང་འགྲོ་

བའི་ཚེ་ཡ་གཉིས་ཀ་ན་ཐོགས་ལ་ཁ་ཟས་སྐམ་པོ་ཞིག་རྙེད་ན་མ་གླན་པའི་ནང་དུ་ལྡུགས་ཤིག །ཁ་ཟས་གཤེར་བ་ཞིག་རྙེད་ན་བྱིན་གྱིས་བརླབས་པའི་ནང་དུ་ལྡུགས་ཤིག །ལྷུང་བཟེད་དེ་ཡང་ཇི་སྲིད་འཚོ་བའི་བར་དུ་བཅང་བར་བྱ་སྟེ། དེ་ནི་ཆད་པའོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤངས་
ནས་ལྟུང་བ་བཤགས་པར་བྱའོ། །དགེ་སློང་གིས་ལྷུང་བཟེད་སྤྱད་བཟོད་པ་ཡོད་ལ་ལྷན་པ་ལྔས་མ་བཏབ་པ་ལས་ལྷུང་བཟེད་ལྷག་པ་གཞན་ཞིག་ཚོལ་ན་ཚོལ་བའི་ཚེ་ཉེས་བྱས་སོ། །གྲུབ་ན་སྤང་བའི་ལྟུང་བའོ། །གཉེན་མ་ཡིན་པའི་ཐ་ག་པ་ལ་གོས་འཐག་ཏུ་བཅུག་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་
ན་བཞུགས་སོ། །དེའི་ཚེ་བསྙེན་དགའ་བོས་བསམས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སློང་དུ་མི་གནང་བའི་སྡོམ་པ་བཅས་པས་རྙེད་པ་ཡང་རབ་ཏུ་ཉུང་ན་ད་ཅུང་ཟད་རྙེད་པ་དག་སྒྲུབ་པོ་སྙམ་ནས་ཁང་ཐོག་ཏུ་འཛེགས་ཏེ་བལྟས་ན། ཡུགས་ས་མོ་བལ་འཁལ་བ་ལྔ་བརྒྱ་ཙམ་ཞིག་ཛེ་ཏའི་ཚལ་གྱི་ཤར་སྒོ་ན་
འདུག་པ་མཐོང་ནས་བསྙེན་དགའ་བོ་དེ་དག་གི་གན་དུ་སོང་བ་དང་། བུད་མེད་གཅིག་གིས་ནི་ཕྱག་བྱས་ཀྱི་གཞན་གྱིས་ནི་མ་བྱས་སོ། །བསྙེན་དགའ་བོས་བུད་མེད་གཞན་གྱིས་ནི་ཚེ་ཕྱི་མའི་ས་བོན་མ་བཏབ་ཀྱི་བུ་མོ་འདི་གཅིག་པུས་ཚེ་ཕྱི་མའི་ས་བོན་བཏབ་པོ་ཞེས་སྨྲས་པ་དང་། དེ་ཇི་ལྟ་བུ་ཞེས་བུད་མེད་རྣམས་
ཀྱིས་དྲིས་པ་དང་། དེར་ཆོས་བཤད་པས་དད་པ་སྐྱེས་ཏེ་བུད་མེད་རྣམས་ཀྱིས་འཕགས་པ་ཡོན་ཞིག་འབུལ་ལོ་ཞེས་པ་དང་། བསྙེན་དགའ་བོས་སྨྲས་པ། སངས་རྒྱས་འཁོར་དང་བཅས་པ་བཤོས་གསོལ་ཅིག །དེ་ནི་མི་ནུས་སོ། །འོ་ན་དྲུག་སྡེ་པོ་རྣམས་སྤྱན་དྲོངས་ཤིག །དེ་ཡང་མི་ནུས་སོ་ཞེས་སྨྲས་
པ་དང་། འོ་ན་ང་ལ་སྐུད་པ་སྲང་ཕྱེད་ཕྱེད་ཙམ་ཞིག་དབུལ་མི་ནུས་སམ་ཞེས་སྨྲས་པ་དང་། དེ་ནི་ནུས་སོ་ཞེས་ནས་ཀུན་གྱིས་བསྡུས་ཏེ་བྱིན་པ་དང་དེའི་ནང་ནས་གཉིས་འཁལ་མཁས་པས་ན་དེ་གཉིས་ཀ་ལ་བཀལ་དུ་བཅོལ་ཏོ། །དེ་ནས་སྐུད་པ་བཀལ་ཟིན་པ་དང་། དེ་དེ་ཁྱེར་ཏེ་ཐ་ག་པ་སྤྱི་ཅེར་ལ་འཐག་ཏུ་བཅོལ་
ན་དེ་མ་བཏུབ་པ་དང་། དེས་ཆོས་བཤད་དེ་བྱས་ན་དེའི་ཆུང་མས་ལེན་དུ་བཅུག་སྟེ་བྱས་པ་དང་། ཕྱིས་རྔན་པ་བདས་ན་མ་སྟེར་ཏོ། །ཕྱིས་ཡང་སྐུད་པ་རྙེད་ནས་སྤྱི་ཅེར་ལ་བཅོལ་བ་དང་སྔ་མའི་རྔན་པ་མ་སྟེར་བས་ཕྱི་མ་ཡང་མ་བཏུབ་ནས་དེ་བཟོ་དཔོན་གྱི་གན་དུ་སོང་སྟེ། དེ་བཟོ་དཔོན་ལ་བྱས་ན་ཐ་ག་པ་གཞན་ལ་བཅོལ་

དུ་མི་རུང་ངམ་ཞེས་དྲིས་པ་དང་། བསྙེན་དགའ་བོས་བསམས་པ་སྤྱི་ཅེར་ཡང་ཤིན་ཏུ་མཁས་ལ་སྔར་འཐག་ཏུ་མ་བཏུབ་པས་འཁོན་ཡང་ཡོད་པས་སྤྱི་ཅེར་ལ་མི་བཅོལ་དུ་མི་རུང་ངོ་ཞེས་ལན་དུ་མར་ནན་གྱིས་བཟོ་དཔོན་ལ་གསོལ་ནས། ཐ་མར་སྐུད་པ་སྐྱེལ་བའི་རང་རྟ་མནོས་ནས་རང་རྟས་བཟོ་དཔོན་གྱི་ཚིག་གིས་ཐོགས་ཤིག་པར་
བསྒོ་ན། མ་བཏུབ་ནས་ལན་དུ་མར་མཐུས་བསྡིགས་ཤིང་ནན་ཐུར་གྱིས་འཐག་ཏུ་བཅུག་པས་ན་ཐ་ག་པས་བཏགས་ཟིན་པའི་འོག་ཏུ་འཕགས་པ་བདག་ཅག་གིས་ཆང་རིན་ཞིག་འཕགས་པ་ལ་གསོལ་ལོ་ཞེས་བྱས་ན་བཀྲེན་པ་ཁྱོད་ཅི་བཅང་བ་ངའི་ཡིན་ནམ་དུག་འཐུང་ན་ཅི་ཉེས་ཞེས་བསྒོ་བ་དང་། ཁྱིམ་བདག་
དེ་ཡང་མ་དད་པར་གྱུར་ནས་དགེ་སྦྱོང་ཤཱཀྱའི་བུ་དེ་དག་ནི་ཆོས་ཀྱིས་བསྒོ་ནས། རྒྱལ་པོ་དང་བློན་པོའི་མཐུས་འཐག་ཏུ་བཅུག་གོ་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་བཀས་རྨས་ན། བསྙེན་དགའ་བོས་མད་དོ་ཞེས་གསོལ་ཏེ། དགེ་སྦྱོང་གི་བྱ་བ་མ་ཡིན་ཞེས་རྣམ་གྲངས་དུ་མའི་སྒོ་
ནས་སྨད་ནས། གཉེན་མ་ཡིན་པ་ལ་འཐག་ཏུ་མི་གནང་བར་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །བདག་གིས་བསླངས་པའི་སྐུད་པ་ཞེས་བྱ་བ་ནི་ཇི་ཙམ་དུ་དད་པ་སྟེ། ལ་ལས་སྲང་ཕྱེད་ལ་ལས་སྲེང་གཉིས། ཁ་ཅིག་ལས་ནི་ཞོ་གཅིག །ཁ་གཅིག་གིས་ནི་ཞོ་ཕྱེད་
ཕྱེད་སྦྱིན་པའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་གོང་མ་དག་དང་འདྲའོ། །ཐ་ག་པ་ཞེས་བྱ་བ་ནི་གོས་འཐག་པའོ། །འཐག་ཏུ་བཅུག་ཅེས་བྱ་བ་ནི་བལ་གྱི་དང་ཤ་ནའི་ཤུན་པ་དང་། དུ་གུ་ལའི་དང་། ཤིང་བལ་གྱི་དང་། རྩྭ་ཀོ་ཏམ་དང་། སྲིན་བལ་གྱི་དང་དེ་དག་ལས་གང་ཡང་རུང་བ་འཐག་ཏུ་བཅོལ་བའོ། །གྲུབ་ཅེས་བྱ་
བ་ནི་ལག་ཏུ་ཐོབ་པའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །གཉེན་མ་ཡིན་པ་ལ་སྐུད་པ་དང་བལ་སློང་བའི་ཚེ་ཉེས་བྱས་སོ། །གཉེན་མ་ཡིན་པ་ལ་འཐག་ཏུ་བཅོལ་ན་སྤང་བའི་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པ་ལས་སྐུད་པ་བསླངས་ཏེ་བདག་ཉིད་ཀྱིས་བཏགས་ན་ཉེས་བྱས་སུ་
འགྱུར། གཉེན་ལས་སྐུད་པ་བསླངས་ཏེ་གཉེན་ལ་འཐག་ཏུ་བཅུག་པ་ནི་ཉེས་པ་མེད་དོ། །གླ་བྱིན་པ་ཡང་དེ་བཞིན་ནོ། །ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་བཅོལ་བ་དང་། གཞན་གྱི་ཕྱིར་བཅོལ་བ་ནི་ཉེས་བྱས་སུ་འགྱུར་རོ། །ཐ་ག་པ་སྨྱོན་པ་དང་སེམས་འཁྲུགས་པ་དང་། ནད་ཀྱིས་

གཟིར་བ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་དང་། མི་མ་ཡིན་པ་ལ་འཐག་ཏུ་བཙུག་ན་ཉེས་བྱས་སུ་འགྱུར་རོ། །རྒྱུ་དང་སྤུན་མི་རུང་བ་དང་། གཉིས་ཀ་མི་རུང་དང་འདྲེས་པ་འཐག་ཏུ་བཅུག་ན་ཉེས་བྱས་སོ། །འཐག་པ་གཉིས་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་
དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་ཁྱོ་ཤུག་གཉིས་སོ་སོར་འཕྱོ་ཞིང་ཉལ་པོ་བྱེད་པས་ནོར་ཀུན་འཐོར་ཞིང་འགྲིབས་པར་གྱུར་ཏེ། ཁྱོ་ཤུག་གཉིས་ཀྱིས་ལེན་དུ་མར་བྲན་མོར་བརྡེགས་སོ། །དེ་ལྟར་གྱུར་པ་བསྙེན་དགའ་བོས་རིག་ནས་དེ་དག་ལ་ཆོས་བཤད་དེ་ཁྲིམས་ཕོག་གོ། །ཁྲིམས་ཕོག་
པའི་འོག་ཏུ་ཡང་བྲན་མོ་བརྡེགས་པ་དང་། དེ་ཆུང་མས་བདག་ཅག་སྔོན་ཆད་དང་མི་འདྲ་བར་ད་བདག་ཅག་བདེན་པ་མཐོང་ན་ཅིའི་ཕྱིར་བརྡེག་ཅེས་སྨྲས་པ་དང་། ཁོས་དེ་ནི་བདེན་ནོ་ཞེས་ནས་བྲན་མོ་ལ་གོས་ཤིག་བྱིན་ནོ། །ཁྱིམ་བདག་ཕོ་མོ་གཉིས་ཀྱིས་བསམས་པ་བདག་ཅག་བདེན་པ་མཐོང་ཞིང་སྡིག་པའི་དྲི་
མ་དང་བྲལ་བ་ནི་འཕགས་པ་བསྙེན་དགའ་བོའི་དྲིན་ཡིན་གྱིས་དེ་ལ་གོས་ཤིག་སྦྱིན་ནོ་ཞེས་སྔར་འཐམ་ཞིང་འཁོད་པ་བྲན་མོས་ཐོས་ནས་བྲན་མོས་བསམས་པ། བདག་ལ་སྔན་ཆད་དེ་བཞིན་མི་བརྡེག་པ་དང་གོས་བྱིན་པ་ཡང་བསྙེན་དགའ་བོའི་བཀའ་དྲིན་ཡིན་ན། བདག་གིས་ལེན་གཞན་ནི་མི་ནུས་ཀྱིས་
གཏམ་སྙན་པ་ཙམ་བསྐྱལ་ལོ་སྙམ་ནས་གཏམ་འདི་བསྙེན་དགའ་བོ་ལ་སྦྲན་ནོ་སྙམ་ནས་བསྙེན་དགའ་བོ་དེར་འོངས་པ་ལ་འཕགས་པ་དགའ་བ་སྐྱེད་ཅིག་ཅེས་བྱས་ནས། དེ་ཡང་ཡིད་མ་ཆེས་ཏེ་ཕྱིར་བསྡིགས་ན་འཕགས་པ་མང་དུ་སྨྲ་མི་འཚལ་གྱིས་ཐ་ག་པའི་གན་དུ་བཞུད་ཅིག་ཅེས་བྱས་ནས་ཐ་ག་པ་དང་ཕྲད་
ནས་གོས་དེ་ངའི་ཕྱིར་འཐག་པ་ཡིན་གྱིས། ཐག་རན་བཟང་བ་དང་ཡུག་ཁྱིམ་ཆེ་བར་གྱིས་ཤིག་ཅེས་བསྒོ་ནས། བཙུན་མོ་ཕྲེང་ལྡན་མ་ལ་བསོད་སྙོམས་བླངས་པའི་ལ་དུ་ལྷུང་བཟེད་གང་ཐ་ག་པ་ལ་གྲ་རྔན་དུ་བྱིན་ནོ། །དེ་ནས་ཐ་ག་པས་སྐུད་པ་མ་ཆོག་ནས་ཆུང་མ་དང་ཁྱོ་ལས་སོ་སོར་ལན་རེ་བླངས་ཏེ་བསྣན་
ནོ། སླད་ཀྱིས་གཉིས་ཀ་ཚོགས་པ་ལ་ཡང་བླངས་པ་དང་། དེ་རྙེད་གྱི་རྒྱུ་ཞིག་ཁྱེར་ན་ཅི་འདྲ་བ་ཞིག་ཅེས་ཁྱིམ་བདག་གིས་བལྟས་ན། གོས་བཟང་པོ་ཞིག་ནས་དེ་ནི་སྦྱིན་དུ་མི་རུང་གཞན་ཞིག་སྦྱིན་ནོ་ཞེས་ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་བགྲོས་པ་ཐ་ག་པས་ཐོས་ནས་བསྙེན་དགའ་བོ་ལ་སྦྲན་ནོ། །བསྙེན་

