Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 155
Văn bản gốc(Tây Tạng)
Trang 5 / 17 (50.000 ký tự/trang)
ྔ་པའོ། །ཆོས་གོས་གཞན་ན་འདུག་ལ་དགེ་སློང་མཚམས་ཀྱི་ནང་ན་འདུག་ན་སྐྱ་རེངས་ཤར་ན་སྤང་བའི་ལྟུང་ བར་འགྱུར་རོ། །དགེ་འདུན་གྱིས་ཆོས་གོས་བྱིན་གྱིས་བརླབས་ཏེ། ནུབ་གཅིག་མཚམས་ཀྱི་ཕྱི་རོལ་དུ་འབྲལ་ན་ཉེས་པ་བཤགས་པར་བྱའོ། །གོས་ཀྱི་དངོས་པོ་ནི་སྤང་མི་དགོས་སོ། །མཚམས་ཀྱི་ཕྱི་རོལ་ན་ཆོས་གོས་བཞག་སྟེ། དགེ་སློང་མཚམས་ཀྱི་ནང་ན་འདུག་གམ། དགེ་སློང་ནམ་མཁའ་ལ་ གནས་ཏེ། ཆོས་གོས་ས་ལ་འདུག་སྟེ། བར་དུ་སྐྱ་རེངས་ཀྱིས་ཆོད་ན་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་ཁྱིམ་གཅིག་པའི་གནས་ཤིག་ན་གནས་ནས་ཆོས་གོས་ནང་ན་ཀུན་བཞག་པའམ། ཁྱིམ་གྱི་ཕྱི་རོལ་དུ་འདོམ་གང་ཚུན་ཆད་མི་དག་འདུག་པ་ནི་སྤང་བར་མི་འགྱུར་རོ། །ཡང་ན་ཁྱིམ་དེའི་ཡོས་རྔོ་བ་དང་ཕྱེ་ འཐག་པ་དང་། ཁྱེའུ་སུས་ཟ་བ་དང་། སྐོམ་འཐུང་བའི་གནས་དེ་དག་ནི་བདག་གི་འདུག་གནས་ཏེ་ནང་དུ་སྐྱ་རེངས་ཤར་ན་ཡང་སྤང་བའི་ལྟུང་བར་མི་འགྱུར་རོ། །ནང་ངམ་འདུག་གནས་སུ་ཆོས་གོས་བཞག་སྟེ། བདག་ཉིད་གཞན་ན་འདུག་ན་ལྟུང་བར་འགྱུར་རོ། །གྲོང་གཉིས་པ་ལ་ ཡང་དེ་བཞིན་དུ་སྦྱར་རོ། །ཤིང་ཐགས་ཀྱིས་བསྐོར་བའི་གྲོང་ན་འདུག་ན་ནི་ནང་ཀུན་དང་ཕྱི་རོལ་འདོམ་གང་ཚུན་ཆད་ཆོས་གོས་བཞག་ལ་བདག་ཀྱང་ནང་ན་ལྟུང་བར་མི་འགྱུར་རོ། །དེ་ལས་འདས་ན་ཉེས་པ་ཉིད་དོ། །གྲོང་རྩིག་པས་བསྐོར་བའི་འདུག་གནས་ན་ཀུན་དང་ཕྱི་རོལ་འདོམ་གང་ཚུན་ཆད་དམ། བ་ལང་ འགྲོ་བའི་མིག་རྡུལ་གྲར་རེག་པའམ། མི་རང་བཞིན་གྱིས་ངོ་ཚ་ཤེས་པའི་བཤང་གཅི་ཚུན་ཆད་ནི་འདུག་གནས་ཏེ་འབྲལ་བར་མི་འགྱུར་རོ། །དེ་ལས་འདས་ན་འབྲལ་བར་འགྱུར་རོ། །འོབས་ཀྱིས་བསྐོར་བ་ནི་དེ་ཉིད་འདུག་གནས་ཏེ། བྲལ་བར་མི་འགྱུར་རོ། །གྲོང་གཅིག་པའི་འདུག་གནས་གཅིག་གང་ཞེ་ན། ལྷ་ ཁང་ངམ། འདུན་ས་འམ། སྐྱེད་མོས་ཚལ་ལམ། འདུག་གནས་སུ་ཆོས་གོས་བཞག་གམ་ལྷ་ཁང་དུ་ཆོས་གོས་བཞག་ན་ལྟུང་བར་མི་འགྱུར་རོ། །གཞན་དུ་གནས་ན་ལྟུང་བར་འགྱུར་རོ། །སྤུན་མང་པོའི་ཁྱིམ་སྒོ་གཅིག་པ་ཞིག་ན་སྒོ་ཉིད་འདུག་གནས་ཡིན་ཏེ་གྲོང་དུ་གནས་སམ་འདུག་ན་སྤང་བར་མི་འགྱུར་རོ། ། ལམ་དུ་ཞུགས་པའི་དགེ་སློང་གིས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་འབྲལ་བར་མི་འགྱུར་རོ། །འགྲེང་བ་དང་འདུག་པ་དང་ཉལ་བའི་འདོམ་གང་ཁོ་ར་ཁོར་ཡུག་ཚུན་ཆད་མཚམས་སོ། །མཚམས་ཀྱི་བར་དུ་ཉལ་ན་ལུས་དང་བྲལ་མ་ཐག་ཏུ་ཉེས་པར་འགྱུར་རོ། །དགེ་སློང་ཕ་ལ་ཉེས་པར་འགྱུར་བ་དེ་བཞིན་དུ་དགེ་ སློང་མ་དང་བསླབ་པ་བྱིན་པ་ལ་ཡང་དེ་བཞིན་ནོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་སྦྱོང་མ་ནི་ཉེས་བྱས་སུ་འགྱུར་རོ། །གོས་ཁ་སོགས་འཇོག་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་དེ་ལྟ་བུའི་གོས་མང་དུ་རྙེད་དེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། སྲབ་མོ་སྟུག་པོ་ལ་སོགས་པ་རྙེད་ཀྱང་གོས་སུ་མ་ལངས་ནས་ནམ་དེ་ལྟ་བུ་ཞིག་རྙེད་ན་བྱའོ་སྙན་ནས་རེ་བ་དང་བཅས་པས་སོགས་ཤིང་ཟླ་བ་གཅིག་ལས་འདས་པར་བཞག་པས་ན་དགེ་སློང་དག་གིས་སྙན་དུ་གསོལ་ཏེ། འདོད་པ་མང་བ་མགུ་མི་མྱོང་བ་གསོ་དཀའ་བ་ཞེས་སྨད་ནས་སྦྱངས་པའི་ཡོན་ ཏན་ལ་དགའ་བ་དང་འདོད་པ་ཉུང་བའི་བསྔགས་པ་བརྗོད་ནས་བསླབ་པ་བཅས་ཏེ། ཡང་དགེ་སློང་ཞེས་བྱ་བ་ནི་རྩ་བའི་ཚིག་རྣམས་སོ། །དགེ་སློང་ཆོས་གོས་ཟིན་ཏེ་གཏན་པ་ཕྱུང་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །གོས་རྙེད་ཅེས་བྱ་བ་ནི་གཞན་ལས་སོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ནི་དགེ་སློང་གིས་གོས་ རྙེད་པའི་དུས་ནི་གང་ཞེ་ན། གནས་སུ་གཏན་པ་དྲུབས་ཏེ། སྟོན་ཟླ་ཐ་ཆུངས་ནས་དཔྱིད་ཟླ་ར་བའི་བར་དུ་སྟེ། དེ་ནི་གོས་སློང་བའི་དུས་སོ། །དེ་ཕན་ཆད་ནི་དུས་མ་ཡིན་ནོ། །གནས་སུ་གཏན་པ་མ་དྲུབས་ན་ཐམས་ཅད་ཀྱང་གོས་ཀྱི་དུས་མ་ཡིན་ནོ། །འདོད་ཅེས་བྱ་བ་ནི་དགོས་པར་གྱུར་པའོ། །ཟླ་བ་གཅིག་གི་ བར་དུ་ཞོག་ཅེས་བྱ་བ་ནི་ཟླ་བ་གཅིག་ཚུན་ཆད་དོ། །གོས་རྙེད་དུ་རེ་བ་ཡོད་ན་ཞེས་བྱ་བ་ནི་དགེ་སློང་གིས་གོས་རེ་བ་གང་ཞེ་ན། ཕ་མ་དང་། ཕུ་ནུ་དང་། མཁན་པོ་དང་། སློབ་དཔོན་གྱིས་བྱིན་གྲང་སྙམ་དུ་སེམས་པ་འམ། ལོ་ལྔ་ལ་རྙེད་པ་འམ། ལོ་དྲུག་ལ་རྙེད་པ་འམ། གཙུག་ཕུད་ཀྱི་དུས་སྟོན་དང་། ཁང་པའི་སྟོན་མོ་འམ། དུས་སྟོན་ཆེན་པོ་ལ་རྙེད་གྲང་སྙམ་དུ་སེམས་པའོ། །ཁ་མ་ལོངས་པ་ཞེས་བྱ་བ་ནི་སྦྱར་མ་དང་སྟོད་གཡོགས་ཀྱི་ཁ་མ་ལོངས་པ་ལོངས་པར་བྱ་བའི་ཕྱིར་རོ། །དེ་ལས་འདས་པར་བཞག་ན་ཞེས་བྱ་བ་ནི་ཐལ་བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་ པར་བྱའོ། །དགེ་སློང་གིས་ཚེས་གཅིག་ལ་གོས་སྔོན་པོ་འམ། དམར་པོ་འམ་སེར་པོ་ཞིག་རྙེད་ན་དེ་ཞག་བཅུ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱའོ། །གཞན་ལ་བསྐུར་བར་བྱས་དེ་ལྟར་རུང་བར་མ་བྱས་ན་སྤང་བའི་ལྟུང་བར་འགྱུར་རོ། །དེ་སྟེ་དགེ་སློང་གིས་གོས་སྔོན་པོའམ། དམར་པོ་དང་སེར་པོ་ཞིག་ ཚེས་གཅིག་ལ་རྙེད་ནས་དེ་ཁ་མ་ལོངས་ན་རྙེད་དུ་རེ་བ་ཡིན་ན་ཟླ་བ་གཅིག་ཏུ་གཞག་པར་བྱའོ། །དེ་སྟེ་ཚེས་གཅིག་གི་ཉིན་པར་ཁ་སོགས་རྙེད་ན་ཞག་བཅུ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ། གཞན་ལ་བསྐུར་བར་བྱ་སྦྱིན་པར་བྱ། དེ་ལྟར་མ་བྱས་ན་སྤང་བའི་ལྟུང་བར་འགྱུར་རོ། །ཇི་ལྟར་གོས་སྔོན་པོ་ ལ་སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་སྦྱར་ཏེ། གོས་ལོངས་བ་ཞིག་ན་ཞག་བཅུ་འདས་ནས་སྤང་བའི་ལྟུང་བར་འགྱུར་རོ། །གོས་ཁ་མ་ལོངས་པ་ཁ་སོགས་ན་མ་རྙེད་པ་ནས་ཞག་བཅུ་ལས་འདས་ན་སྤང་བར་འགྱུར་རོ། །ཁ་སོགས་མ་རྙེད་ན་ཟླ་བ་གཅིག་ལས་འདས་ན་ལྟུང་བར་འགྱུར་རོ། །གོས་ཐ་ན་ལྷག་ཁྲུ་ གང་ཡན་ཆད་ལ་ལྟུང་བར་འགྱུར་རོ། །དགེ་སློང་གིས་ཆོས་གོས་བཀྲུ་བ་དང་། བརྐྱང་བ་དང་། དྲ་བ་དང་། དྲུབས་པ་དང་། ཁ་དོག་བསྒྱུར་བར་བྱ། སྦྱར་མ་དང་། བཏིང་བ་ནི་ཉིས་རིམ་དུ་གྱིས་ཤིག །སྟོད་གཡོགས་དང་མཐང་གོས་ནི་ཆིག་རིམ་དུ་གྱིས་ཤིག །སྦྱར་མ་ཉིས་རིམ་ལས་སུམ་རིམ་དུ་ སྦྱར་ན་བྱེད་པའི་ཚེ་ཉེས་བྱས་སོ། །ཞག་བཅུ་ལས་འདས་ན་སྤང་བར་འགྱུར་རོ། །ཉིས་རིམ་ལས་ཕྱེ་སྟེ་ཞག་བཅུ་ལས་འདས་ན་སྤང་བར་འགྱུར་རོ། །སྟོད་གཡོགས་དང་མཐང་གོས་ཆིག་རིམ་ལས་ཉིས་རིམ་དུ་སྦྱར་ན་སྤང་བའི་ལྟུང་བར་འགྱུར་རོ། །ཟླ་བ་གཅིག་ལས་གོས་ལྷག་པ་བཅངས་ན་སྤང་བར་འགྱུར་རོ། །ཞེས་འབྱུང་བ། གོས་རྙེད་ནས་དགེ་སློང་སེམས་འཁྲུགས་ན། ནམ་རང་གི་སེམས་རྙེད་ཚུན་ཆད་ཟླ་བ་གཅིག་ཏུ་བརྩིའོ། །ཟླ་བ་གཅིག་འདས་པར་ཉེས་པར་འགྱུར་ལ། ཚེ་གཅིག་ཏུ་བཅངས་ཀྱང་ཉེས་པར་མི་འགྱུར་བ་ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུས་བྱས་པའོ། །གོས་ལྷག་ཟླ་བ་དྲུག་ཏུ་བཅངས་ཀྱང་ཉེས་པར་མི་འགྱུར་བ་ཡང་ཡོད་ དོ། །གོས་རྙེད་ནས་ཟླ་གཅིག་ལོན་པ་དང་། དགེ་འདུན་གྱི་གཏན་པ་བཏིང་བར་གྱུར་པའོ། །ཁ་སོགས་ཟླ་བ་གཅིག་ཏུ་ཞོག་ཤིག་ཅེས་བྱ་བ་ཡང་། ཆོས་གོས་གསུམ་ལ་གཅིག་མ་ཆོག་པ་ལ་ཆོས་གོས་གསུམ་ཚང་བ་ལ་གོས་ལྷག་པ་ཐམས་ཅད་ནི་ཁ་སོགས་སུ་མི་ཆུད་དེ། ཞག་བཅུ་ལས་འདས་ན་སྤང་བར་འགྱུར་བ་ནི་བཅོམ་ ལྡན་འདས་ཀྱིས་གནང་བའི་གོས་རྣམ་པ་བདུན་པོ་ལ་བྱའོ། །མི་གནང་བའི་གོས་ལ་ཟླ་བ་གཅིག་ལས་འདས་ཀྱང་སྤང་བར་མི་འགྱུར་ཏེ། མི་གནང་བ་གང་ཞེ་ན། རྒྱུ་རུང་ལ་སྤུན་མི་རུང་བའམ། སྤུན་རུང་ལ་རྒྱུ་མི་རུང་བ་དང་། གཉིས་ཀ་མི་རུང་བ་སྟེ། རྔ་མོའི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་འདྲེས་པ་ནི་ ཟླ་བ་གཅིག་ལས་འདས་ཀྱང་ཉེས་པར་མི་འགྱུར་རོ། །དེ་ལ་ཆོས་གོས་སྦྱར་མ་ནི་རྣམ་པ་དགུ་སྟེ། སྣམ་བུ་དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་གསུམ་པ་དང་། ཉི་ཤུ་ལྔ་པའོ། །ཅིའི་ཕྱིར་ཚར་བུ་ ཅན་དུ་བྱ་ཞེ་ན། ཁྱིམ་བདག་མགོན་མེད་ཀྱིས་དགེ་སློང་ལ་ཕྱག་འཚལ་བ་ལས་མུར་འདུག་དང་ནོར་པས་དེ་དང་བྱེ་བྲག་ཏུ་བྱ་བའི་ཕྱིར་ཡུལ་མཉམ་ཀའི་འབྲས་ཞིང་རྣང་ལ་གཟིགས་ནས་ཆོས་གོས་སྣམ་བུ་ཅན་དུ་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །འཁྲུ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚེ་དང་ལྡན་པ་འཆར་བ་པོ་ཡང་རབ་ཏུ་ཕྱུང་སྟེ། ཆུང་མ་སྦེད་མ་ཡང་སྐྱེ་དགུའི་བདག་མོ་གཽ་ཏ་མཱི་ས་རབ་ཏུ་ཕྱུང་ནས་གཽ་ཏ་མཱིའི་གན་ནས་ཚེ་དང་ལྡན་པ་འཆར་བ་པོ་འོངས་པ་ཐོས་ནས་དེ་བལྟར་འགྲོའོ་ཞེས་སོང་བ་དང་འཆར་བ་པོའི་གནས་ཁང་ན་གཉིས་སུ་ཆོས་ འཆད་པ་ལས། འདོད་ཆགས་སྐྱེས་པ་མོས་ཚོར་བ་དང་བྲོས་ནས་ཕྱི་བཞིན་དུ་བསྙགས་པ་དང་། ལམ་དུ་ཁུ་བ་བྱུང་ནས་འདོད་ཆགས་ཞི་བ་མཐོང་བ་དང་། མོ་ཡང་སླར་ལོག་གོ། །དེ་ནས་གོས་དེ་མོ་ལ་འཁྲུ་བཅོལ་བ་དང་། མོས་ཀྱང་ཁུ་བ་བླངས་ནས་མཚན་གྱི་ནང་དུ་བླུགས་པ་དང་ཕྱིས་བུར་ཆགས་ཏེ་བུ་བྱུང་ བ་ལས། མ་དད་པ་རྣམས་འཕྱ་ཞིང་མི་སྙན་པར་འཛེར་ཏེ། འཆར་བ་བཀུག་སྟེ་རྨས་ན་མད་དོ་ཞེས་གསོལ་ནས་རིགས་པ་མ་ཡིན་ཚུལ་མ་ཡིན་ཞེས་སྨད་ནས། ཡང་དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ་གཞན་ཡང་དེ་དང་འདྲ་བའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་ཕ་དང་མའི་ཟུང་བདུན་ཚུན་ཆད་ནི་གཉེན། དེ་ཕན་ ཆད་གཉེན་མ་ཡིན་ནོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་དེ་ལ་ཞུགས་པའོ། །གོས་རྙིང་པ་ཞེས་བྱ་བ་ནི་སར་པ་ལ་ཉེས་པར་མི་འགྱུར་བས་རྙིང་པ་ཞེས་སྨོས་སོ། །གོས་ཞེས་བྱ་བ་ནི་བལ་ལས་བྱས་པ་དང་། ཤ་ན་ཀའི་ཤུན་པ་དང་། ཟར་མའི་ཤུན་པ་དང་། ཤིང་བལ་གྱི་དང་། རྩྭ་དུ་གུ་ལའི་དང་། རྩྭ་ཀོ་པ་ལའི་ བལ་དང་། སྲིན་བལ་ཏེ་རྣམ་པ་བདུན་པོ་ལས་གང་ཡང་རུང་བའོ། །འཁྲུ་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་གཅལ་བ་ཙམ་ཡང་ངོ་། །འཚེད་ཅེས་བྱ་བ་ནི་ཐ་ན་ཚོན་གྱི་ནང་དུ་བསུབས་པ་ཙམ་མོ། །འཆག་ཅེས་བྱ་བ་ནི་ཐལ་མོ་བརྡབས་པ་ཙམ་མོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་ པར་བྱའོ། །གཉེན་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་བཞིན་དུ་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་བཅོལ་ཀྱང་ལྟུང་བར་མི་འགྱུར་བ་ཡང་ཡོད་དོ། །ཕྲིན་དང་ཕྲིན་ཡིག་དང་། ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བཅོལ་བ་དང་། དགེ་སློང་མ་སྨྱོན་མ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་རྣམས་ལ་འཁྲུར་བཅོལ་ན་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །མ་ནིང་ངམ། ཕ་མ་དང་། དགྲ་བཅོམ་པ་བསད་པ་དང་། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། རྐུན་གནས་སུ་གནས་ པ་དང་། མི་གནས་པ་དང་། སྔར་འཁྲུགས་པ་དང་། སྔར་ཉེས་པ་བྱུང་བ་རྣམས་ལ་བཅོལ་ན་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །དགེ་འདུན་གྱི་གོས་སམ། བཀྲུས་ཟིན་པའམ། ཐུན་མོང་དུ་དབང་བའམ། གཞན་གྱི་ཕྱིར་བཅོལ་བ་ནི་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་ པ་དང་། རྗེས་སུ་ཕྱོགས་པ་དང་། བསླབ་པ་བྱིན་པ་ལ་འཁྲུར་བཅོལ་ན་སྤང་བའི་ལྟུང་བར་འགྱུར་རོ། །འགྲོ་བ་གཞན་དུ་གནས་པའི་བུད་མེད་དང་། དགེ་སྦྱོང་མ་དང་། མུ་སྟེགས་མ་དང་། ཁྱིམ་མི་མོ་ལ་བཅོལ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལེན་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་ པའི་ཛེ་ཏའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་རྣམས་དགོན་པ་ན་གནས་སུ་གནང་སྟེ། དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་འཁོར་དགེ་སློང་མ་ལྔ་བརྒྱ་ཙམ་དང་ལངས་པ་ཚལ་དུ་ཉིན་པར་བསྒོམ་དུ་དོང་བ་ལས་དགེ་སློང་མའི་འཁོར་རྣམས་ནི་མཁན་མོ་ལྟ་རྫུ་འཕྲུལ་གྱིས་བྱོན་གྲང་ཞེས་དེར་བཞག་ནས་རང་རང་གི་གནས་ སུ་སླར་ལོག་གོ། །མོ་འབའ་ཞིག་འགོག་པའི་སྙོམས་པར་ཞུགས་ཤིང་འདུག་པ་དང་། དེའི་ནུབ་མོ་མི་རྒོད་དག་ཅིག་ལྷགས་པ་དང་། དེ་དག་ཀྱང་དད་པ་སྐྱེས་ནས་རས་བཟང་པོ་ཡུག་གཅིག་སྤྱན་གཟིགས་ཀྱིས་བཀང་སྟེ། དེའི་དྲུང་དུ་བཞག་སྟེ་དོང་ངོ་། །ཕྱི་དེ་ཉིན་མོ་རས་དང་སྤྱན་གཟིགས་ཁྱེར་ཏེ་ཛེ་ཏའི་གཙུག་ལག་ ཁང་དུ་དབུལ་བར་བྱས་པ་དང་། བསྙེན་དགའ་བོ་གཙུག་ལག་ཁང་གི་སྒོ་ན་འཆག་ཅིང་འདུག་པས་སྤྱན་གཟིགས་ནི་གཙང་སྦྱོར་ལ་གཏད་ནས་རང་བསླངས་སོ། །ཕྱིས་ཨུཏྤ་ལའི་ཁ་དོག་ཅན་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་གོས་ངན་ན་འདིར་དབྱར་གནས་པའི་ དགེ་སློང་མ་རྣམས་གོས་ཀྱི་རྙེད་པ་མ་གྲུབ་བམ་ཞེས་ཀུན་དགའ་བོ་ལ་སྨྲས་པ་དང་། བཙུན་པ་རྙེད་མོད་ཀྱི་སྲིང་མོ་འདི་ནི་རང་བཞིན་གྱིས་བསམ་པ་དགེ་བ་ཅུང་ཟད་ཅི་རྙེད་ཀྱང་དཀོན་མཆོག་གསུམ་ལ་དབུལ་ལ། དེ་རིང་ཡང་རས་བཟང་པོ་གཅིག་རྙེད་ན་བསྙེན་དགའ་བོས་བླངས་སོ་ཞེས་གསོལ་པ་དང་། ཅི་དགེ་ སློང་མ་གཉེན་མ་ཡིན་པ་ལས་གོས་ལེན་ཏམ་ཞེས་སྨྲས་པ་དང་། བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས། གཉེན་ཡིན་ཀྱང་དེ་ལ་སྦྱིན་པའི་འདུ་ཤེས་བསྐྱེད་ཀྱི། གཉེན་མ་ཡིན་པ་ལ་ཆོས་གོས་ལྔ་ཚང་ངམ་མི་ཚང་མི་རྟོག་པར་ཐོབ་ཐོབ་ལེན་ཏོ། །གྲོང་ཁྱེར་ཡངས་པའི་མཛོད་ནས་ཆོས་གོས་ཕྱུང་སྟེ། དགེ་སློང་ མ་ཨུཏྤ་ལའི་ཁ་དོག་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེ་ལྟར་གྱུར་པ་དེའི་ཕྱིར་ཡང་དགེ་སློང་གང་གཉེན་མ་ཡིན་པ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་ཏེ་རྩ་བའི་ཚིག་རྣམས་སོ། །བརྗོད་པ་མ་གཏོགས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་དད་པ་ཁྱོ་ཤུག་གཉིས་ཤིག་གནས་ཏེ། འཇིག་རྟེན་ཕྱི་ མའི་ལམ་བརྒྱགས་སོགས་པའི་ཁྱིམ་བདག་གིས་ནི་དགེ་འདུན་ཕ་རྣམས་སྤྱན་དྲངས་ཏེ། གོས་རེ་རེ་ཡོན་དུ་ཕུལ། ཁྱིམ་བདག་གི་ཆུང་མས་བཤོས་དང་ན་བཟའ་ཕྲུགས་རེ་རེ་གསོལ་བ་དང་། དགེ་སློང་མ་རྣམས་གོས་རིན་ཆེན་པོ་རྣམས་ལེན་དུ་མི་གནང་བས་སྙན་དུ་ཞུས་ཏེ་བཀའ་སྩལ་པ། ལོང་ལ་དགེ་སློང་ཕ་ དང་བརྗེར་གནང་ངོ་། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། གཞན་ཡང་དེ་འདྲ་བའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་ཕ་མའི་བདུན་རྒྱུད་ཚུན་ཆད་དེ་ཕན་ཆད་མ་གཏོགས་པའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ། །གོས་ཞེས་བྱ་བ་ནི་གོང་དུ་རྣམ་པ་བདུན་སྨོས་ པའོ། །བརྗེ་བ་མ་གཏོགས་ཞེས་བྱ་བ་ནི་བཀོལ་བའོ། །དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ་ཞེས་གསུངས་སོ། །གཉེན་མ་ཡིན་པ་ལ་ཐེ་ཚོམ་ཟ་བཞིན་དུ་བླངས་ན་ཉེས་བྱས་སོ། །དགེ་འདུན་ལ་ཕུལ་བའི་ནང་དུ་བདག་གཏོགས་པ་དང་། སྙན་ཚིག་ཏུ་སྨྲས་པ་ལ་བྱིན་པ་དང་། བསྙེན་ པར་རྫོགས་པ་ལ་བྱིན་པ་དང་། རྐུན་པོས་འཕྲོགས་ཀྱིས་དོགས་ཏེ་བྱིན་པ་དང་། གྲོགས་པོ་དང་བརྗེས་ཏེ་བྱིན་པ་དང་། གྲགས་པ་དང་བསོད་ནམས་དང་ལྡན་པ་ལ་དགེ་སློང་མས་འདི་འདྲ་བ་ཞིག་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ་ཞེས་ཆགས་པ་མེད་པར་ཕུལ་བ་ལ་ཉེས་པ་མེད་དོ། །གཉེན་མ་ཡིན་པའི་དགེ་ སློང་མ་ལས་གོས་བླངས་ཏེ་སྤང་བར་མི་འགྱུར་བ་ཡང་ཡོད་དེ་ཕྲིན་དང་། ཕྲིན་ཡིག་དང་། ལག་བརྡ་དང་། གོས་ཀྱི་རྒྱུ་རུང་ལ་སྤུན་མི་རུང་བ་དང་། གོས་ཀྱི་རྒྱུ་མི་རུང་ལ་སྤུན་རུང་བ་དང་། གཉིས་ཀ་མི་རུང་བ་དང་། དགེ་ཚུལ་མ་དང་། བསྙེན་པར་མ་རྫོགས་པ་དང་། དེ་རྣམས་ལས་གོས་བླངས་ན་ཐམས་ཅད་དུ་ཉེས་བྱས་སུ་ འགྱུར་རོ། །བསླབ་པ་བྱིན་པ་དང་། དགེ་སློང་མ་དབྱེན་བྱེད་པ་དང་། རྗེས་སུ་ཕྱོགས་པ་ལ་བསླབས་ན་སྤང་བའི་ལྟུང་བར་འགྱུར་རོ། །སློང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་ཁྱོ་ཤུག་གཉིས་ཤིག་ཡོད་དེ། ལོངས་སྤྱོད་སྒྲུབ་པར་གྲོས་བྱས་ནས་དེས་ཆུང་མ་ལ་བཟང་མོ། བརྒྱགས་སྟ་གོན་གྱིས་ཤིག་ཚོང་ལ་འགྲོའོ། །དེས་ཀྱང་ཁྱོ་བརྫངས་ཏེ་བཏང་ངོ་། །དེ་སོང་བའི་འོག་ཏུ་ཆུང་མ་བརྒྱགས་ཟོང་གིས་རས་བཟང་པོ་ཟུང་གཅིག་བྱས་ནས་ཁྱིམ་ཐབ་ཕྱིར་འོངས་མ་ཐག་ཏུ་བྱིན་ནས། རས་འདི་སུ་ལ་ཡང་མ་སྦྱིན་ཅིག་ཅེས་བསྒོའོ། །དེ་དེ་ནས་ཛེ་ཏའི་གཙུག་ལག་ཁང་དུ་ཕྱག་ འཚལ་དུ་སོང་བ་དང་། ཛེ་ཏའི་སྒོ་བས་ཀྱང་རས་བཟང་པོ་ཞེས་བསྟོད་དོ། །བསྙེན་དགའ་བོ་ཡང་ཛེ་ཏའི་གཙུག་ལག་ཁང་གི་སྒོ་ན་འཆག་ཅིང་འདུག་པས་ཐག་རིང་པོ་ནས་འོང་བ་མཐོང་ནས། གོས་དེ་ནི་བདག་གིས་ཀྱང་མ་ཐོབ་པར་མི་བཏང་ངོ་སྙམ་སྟེ། ཁྱིམ་བདག་ཟླ་བ་ཚེས་པ་ལྟ་སྟེ་འོངས་པ་ལེགས་སོ་ཞེས་སྨྲས་ནས་བསྙེན་ དགའ་བོ་ཡང་རང་བཞིན་གྱིས་ཆོས་འཆད་མཁས་པས་དེས་སྦྱིན་པའི་ཡོན་ཏན་བཤད་པ་དང་དད་པ་སྐྱེས་ནས་དེས་འཕགས་པ་གོས་ཤིག་ཡོན་དུ་དབུལ་ལོ་ཞེས་ཁས་བླངས་པ་དང་། ཁྱེད་ཀྱིས་གྱོན་པ་འདི་བྱིན་ཞེས་བྱས་པ་དང་། རས་ཡ་གཅིག་བྱིན་ནོ། །བྱིན་པའི་བསོད་ནམས་ནི་ཡོད་ན་སྤྱད་པའི་བསོད་ནམས་ ནི་མེད་དེ་གོས་གདང་ལ་བཀལ་བས་དེ་གསང་སྟེ་སོང་ན་ཡ་གཅིག་ཀྱང་གསང་ལ་བྱིན་ཁྱོད་ནི་གཅེར་བུ་པ་དང་འདྲ་བར་ཕྱུགས་རྗེས་ཀྱི་ཕྱི་བཞིན་དུ་རྡུལ་གྱི་ནང་དུ་སོང་ཤིག་ཅེས་ནན་གྱིས་བླངས་ཏེ། དེ་ཡང་དེ་བཞིན་དུ་སོང་བ་དང་། སྒོ་བ་དང་ཕྲད་དེ་གོས་བཟང་པོ་ག་རེ་ཞེས་དྲིས་ན། དེ་ན་རེ་བསྙེན་དགའ་བོས་ཆོས་ཀྱི་སྒོ་ ནས་ཕྲོགས་སོ་ཞེས་བྱས་པ་དང་། མ་དད་པ་རྣམས་འཕྱ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སངས་རྒྱས་ལ་ཕྱག་འཚལ་དུ་ཆས་ཏེ་ཛེ་ཏའི་སྒོར་ཕྱིན་པ་དང་། སྒོ་བ་ལ་ཅི་མཐོང་ཞེས་སྨྲས་ན། གཞན་ནི་མ་མཐོང་གི། འདིར་རྐུན་པོ་ཞིག་བྱུང་ངོ་ཞེས་སྨྲས་པ་དང་། བསྙེན་དགའ་བོས་ཁྱིམ་ བདག་ལ་ཆོས་བསྒོ་ནས་ཁྱིམ་བདག་ལས་རས་བླངས་སོ་ཞེས་བྱས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་ལྟ་བུ་མི་རིགས་ཞེས་སྡོམ་པ་བཅའ་བར་སྙན་དུ་གསོལ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་ཏེ། ཡང་དགེ་སློང་གང་ཞེ་ན། རྩ་བའི་ཚིག་རྣམས་སོ། །དུས་མ་གཏོགས་ཞེས་བྱ་བ་ནི་པ་ ཏིའི་དགེ་སློང་བཞི་བཅུ་ལྗོངས་རྒྱུ་ཞིང་དོང་བ་ལས། ཆོམ་པོས་བཅོམ་ནས་གོས་མེད་དེ། བདག་ཅག་ཁྱིམ་པ་ལས་སློང་དུ་ནི་མི་གནང་བས། ཛེ་ཏའི་ཚལ་དུ་དགེ་སློང་གྲོགས་པོ་རྣམས་ལ་སློང་ངོ་། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་ད་སླན་ཆད་གོས་རྐུན་པོས་ཁྱེར་རམ། རླག་གམ་མེས་ཚིག་གམ་ཆུས་ཁྱེར་ཏེ་མེད་ ན་སློང་བའི་དུས་ཡིན་ཏེ་དུས་མ་གཏོགས་ཞེས་གསུངས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །གཉེན་མ་ཡིན་ཞེས་བྱ་བ་དང་། གོས་རྣམ་པ་བདུན་ནི་གོང་མ་བཞིན་ནོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །ཆུང་མ་ནི་བུད་མེད་དོ། །དུས་མ་གཏོགས་ཞེས་བྱ་ བ་ནི་བཀོལ་བའོ། །ཆོས་གོས་རྐུན་པོས་ཁྱེར་བ་ལ་སོགས་པ་ནི་གཞན་གྱིས་ཁྱེར་ནས་བདག་ལ་མེད་པའོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ཉེས་པ་ནི་རིན་ཐང་དང་ཁ་དོག་དང་ཁྲུའོ། །དགེ་སློང་གིས་ཀཱར་ཥཱ་པ་ཎ་བཅུ་རི་བ་དང་ལྔ་བཅུ་རི་བའི་གོས་བསླངས་ཏེ་གྲུབ་ན་ སྤང་བའི་ལྟུང་བར་འགྱུར་རོ། །ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་བླངས་ཏེ། དེ་བཞིན་དུ་གྲུབ་ན་སྤང་བར་འགྱུར་རོ། །ཁྲུ་ལྔ་པ་ལ་ལྔ་བཅུའི་བར་དུ་བསླངས་ཏེ་གྲུབ་ན་སྤང་བར་འགྱུར་རོ། །བསླངས་པ་ལས་ལྷག་པ་མ་རྙེད་པ་ནི་ལྟུང་བ་མེད་དེ་ཉེས་བྱས་སོ། །ཕྲིན་དང་ཕྲིན་ཡིག་གིས་བསླང་བ་དང་། ཁྱིམ་པ་སྨྱོས་ པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་ཟིན་པ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱིའི་མུ་སྟེགས་ཅན་དང་། འགྲོ་བ་གཞན་དུ་གནས་པ་ལས་བསླངས་ན་ཉེས་བྱས་སུ་འགྱུར་རོ། །གོས་ཀྱི་རྒྱུ་རང་ལ་སྤུན་མི་རུང་བ་དང་། སྤུན་རུང་ལ་རྒྱུ་མི་རུང་བ་དང་། གཉིས་ཀ་མི་ རུང་བ་ནི་ཉེས་བྱས་སུ་འགྱུར་རོ། །སྟོད་གཡོགས་དང་སྨད་གཡོགས་སློང་དུ་གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བསྙེན་དགའ་བོས་སྔོན་ཆད་ནི་དུས་མ་ཡིན་པར་གཉེན་མ་ཡིན་པ་ལ་སློང་དུ་གནང་བ་ལས། ད་ནི་མགོན་མེད་ཟས་སྦྱིན་གྱིས། ཁྱིམ་བདག་ཕོ་ལ་ སློང་དུ་མི་གནང་བར་བཅས་པ་ན་རྙེད་པ་ཡང་རབ་ཏུ་ཉུང་ན་ཡུལ་པ་ཏའི་དགེ་སློང་མཉན་དུ་ཡོད་པར་འོངས་པ་ལས་ལམ་དུ་ཆོམ་པོས་བཅོམ་ནས་སྟོད་གཡོགས་དང་། སྨད་གཡོགས་བསླང་དུ་རྗེས་སུ་གནང་བས། དྲུག་སྡེ་པོ་རྣམས་ཀྱིས་པ་ཏའི་དགེ་སློང་འདི་དག་བསླུས་ཏེ། པ་ཏའི་དགེ་སློང་ལ་སྤྲིན་ནས། དྲུག་སྡེ་ པོའི་འཁོར་དང་བཅས་པ་དྲུག་ཅུ་དང་སྤེལ་ཏེ། རྒྱལ་པོ་དང་བཙུན་མོ་ཕྲེང་ལྡན་མ་མན་ཆད་གཉེན་མ་ཡིན་པའི་ཁྱིམ་བདག་གི་ཁྱིམ་རེ་རེར་ཡང་གོས་ཕྲུགས་བཅུ་གསུམ་བཅུ་གསུམ་བསླངས་སོ། །དེ་དག་ལ་ཡོ་བྱད་བཅུ་གསུམ་ཚང་བར་བསླངས་ཏེ་འཁོད་པ་དང་། གོས་བཟང་དགུ་དྲུག་སྡེ་བོས་བདམས་ཏེ་ཁྱེར་རོ། ། ངན་སྙིགས་ཐམས་ཅད་པ་ཏའི་དགེ་སློང་རྣམས་ལ་བྱིན་ནས་དེ་དག་འཚེམ་ཞིང་འཁོད་པ་དང་དགེ་སློང་དག་གིས་གོས་མང་དུ་རྙེད་པ་ག་རེ་ཞེས་སྨྲས་པ་དང་། ཅི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ་ལས་སྙན་དུ་བདས་ནས་པ་ཏའི་དགེ་སློང་རྣམས་ལ་བཀའ་སྩལ་པ། ད་ཚོད་མི་ཟིན་པར་སློང་བ་ཉེས་ཞེས་སྨད་ནས། ད་སླན་ཆད་དུས་ལ་བབ་ཀྱང་སྟོད་གཡོགས་དང་སྨད་གཡོགས་ལས་ལྷག་པར་བླངས་ན་སྤང་བའི་ལྟུང་བའོ་ཞེས་བསླབ་པའི་གནས་བཅས་སོ། །དགེ་སློང་གོས་རྐུན་པོས་ཁྱེར་ཞེས་བྱ་བ་ནི་གཡོན་ཅན་གྱིས་ཕྲོགས་པར་གྱུར་པའོ། །གོས་རླག་ཅེས་བྱ་བ་ནི་རླག་པའམ་བརྗེད་དེ་སྟོར་བའོ། །མེ་དང་ཆུ་དང་། རླུང་ནི་དངོས་སུ་ ཟད་དོ། །གཉེན་མ་ཡིན་པ་དང་གོས་ཀྱི་རྒྱུ་རྣམ་པ་བདུན་ནི་གོང་མ་བཞིན་ནོ། །སློང་ཞེས་བྱ་བ་ནི་བསླངས་པའོ། །འདོད་ཅེས་བྱ་བ་ནི་དགོས་པར་གྱུར་པའོ། །སྟོད་གཡོགས་དང་སྨད་གཡོགས་ལས་ལྷག་པར་མ་ལེན་ཅིག་ཅེས་བྱ་བ་ནི་དེ་ལས་ལྷག་པར་ལེན་དུ་མི་གནང་ངོ་། །སྟོད་གཡོགས་དང་སྨད་གཡོགས་རྣམ་པ་ གཉིས་ཏེ། ཁྱིམ་པའི་དང་དགེ་སློང་གིའོ། །དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་བསླངས་པ་ལས་ལྷག་པར་གྱུར་ན་སློང་བའི་ཚེ་ཉེས་བྱས་སོ། །ཐོབ་ན་སྤང་བར་འགྱུར་རོ། །ཁྱིམ་པའི་སྟོད་གཡོགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྟོད་གཡོགས་སྨད་གཡོགས་མ་ཆོག་ན་ཡང་སློངས་ཤིག་ ལྷག་ན་ཡང་སླར་བྱིན་ཅིག །མ་བྱིན་ན་སྤང་བར་འགྱུར་རོ། །ཁྱིམ་པའི་སྨད་གཡོགས་སྟོད་གཡོགས་བསླངས་པ་ལས་མ་ཆོག་ན་ཡང་མ་སློང་ཤིག །བསླངས་ན་སྤང་བར་འགྱུར་རོ། །ལྷག་ན་ཡང་སླར་མ་བྱིན་ཅིག་དགེ་སློང་གིས་རང་གི་སྟོད་གཡོགས་དང་སྨད་གཡོགས་ལྷག་པར་གྱུར་པ་སླར་མ་བྱིན་ནམ། ལྷག་ པར་བསླངས་ན་སྤང་བར་འགྱུར་རོ། །གོས་ཀྱི་རིན་ཁྱིམ་བདག་གིས་སྔར་གཟས་པ་ལས་ལྷག་པར་བསླངས་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་གཞུགས་སོ། །དེའི་ཚེ་ཁྱིམ་བདག་ཁྱོ་ཤུག་གཉིས་ཡོད་དེ། དེ་ཡང་སོ་སོར་འཕྱོ་ཞིང་བྲན་མོ་ལ་བརྡེག་པ་དང་། བསྙེན་དགའ་བོས་ཁྱིམ་བདག་ལ་ ཆོས་དག་བཤད་པས་དེ་གཉིས་ཀྱང་སྔ་མའི་སྐྱོན་ཀུན་སྤངས་ཏེ་བྲན་མོ་ལ་ཡང་མི་རྡེག་པས་རང་གི་ཁྱིམ་སོ་ཡང་ཚུགས་སོ། །དེ་གཉིས་ཀྱིས་བསམས་པ། བདག་ཅག་འདི་ལྟར་འཁོད་པ་ཡང་བསྙེན་དགའ་བོའི་བཀའ་དྲིན་ཡིན་གྱི་འཕགས་པ་བསྙེན་དགའ་བོ་ལ་གོས་རིན་ཞིག་དབུལ་ལོ་ཞེས་སྤགས་པ་དང་། བྲན་མོ་དེས་ཐོས་ནས་བྲན་མོ་ནང་གཅིག་བསྙེན་དགའ་བོ་དེར་འོངས་པ་ལ་ཁོའི་དྲིན་སླར་གླན་པའི་ཕྱིར་བསྙེན་དགའ་བོ་ལ་ཟོང་སྤགས་པ་སྦྲན་ཏོ། །དེ་ནས་བསྙེན་དགའ་བོས་ཁྱིམ་བདག་ཁྱོ་ཤུག་ལ། ཁྱེད་ཀྱིས་ང་ལ་སྦྱིན་པར་གཟས་པ་དེ་ང་ལ་བྱིན་ཅིག་ཅེས་སྨྲས་ན་འཕྲལ་དུ་མ་འབྱོར་པ་དང་ཚོང་པ་ཕྱུག་པོ་གཅིག་ ལ་ཁྱིམ་བདག་སྐྱིར་སོང་བ་དང་། བསྙེན་དགའ་བོས་ཐབས་སུ་བྱས་ཏེ། ཚོང་པ་ངན་པ་དེས་རས་བཟང་པོ་ཕྱུང་བ་དང་། བསྙེན་དགའ་བོས་ནན་གྱིས་འཐེན་ཏེ་ཁྱེར་རོ། །ཁྱིམ་བདག་དེ་ལ་རིན་གཞལ་དུ་བཅུག་པ་དང་། ཕྱིས་དེ་ལ་རིན་མ་འཁོར་ནས། དེའི་ཕྱིར་ཚོང་པས་ཁྱིམ་བདག་བཟུང་སྟེ། ཉི་ཚན་ལ་བཏགས་ པ་དང་། དེའི་མཛའ་བོ་དག་གིས་མཐོང་ནས། ཁྱོད་མར་འཐུངས་སམ། རིམས་ནད་ཀྱིས་བཏབ་བམ་ཅི་ཉེས་ཏེ་ཉི་ཚན་ལ་འདུག །བདག་གིས་ནི་མར་ཡང་མ་འཐུངས་ཏེ་བུ་ལོན་གྱི་ཕྱིར་བཟུང་ངོ་། །ཁྱོད་ཉིད་ཀྱི་ཚེའམ་ཕ་མེས་ཀྱི་ཚེ་ཆགས། གང་ཡང་མ་ཡིན་ཏེ་ཤཱཀྱའི་བུ་དག་གིས་ཏེ་གང་བྱིན་པ་དེ་ནི་ མི་ལེན་ཏེ་ལྷག་པར་སློང་ངོ་། །དེ་ལྟར་གྱུར་པ་ལ་སྙན་དུ་བདས་ནས་དགེ་སློང་གི་ཚུལ་མ་ཡིན་ཞེས་སྨད་དེ། གཞན་གྱིས་བཤམས་པ་ལས་ལྷག་པར་སློང་དུ་མི་གནང་བར་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ཤཱཀྱའི་བུ་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་ཕ་མའི་ཟུང་ བདུན་རྒྱུད་ཚུན་ཆད་ནི་གཉེན་ནོ། །དེ་ཕན་ཆད་ནི་གཉེན་མ་ཡིན་ནོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དོ། །གོས་ཀྱི་རིན་ཞེས་བྱ་བ་ནི་གསེར་དང་དངུལ་ལོ། །བདག་གི་གོས་ཀྱི་རིན་དེས་དེ་ལྟར་ན་འདི་འདྲའི་གོས་གྱིས་ཤིག་ཅེས་བྱ་བ་ནི་བལ་ལས་བྱས་པ་དང་། ཤ་ན་ཀའི་ཤུན་པ་ལས་བྱས་པ་དང་། ཟར་ མའི་ཤུན་པ་ལས་བྱས་པ་དང་། རྩྭ་དུ་གུ་ལ་ལས་བྱས་པ་དང་། རྩྭ་ཀོ་ཏམ་པ་ལས་བྱས་པ་དང་། ཤིང་བལ་གྱི་དང་། སྲིན་བལ་ཏེ་བདུན་པོ་ལས་གང་ཡང་རུང་བའོ། །ཉོས་ལ་ཞེས་བྱ་བ་ནི་ཉོ་བའོ། །དགེ་སློང་མིང་འདི་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། དེ་ལས་དུས་སུ་གོས་སྦྱིན་པར་སེམས་པའོ། །སྔར་མ་བསྒོ་ ཞེས་བྱ་བ་ནི་མ་སྦྲན་པའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ཞེས་བྱ་བ་ནི་གོས་ཚོལ་བར་ཞུགས་པའོ། །གོས་དེ་ལྟ་བུ་ཞིག་བསྐོས་ན་ལེགས་སོ་ཞེས་བྱ་བ་ནི་བཟང་པོ་འདོད་པའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །དེ་ལ་ཉེས་པ་གང་ཞེ་ན་རིན་ཐང་དང་། ཁ་དོག་དང་། ཁྲུ་ ཚད་དོ། །ཀཱ་ར་ཥཱ་པ་ཎ་ལྔ་རི་བ་བསླངས་པ་ལས་ལྷག་པར་ཐོབ་པ་དང་། ཁྲུག་ལྔ་པ་སྤགས་པ་ལས་ལྷག་པར་ཐོབ་པ་དང་། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་བྱིན་པ་ལས་ལྷག་པར་བསླངས་ན་སློང་བའི་ཚེ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་གིས་སྔར་མ་ སྦྲན་པར་རྣམ་པར་རྟོག་པ་སྐྱེད་ནས་ཕྲིན་དང་། ཕྲིན་ཡིག་དང་། ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པས་གོས་ཐོབ་ན་ཉེས་བྱས་སོ། །ཁྱིམ་བདག་སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། འོན་པ་དང་། ལྐུགས་པ་དང་། མུ་སྟེགས་ཅན་དང་། བྲམ་ཟེ་དང་། ཀུན་དུ་རྒྱུ་བ་ལ་རྣམ་པར་ རྟོག་པ་སྐྱེད་དེ་གོས་ཐོབ་ན་ཉེས་བྱས་སུ་འགྱུར་རོ། །ཁྱིམ་བདག་ལ་རྔ་མོའི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་འདྲེས་པ། རྒྱུ་མི་རུང་བ་བསླངས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་བསླངས་ན་ཉེས་བྱས་སུ་འགྱུར་རོ། །སོ་སོ་ནས་སྤགས་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་ དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་ཁྱོ་ཤུག་གཉིས་ཤིག་ཡོད་དེ། དེ་ཡང་སོ་སོར་འཕྱོ་ཞིང་ལོངས་སྤྱོད་ཀྱང་འགྲིབས། བྲན་མོ་ཡང་བརྡེགས་པ་ལས་བསྙེན་དགའ་བོས་བསླབ་པ་ལ་བཞག་པ་ལ་སོགས་པ་ལྟུང་བ་གོང་མ་དང་འདྲ་བའོ། །ཁྱད་པར་ནི་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མས