དགའ་བོ་དང་ཐ་ག་པ་གཉིས་ཀྱིས་ཐབས་བྱས་ནས། བསྙེན་དགའ་བོ་ཁྱིམ་བདག་གི་དེར་ཆོས་བཤད་པའི་ཚེ་ཐ་ག་པས་སྣམ་བུ་ཁྱེར་ཏེ་འོངས་ནས་སྔོན་དུ་ཚོགས་པ་ལ་ཕུལ་ལོ། །བསྙེན་དགའ་བོས་སྦྱིན་པའི་ཚིགས་བཅད་སྔར་བླངས་ཏེ་ཐལ་བྱུང་དུ་ཁྱེར་རོ། །དེ་ནས་ཕྱིས་ཐ་ག་བས་ཁྱིམ་བདག་ལ་གླ་རྔན་བདས་ན་ཁྱོད་ཀྱིས་
ངའི་གོས་དངོས་ཀྱང་སྟོར་བར་བྱས་ན། ཕྱིས་གླ་སྦྱིན་པ་ལྟ་ཅི་སྨོས་ཞེས་མ་སྟེར་རོ། །བསྙེན་དགའ་བོ་ལ་གླ་རྔན་བདས་ན་ཁྱོད་ཁྱིམ་བདག་ལས་ལོང་ཤིག་ཅེས་ནས་ལན་དུ་མར་བདས་ན་ཡང་མ་སྟེར་ནས་སླད་ཀྱིས་བདས་ན་ངའི་ལ་དུའི་མར་དང་སྦྲང་རྩི་དང་སྤོད་ཚུན་ཆད་བརྩིས་ན་ཡང་གླ་ལྷག་པར་གྱུར་ནས་ཐ་ག་པ་བཟུང་སྟེ་ཉི་ཚན་
ལ་གཞག་གོ། །དེ་ཡང་གླ་མ་བྱིན་པའི་སྟེང་དུ་དངོས་ཀྱང་བཟུང་བས་འཕྱ་ཞིང་མི་སྙན་པར་འཛེར་བས་དེ་ལྟར་གྱུར་པ་སྙན་དུ་བདས་སོ། །བཀས་རྨས་ན། མད་དོ་ཞེས་གསོལ་ནས། རྣམ་གྲངས་དུ་མའི་སྒོ་ནས་སྨད་དེ། བཟང་པོ་འདོད་པའི་ཕྱིར་ཟས་ཅུང་ཟད་ཙམ་གྱིས་གོས་བསྒྲུབས་ཏེ་གྲུབ་ན་སྤང་བའི་ལྟུང་བའོ་ཞེས་
བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །གཉེན་ཞེས་བྱ་བ་དང་། གོས་ཞེས་བྱ་བ་ནི་རྣམ་པ་བདུན་པོ་གོང་མ་དང་འདྲའོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །འཐག་ཏུ་བཅོལ་ཞེས་བྱ་བ་ནི་བལ་རྣམ་པ་བདུན་གྱི་སྐུད་པ་
ལས་གང་ཡང་རུང་བའོ། །སྔར་མ་བསྒོ་ཞེས་བྱ་བ་ནི་སྔར་གོས་སྦྱིན་ནོ། །ཞེས་མགྲོན་དུ་མ་བྱས་པའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ཞེས་བྱ་བ་ནི་གཞན་ལས་ཐོས་པའོ། །ངའི་ཕྱིར་ཞེས་བྱ་བ་ནི་བདག་ཉེ་བར་སྟོན་པའོ། །ཐག་རན་བཟང་ཞིང་ཡུག་ཁྱིམ་ཆེ་བ་དང་འཇུར་མདུད་མེད་པ་ནི་སྲིད་དང་ཞེང་འདི་ཙམ་དུ་
གྱིས་ལ་བཟང་པོར་གྱིས་ཤིག་པའོ། །བཅའ་བ་ཅུང་ཟད་ཅིག་བྱིན་ནས་གོས་གྲུབ་ཅེས་བྱ་བ་ནི་ལག་པར་ཐོབ་པའོ། །དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །གོས་གྲུབ་པའི་ཕྱིར་འཐག་པ་ལ་བསྒོ་བའི་ཚེ་ནི་ཉེས་བྱས་སོ། །ཐོབ་ན་ནི་སྤང་བའི་ལྟུང་བའོ། །འདི་ལྟ་བུ་ཞིག་ལོང་ཤིག་པར་བསྒོ་བ་
ནི་ཉེས་པ་མེད་དོ། །བྱིན་ཕྲོག་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་ཡུལ་ཀོ་ས་ལར་ལྗོངས་རྒྱུ་ཞིང་གཤེགས་པའི་ཚེ་དགེ་སློང་དྲུག་སྡེ་པོའི་ནང་ནས་དགའ་བོ་དང་བསྙེན་དགའ་བོ་གཉིས་སངས་རྒྱས་དང་ཆོས་ཀྱི་

ཡོན་ཏན་སྒྲོགས་ཤིང་སྔར་འགྲོ་བར་དད་དེ་གྲོགས་མེད་ནས་དགའ་བོའི་སློབ་མ་ཆོས་ཅན་མཁན་པོ་ལ་མ་དད་དེ་ཀུན་དགའ་བོའི་གན་ན་འདུག་པ་ཆོས་གོས་སྦྱར་མའི་རྒྱུ་ཞིག་ཁྱེར་ཏེ་མཁན་པོ་ལ་ཞུས་ཏེ་སྦྱར་མར་དྲུབ་པོ་ཞེས་བྱས་པ་དང་། དེ་བསོད་སྙོམས་པ་ཞིག་དང་ཕྲད་དེ་ཁྱོད་
ཆོས་གོས་དྲུབ་ཟིན་པ་དང་། ང་ལ་རྙིང་པ་སློང་ངོ་ཞེས་བྱས་པ་དང་། རུང་ངོ་ཞེས་ནས་ཆོས་ཅན་ཀྱིས་མཁན་པོ་ལ་ཆོས་གོས་དྲུབ་བོ་ཞེས་ཞུས་པ་དང་། དགའ་བོ་དང་བསྙེན་དགའ་བོ་གཉིས་གྲོས་བྱས་ནས་ཆོས་ཅན་ལ་ཆོས་གོས་བྱིན་ནས་གྲོགས་སུ་སྔར་ཁྲིད་པར་བྱ་སྟེ། ཁྱོད་ཀྱི་ཆོས་གོས་དྲུབ་མི་དགོས་
ཀྱིས་ཞེས་ནས་ཆོས་གོས་གཅིག་བྱིན་ནོ། །ཆོས་ཀྱི་ཆོས་གོས་རྙིང་པ་ནི་བསོད་སྙོམས་པ་ལ་བྱིན་ནོ། །ཆོས་གོས་ཀྱི་རྒྱུ་རས་སར་པ་ནི་དགེ་འདུན་ལ་ཡོན་དུ་ཕུལ་ལོ། །ཆོས་ཅན་ཡང་གྲོགས་སུ་སྔར་ཁྲིད་པར་བྱས་པ་དང་སླད་ཀྱིས་སངས་རྒྱས་ཀྱི་ཞ་འབྲིང་དུ་འགྲོ་ཞེས་མ་བཏུབ་པ་དང་སྦྱར་མ་ཕྱིར་ཕྲོགས་སོ། །
དེ་ནས་ཡུལ་ཀོ་ས་ལར་གཤེགས་ཏེ་ཉན་ཐོས་ཀྱི་འཁོར་རྣམས་ལ་ཆོས་གོས་དང་ཤམ་ཐབས་ལེགས་པར་བགོས་སམ་མ་བགོས་པ་གཡས་ཕྱོགས་སུ་སྐུ་ཐམས་ཅད་ཀྱིས་གླང་པོ་ཆེ་ལྟ་བུའི་ཚུལ་དུ་གཟིགས་པ་དང་། ཚེ་དང་ལྡན་པ་ཆོས་ཅན་སྟོད་གཡོགས་དང་སྨད་གཡོགས་གཉིས་ཕྱོགས་སུ་དང་ལྗོངས་རྒྱུ་
ཞིང་འགྲོ་བར་གཟིགས་ནས་དབྱར་གནས་པའི་དགེ་སློང་གིས་གོས་མ་རྙེད་དམ་ཞེས་ཀུན་དགའ་བོ་ལ་རྨས་པ་དང་། ཆོས་གོས་ཀྱང་རྙེད་དེ་དེ་ལྟར་ཕྲོགས་སོ་ཞེས་སྙན་དུ་གསོལ་ཏོ། །དགེ་སློང་གི་བྱ་བ་མ་ཡིན་ཚུལ་མ་ཡིན་ཞེས་རྣམ་གྲངས་དུ་མས་སྨད་ནས་སླན་ཆད་བྱིན་ཕྲོགས་མི་གནང་བར་བསླབ་པ་བཅས་སོ། །
ཡང་དགེ་སློང་གང་ཞེས་བྱ་བ་ནི་དགའ་བོ་དང་། བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་ཅན་ནོ། །གོས་ཞེས་བྱ་བ་ནི་བལ་ལ་སོགས་པ་རྣམ་པ་བདུན་ནོ། །བྱིན་ཞེས་བྱ་བ་ནི་སྔར་བྱིན་པའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྲོས་ཞེས་བྱ་བ་ནི་འཁྲུགས་པ་མ་ཞི་
བའོ། །ཕྲོགས་ཞེས་བྱ་བ་ནི་བདག་གིས་སོ། །འཕྲོག་ཏུ་བཅུག་ཅེས་བྱ་བ་ནི་གཞན་གྱིས་སོ། །གོས་ཀྱི་ལྷག་མ་ཡོད་པ་ཞེས་བྱ་བ་ནི་དེའི་ཚེ་ལྷག་མ་ཙམ་ལུས་པའོ། །བྱིན་ཅིག་ཅེས་བྱ་བ་ནི་སླར་བཏང་བའོ། །སྦྱིན་ནས་སྤང་བའི་ལྟུང་བ་ཞེས་བྱ་བ་ནི་སླར་བླངས་མ་ཐག་ཏུ་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་

བྱའོ། །ཉེས་པ་ནི་ལུས་དང་ངག་གི་སྒོ་ནས་བྱིན་ཟིན་པའི་འོག་ཏུ་ཁྱེར་ལ་ཤོག་ཅེས་སྨྲས་སམ། ལུས་ཀྱིས་ཕྲོགས་ཀྱང་རུང་སྟེ་སྤང་བའི་ལྟུང་བར་འགྱུར་རོ། །དེ་ལ་དོན་གཞན་ནམ་གདུལ་བའི་ཕྱིར་ཉེས་པ་མེད་དེ་ཇི་ལྟར་ན་གཞན་གྱི་ཕྱིར་ཞེ་ན། བདག་ལ་གནས་བཅའ་བའམ། །བདག་གི་སློབ་མ་ཡུལ་འཇིགས་པའི་
ཕྱོགས་སུ་འགྲོ་བ་ལ་རྐུན་པོ་དང་མི་རྒོད་ཀྱིས་ཕྲོགས་སུ་དོགས་པའི་ཕྱིར་ཕྲོགས་པ་འམ། ཆུས་ཁྱེར་དུ་དོགས་པའི་ཕྱིར་ཕྲོགས་པའོ། །ཇི་ལྟ་ན་སློབ་མ་འདུལ་བའི་ཕྱིར་ཞེ་ན། སློབ་མ་དང་ཉེ་གནས་སྡིག་པ་ཅན་གྱི་ལྟ་བར་གྱུར་ཏེ་བདག་གི་ངག་མི་ཉན་ཏམ། དགེ་བ་ལ་མི་འགྲུས་སམ། གྲོགས་པོ་ངན་པ་སྡིག་པ་ཅན་
ལ་བརྟེན་ཅིང་མཁན་པོ་སློབ་དཔོན་སྤོང་བ་ལ་འདུལ་བའི་ཕྱིར་ཕྲོགས་ཀྱང་ཉེས་པ་མེད་དོ། །ཕྲིན་ཡིག་དང་ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དགེ་སློང་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། སྨྱོན་པ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་དང་། མུ་སྟེགས་ཅན་དང་། དགེ་སློང་
མ་དང་། དགེ་སྦྱོང་དང་། དགེ་སློབ་མ་དང་། དགེ་བསྙེན་མ་ལ་གོས་བྱིན་ཏེ་ཕྲོགས་ཀྱང་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །སྟོན་ཟླ་ཐ་ཆུངས་ཀྱི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་རི་བྲགས་ཤིག་གི་གྲོང་ཞིག་ཏུ་བཙུག་ལག་ཁང་ཞིག་
བརྩིགས་ཏེ་དགེ་སློང་དྲུག་ཅུའི་འཚོ་བའི་ཡོ་བྱད་ཅིག་སྦྱར་ནས་གཙུག་ལག་ཁང་དུ་བཀོད་དེ། ཁྱིམ་བདག་དེ་ཡང་སླད་ཀྱིས་དུས་ལས་འདས་ཏེ། དེའི་བུས་ཀྱང་དགེ་སློང་དག་གི་འཚོ་བ་མ་འབྱོར་ནས་དགེ་སློང་གཞན་ནི་སོ་སོར་གྱེས་སོ། །དེ་ལ་རྒན་ཞུགས་གཉིས་ཤིག་བསོད་སྙོམས་སྤྱོད་ཅིང་གཙུག་ལག་
ཁང་ན་གནས་པ་དང་། དེའི་ཚེ་བྱང་ཕྱོགས་ཀྱི་ཚོང་པ་དག་ཅིག་ཡུལ་དེའི་ཕྱོགས་སུ་ལྷགས་ཏེ། ཚོང་པ་རྣམས་ཀྱིས་དགེ་སློང་གཉིས་ལ་འདིར་ཇི་ལྟ་བུ་ཞེས་དྲིས་པ་དང་། དེ་གཉིས་ཀྱང་ཡོན་བདག་ཤི་བ་དང་བུས་འཚོ་བ་མ་སྦྱོར་བ་ཞིབ་ཏུ་སྨྲས་སོ། །དེ་ནས་ཚོང་པ་དད་པ་དག་གིས་དགེ་སློང་དྲུག་ཅུ་དབྱར་
ཟླ་བ་གསུམ་གྱི་འཚོ་བའི་ཟོང་དེ་གཉིས་ལ་བྱིན་ཏེ་དགེ་སློང་སྤྱན་དྲོངས་ཤིག་ཅེས་ཚོང་པ་དག་གིས་བསྒོ་བ་དང་། རྒན་པོ་གཅིག་ནི་མཉན་དུ་ཡོད་པར་སྤྱན་འདྲེན་དུ་སོང་ན་བསྙེན་དགའ་བོ་དང་སྒོར་ཕྲད་ནས་དེར་དགེ་སློང་གིས་དེ་ལྟར་ཡོན་བདག་གིས་འཚོ་བ་སྦྱར་ཏེ་སྤྱན་འདྲེན་ཏོ་ཞེས་བྱས་པ་དང་། བསྙེན་དགའ་བོས་

གཞན་དག་དེར་དོང་དུ་དོགས་ནས་ཐབས་ཤིག་བྱས་ཏེ། འདི་ན་དགེ་སློང་གནས་པ་ནི་རྒྱལ་པོས་ཡོན་བདག་བྱས་ཏེ་འཚོ་བ་ཤིན་ཏུ་འབྱོར་པ་དང་ལྡན་པ་ཤ་སྟག་གནས་པས་ཁྱོད་ཀྱི་དེར་སུ་ཞིག་འགྲོ། ཁྱོད་ནི་དགེ་སློང་རྐུར་འོངས་པས་གཞན་གྱིས་ཐོས་ན་སྤང་བའི་ལས་བྱས་ས་རེ་ཞེས་
བསྡིགས་ནས་འོན་ཀྱང་དེད་དྲུག་སྡེ་པོ་འཁོར་བཅུ་བཅུ་སྟེ་དྲུག་ཅུ་ཞིག་འོང་གིས་སྔར་སོང་ལ་ཞལ་ཏ་གྱིས་ཤིག་ཅེས་སངས་རྒྱས་ལ་ཕྱག་བྱེད་དུ་ཡང་མ་སྟེར་བར་མྱུར་དུ་ཕྱིར་བཏང་ངོ་། ཕྱིས་དྲུག་སྡེ་པོ་འཁོར་དང་བཅས་ཏེ་ལྷགས་ནས་དབྱར་ཕྱི་མར་ཚུལ་དུ་ཞུགས་ཏེ། དབྱར་ཟླ་བ་གསུམ་གྱི་ཡོ་བྱད་བགོས་ནས་ཟླ་བ་
གཅིག་ཏུ་ཟད་པར་བྱས་ཏེ་ཕྱིར་དོང་བས་ན་ཕྱིས་ཚོང་པ་དག་གཙུག་ལག་ཁང་དུ་འོངས་ཏེ། དགེ་སློང་རྒན་པོ་གཉིས་ལ་འདིར་དགེ་སློང་སུ་དག་སྤྱན་དྲངས་ཞེས་སྨྲས་ན་དྲུག་སྡེ་པོ་ཞེས་བྱས་པ་དང་། འཕགས་པ་རྒྱ་མཚོ་ཆེན་པོའི་ནང་དུ་དོང་སྟེ། ནོར་བུ་དོ་ཟན་ཁྱེར་ཏེ་འོངས་སམ། དགེ་སློང་གཞན་དེ་ན་མེད་
དམ་ཞེས་དྲུག་སྡེ་པོ་ལ་མ་དད་པ་དང་། ཟླ་བ་གསུམ་གྱི་ཡོ་བྱད་ཟླ་བ་གཅིག་ཏུ་བགོས་པ་ན་མ་དད་ཅིང་འཕྱ་བར་གྱུར་པ་ལས་སྙན་དུ་བདས་ནས་སླན་ཆད་ཟླ་བ་གསུམ་མ་ལོན་པར་དབྱར་གྱི་རྙེད་པ་དུས་མ་ཡིན་པར་ལེན་ཅིང་འགྱེད་དུ་མི་གནང་བར་བཅས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་དམག་
དཔོན་ཁ་འདའ་ཤག་ཏི་དམག་དཔོན་དུ་བཀའ་སྩལ་ནས། ཡུལ་གཞན་དུ་འགྲོ་བར་ལམ་དུ་ཞུགས་ཏེ། དེས་དགེ་འདུན་ལ་ཚུལ་གྱི་ཚེ་ཡོན་མང་པོ་ཞིག་ཕུལ་བ་དང་། དགེ་སློང་དག་གིས་ལེན་ཅིང་འགྱེད་པའི་དུས་མ་ཡིན་ནོ་ཞེས་མ་བླངས་པ་དང་། སྙན་དུ་བདས་ཏེ་བསླབ་པ་ལ་གུས་པ་དང་། བསླབ་
པ་ལ་ནན་ཏན་བྱེད་པའི་བསྔགས་པ་བརྗོད་པས་ཞག་བཅུས་ཚུལ་ནས་མ་བྱུང་བ་ལ་གཏད་པའི་གོས་ལེན་དུ་རྗེས་སུ་གནང་སྟེ། དེ་ལས་སྔར་ལེན་ཞིང་འགྱེད་དུ་མི་གནང་བ་དང་། དགེ་སློང་དག་གིས་གོས་སྔར་བླངས་ནས་མཛོད་ཀྱི་ནང་དུ་སྦས་པས་གོས་དག་རུལ་བར་གྱུར་ཏོ། །དེ་ལྟར་གྱུར་པ་སྙན་དུ་བདས་
ནས། གོས་སྦེད་པའི་དགེ་སློང་ཡོན་ཏན་ལྔ་དང་ལྡན་པའི་དགེ་སློང་ཞིག་བསྐོས་ལ་དབྱར་གྱི་ནང་ལོགས་སུ་ལེན་དུ་ཡང་མི་གནང་། གོས་འགྱེད་པའི་དུས་ལས་ཡོལ་བར་ཡང་ལེན་དུ་མི་གནང་ངོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཞེས་བྱ་བ་ནི་ཞག་བཅུ་ནས་

ཚུལ་ནས་བྱུང་བར་གྱུར་པའོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་ཆོས་འདི་ལ་ཞུགས་པའོ། །རྙེད་ཅེས་བྱ་བ་ནི་གཞན་ལས་སོ། གཏད་པའི་གོས་ཞེས་བྱ་བ་ནི་གཏོད་པའི་གོས་ལ་རྣམ་པ་ལྔ་སྟེ། ནད་པས་བྱིན་པ་དང་། ན་བའི་ཕྱིར་བྱིན་པ་དང་། འཆི་བའི་ཚེ་བྱིན་པ་དང་། ཤི་བའི་ཕྱིར་བྱིན་པ་དང་། འགྲོ་བའི་ཕྱིར་བྱིན་པའོ། །འདོད་
ན་ནི་ཞེས་བྱ་བ་ནི་གོས་བགོས་པ་ཞེས་བྱའོ། །གོས་ཞེས་བྱ་བ་ནི་རྣམ་པ་བདུན་ལས་གང་ཡང་རུང་བའོ། །ལོང་ཤིག་ཅེས་བྱ་བ་ནི་བདག་གི་ཕྱིར་རོ། །བླངས་ནས་ཆོས་གོས་འགྱེད་པའི་དུས་ལ་མ་བབ་ཀྱི་བར་དུ་ཆོངས་ཤིག་ཅེས་བྱ་བ་ནི་གཏད་པའི་གོས་དེ་གོས་སྦེད་པའི་ལག་པར་གཞག་པར་བྱའོ། །གོས་ཀྱི་དུས་ནི་གང་དུས་མ་
ཡིན་པ་ནི་གང་ཞེ་ན་གནས་སུ་གཏན་པ་མ་དྲུབ་པ་ཞིག་ནི་སྟོན་ཟླ་ཐ་ཆུངས་ཉ་ལ་ཚུལ་ནས་བྱུང་སྟེ། དེའི་ཕྱི་དེ་ཉིན་གོས་འགྱེད་པའི་དུས་ཡིན་ནོ། །ལྷག་མ་རྣམས་ནི་དུས་མ་ཡིན་ནོ། །གནས་སུ་གཏན་པ་ཞིག་དྲུབ་པ་ཞིག་ན་སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ཐ་ཆུངས་ཉའི་བར་དུ་གོས་ལེན་པའི་དུས་ཡིན་ནོ། །ལྷག་མ་རྣམས་ནི་
དུས་མ་ཡིན་ནོ། །དེ་ལས་འདས་པར་བཅངས་ན་ཞེས་བྱ་བ་ནི་ཐལ་བའོ། །སྤང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །དབྱར་མ་ཟད་པའི་སྐབས་སུ་དབྱར་གྱི་རྙེད་པ་བགོས་སམ་འགོད་པའི་དུས་ལས་འདས་པར་བཅངས་ན་ཐམས་ཅད་དུ་སྤང་བའི་ལྟུང་བར་འགྱུར་རོ། །སྦྱིན་བདག་གིས་སྔར་ཕུལ་བ་
སླད་ཀྱིས་བདག་རང་གིས་སོ་སོར་དབུལ་ལོ་ཞེས་དུས་ལས་འདས་ཀྱང་ལྟུང་བ་མེད་དོ། །གཏད་པའི་གོས་འགྱེད་པའི་དུས་ལས་འདས་པར་བཅངས་ཀྱང་ཉེས་པར་མི་འགྱུར་བ་ཡང་ཡོད་དེ། དགེ་སློང་གོས་རྙེད་མ་ཐག་ཏུ་སྨྱོས་སམ་སེམས་འཁྲུགས་སམ། གོས་ཀྱི་རྒྱུ་དང་སྤུན་མི་རུང་བ་དང་ཞག་བཅུ་ཚུན་ཆད་དུས་
ལས་འདས་པའོ། །དགོན་པར་ཆོས་གོས་དང་བྲལ་དུ་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་རི་བྲགས་ཀྱི་གྲོང་ན་ཁྱིམ་བདག་དད་པ་ཅན་ཞིག་གནས་པ་དེས་དགོན་པའི་གནས་སུ་གཙུག་ལག་ཁང་བཟང་པོ་ཞིག་བརྩིགས་ནས་དགེ་སློང་མང་པོ་ཞིག་སྤྱན་དྲངས་ཏེ། ཡོ་བྱད་
དག་སྦྱར་ནས་བཀོད་པ་དང་དགེ་སློང་དག་ཀྱང་ཡུལ་གཞན་དུ་དང་ངོ་། །ཡུལ་གཞན་ནས་དགེ་སློང་དག་ཅིག་གཙུག་ཁང་དེར་ལྷགས་སོ། །དེ་དག་ཀྱང་ཡུལ་གུད་དུ་རྒྱུ་ཞིང་སངས་རྒྱས་ལ་ཕྱག་འཚལ་ཞིང་འདོང་བར་བྱས་ནས་ཡོན་བདག་གིས་གསོལ་པ། གཙུག་ལག་ཁང་འདི་བདག་གིས་ཕའི་ཕྱིར་ཡང་མ་བརྩིགས་

མའི་ཕྱིར་ཡང་མ་བརྩིགས་འཕགས་པ་ཁྱེད་ཀྱི་ཕྱིར་བརྩིགས་ན་གུད་དུ་མི་གཤེགས་ཤིང་འདིར་ཚུལ་དུ་འཇུག་པར་ཅི་གནང་ཞེས་གསོལ་ནས་དེའི་སེམས་བསྲུང་བའི་ཕྱིར་དགེ་སློང་དེ་དག་ཀྱང་དེར་གནས་སོ། །ཡུལ་དེ་ཕྱོགས་ན་ལྷ་ཁང་གཞན་མེད་དེ་ཡུལ་གྱི་མི་དད་པ་ཀུན་གྱིས་ཀྱང་ལྷ་ཁང་
དེར་ཡོན་ཕུལ་བས་དགེ་སློང་དག་ཀྱང་རྙེད་པ་ཤིན་དུ་མང་ངོ་། །སྟོན་ཟླ་ཐ་ཆུངས་གཡོན་ཅན་གྱི་རྐུན་པོ་དག་གིས་བགྲོས་པ། དེ་དག་གི་ནང་ན་དགེ་སློང་གི་རྒྱུས་ཤེས་པ་གཅིག་ན་རེ་སྒོའི་ཐེམ་པ་བརྒྱ་རྒལ་ཞིང་ལྟོ་འགེངས་པ་དེ་དག་ལ་ཅང་མེད་པའི་རིགས་ན་ཞེས་བྱས་ན་དེ་བས་ཀྱང་རྒྱུས་མཁས་པ་གཅིག་
ན་རེ་དེ་དག་རྙེད་པ་རབ་ཏུ་མང་ངོ་ཞེས་ནས་དེ་ན་ཡོད་དམ་མེད་པ་བརྟགས་པའི་ཕྱིར་གཉིས་ཤིག་ལྷ་ཁང་གི་ནང་དུ་ཞུགས་ཏེ། ཕྱག་བྱས་ནས་བསྐོར་ཞིང་དད་དད་ལྟར་བྱས་ཏེ་དགེ་སློང་གཞན་ནི་མེད་རྒན་ཞུགས་ཤིག་དེ་ན་འདུག་པ་དེ་ལ་འདི་གཙུག་ལག་ཁང་འབྱོར་པའམ་བྲེལ་བའི་གནས་ཞེས་དྲིས་ན་དགེ་སློང་དེས་
མ་གོ་ནས་གཙུག་ལག་ཁང་ནི་འབྱོར་པའོ་ཞེས་སྨྲས་ནས་རྒན་ཞུགས་དེས་འདི་ན་བྲེལ་བ་མ་ཡིན་གྱི་ཡོ་བྱད་དང་ལྡན་ཞིང་འབྱོར་པའི་གནས་ཡིན་ཏེ། གོས་ཀྱི་ཐུམ་པོ་ཀུན་ཀྱང་སྤྱོམས་པའི་ཕྱིར་བསྟན་ཏོ། །རྐུན་པོ་དེ་དག་གིས་ཀྱང་ཤིན་ཏུ་རྟོག་ནས་ནམ་ཚུལ་ནས་བྱུང་བའི་དུས་དང་སྦྱར་ཏེ། དེའི་ཚེ་དགེ་སློང་
དག་མཚན་ཐོག་ཐག་ཆོས་འཆད་ཅིང་ཁ་ཏོན་བྱེད་པའི་ཚེ་གཡོན་ཅན་དག་ཆོས་ཉན་པ་འདྲ་བར་སྒོ་བརྡུངས་ཏེ་གཡོན་ཅན་དག་ནང་དུ་ལྷགས་ནས་དགེ་སྦྱོང་དག་གི་གོས་དང་ཡོ་བྱད་མ་ལུས་པར་ཕྲོགས་སོ། །དེ་ནས་དགེ་སློང་འདི་དག་ཀྱང་ཡོན་བདག་ལ་ནི་བ་བཞོས་པ་བཞིན་དུ་བྱ་དགོས་ཀྱི་དོང་ངོ་ཞེས་ནས་གཅེར་བུས་
མཉན་དུ་ཡོད་པར་ཕྱིན་ཏེ། དེ་ནས་དགེ་སློང་མཉན་དུ་ཡོད་པ་ན་འཁོད་པ་རྣམས་ཀྱིས་ཆོས་གོས་ལ་སོགས་ཏེ་ཡོ་བྱད་བཅུ་གསུམ་བྱིན་ནས་དེ་ལྟར་གྱུར་པ་སྙན་དུ་བདས་ནས་ད་སླན་ཆད་འཇིགས་ཤིང་དོགས་པའི་གནས་སུ་ཆོས་གོས་གསུམ་ལས་གང་ཡང་རུང་སྟེ་གཅིག་ཞག་དྲུག་གི་བར་དུ་གྲོང་དུ་ཁྱིམ་པའི་དེར་ཞོག་
ཅིག་ཅེས་གནང་བ་དང་། དགེ་སློང་ཆོས་གོས་དང་བྲལ་དུ་དོགས་ནས་མཚན་མོ་ཁྱིམ་རྒྱབ་དག་ན་ཉལ་བ་དང་། ཁྱིམ་པ་དང་བུད་མེད་དག་མཚན་མོ་གཅེར་པར་གཅིན་རྐྱག་དག་འདོར་བ་དང་ཕྲད་ནས་འདི་ན་ཅིའི་ཕྱིར་ཉལ་ཞེས་བྱས་ན་ཆོས་གོས་ཀྱི་ཕྱིར་རོ་ཞེས་ནས་ཁྱོད་ཀྱིས་ཆོས་གོས་ངེད་ཀྱིས་རྐུས་རེ་སྐན་ཞེས་དེ་

ལྟ་བུ་ལ་འཕྱ་བར་གྱུར་ནས་སྙན་དུ་བདས་ཏེ། དེ་སླན་ཆད་ཞག་དྲུག་ཚུན་ཆད་དུ་དགོན་པ་བས་ཆོས་གོས་གྲོང་དུ་བཞག་ལ་མཚམས་ཀྱི་ཕྱི་རོལ་ན་འདུག་ཀྱང་རུང་ཉེས་པ་མེད་དོ་ཞེས་གནང་བ་དང་དྲུག་སྡེ་པོ་རྣམས་བསམས་བཞིན་དུ་ཞག་བདུན་ལས་འདས་པར་བྱེད། དེ་ལྟར་བྱེད་པ་བདེན་ནམ་ཞེས་སྨྲས་ན་མད་དོ་ཞེས་གསོལ་
ནས་ད་སླན་ཆད་ཞག་བདུན་ལས་འདར་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་པོ་སྟེ་གཞན་ཡང་ཆོས་འདི་ལ་ཞུགས་པའོ། །མང་པོ་ཞེས་བྱ་བ་ནི་གཉིས་ཡན་ཆད་དོ། །དགོན་པ་ཞེས་བྱ་བ་ནི་གྲོང་ནས་གཞུ་ལྔ་བརྒྱ་སྟེ། རྒྱང་གྲགས་གཅིག་ཕན་ཆད་དོ། །གནས་ཞེས་བྱ་བ་ནི་གཙུག་ལག་
ཁང་ངོ་། །དབྱར་ཐ་མ་ཞེས་བྱ་བ་ནི་དབྱར་ཕྱི་མར་ཚུལ་དུ་ཞུགས་སོ། །དོགས་པ་དང་འཇིགས་པ་དང་བཅས་ཞེས་བྱ་བ་ནི་རྐུན་པོ་དང་གཅན་གཟན་དང་སྦྲང་བུས་འཇིགས་པའོ། །ཆོས་གོས་གསུམ་ཞེས་བྱ་བ་ནི་སྦྱར་མ་དང་བདུན་པ་དང་ལྔ་པའོ། །ཞོག་ཅིག་ཅེས་བྱ་བ་ནི་གཏམས་པའོ། །རྐྱེན་འདི་འདྲ་བ་བྱུང་ཞེས་
བྱ་བ་ནི་དགེ་འདུན་གྱི་འམ་མཆོད་རྟེན་དང་གང་ཟག་གི་དོན་གྱི་ཕྱིར་རོ། །མཚམས་ཀྱི་ཕྱི་རོལ་དུ་འགྲོ་ཞེས་བྱ་བ་ནི་ཆོས་གོས་ཀྱི་མཚམས་ཀྱི་ཉེ་འཁོར་ལས་འདས་པའོ། །ཞག་དྲུག་ཅེས་བྱ་བ་ནི་ཞག་དྲུག་ཚུན་ཆད་ནི་ཉེས་པ་མེད་དོ། །མཚམས་ཀྱི་ཕྱི་རོལ་དུ་བྲལ་ཞེས་བྱ་བ་ནི་ཆོས་གོས་གང་དེར་གཞག་
པའོ། །དེ་ལས་འདས་པར་བྲལ་ན་ཞེས་བྱ་བ་ནི་སྐྱ་རེངས་ཀྱིས་ཆོད་པའོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ཞག་དྲུག་ལས་མཚམས་ཀྱི་ཕྱི་རོལ་དུ་འདས་ནས་ཆོས་གོས་དང་བྲལ་ན་སྤང་བའི་ལྟུང་བར་འགྱུར་རོ། །བར་ཆད་བརྒྱད་བྱུང་ན་ཆོས་གོས་དང་བྲལ་ཡང་ལྟུང་བ་མེད་
དོ། །གོས་རྒྱུ་དང་སྤུན་མི་རུང་བ་དང་། ཆོས་གོས་མི་འབྲལ་བའི་སྡོམ་པ་བྱིན་པ་དང་། ཆོས་གོས་ས་ལ་བཞག་ལ་མི་ནམ་མཁའ་ལ་གནས་པ་ནི་ཞག་དྲུག་ལས་འདས་ཀྱང་ལྟུང་བར་མི་འགྱུར་རོ། །དབྱར་གྱི་རས་ཆེན་དུས་ལས་སྔོན་རོལ་དུ་བཙལ་ཏམ་དབྱར་འདས་པར་འཆང་དུ་མི་གནང་བའི་གླེང་གཞི་ནི་བཅོམ་
ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་རྫིང་བུ་དང་ཁྲོན་པ་དག་ན་ཁྲུས་བྱེད་པའི་ཚེ་སྐྱབས་མེད་པར་ཁྲུས་བྱེད་པས་ནི་ཤིན་ཏུ་མི་མཛེས་པ་རི་དགས་དགྲའི་མ་ས་གས་མཐོང་ནས་དེ་ལྟ་བུ་མི་མཛེས་པ་ཁྱིམ་པ་དག་གིས་མཐོང་ན་འཕྱ་ན་ཁྲུས་བྱེད་པའི་ཡོལ་བ་གནང་བའི་རིགས་སོ་

ཞེས་སྙན་དུ་གསོལ་ནས་དབྱར་གྱི་རས་ཆོངས་ཤིག་པར་བཀས་གནང་ངོ་། །དགེ་སློང་རས་ཆེན་འཕྲལ་ལ་མ་འབྱོར་ནས་དབྱར་ཚུལ་དུ་འཇུག་པའི་ཟླ་བ་གཅིག་གི་སྔོན་རོལ་དུ་ཚོལ་གཅིག་པར་གནང་། དབྱར་ཕྱི་མ་ཡང་རས་ཆེན་སྔར་ཚོལ་ཞིང་སྔ་མ་ལ་ཟླ་བ་བལྟས་ཏེ་རིང་དུ་བཅངས་
པ་དང་། དུས་མ་ཡིན་པར་རས་ཆེན་ཚོལ་ཞིང་བྱེད་པས་ན་བྱ་བ་དང་། བྱེད་པ་མང་བས་ལུང་འབོགས་པ་དང་ཀློག་པའི་བར་ཆད་དུ་གྱུར་ནས་དབྱར་སྔོན་རོལ་དུ་ཡང་ཚོལ་ལ། དབྱར་ཟད་ནས་ཡང་བཅངས་པས་དོན་ཉུང་བའི་དགེ་སློང་འཕྱ་བ་ལས་སྙན་དུ་བདས་ཏེ། གསོ་དཀའ་བ་དགང་དཀའ་བ་ཞེས་སྨད་ནས་སྔོན་རོལ་དུ་
ཚོལ་དུ་མི་གནང་བ་དང་། དབྱར་ཟད་ནས་ཟླ་བ་ཕྱེད་ལས་འདས་པར་འཆང་དུ་མི་གནང་བར་བསླབ་པ་བཅས་སོ། །དཔྱིད་ཟླ་བ་གཅིག་ལུས་ཞེས་བྱ་བ་ནི་ཟླ་བ་གཅིག་ནས་དབྱར་ཚུལ་དུ་འཇུག་པའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །དབྱར་གྱི་རས་ཆེན་ཞེས་བྱ་བ་ནི་དབྱར་གྱི་ཆར་ཆེན་གྱི་སྐྱབས་བྱེད་པའི་
གོས་སོ། །ཚོལ་ཞེས་བྱ་བ་ནི་གཞན་ལས་སོ། །དབྱར་ཟད་ནས་ཟླ་བ་ཕྱེད་ཀྱི་བར་དུ་ཆོངས་ཤིག་ཅེས་བྱ་བ་ནི་ཚུལ་ནས་ཕྱུང་ནས་ཟླ་བ་ཕྱེད་ཀྱི་བར་དུའོ། །དགེ་སློང་གིས་དཔྱིད་ཟླ་བ་གཅིག་གི་སྔོན་ལོགས་ཞེས་བྱ་བ་ནི་དེའི་སྔོན་ལོགས་སུ་རས་ཆེན་ཚོལ་བའོ། །དབྱར་ཟད་ནས་ཟླ་བ་ཕྱེད་ཀྱི་བར་དུ་ཆོངས་ཤིག་ཅེས་བྱ་བ་ནི་དེ་
ལས་འདས་པར་རོ། །སྤང་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །སྔར་ཚུལ་དུ་ཞུགས་པ་དང་དབྱར་ཕྱི་མར་ཚུལ་དུ་ཞུགས་པ་སྟེ། དེ་དག་གིས་ཡུན་རིང་དུ་བཅངས་ན་སྤང་བར་འགྱུར་རོ། །གང་ཕྱིས་ཚུལ་དུ་ཞུགས་པ་དེ་དག་གིས་ཀྱང་སྔར་བཙལ་ཏམ་ཧ་ཅང་རིང་དུ་བཅངས་ན་སྤང་བའི་ལྟུང་བར་འགྱུར་
རོ། །དབྱར་གྱི་རས་ཆེན་ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་པས་རིང་དུ་བཅངས་ན་ཉེས་བྱས་སུ་འགྱུར་རོ། །ཁྱིམ་པ་སྨྱོན་པ་དང་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། ལྐུགས་པ་དང་། འོན་པ་དང་། གླེན་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་དེ་བས་སྔོན་རོལ་དུ་བཙལ་
ཏམ་དེ་དག་ལས་རྙེད་པ་རིང་དུ་བཅངས་ཀྱང་ཉེས་བྱས་སུ་འགྱུར་རོ། །སྤྱིར་རྙེད་པ་གང་ཟག་གི་ཕྱིར་བསྔོས་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་བསོད་སྙོམས་པ་ཞིག་གིས་ཁྱིམ་བདག་ཅིག་ལ་ཆོས་བཤད་ནས་དད་པར་བྱས་ཏེ། བསོད་སྙོམས་སྤྱིར་བཤོས་གསོལ་

ཏེ་རས་ཡུག་གཅིག་ཅིག་ཡོན་དུ་ཕུལ་ལོ་ཞེས་ནས་ཁྱིམ་བདག་གིས་ཁས་བླངས་སོ། །བསོད་སྙོམས་པས་དགེ་འདུན་སྤྱན་དྲངས་པར་བྱས་ནས་དགེ་འདུན་སྤྱིར་ཕྲིན་གྱིས་གསོལ་བ་དང་། བསྙེན་དགའ་བོས་གསོལ་ཏེ་ནང་བར་སྔར་ཁྱིམ་བདག་གི་དེར་སོང་སྟེ་ཕྱིན་པ་དང་ཁྱོད་ཀྱིས་རས་སྤྱིར་ཕུལ་བའི་བསོད་ནམས་ནི་ཡོད་
ན་སྤྱད་པའི་བསོད་ནམས་ནི་མེད་དོ། །ཅིའི་ཕྱིར་ཞེ་ན་དགེ་འདུན་ལ་ཁ་ཟས་ཕུལ་བ་ནི་ཟེགས་མ་རེ་རེར་ཡང་གོས་ཤིག །གོས་ནི་མར་མེའི་སྙིང་པོ་ཙམ་དུ་ཡང་གོས་ཤིག་ཅེས་བྱུང་བས་ན་ཁྱོད་ཀྱིས་དེ་ཡང་སྤྱད་པའི་བསོད་ནམས་མེད་ཀྱི་ཅིག་ཅར་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བས་ན་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྨྲ་
བ་ལ་ཕུལ་བའི་རིགས་སོ་ཞེས་སྨྲས་པ་དང་། ཁྱིམ་བདག་ན་རེ་འོ་ན་འཕགས་པ་བཞེས་སུ་གསོལ། དེ་ལྟར་བྱས་ན་དོ་ནོད་སུས་ཁྱེར་ཞེས་རྨེད་པར་གྱུར་ན་མ་ལེགས་ཀྱིས་དགེ་འདུན་ཚོགས་པའི་མདུན་དུ་རིམ་གྱིས་སྟོན་ལ་དེའི་འོག་ཏུ་ང་ལ་བྱིན་ཅིག་ཅེས་བྱས་ནས་ཁྱིམ་བདག་གིས་ཀྱང་ཀུན་ལ་རྗེས་སུ་ཡི་རང་
བར་བྱས་ཤིག་ཅེས་བསྟན་ཏེ་མཇུག་ཏུ་བསྙེན་དགའ་བོ་ལ་བྱིན་ནོ། །དེ་ནས་ཁང་སྐྱོང་ལ་ཡང་བསྙེན་དགའ་བོས་མ་སྟེར་ཏོ། །དེ་ནས་བསོད་སྙོམས་པས་ཁྱིམ་བདག་ལ་ཁྱེད་ཀྱིས་འབྲུག་གཞན་དུ་བསྒྲགས་ལ། ཆར་གཞན་དུ་ཕབ་པོ་ཞེས་ཁྱིམ་བདག་ལ་གྱོད་བཏབ་པ་དང་། ཁྱིམ་བདག་གིས་དེའི་རྒྱུས་ཞིབ་ཏུ་སྨྲས་
སོ། །དགེ་སློང་གཞན་གྱིས་བསོད་སྙོམས་པ་ལ་གྱོད་བཏབ་པ་དང་། བསོད་སྙོམས་པས་ཀྱང་བདག་དང་ཁྱིམ་བདག་གིས་ནི་མ་ནོངས་ཏེ། བསྙེན་དགའ་བོས་ཉེས་སོ་ཞེས་བྱས་པ་དང་། དགེ་སློང་དག་འཕྱ་བ་ལ་ཞུགས་པ་སྙན་དུ་བདས་སོ། །བཀས་བསྙེན་དགའ་བོ་ལ་རྨས་ན། བཙུན་པ་མད་དོ་ཞེས་གསོལ་ནས།
གསོ་དཀའ་བ་དགང་དཀའ་བ་ཆོག་མི་ཤེས་པ་དགེ་སྦྱོང་གི་བྱ་བ་མ་ཡིན་ཞེས་རྣམ་གྲངས་དུ་མར་སྨད་ནས། སྤྱིར་བསྔོས་པ་གང་ཟག་བདག་གིར་བྱས་ན་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། གཞན་ཡང་ཆོས་འདི་ལ་ཞུགས་པའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་
རིག་པ་འམ་གཞན་གྱིས་བསྒོ་བའོ། །དགེ་འདུན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་སོ། །རྙེད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཁ་ཟས་ཀྱི་རྙེད་པའོ། །སྐབས་འདིར་ནི་གོས་ཀྱི་རྙེད་པ་ལ་བྱའོ། །གང་ཟག་བདག་གིར་བསྔོས་ཞེས་བྱ་བ་ནི་བདག་རང་གི་ཆེད་དུ་བསྔོས་པའོ། །སྤང་

བའི་ལྟུང་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱ་བའོ། །ཉེས་པ་ནི་གང་ཟག་གཅིག་གི་རྙེད་པ་བདག་གིར་བསྔོས་སམ། གཅིག་གམ་གཉིས་སམ་གསུམ་མམ་མང་པོ་ཡང་རུང་སྟེ། བསྔོས་པའི་ཚེ་ནི་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་གིས་
གང་ཟག་གཅིག་གི་རྙེད་པ་ཕ་རོལ་གཉིས་ལ་བསྔོས་སམ་མང་པོ་ཡང་རུང་སྟེ། འགོད་པའི་ཚེ་ནི་ཉེས་བྱས་སོ། །གང་ཟག་གི་རྙེད་པ་དགེ་འདུན་གྱིར་བསྔོས་ན་འགོད་པའི་ཚེ་ཉེས་བྱས་སོ། །ཐོབ་ན་ཡང་ཉེས་བྱས་སོ། །དེ་བཞིན་དུ་གཙུག་ལག་ཁང་གི་ཡོ་བྱད་དང་། གཙུག་ལག་ཁང་གི་རྒྱན་གྱི་ཡོ་བྱད་
དང་མཆོད་རྟེན་གྱི་ཕང་ལོ་རིམ་བཞིན་དུ་འདུག་པ་ལས་ལྟག་འོག་བསྣོར་ན་ཉེས་བྱས་སོ། །དགེ་འདུན་གྱི་རྙེད་པ་གང་ཟག་བདག་གིར་བསྔོས་ན་ཉེས་པར་མི་འགྱུར་བ་ཡང་ཡོད་དེ་ཕྲིན་པ་དང་ཕྲིན་ཡིག་པ་དང་ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། རྒྱུ་དང་སྤུན་མི་རུང་བ་རྣམས་ནི་ལྟུང་བ་མེད་དེ་ཉེས་བྱས་
སོ། །སྨན་གཞག་པའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལེན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྲུང་བ་པོའི་བུ་ལ་བརྟེན་ཅིང་གནས་བཅའ་བའི་ཉེ་གནས་ལྷན་ཅིག་སྤྱོད་པའི་དགེ་སློང་དག་གིས་སྨན་བྱིན་ལེན་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་སྔ་དྲོ་བ་དང་
ཞག་བདུན་པར་འདྲེས་ཤིང་མི་མངོན་པར་དེ་ལྟ་བུར་དུས་དང་དུས་མ་ཡིན་པར་ཟ་ཞིང་རང་གི་ལག་གིས་བླངས་ནས་ཟ་བས་ན་སྨན་ཞག་བདུན་གྱི་བར་དུ་བྱིན་གྱིས་བརླབས་ལ་གཞག་པར་བྱ། དེ་ལས་འདས་པར་བཅང་བར་མི་གནང་སྟེ་དེ་ལྟར་གྱུར་པ་ལ་དགེ་སློང་དག་འཕྱ་བ་སྙན་དུ་བདས་ནས། བཀས་རྨས་ན་མད་དོ་
ཞེས་གསོལ་པ་དང་། ཆོག་མི་ཤེས་པ་གསོ་དཀའ་བ་དགང་དཀའ་བའོ་ཞེས་སྨད་ནས། སྨན་ཞག་བདུན་གྱི་བར་དུ་དྲིལ་ཞིང་བཟའ་བར་བྱ། དེ་ལས་འདས་པར་བཞག་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་བསླབ་པ་བཅས་སོ། །ན་བ་ཞེས་བྱ་བ་ནི་མི་བདེ་བའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཕན་
པ་གང་བྱེད་པའི་ཞེས་བྱ་བ་ནི་དེ་དང་མཐུན་པའོ། །སྨན་དུ་གསུངས་ཞེས་བྱ་བ་ནི་བསྒྲགས་པའོ། །མར་དང་ཏིལ་དང་སྦྲང་རྩི་དང་བུ་རམ་ཞེས་བྱ་བ་ནི་དངོས་སུ་བས་སོ། །འདོད་ཅེས་བྱ་བ་ནི་གལ་ཏེ་འདོད་པར་གྱུར་པའོ། །ཞག་བདུན་གྱི་བར་དུ་ཞེས་བྱ་བ་ནི་ཞག་བདུན་ཚུན་ཆད་དོ། །རང་གིས་བྱིན་གྱིས་རློབས་ཤིག་ཅེས་བྱ་བ་ནི་

བདག་གིས་སོ། །གཞག་པར་བྱ་བའི་བཟའ་བའོ་ཞེས་བྱ་བ་ནི་རང་གིས་བླངས་ནས་བཟའ་བར་བྱ་བའོ། །དེ་ལས་འདས་པར་བཞག་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པའོ། །ཉེས་པ་ནི་དགེ་སློང་གིས་ཚེས་གཅིག་ལ་སྨན་ཞིག་རྙེད་ན་ཞག་བདུན་ཚུན་ཆད་
དུ་བྱིན་གྱིས་རློབས་ཤིག །ཡང་ན་གཞན་ལ་སྐུར་ཅིག །ཡང་ན་བྱིན་ཅིག །དེ་ལྟར་མ་བྱས་ན་ཚེས་བརྒྱད་ཀྱི་སྐྱ་རེངས་ཤར་ནས་སྤང་བའི་ལྟུང་བར་འགྱུར་རོ། །སྨན་ཞག་བདུན་དུ་བྱིན་གྱིས་རློབ་པ་ནི་བདག་ལག་བཀྲུས་ཏེ་སྨན་བྱིན་ལེན་བྱས་ནས་ཚངས་པ་མཚུངས་པར་སྤྱོད་པའི་མདུན་དུ་ཙོག་ཙོག་པོར་འདུག་ལ་འདི་སྐད་དུ་
རྗོད་ཅིག་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་རུང་བའི་སྨན་འདི་ཞག་བདུན་ཚུན་ཆད་དུ་བདག་དང་ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་བྱིན་གྱིས་བརླབ་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །ཇི་ལྟ་བུར་ཟོས་པ་ཡང་ཉིན་གཅིག་བཞིན་དུ་དེ་ནི་བདག་གིས་ཉི་མ་གཅིག་ཟོས་ལྷག་མ་
ཡང་བཟའོ་ཞེས་ཚངས་པ་མཚུངས་པར་སྤྱོད་པའི་མདུན་དུ་ཞག་བདུན་གྱི་བར་དུ་རྗོད་ཅིག །དེ་སྟེ་ཡང་སྨན་ལྷག་སྟེ་མ་ཟད་ན་དགེ་སྦྱོང་ངམ་ཀུན་དགའི་ར་བ་ལ་སྦྱིན་པར་བྱའོ། །སྨན་སྤང་བར་བྱ་བ་དེ་མ་སྤངས་སམ་བྲལ་བར་མ་བྱས་སམ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་ཡང་སྔ་མའི་རྒྱུན་གྱིས་ཕྱི་མ་རྙེད་
པ་ཐམས་ཅད་སྤང་བའི་ལྟུང་བར་འགྱུར་རོ། །ཞག་བདུན་ལས་འདས་ཀྱང་སྤང་བར་མི་འགྱུར་བ་ཡང་ཡོད་དེ། སྨན་དགེ་སློང་འཆང་དུ་མི་རུང་བ་ནི་ཞག་བདུན་ལས་འདས་ཀྱང་སྤང་བའི་ལྟུང་བར་མི་འགྱུར་རོ། །དགེ་སློང་ནད་ཀྱིས་གཟིར་བ་དང་སྨྱོས་པ་དང་སེམས་སྟོར་བ་ནི་ནམ་སེམས་འཁྲུགས་པ་རྙེད་པ་ནས་ཞག་བདུན་
བགྲང་བར་བྱའོ། །སྔ་དྲོ་བའི་སྨན་ནི་སྔ་དྲོ་སྤྱད་པར་བྱ་ཕྱི་དྲོ་བའི་སྨན་ནི་ཕྱི་དྲོ་སྤྱད་པར་བྱ། ཞག་བདུན་པ་ཡང་ཞག་བདུན་ཚུན་ཆད་དུ་སྤྱད་པར་བྱ། ཚེས་གཅིག་པའི་སྨན་ཡང་ཚེས་གཅིག་ཚུན་ཆད་དུ་བཅད་པར་བྱ། དེ་ལས་འདས་པར་བཅངས་ན་ཐམས་ཅད་དུ་སྤང་བའི་ལྟུང་བར་འགྱུར་བར་རིག་པར་བྱའོ། །སྤང་བའི་
ལྟུང་བ་སུམ་ཅུའི་བསླབ་པའི་གནས་རྫོགས་སོ།། །།ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་དད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ག་ལ་བཞུགས་ཞེས་དྲིས་ན། བཅོམ་ལྡན་

འདས་འོད་མའི་ཚལ་ན་བཞུགས་ན་ནི་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ་ཞེས་ཟེར། པི་པི་ལིའི་ཤིང་དྲུང་གི་ཕུག་ན་བཞུགས་ན་ནི་སྡེ་ཆེན་མའི་ཕུག་ནའོ་ཞེས་ཟེར་ཏེ། དེ་བཞིན་དུ་ཁྱིམ་བདག་གིས་བཙལ་ཀྱང་མ་རྙེད་དོ། །དེ་དག་གིས་སྒྲ་གཅན་ཟིན་ལ་ཁྱོད་ཀྱིས་ཆེད་དུ་བསམས་ཏེ། བདག་
ཅག་ལ་ཐོ་འཚམས་སམ་དེ་བཞིན་ནོ་ཞེས་བྱས་པ་དང་། དེ་དག་འཕྱ་བར་གྱུར་བ་སྙན་དུ་བདས་ནས་ལྕགས་ཀྱི་ཐུ་ལུ་མ་ཟ་བ་ནི་བླའི། འདི་ལྟ་བུ་ནི་མ་ཡིན་ནོ་ཞེས་བཀས་སྨད་ཀྱང་བསླབ་པ་མ་བཅས་སོ། །སླད་ཀྱིས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་མཉན་དུ་ཡོད་པ་ན་ཤཱཀྱའི་བུ་དགེ་སློང་མེ་བཞི་སྐྱེས་ཞེས་བྱ་བ་
ཞིག་གནས་ཏེ། དེ་ཡང་ཕྱི་རོལ་གྱི་གཞུང་གཞན་ལ་རབ་ཏུ་མཁས་ཤིང་གཞན་དང་རབ་ཏུ་འགྱེད་པ་ལ་བརྩོན་པ་ཞིག་འདུག་གོ། །དེའི་ཚེ་ལྷོའི་ཕྱོགས་ནས་བྲམ་ཟེའི་བུ་ཞིག་སྔགས་ཚོལ་ཞིང་མཉན་དུ་ཡོད་པར་ཕྱིན་ཏེ། སྔར་གནས་པའི་བྲམ་ཟེ་དང་ཅུང་ཟད་འགྱེད་པར་བྱས་པ་ལས། བྲམ་ཟེ་དག་གིས་གཡོ་བྱས་ནས་
ཤཱཀྱའི་དགེ་སློང་མེ་བཞི་སྐྱེས་ལ། གཙུག་ལག་གིས་རྒོལ་ཅིག་ཅེས་བྱས་ནས། དེ་གཉིས་ཀྱང་སྐྱེད་མོས་ཚལ་ཞིག་ཏུ་དུས་བྱས་ནས། བྲམ་ཟེ་ནི་དེའི་མཚན་ཐོག་ཐག་བདག་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་སེམས་སེམས་ཏེ་ནམ་ནངས་ནས་དུས་སར་ཕྱིན་པ་དང་། དགེ་སློང་མེ་བཞི་སྐྱེས་ནི་དེའི་ཉིན་མོ་བསོད་
སྙོམས་ལ་སོང་སོང་སྟེ་སླར་ལོག་པ་དང་། བྲམ་ཟེ་དང་ཕྲད་ནས་ང་ནི་བརྗེད་དོ་ཞེས་བྱས་སོ། །ཕྱི་དེ་ཉིན་དུས་བྱས་པ་དང་། དགེ་སློང་དེ་ཡང་དུས་དེར་མ་འོངས་ནས་གྲང་གཞན་ན་འགྲོ་བ་བྲམ་ཟེ་དེས་མཐོང་ནས། དགེ་སློང་ཁྱོད་ཅིའི་ཕྱིར་འདིར་མི་འོང་ཞེས་བྱས་པ་དང་། དོན་དེ་གཅིག་པུར་ཟད་དམ། བདག་ནི་སྟོན་པ་
དང་། བླ་མ་ལ་བསྙེན་བཀུར་བྱ་དགོས། ཁྱིམ་བདག་དང་བྲམ་ཟེ་ལྷགས་པ་རྣམས་ལ་ཆོས་བསྟན་དགོས་སོ་ཞེས་སྨྲས་པ་དང་། བྲམ་ཟེས་ཁྱོད་ང་ལ་ཆེད་དུ་བསམས་ཏེ་ཐོ་འཚམས་སམ་ཅི་ཞེས་བྱས་པ་དང་དེ་བཞིན་ནོ་ཞེས་སྨྲས་པ་དང་། བྲམ་ཟེའི་བུ་དག་དགེ་སྦྱོང་དེ་དག་ནི་ཤེས་བཞིན་དུ་བརྫུན་ཟེར་རོ་ཞེས་མི་སྙན་པར་
ཟེར་བ་སྙན་དུ་བདས་ནས་རྣམ་གྲངས་དུ་མས་སྨད་ནས་འདུལ་བ་ལ་བསླབ་པ་བཅས་སོ། །ཤེས་བཞིན་ཞེས་བྱ་བ་ནི་བརྟགས་པའོ། །བརྫུན་ཞེས་བྱ་བ་ནི་རྣམ་པ་དགུ་སྟེ། ཕས་ཕམ་པར་འགྱུར་བ་དང་ལྷག་མར་འགྱུར་བ་དང་། ལྟུང་བར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བ་དང་། རྩ་བ་མེད་པ་དང་། ཚུལ་ཁྲིམས་

ལོག་པར་ཞུགས་པ་དང་། ལྟ་བ་ལོག་པར་ཞུགས་པ་དང་། ཆོ་ག་ལོག་པར་ཞུགས་པ་དང་། འཚོ་བ་ལོག་པར་ཞུགས་པའོ། །ལྟུང་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་བྱོལ་སོང་དང་ཡི་དགས་ངན་འགྲོ་ལོག་པར་བསྲེགས་པ་དང་བཙོ་བར་ལྟུང་བའོ། །དེ་ལ་དགེ་སློང་གི་འདུ་ཤེས་སྦས་ནས་མཐོང་ངོ་། །དོགས་
སོ་ཞེས་སྨྲས་ན་ལྟུང་བའོ། །དགེ་སློང་གིས་མིའི་སྐྱོན་ནས་འབོད་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་པོ་གཞན་གྱི་སྐྱོན་ནས་འབོད་པ་ནི་འདི་ལྟ་སྟེ་ཞར་བ་དང་རྐང་དོས་དང་གྱོལ་པོ་དང་སོར་མོ་འཇས་པ་དང་། རྒུར་པོ་དང་ལྐོག་གློན་ཅན་དང་། མཆུ་
འཕྱང་དང་མགོ་བོ་ཆེ་ལ་སོགས་པའི་སྐྱོན་ནས་བོས་པས་དགེ་སློང་དག་བག་འཁུམས་པ་དང་། མི་སྤོབས་པ་དང་། སྤ་གོང་བར་གྱུར་ནས་དགེ་བའི་བར་ཆད་དུ་འགྱུར་བས་སྙན་དུ་བདས་ནས། བཀས་དྲུག་སྡེ་ལ་རྨས་ན་མད་དོ་ཞེས་གསོལ་ནས། དགེ་སྦྱོང་གི་བྱ་བ་མ་ཡིན། རིགས་པ་མ་ཡིན་ཞེས་རྣམ་གྲངས་དུ་
མས་སྨད་ནས་བསླབ་པ་བཅས་སོ། །ལྟུང་བ་ཞེས་བྱ་བ་ནི་ངན་སོང་གསུམ་དུ་ལྟུང་བར་བྱེད་པས་ན་ལྟུང་བའོ། །ལྟུང་བ་དེ་མ་བཤགས་ན་དགེ་བའི་ཆོས་རྣམས་སྒྲིབ་པར་བྱེད་པས་ན་ལྟུང་བ་ཞེས་གསུངས་སོ། །དགེ་སློང་གིས་མིའི་སྐྱོན་ནས་འབོད་པར་བསམས་ཏེ། དགེ་སློང་ལ་ཚེ་དང་ལྡན་པ་ཁྱོད་རྒྱལ་
རིགས་དང་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བས་ཁྱོད་ལ་དགེ་སྦྱོང་དང་ཚངས་པ་མེད་དོ་ཞེས་བྱས་ན་དགེ་སྦྱོང་སྤ་གོང་ཡང་རུང་ལ་མ་གོང་ཡང་རུང་སྟེ་ཉེས་བྱས་སུ་འགྱུར་རོ། །ལྷམ་མཁན་དང་སྐུད་རིས་མཁན་དང་ཤིང་མཁན་དང་ཐ་ག་པ་དང་། འདྲེག་མཁན་དང་། ཐེང་པོ་དང་། ལག་སོར་འཁུམས་པ་དང་།
ལྐོག་གློན་ཅན་དང་། སྐྲངས་པ་ལ་སོགས་པ་ལས་ཁྱོད་རབ་ཏུ་བྱུང་བས་ན་དགེ་སྦྱོང་དང་ཚངས་པ་མེད་དོ་ཞེས་སྨྲས་ན། དགེ་སློང་སྤ་གོང་ཡང་རུང་མ་གོང་ཡང་རུང་སྟེ་ལྟུང་བ་རེ་རེར་འགྱུར་རོ། །ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དགེ་སློང་སྨྱོན་པ་དང་། སེམས་
འཁྲུགས་པ་དང་ར་རོ་བ་ལས་མིའི་སྐྱོན་ནས་བོས་ན་ཉེས་བྱས་སུ་འགྱུར་རོ། །འགྲོ་བ་གཞན་དུ་གནས་པ་དང་མཐའ་འཁོབ་པ་དང་། འཕགས་པའི་སྐད་ཀྱིས་གཅིག་ལ་གཅིག་བརྡ་མི་འཇལ་བ་དང་། དགེ་སྦྱོང་དང་། ཁྱིམ་པ་དང་། དེ་བཞིན་དུ་ཕ་བསད་པ་དང་མ་བསད་པ་དང་དགྲ་བཅོམ་པ་བསད་པ་དང་། མུ་

སྟེགས་ཅན་ལ་སོགས་པ་ལ་སྐྱོན་ནས་བོས་ན་ཉེས་བྱས་སུ་འགྱུར་རོ། །ཕྲ་མའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་པོ་རྣམས་ཕྲ་མ་སྨྲ་བ་ལ་ཞུགས་ནས། དེ་ལྟར་ཕྲ་མ་སྨྲ་བས་ན་དགེ་སློང་དག་ཀྱང་འཁུམས་ཤིང་བག་ཚ་བར་གྱུར་ནས་
ལུང་འབོགས་པ་དང་ཁ་ཏོན་བྱེད་པ་ལ་སེམས་བག་ཚ་བས་དགེ་བ་དག་བཏང་བས་མཛའ་ཞིང་སྡུག་པ་ཆོས་བཞིན་དུ་འཁོད་པར་ཡང་མ་གྱུར་ནས་དོན་ཉུང་ངུ་བའི་དགེ་སློང་དག་འཕྱ་བར་གྱུར་པ་སྙན་དུ་བདས་ནས། དགེ་སྦྱོང་གི་བྱ་བ་མ་ཡིན་ཞེས་སྨད་ནས། འདུལ་བ་ལ་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་
པོའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །དགེ་སློང་གིས་ཕྲ་མ་བྱ་བར་བསམས་ནས་ཐ་ག་པ་དང་། ཤིང་མཁན་དང་འདྲེག་མཁན་ལ་སོགས་པ་ལས་རབ་ཏུ་བྱུང་ནས་དགེ་སྦྱོང་དང་ཚངས་པ་ག་ལ་ཡོད་ཅེས་ཟེར་རོ་ཞེས་སྨྲས་ན་ལྟུང་བར་འགྱུར་རོ། །གཞན་ནི་སྐྱོན་གྱི་སྐབས་དང་སྦྱར་རོ། །ཕྲིན་དང་ལག་བརྡ་ཡང་གོང་མ་བཞིན་དུ་སྦྱར་རོ།
སྐྱོ་སྔོགས་ཀྱི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་པོ་རྣམས་དགེ་སློང་མཁས་པ་དགེ་འདུན་འདུས་པས་ཆེས་བཞིན་དུ་རྩོད་པ་ཞི་བར་བྱས་ཏེ། སྤངས་པར་ཤེས་བཞིན་དུ་སླར་ཡང་དེ་ལས་སུ་མི་རུང་སྟེ་མ་བྱས་ལེགས་པར་མ་སྦྱངས་པས་སླར་སྦྱང་དགོས་སོ་ཞེས་
ཡང་ནས་ཡང་དུ་སྐྱོ་སྔོགས་བྱས་ཏེ། བྱ་བ་མང་བྱེད་པ་མང་དུ་གྱུར་པས་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ནས། དགེ་སློང་མཁས་པ་ཚོགས་པས་ཆོས་བཞིན་དུ་ལས་བྱས་ཤིང་རྩོད་པ་སྤངས་པ་སླར་སྐྱོར་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་
ཆོས་འདི་ལ་ཞུགས་པའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་རིག་པའམ། གཞན་གྱིས་བསྒོ་བར་གྱུར་པའོ། །འདུ་ཤེས་ཞེས་བྱ་བ་ནི་དགེ་འདུན་ཚོགས་ཤིང་མཐུན་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལ་བྱའོ། །ཆོས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་འདུལ་བ་
དང་མི་འགལ་བ་སྟེ། སྟོན་པས་བསྟན་པ་ཇི་ལྟ་བ་བཞིན་ནོ། །རྩོད་པ་ཞེས་བྱ་བ་ནི་རྩོད་པ་རྣམ་པ་བཞི་སྟེ། འཐབས་ནས་རྩོད་པ་དང་མ་འཐབས་མ་བཅོས་པར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །སྤངས་པ་ཞེས་བྱ་བ་ནི་རྩོད་པ་རྣམ་པ་བཞི་པོ་གང་ཡང་རུང་སྟེ་ཞི་བར་

བྱས་སོ། །ཡང་བྱ་བར་སྐྱོ་སྔོགས་བྱེད་ཅེས་བྱ་བ་ནི་ཕྱི་ཕྱིར་བྱེད་དུ་གཞུག་པའོ། །ལྟུང་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བར་ལྟུང་བ་ལ་སོགས་ཏེ་སྔ་མ་བཞིན་ནོ། །ཉེས་པ་ཇི་ལྟ་བུ་ཞེན་དགེ་སློང་གིས་འཐབ་པའི་རྩོད་པར་འདུ་ཤེས་ཤིང་སྤངས་པ་ལ་སྤངས་པའི་འདུ་ཤེས་ཀྱིས་ཡང་བྱ་བར་སྐྱོ་སྔོགས་བྱེད་ན་ལྟུང་བར་
འགྱུར་རོ། །ཐེ་ཚོམ་ཟ་ན་ཡང་ལྟུང་བར་འགྱུར་རོ། །མ་སྤངས་པ་ལ་ཡང་སྤངས་པའི་འདུ་ཤེས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཐེ་ཚོམ་ཟ་ན་ཡང་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་འཐབ་པ་ལ་རྣམ་པ་བཞིར་སྦྱར་བ་བཞིན་དུ་མི་གདམས་པ་དང་། ལྟུང་བ་དང་བྱ་བའི་རྩོད་པ་ལ་ཡང་དེ་བཞིན་
དུ་སྦྱོར་ཅིག །བུད་མེད་ལ། ཆོས་ཚིག་ལྔ་དྲུག་ལས་ལྷག་པར་འཆད་དུ་མི་གནང་ཞིང་རིག་པའི་སྐྱེས་པ་མེད་པར་ཚིག་ལྔ་དྲུག་ལས་ལྷག་པར་བཤད་པའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཚེ་དང་ལྡན་པ་འཆར་བ་རིག་པའི་ནོར་བུ་ཞེས་བྱ་བ་ཡོད་དེ། དེའི་མཐུས་མཚན་གྱི་རིག་པ་ཤེས་
ཏེ། སྔ་དྲོ་བྲམ་ཟེ་དང་ཁྱིམ་བདག་དག་གི་རིགས་ཀྱི་དེར་བསོད་སྙོམས་ལ་འཇུག་ཅིང་ཆོས་བསྟན་པའི་འོག་ཏུ་ཁྱིམ་བདག་གི་མནའ་མ་ལ་ཁྱོད་ཀྱི་སྒྱུག་མོ་ཅི་འདྲ་ཞེས་དྲིས་སོ། །དེས་སྨྲས་པ། ཇི་ལྟར་བུང་བུ་མདས་ཕོག་པ་བཞིན་ནོ། །དེ་ནི་དེ་ཉིད་ཀྱི་ཉེས་པ་མ་ཡིན་ཏེ། དེ་ལ་མ་རུངས་པའི་མཚན་ཡོད་དེ། སྨེ་
བ་ནག་པོ་དང་དམར་པོ་དང་། སྦྲང་མ་དང་འདྲ་བ་དང་མཛེར་པ་སྟེ། ནུ་མ་དང་རྐུབ་དང་། གསང་བའི་བར་ན་ཡོད་པའི་གུན་ནོ་ཞེས་སྨྲས་སོ། །དེའི་འོག་ཏུ་སྒྱུག་མོའི་གན་དུ་སོང་ནས་ཁྱོད་ཀྱི་མནའ་མ་ཅི་འདྲ་ཞེས་དྲིས་ན་དེ་ནི་བདར་གྱིས་སྦྱངས་པ་སྟེ། ལེ་ལོ་ཆེ་སྤྲོ་ཐུང་ཞིང་ཁ་དྲག་ལ་ཁ་ངན་ཟེར་རོ་ཞེས་སྨྲས་པ་དང་།
དེ་ནི་དེ་ཉིད་ཀྱི་ཉེས་པ་མ་ཡིན་ཏེ། དེ་ལ་མཚན་མ་ནི་འདི་ལྟ་བུ་ཡོད་དོ་ཞེས་གསང་བའི་བར་དུ་མཚན་མ་བསྟན་ཏོ། །དེ་ནས་དུས་གཞན་ཞིག་ན་མནའ་མ་དང་སྒྱུག་མོ་དག་གཅིག་ལ་གཅིག་ལུས་མཉེད་ཅིང་ཁྲུས་བྱེད་པའི་ཚེ་དེ་གཉིས་གཅིག་ལ་གཅིག་གསང་བའི་གནས་དག་ཏུ་མཚན་བརྟགས་ན་འཆར་བས་སྨྲས་
པ་བཞིན་དུ་ཡོད་དོ། །ནམ་ཕན་ཚུན་དུ་རྩོད་པའི་ཚེ་གཅིག་ལ་གཅིག་མཚང་འདྲུ་སྟེ། ཁྱོད་ཀྱང་འཐབ་མོ་རྒོལ་ཞིང་བསྔོ་འམ། སྐྱེས་པ་འདི་ལྟ་བུ་དང་འདི་འདྲར་བྱེད་པ་ན་ཅི་ཞེས་བྱས་པ་དང་། དེ་ལྟ་བུ་ནི་ཡོང་མ་བྱས་སོ། །འོ་ན་ཁྱོད་ཀྱི་གསང་བའི་བར་ན་མཚན་ཡོད་པ་གཞན་གྱིས་ཇི་ལྟར་ཤེས་ཞེས་བྱས་པ་དང་།

འོ་ན་ཁྱོད་ཀྱིས་ཀྱང་སྐྱེས་པ་གཞན་གྱིས་ཤེས་སོ། །ནམ་ཕན་ཚུན་དུ་བཟོད་པར་བྱས་ཏེ་མཛའ་བར་གྱུར་པ་དེ་ན་ཁྱོད་ལ་འདི་ལྟ་བུ་སུས་བསྟན་ཅེས་གཅིག་ལ་གཅིག་དྲིས་ན། གཉི་ག་ཡང་མཐུན་ཏེ་འཆར་བས་བསྟན་ཏོ་ཞེས་བྱས་པ་དང་། དེ་གཉིས་འཕྱ་སྟེ། བདག་ཅག་ནི་འཆར་བས་ཆེད་དུ་
བསམས་ཏེ་འཐབ་ཏུ་བཅུག་སྟེ་ཞེས་སྨོད་ཅིང་མི་སྙན་པ་འཛེར་ཏོ། །ཁྱིམ་བདག་གིས་དགེ་སློང་འཆར་བ་ཇི་ལྟ་བུ་ཞེས་དྲིས་ན་འཆར་བ་ནི་ཚུལ་ཁྲིམས་དང་ལྡན་པ་སྟེ་རིག་པའི་མཐུས་བུད་མེད་དག་གི་མཚན་ཤེས་སོ་ཞེས་བྱས་པ་དང་། ཅི་འཕགས་པ་དེ་ལྟར་ཤེས་སུ་ཟིན་གྱིས་ཀྱང་བུད་མེད་ཀྱི་གསང་བའི་གནས་ངན་ལེན་
སྨྲ་བར་མི་རིགས་སོ། །ཞེས་འཕྱ་བར་སྙན་དུ་བངས་ནས་འདི་སྙམ་དུ་དགོངས་ཏེ། ཅུང་ཟད་ཉེས་པའི་དམིགས་སུ་གྱུར་པ་ཡང་དགེ་སློང་བུད་མེད་ལ་ཆོས་བཤད་པ་ལས་བྱུང་ངོ་སྙམ་དུ་དོགས་ནས། དགེ་སློང་བུད་མེད་ལ་ཆོས་མ་འཆད་ཅིག་ཅེས་བཀག་གོ། །སླད་ཀྱིས་དགེ་སློང་དག་བསོད་སྙོམས་ལ་ཞུགས་པ་དང་།
བུད་མེད་དག་གིས་ཆོས་བཤད་པར་གསོལ་བ་དང་། དགེ་སློང་དག་གིས་ཆོས་མ་བཤད་པས་ཟན་མ་སྟེར་ཏོ། །དེ་ལྟ་བུ་སྙན་དུ་བདས་ནས་བཀའ་སྩལ་པ། ཆོས་ཚིག་ལྔ་སྟེ། ཕུང་པོ་ལྔ་བཤད་པར་གནང་ངོ་། །སླད་ཀྱིས་དེ་བཞིན་དུ་ཉུང་ཞེས་གསོལ་ནས། དབང་པོ་དྲུག་སྟེ་ཚིག་དྲུག་བཤད་པར་གནང་ངོ་། །
ཚིག་དྲུག་གིས་ཀྱང་མི་ཆོག་གིས་ད་རུང་སྟོན་ཅིག་ཅེས་བསྐུལ་བ་དང་། སླད་ཀྱིས་རིག་པའི་སྐྱེས་པ་ཞོག་ལ་ཆོས་ཤོད་ཅིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེས་རིག་པའི་སྐྱེས་པ་མེད་བཞིན་དུ་སྤྲེའུ་དང་བྱ་བཞག་ནས་ཚིག་ལྔ་དྲུག་ལས་འདས་པར་བཤད་པས་ན་དེ་ལྟར་གྱུར་པ་ལ་སྙན་དུ་བདས་ནས་འདུལ་བ་ལ་
བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གང་གཞན་ཡང་ཆོས་འདི་ལ་ཞུགས་པའོ། །བུད་མེད་ཅེས་བྱ་བ་ནི་ལེགས་ཉེས་ཀྱི་དོན་ཁོང་དུ་ཆུད་ཅིང་དོན་གོ་བར་ནུས་པའོ། །ཚིག་ལྔ་དྲུག་ལས་འདས་ཞེས་བྱ་བ་ནི་ཆོས་ཚིག་ལྔ་བཤད་པར་གནང་བ་ལས་བསམས་བཞིན་དུ་དྲུག་ཏུ་འདས་
སམ། ཆོས་ཚིག་དྲུག་འཆད་དུ་གནང་བ་ལས་བསམས་བཞིན་དུ་ཚིག་བདུན་དུ་འདས་པའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཤད་པའོ། །སྟོན་ཅེས་བྱ་བ་ནི་འཆད་པའོ། །རིག་པའི་སྐྱེས་པ་མ་གཏོགས་ཞེས་བྱ་བ་ནི་སྐྱེས་པ་གན་ན་ཡོད་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་བསམས་བཞིན་དུ་

ཚིག་ལྔ་དྲུག་ལས་འདས་སམ་རིག་པའི་སྐྱེས་པ་མེད་པར་བཤད་ན་ལྟུང་བར་འགྱུར་རོ། །མཁས་པ་ཕྱི་ཕྱིར་དྲི་བ་ལ་ལན་ལྡོན་པ་དང་ཁྲིམས་དབོག་པ་དང་ཁ་དོན་ལ་སོགས་པ་ནི་མ་གཏོགས་ཏེ་རིག་པའི་སྐྱེས་པ་མེད་པར་བཤད་ཀྱང་ལྟུང་བར་མི་འགྱུར་རོ། །ཧ་ཅང་མྱུར་ཆེས་ཏེ་ཚིག་ཐལ་བ་ལ་ལྟུང་བ་མེད་དོ། །བསྙེན་
པར་མ་རྫོགས་པའི་གང་ཟག་དང་། ཅིག་ཅར་ཆོས་ཀྱི་ཚིག་གིས་ཀློག་ཏུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་དྲུག་སྡེ་རྣམས་བསྙེན་པར་མ་རྫོགས་པའི་གང་ཟག་དང་གཙུག་ལག་ཁང་གི་ཕྱོགས་གཅིག་ན་ཆོས་ཀྱི་ཚིག་ཅིག་ཅར་ཀློག་པས་སྐྱེ་བོ་མང་པོའི་
སྒྲ་མང་པོ་ཚ་ཚིག་བཏོན་པ་ནི་དཔེར་ན་བྲམ་ཟེ་སྨྲང་ཀློག་པའམ་སྐར་མཁན་གྲངས་བགྲང་བ་བཞིན་དུ་སྒྲ་ཆེན་པོ་གྲག་པ་སྙན་དུ་བདས་ཏེ། ཅིག་ཅར་གདོན་དུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གང་གཞན་ཡང་ཆོས་འདི་ལ་ཞུགས་པའོ། །བསྙེན་པར་མ་རྫོགས་པའི་
གང་ཟག་ཅེས་བྱ་བ་ནི་དགེ་སློང་ཕ་དང་དགེ་སློང་མ་ཞེས་བྱ་བ་མ་གཏོགས་པ་གཞན་ཐམས་ཅད་དོ། །ཚིག་ཅེས་བྱ་བ་ནི་ཚིག་འདྲ་བ་དང་ཐལ་བ་དང་། ཡི་གེ་མཉམ་པ་དང་ཐལ་བའོ། །ཚིག་མཉམ་པ་ཇི་ལྟ་བུ་ཞེ་ན། སློབ་དཔོན་གྱིས་སྡིག་པ་ཐམས་ཅད་མི་བྱའོ་ཞེས་བྱས་པ་དང་། སློབ་མས་ཀྱང་དེ་བཞིན་དུ་སྨྲས་པ་ནི་ཚིག་
མཉམ་པའོ། །ཚིག་ཐལ་བ་ནི་སློབ་དཔོན་གྱིས་སྡིག་པ་ཐམས་ཅད་མི་བྱའོ་ཞེས་མ་རྫོགས་པར་སློབ་མས་དགེ་བ་ཕུན་སུམ་ཚོགས་པར་བྱའོ་ཞེས་བྱ་བ་ནི་ཐལ་བའོ། །ཡི་གེ་མཉམ་པ་ནི་ཨ་ཞེས་བྱ་བ་ཚིག་མཉམ་དུ་སྟོན་པའོ། །ཡི་གེ་ཐལ་བ་ནི་ཨ་ཞེས་མ་རྫོགས་པར་ཨ་ཞེས་སྔར་རྫོགས་པའོ། །ཆོས་ཞེས་བྱ་བ་ནི་
སྡེ་སྣོད་གསུམ་གང་ཡང་རུང་བའོ། །སློབ་དཔོན་གྱིས་སྔར་བྱས་ནས་སློབ་མས་ཕྱིས་བྱས་པ་དང་ཁ་ཏོན་དུ་བཏོན་པ་ལ་ལྟུང་བ་མེད་དོ། །ཉེས་པ་ནི་བསྙེན་པར་མ་རྫོགས་པར་འདུ་ཤེས་བཞིན་དུ་ཀློག་ན་ལྟུང་བར་འགྱུར་རོ། །ཐེ་ཚོམ་ཡང་དེ་བཞིན་ནོ། །བསྙེན་པར་རྫོགས་པ་ལ་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སོ། །
བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱིས་ཉེས་པ་བརྗོད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་འདོད་ཆགས་དང་མ་བྲལ་བ་ཉོན་མོངས་པ་མ་སྤངས་པ་དག་ཉེས་པ་རྟག་ཏུ་འབྱུང་བ་དང་སླད་ཀྱིས་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལས་ལྟུང་བའི་ཆོས་རྣམས་

མཉན་ནས་དེ་དག་ལྟུང་བ་ཆོས་བཞིན་དུ་སླར་བྱེད་དུ་བཅུགས་པ་དང་། དེ་དག་ཀྱང་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་ལ་ཞལ་ཞལ་དང་དཀྱིལ་འཁོར་བྱེད་པ་དང་། དགེ་སློང་གནས་བརྟན་དག་ལ་ཡང་ཆུ་འདྲིམ་ཞིང་བསིལ་ཡབ་གཡོབ་པའི་ཚེ་དགེ་སློང་དྲུག་སྡེ་དང་
གཞོན་ནུ་དག་དེ་ལྟ་བུའི་ལས་མི་བྱེད་ཅིང་འཁོད་པ་དང་། ཁྱིམ་བདག་དང་བྲམ་ཟེ་རྣམས་དགེ་སློང་གནས་བརྟན་དག་ནི་ཁྱེད་དང་མི་འདྲ་སྟེ། དད་པ་ཆེ་ཞིང་དགེ་བ་ལ་བརྩོན་ནོ་ཞེས་བྱས་པ་དང་། དྲུག་སྡེ་པོ་ན་རེ་དེ་དག་ནི་དད་པ་མ་ཡིན་གྱི་ཆད་པའི་ལས་བྱེད་དེ། དེ་དག་གིས་ཉེས་པ་འདི་ལྟ་བུ་འདི་དག་བྱས་སོ་ཞེས་
ལག་བརྡ་བསྟན་པ་དང་། ཁྱིམ་བདག་གིས་དགེ་སློང་གནས་བརྟན་རྒན་པོ་དག་ཀྱང་འདི་ལྟ་བུའི་ཉེས་པ་བྱུང་ཞིང་འདོད་ཆགས་སྐྱེ་ན་དགེ་སློང་གསར་བུ་གཞན་ལྟ་ཞིག་ཅི་སྨོས་ཞེས་འཕྱ་བ་དང་དགེ་སློང་དྲུག་སྡེ་དག་དགེ་སློང་གསར་བུ་དག་ལ་ཁྱེད་ཀྱི་མཁན་པོ་ག་རེ་ཞེས་དྲིས་ན། དེ་དག་ན་རེ་ཁྱེད་དང་མི་འདྲ་སྟེ།
མཆོད་རྟེན་དང་གནས་བརྟན་དག་ལ་མཆོད་པ་བྱེད་དུ་སོང་ངོ་ཞེས་བྱས་པ་དང་དྲུག་སྡེ་དག་ན་རེ་དེ་དག་ནི་དད་པའི་ཕྱིར་མཆོད་པ་བྱེད་པ་མ་ཡིན་གྱི་ཆད་པས་བཅད་དེ་ཆད་པའི་ལས་བྱེད་པའོ་ཞེས་སྨྲས་པ་དང་། དེ་དག་གིས་མཁན་པོ་དག་ལ་མ་དད་ཅིང་སྤང་བར་འགྱུར་བ་དང་མཁན་པོས་ཁྱེད་སུ་ལས་ཐོས་ཞེས་སྨྲས་པ་དང་
དྲུག་སྡེ་ལས་སོ་ཞེས་སྨྲས་པས། དེ་དག་མི་དགའ་བར་གྱུར་པ་སྙན་དུ་བདས་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ནི་དགེ་སློང་ཕ་དང་དགེ་སློང་མ་གཉིས་མ་གཏོགས་པར་གཞན་ཐམས་ཅད་དོ། །གནས་ངན་ལེན་ཅེས་
བྱ་བ་ནི་ཕས་ཕམ་པ་ལས་བྱུང་བ་དང་ལྷག་མ་ལས་བྱུང་བའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཀོལ་བའོ། །མཉན་དུ་ཡོད་པ་ན་དགེ་སློང་འཕྲལ་པོ་ཆེ་དང་དགེ་སློང་མ་དྲང་མོ་གྲོང་དེ་དག་ཏུ་ལོག་པར་སྤྱད་པས་སྐྱེ་བོ་དེ་དག་མི་དགའ་བར་གྱུར་པས་ན་དེ་དག་གི་ཉེས་པ་རིགས་སོ་
སོར་རིག་པར་བྱེད་ཅིང་བསྒོ་བ་ནི་མ་གཏོགས་ཞེས་གསུངས་སོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་གང་ཞེ་ན་དགེ་སློང་གིས་སོ་སོར་རིག་པར་མི་བྱ་བར་འདུ་ཤེས་བཞིན་དུ་སོ་སོར་རིག་པར་མ་བྱས་ན་ལྟུང་བར་འགྱུར་རོ། །ཐེ་ཚོམ་ན་ཡང་ངོ་། །དགེ་སློང་གིས་ཡང་སོ་སོར་རིག་པར་བྱ་བའི་རིགས་རྣམས་ལ་སོ་སོར་རིག་

པར་བྱ་བ་མ་ཡིན་པར་འདུ་ཤེས་སམ། ཐེ་ཚོམ་བཞིན་དུ་སོ་སོར་རིག་པར་བྱས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཉེས་པ་དྲིལ་བརྡུངས་པ་བཞིན་དུ་ཀུན་གྱིས་ཤེས་པའམ་རི་མོར་བྲིས་པ་ལྟ་བུའམ། བདག་གིས་ཤེས་པ་བཞིན་དུ་འཇིག་རྟེན་གཞན་གྱིས་ཤེས་པ་ལ་ནི་བརྗོད་ཀྱང་ཉེས་པ་མེད་དོ། །མིའི་ཆོས་ལས་བླ་མར་
གྱུར་པའི་བདེན་པ་སྨྲར་མི་གནང་བའི་གླེང་གཞི་ནི་ཡུལ་ཡངས་པ་ཅན་སྤྲེའུ་རྫིང་གི་འགྲམ་ནའོ། །དེ་ན་གནས་པའི་ཉ་པ་ལྔ་བརྒྱ་པོ་རྣམས་འབད་བརྩོན་རྩོལ་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པར་གྱུར་ཏོ། །དེ་དག་སྔོན་མུ་གེ་བྱུང་བའི་ཚེ་ན་ནི་ཡོན་ཏན་མེད་བཞིན་དུ་སྨྲས་པས་ཕས་ཕམ་པར་བསླབ་
པ་བཅས་སོ། །འདིར་ནི་བདེན་པ་མཐོང་བས་ན་མིའི་ཆོས་ལས་གྱུར་པའི་བདེན་པ་བསྙེན་པར་མ་རྫོགས་པ་ལས་སྨྲས་ན་ལྟུང་བར་བཅས་ཏེ། བརྫུན་གྱི་ཕམ་པ་ཇི་སྐད་ཟེར་བ་བཞིན་དུ་སྦྱོར་ཅིག །དགེ་སློང་ཞེས་བྱ་བ་ནི་ཉ་པ་ལྔ་བརྒྱ་སྟེ། གཞན་ཡང་ཆོས་འདི་ལ་ཞུགས་པའོ། །བསྙེན་པར་མ་རྫོགས་པ་
ནི་སྔ་མ་བཞིན་ནོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་ལས་གཟུགས་ཀྱི་ཁམས་བླ་མའོ། །འདི་ལྟར་སྒྲིབ་པ་ལྔ་ནི་མིའི་ཆོས་ཞེས་བྱའོ། །དེ་ལྔ་སྤངས་པ་བླ་མ་ཞེས་བྱའོ། །སྨྲས་ཞེས་བྱ་བ་ནི་བསྒོ་བའོ། །བདེན་པ་ཞེས་བྱ་བ་ནི་དེའི་དངོས་པོ་བདེན་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་དགེ་སློང་
གི་འདུ་ཤེས་དང་། བཟོད་པ་དང་ལྟ་བ་མ་སྦས་པར་ལྷ་མཐོང་ཀླུ་མཐོང་དེ་དག་གི་སྒྲ་ཐོས་ཏེ། སྒྲ་བཅོམ་པ་ནས་ལྷའི་བར་དུ་སྟེ། དེ་དག་མཐོང་ངོ་ཞེའམ་འགྲོགས་སོ་ཞེ་ན་ལྟུང་བར་འགྱུར་རོ། །དགེ་འདུན་གྱི་རྙེད་པ་གང་ཟག་མཛའ་བའི་ཕྱིར་བསྔོས་སོ་ཞེས་ཟེར་བའི་གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་
ན་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་འདུན་གྱི་མལ་སྟན་འགྱེད་པ་དང་ཟས་ལ་བསྐོ་བར་བསྐོས་ཏེ། གྱད་བུ་ནོར་ཡང་དག་ལ་བསམས་པ་དགེ་བས་ན་དགེ་འདུན་ལ་ཆོས་བཞིན་དུ་ཞལ་ཏ་གུས་པར་བྱེད་ནས། དཀོན་མཆོག་གསུམ་མམ་གྲོགས་པོ་མཛའ་བ་ལ་མ་བྱིན་པ་ཅུང་ཟད་ཀྱང་མེད་དེ། དེ་ལྟར་དབུལ་
ཞིང་སྦྱིན་པས་ན་རང་གི་ཆོས་གོས་སྨད་གསུམ་ངན་ཞིང་ཞིག་པར་གྱུར་ཏོ། །དེ་ནས་དགེ་འདུན་རྣམས་ཀྱིས་བགྲོས་པ། ནམ་དགེ་འདུན་གྱིས་རྙེད་པ་གོས་ཤིག་གྲུབ་ན་གྱད་བུ་ནོར་ལ་སྦྱིན་ནོ་ཞེས་སྙན་དུ་ཞུས་ནས་བཀའ་སྩལ་པ། ཕྱིས་རྩོད་ཅིང་འཁྲུག་པར་མི་འགྱུར་བར་དགེ་འདུན་སྤྱིར་གསོལ་བ་བྱོས་

ཤིག་ཅེས་འབྱུང་སྟེ། དེ་བཞིན་དུ་དགེ་འདུན་མཐུན་པས་གསོལ་བ་བྱས་ཏེ་བྱིན་ན་ཕྱིས་མཛའ་བོ་དང་ས་ཅན་ན་རེ་དགེ་འདུན་གྱི་རྙེད་པ་ཁྱེད་ཅག་གི་སློབ་མ་མཛའ་བ་ལ་བྱིན་ནོ་ཞེས་ཟེར་ནས། དགེ་སློང་དག་གིས་དེ་གཉིས་ལ་ཁྱེད་གཉིས་དེའི་ཚེ་ན་དེར་མ་གཏོགས་སམ་ཞེས་བྱས་ན། ངེད་
ཀྱང་དེར་འདུས་སོ། །འོ་ན་ཁྱེད་ཅིའི་ཕྱིར་འཕྱ། ཅི་ངེད་ཅག་ཀྱང་མྱ་ངན་བྱེད་དུ་ཡང་མི་གནང་ངམ་ཞེས་བྱས་པ་དང་། དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ནས་འདུལ་བ་ལ་བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་མཛའ་བོ་དང་ས་ཅན་ཏེ་གཞན་ཡང་དེ་དང་འདྲ་བའོ། །སྔར་མཐུན་ཏེ་རུང་བར་བྱས་ཞེས་བྱ་
བ་ནི་སྔར་ཚོགས་པས་མཐུན་པར་བྱིན་པའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ། །འདི་ལྟར་མཛའ་བའི་ཕྱིར་ཞེས་བྱ་བ་ནི་མཛའ་བ་གང་ཞེ་ན། མཁན་པོ་དང་སློབ་དཔོན་གནས་འཆའ་བའོ། །ལྷན་ཅིག་གནས་པ་ནི་མཁན་པོའོ། །སློབ་དཔོན་གཅིག་པ་ཡང་དེ་བཞིན་དུ་སྦྱར་རོ། །རྙེད་པ་ནི་གཉིས་ཏེ་
གོས་དང་ཟས་ཏེ། འདིར་གོས་ལ་བྱའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་དགེ་སློང་གིས་སྔར་མཐུན་ཏེ་རུང་བར་བྱས་ལ་དེའི་འོག་ཏུ་ཚེ་དང་ལྡན་པ་དག་གིས་འདི་ལྟར་མཛའ་བའི་ཕྱིར་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་བདག་གིར་བསྔོས་སོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །
མཛའ་བའི་ཕྱིར་བསྔོས་པ་བདེན་ན་ཉེས་པ་མེད་དོ། །བསླབ་པ་ཁྱད་དུ་གསོད་པའི་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དྲུག་སྡེ་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བསྟན་པ་འདོན་པའི་ཚེ་ཕས་ཕམ་པ་ཡན་ཆད་འདོན་པའི་ཚེ་ན་ནི་ཅང་མི་སྨྲ་བར་འཁོད་ཅིང་དགེ་འདུན་གྱི་ལྷག་མ་རྟག་
ཏུ་བྱུང་བས་ན་ལྷག་མ་མན་ཆད་གདོན་པ་འདོན་པའི་ཚེ་འདི་སྐད་ཟེར་ཏེ། ཚེ་དང་ལྡན་པ་དག་བསླབ་པའི་གནས་ཕྲན་ཚེགས་འདི་ལྟ་བུ་ཟླ་བ་ཕྱེད་ཕྱེད་ཅིང་གདོན་ཅི་དགོས་དགེ་སློང་རྣམས་ཞུམ་པ་དང་བག་འཁུམས་པར་གྱུར་ཏེ། རྨ་རུབ་པ་ཀུན་ཕྱིས་གཞིག་ཅི་དགོས། ཉེས་པ་ཁ་ཅིག་ནི་བཤགས་
ཁ་ཅིག་མ་བཤགས་པ་ཡང་ཡོད་དེ། ཁྱོད་ཀྱིས་དེ་དག་གླེངས་པས་ན་བདག་ཅག་ཐེ་ཚོམ་དུ་གྱུར་ཏོ་ཞེས་བསླབ་པ་ལ་སྨོད་ཅིང་ཁྱད་དུ་གསོད་པ་དགེ་སློང་དག་གིས་སྙན་དུ་གསོལ་ནས་འདུལ་བ་ལ་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་འདི་ལ་ཞུགས་པའོ། །ཟླ་བ་

ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ཞེས་བྱ་བ་ནི་ཕས་ཕམ་པ་ནས་རྩོད་པ་ཞི་བའི་བར་དུ་གདོན་པ་ལྔ་ལ་བྱའོ། །བསླབ་པའི་ཚིག་ཕྲན་ཚེགས་གདོན་ཅི་དགོས་ཞེས་ཟེར་བ་ནི་བསླབ་པ་སྤོང་བའི་རྟགས་སྣ་ཚོགས་སྨྲ་བའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཕས་ཕམ་པ་བཞི་འདོན་པའི་ཚེ་གདོན་
ཅི་དགོས་ཞེས་ཟེར་ན་ལྟུང་བར་འགྱུར་རོ། །ལྷག་མ་དང་ཉེས་བྱས་ཀྱི་བར་དུ་གདོན་ཅི་དགོས་ཞེས་ཟེར་ན་ལྟུང་བར་འགྱུར་རོ། །དེ་བཞིན་དུ་འདུལ་བ་དངོས་པོ་དང་ཕྲན་ཚེགས་དང་། གཞུང་བླ་མ་དང་། འདུལ་བ་སྔ་མ་དང་། བཅུ་དྲུག་པ་དང་། འགྲེལ་པ་དང་། གླེང་གཞི་དང་། འདུལ་བ་ལྟ་བུའི་རྣམས་
གདོན་པའི་ཚེ་གདོན་ཅི་དགོས་ཞེས་ཟེར་ན་ལྟུང་བར་འགྱུར་རོ། །འདུལ་བ་དང་མི་ལྡན་པ་མདོ་སྡེ་ལ་ཁྱད་དུ་གསོད་ན་ཉེས་བྱས་སུ་འགྱུར་རོ། །བརྫུན་གྱི་ཚོགས་བཅུ་ཕུང་དང་པོ་རྫོགས་སོ།། །།ཤིང་གཅོད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་སྔོན་ཤིང་མཁན་ལས་
རབ་ཏུ་བྱུང་བའི་དགེ་སློང་རྒན་ཞུགས་བླུན་པོ་མི་མཁས་མི་གསལ་བ་གཅིག་གིས་ལྷ་གནས་པའི་ཤིང་ཞིག་བཅད་དེ་གཙུག་ལག་ཁང་བགྱིས་པ་དང་། ལྷ་དེ་ཡང་རང་གི་གནས་དང་རྟེན་མ་མཆིས་པས་སྲོད་ལ་བཅོམ་ལྡན་འདས་ཀྱི་སྙན་དུ་གསོལ་ཏེ། བཙུན་པ་དེང་སོང་དགུན་གྱི་དུས་ལ་བབ་སྟེ་
ཤིང་གི་ཡལ་ག་ཡང་གས་པ་ཙམ་དུ་རླུང་ལྡང་སྟེ། བདག་གི་བྱིས་པ་ནི་ཕྲ་བས་གནས་ཀྱང་མ་མཆིས་ན་ཇི་ལྟར་བགྱི་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ལྷ་གཞན་ཞིག་ལ་ལྷ་དེའི་གནས་བྱིན་ཅིག་པར་གཏད་ནས་དེའི་ཕྱི་དེ་ཉིན་མོ་དགེ་སློང་གི་དགེ་འདུན་བསྡུས་ཏེ་དེའི་རྒྱུས་ཞིབ་ཏུ་སྨྲས་
ནས་ཤིང་གཅོད་དུ་མི་གནང་བར་སྩལ་བ་དང་། འབྲོག་སྐྱེས་ཀྱི་འབྲོག་དགོན་པ་ན་དགེ་སློང་ལས་སར་པ་བདག་ལས་མི་བྱེད་དེ་སྙན་དུ་བདས་ནས་ད་སླན་ཆད་ལས་སར་པའི་དགེ་སློང་གིས་ཞག་བདུན་ནམ་བརྒྱད་ཀྱི་སྔོན་རོལ་ནས་ཤིང་གི་དྲུང་དུ་དཀྱིལ་འཁོར་དང་གཏོར་མ་དང་མཆོད་པ་བྱས་ནས་ཆོས་
བཤད་དེ་གདོད་ཤིང་གཅད་པར་བྱའོ། །མཚན་མ་ལྟ་བུ་བྱུང་ན་གཅོད་དུ་མི་གནང་ཞེས་གསུངས་ཏེ་དེའི་ཚེ་བསླབ་པ་མ་བཅས་སོ། །ཕྱིས་མཉན་དུ་ཡོད་པ་ན་དགེ་སློང་དྲུག་སྡེ་རྣམས་རང་གི་ལག་གིས་ཤིང་དང་རྩྭ་དང་མེ་ཏོག་རྣམས་རྔ་འམ་རྔར་འཇུག །གཅོད་དམ་གཅོད་དུ་འཇུག་པས་ན་ཕྱིའི་མུ་སྟེགས་རྣམས་འཕྱ་བས་

སྙན་དུ་བདས་ཏེ། ས་བོན་གྱི་ཚོགས་ནས་འབྱུང་པོའི་གནས་འཇིག་ཏུ་མི་གནང་བར་བཅས། དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ས་བོན་ལ་རྣམ་པ་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་པོའི་ས་བོན་དང་། མགོ་ཐོགས་ཀྱི་ས་བོན་དང་། འགས་པའི་ས་བོན་
དང་། ས་བོན་གྱི་ས་བོན་དང་ལྔའོ། །རྩ་བའི་ས་བོན་ནི་གླ་སྒང་དང་ཤུ་དག་དང་ཡུང་བ་དང་རོང་དང་སྒེའུ་གཤེར་དང་གཞན་ཡང་རྩ་བ་བཙུགས་པ་ལས་སྐྱེ་བའོ། །སྡོང་པོའི་ས་བོན་ནི་བུ་རམ་ཤིང་འོད་མ་དང་། ལྕང་མ་དང་། གཞན་ཡང་སྡོང་བུ་ལས་སྐྱེས་པ་རྣམས་སོ། །མགོ་ཐོགས་ཀྱི་ས་བོན་བཏབ་
པ་ལས་སྐྱེས་པར་གྱུར་པའོ། །བཀས་པའི་ས་བོན་ནི་འཇམ་བྱི་ར་དང་ག་གོན་དང་། ཁམ་རྩེག་ལ་སོགས་པའོ། །ས་བོན་གྱི་ས་བོན་ནི་ནས་འབྲས་དང་ཁྲེ་ལ་སོགས་པའོ། །འབྱུང་པོའི་གནས་ཞེས་བྱ་བ་ནི་སྲིན་བུ་དང་། ཕྱེ་མ་ལེབ་དང་སྦྲུལ་དང་ཏྲཻ་ལ་ཏ་ཀ་ལ་སོགས་པ་ནི་འབྱུང་པོ་ཞེས་བྱ་སྟེ།
དེ་དག་ཤིང་ལ་གནས་པས་ན་དེ་དག་གི་གནས་བཤིག་གམ་ཕྱུང་ངམ་བཅད་ན་ལྟུང་བར་འགྱུར་རོ་ཞེའོ། །དེ་ལ་གོང་མའི་ས་བོན་རྣམ་པ་ལྔ་པོ་ལས་རྩ་བའི་ས་བོན་དུ་འདུ་ཤེས་ལ། སྔོ་ལ་སྔོན་པོར་འདུ་ཤེས་དེ་བཅད་དམ་བཅད་དུ་བཅུག་ན་ལྟུང་བར་འགྱུར་རོ། །སྔོ་བ་ལ་ཐེ་ཚོམ་དུ་གྱུར་ན་ཡང་
ལྟུང་བར་འགྱུར་རོ། །སྐམ་པོ་ལ་སྔོ་བར་འདུ་ཤེས་ཏེ་བཅད་ན་ཉེས་བྱས་སུ་འགྱུར་རོ། །ཐེ་ཚོམ་ལ་ཡང་ངོ་། །ཇི་ལྟར་རྩ་བའི་ས་བོན་ལ་རྣམ་པ་བཞིར་སྦྱར་བ་བཞིན་དུ་ས་བོན་ལྷག་མ་བཞི་པོ་ལ་ཡང་རྣམ་པ་བཞིར་སྦྱོར་ཅིག །དགེ་སློང་གིས་ས་བོན་རྣམ་པ་བཞི་པོ་ལ་མེར་བསྲེགས་ཏེ་མ་རུང་བར་གྱུར་ཏམ། ཆུར་བོར་
ཏེ་མ་རུང་ངམ་གཏུན་གྱི་ནང་དུ་བརྡུངས་ཏེ་མ་རུང་བར་གྱུར་ན་ཡང་ལྟུང་བ་ལྔ་དང་ཉེས་བྱས་ལྔར་འགྱུར་རོ། །ས་བོན་རྣམ་པ་ལྔ་པོ་ས་སྐམ་པོ་ལ་གཞག་གམ་ཁུ་བ་ཚ་བས་བླུགས་སམ་ཤིང་གིས་དྲུད་དེ་སྣད་པར་བྱས་ན་ཡང་སྔ་མ་བཞིན་ནོ། །དགེ་སློང་གིས་ཐབས་གཅིག་གིས་ཤིང་གཅིག་བཅད་ན་ཉེས་
བྱས་ཀྱང་གཅིག་ལྟུང་བ་ཡང་གཅིག་ཏུ་འགྱུར་རོ། །ཐབས་གཅིག་གིས་ཤིང་མང་དུ་བཅད་ན་ཉེས་བྱས་གཅིག་དང་ལྟུང་བ་མང་དུ་འགྱུར་རོ། །ཇི་ལྟར་ཐབས་གཅིག་དང་གཉིས་སམ་གསུམ་པའམ་ཐབས་མང་པོ་ཡང་དེ་བཞིན་དུ་སྦྱར་རོ། །མེ་ཏོག་དང་ལོ་མ་དང་ཤིང་གི་ཡལ་ག་ཡང་གོང་མ་བཞིན་དུ་སྦྱར་

ཏེ་སྔོན་པོ་བཅད་ན་ལྟུང་བའོ། །སྐོམ་པོ་ནི་ཉེས་བྱས་སོ། །ཆུའི་ནང་ནས་སྐམ་པོ་ཕྱི་རོལ་དུ་ཕྱུང་ངམ། ཤ་མོ་དང་ཕབ་དགོ་དགོ་ཕྱུང་ན་ལྟུང་བར་འགྱུར་རོ། །འཕྱ་ཞིང་གཞོགས་འཕྱས་བྱེད་པའི་གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་འདུན་ལ་མལ་སྟན་དང་ཟས་འགྱེད་དེ། དེའི་ཚེ་
ན་མཛའ་བོ་དང་ས་ཅན་གཉིས་མི་སྡུག་པས་ཟས་དང་གནས་ཁང་མ་ཐོབ་བོ། །སླད་ཀྱིས་གྱད་བུ་ནོར་གྱིས་ངེད་གཉིས་མནར་ཏོ་ཞེས་བྱས་སོ། །ཕྱིས་བསྙེན་དགའ་བོའི་མདུན་དུ་ཁྱོད་ཀྱང་མལ་སྟན་འགྱེད་པར་བསྐོས་ན། གྱད་བུ་ནོར་བཞིན་ངེད་ལ་མནར་བར་བྱེད་དོ་ཞེས་སྨྲས་པ་དང་། བསྙེན་དགའ་བོ་ན་རེ་ཁྱེད་
གཉིས་དེ་སྐད་མ་ཟེར་ཅིག་ཚེ་དང་ལྡན་པ་གྱད་བུ་ནོར་ནི་མལ་སྟན་འདིང་བའི་མཆོག་ཏུ་སངས་རྒྱས་ཀྱིས་བསྔགས་སོ་ཞེས་བྱས་པ་དང་། དེ་ལྟར་གྱུར་པ་སྙན་དུ་བདས་ནས། གསོལ་བ་དང་ལས་གཉིས་ཀྱིས་འཕྱ་བར་གྲངས་སུ་ཆུག་ཤིག་ཅེས་བཀའ་སྩལ་ནས། དེ་བཞིན་དུ་འཕྱ་བའི་གྲངས་སུ་བཅུག་ཀྱང་ཕྱི་
ཕྱིར་གྱད་བུ་ནོར་གྱི་མིང་ནས་ནི་མི་སྨོས་ཀྱི་དགེ་སློང་ཁ་ཅིག་ནི་དེ་བཞིན་དུ་ངེད་ལ་མ་ནར་བར་བྱེད་གྲང་ཞེས་ལྐོག་ན་གཞོགས་འཕྱས་བྱེད་པ་དང་མངོན་སུམ་དུ་འཕྱ་བས་སྙན་དུ་བདས་ཏེ། འཕྱ་བར་མི་གནང་བར་བཅས་འཕྱ་ཞིང་གཞོགས་འཕྱས་བྱེད་ཅེས་བྱ་བ་ནི་འཕྱ་བར་བསམས་ནས་ཚིག་ཏུ་སྨྲས་ན་ལྟུང་བར་འགྱུར་
རོ། །ཉེས་པ་ནི་དགེ་འདུན་གྱིས་དགེ་སློང་འཕྱ་བའི་གྲངས་སུ་བཅུག་ཀྱང་དགེ་སློང་དེ་གང་ཟག་བཅུ་གཉིས་ཀྱི་ལས་བྱེད་པ་ལ་འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བ་རེ་རེར་འགྱུར་རོ། །ལས་ཀྱི་གྲངས་སུ་བཅུག་ཀྱང་དགེ་སློང་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་ལས་མི་བྱེད་པ་རྣམས་ལ་འཕྱ་ན་
ལྟུང་བར་འགྱུར་རོ། །དགེ་འདུན་གྱིས་འཕྱ་བའི་གྲངས་སུ་བཅུག་ཀྱང་དགེ་སློང་གང་ཟག་བཅུ་གཉིས་ཀྱི་ལས་སུ་མ་བསྐོས་ལ་ལས་བྱེད་པ་རྣམས་ལ་འཕྱ་ན་ལྟུང་བར་འགྱུར་རོ། །དགེ་སློང་དེ་འཕྱ་བའི་གྲངས་སུ་མ་བཅུག་ན་དགེ་སློང་ལས་བྱེད་ཀྱང་རུང་མི་བྱེད་པ་རྣམས་ལ་འཕྱ་ན་ཐམས་ཅད་དུ་ལྟུང་བར་
འགྱུར་རོ། །བསྒོ་བའི་ལན་ལོག་པར་འདོན་པའི་གླེང་གཞི་ནི་ཀཽ་ཤཱམྦཱིའི་དགྲ་ཟིན་གྱི་ཀུན་དགའ་ར་བ་ནའོ། །དེའི་ཚེ་ན་ཚེ་དང་ལྡན་པ་མོས་པ་ཅན་ལ་ལྟུང་བ་བྱུང་ནས་ཆོས་བཞིན་དུ་སླར་མི་བྱེད་པས་ན། དགེ་སློང་ཕན་པར་འདོད་པ་བདེ་བར་འདོད་པ་དག་གིས་ཚེ་དང་ལྡན་པ་ལྟུང་བ་སླར་ཤོགས་ཤིག་ཅེས་བྱས་ན།

ལྟུང་བ་སུ་ལ་བྱུང་བ་དེ་འཆགས་གྲང་ངས་ནི་ལྟུང་བ་མ་མཐོང་ངོ་། །ཁྱེད་ཀྱིས་མཐོང་བས་ན་ཁྱེད་ལ་ལྟུང་བ་བྱུང་གྲང་། ངེད་ཀྱི་རིགས་ལས་ནི་བྱང་ཆུབ་ཐོབ་པ་ཡོད་ཀྱི། ཁྱེད་ཀྱི་རིགས་ཐ་དད་པ་ལས་རབ་ཏུ་བྱུང་བས་ན་ཁྱེད་ལ་ནི་བྱང་ཆུབ་ཐོབ་པ་སུ་ཡོད་དེས་རློམ་ཞིང་ལན་ལོག་པར་ལྡོན་པས་ན་གསོལ་བ་དང་ལས་གཉིས་
ཀྱིས་བསྒོ་བའི་ལན་ལོག་པར་ལྡོན་པའི་གྲངས་སུ་བཅུག་གོ། །དེ་ནས་ཀྱང་ངས་ནི་སྨྲས་པས་ཉམས་པ་ལྔ་སྟེ། དཔེར་ན་ནགས་ཀྱི་བྱ་ཡང་རང་གི་སྐད་ཕྱུང་བས་ཚིག་ཟིན་པ་དང་འདྲ་སྟེ། ད་སླན་ཆད་སུ་ཅི་ཟེར་ཡང་མི་སྨྲའོ་ཞེས་ཟེར་ནས་གཞན་ཚངས་པར་སྤྱོད་པ་ཕན་པ་དང་བདེ་བར་འདོད་པ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་ཕྱི་
ཕྱིར་གླེངས་ན་བདག་ཉིད་མི་སྨྲ་བས་ན་ལན་མི་ལྡོན་པའི་གྲངས་སུ་བཅུག་གོ། །འོན་ཀྱང་ཕྱི་ཕྱིར་མི་སྨྲ་བ་དང་། ལོག་པར་ལན་ལྡོན་པ་གཉིས་བྱེད་བྱེད་པས་སྙན་དུ་བདས་ཏེ། ལན་ལོག་པར་ལྡོན་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །བསྒོ་བའི་ལེན་ལོག་པར་ལྡོན་ཞེས་བྱ་བ་ནི་བསྒོ་བའི་ལེན་ལོག་པར་
གླན་པར་བསམས་ནས་གཞན་ལ་ཚིག་གིས་རིག་པར་བྱེད་པའོ། །ཉེས་པ་ནི་དགེ་སློང་རབ་ཏུ་བྱུང་བའོ་ཞེས་དྲིས་པ་དང་རབ་ཏུ་མ་བྱུང་བའོ་ཞེས་ཟེར་ན་ལྟུང་བའོ་དགེ་སློང་ལྷུང་བཟེད་ཐོགས་པ་དག་མཐོང་ངམ་ཞེས་ཟེར་བ་ལས་རྐང་པས་འགྲོ་བ་མཐོང་ངམ་ཞེས་ཟེར་ན་ལྟུང་བར་འགྱུར་རོ། །བུ་རམ་ཤིང་དང་
རྩྭ་ཁུར་ཁྱེར་བ་མཐོང་ངམ་ཞེས་དྲིས་ན་གཞན་དུ་བརྒྱུད་ན་ཡང་ལྟུང་བར་འགྱུར་རོ། །གཤེད་མས་གསོད་པར་ཁྲིད་པ་ལ་སྙིང་རྗེའི་བསམ་པས་འདུས་བྱས་བདག་མེད་པར་བསམས་ནས་མ་མཐོང་ངོ་ཞེས་སྨྲས་པ་ནི་ཉེས་པ་མེད་དོ། །དགེ་འདུན་གྱི་ཁྲི་བླ་གབ་མེད་པ་ན་གདིང་དུ་མི་གནང་བའི་གླེང་གཞི་ནི་
མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་ཀྱིས་བླ་གབ་མེད་པ་ལ་དགེ་འདུན་གྱི་ཁྲི་དང་མལ་སྟན་རྣམས་བཏིང་སྟེ་བཞག་པ་དེ་མ་བསྡུས་པར་ཁྱིམ་བདག་གཅིག་གིས་དགེ་སློང་རྣམས་སྤྱན་དྲངས་ན་བཅོམ་ལྡན་འདས་ནི་མལ་སྟན་ཉུལ་བར་བཞེད་ནས་དེར་མ་གཤེགས་ཏེ་དགེ་སློང་དག་དོང་བའི་འོག་ཏུ་སྤྲིན་
ཁ་དོག་ཐ་དད་པ་དག་འདུས་ཤིང་ཆར་བབ་ཏུ་ཉེ་བས་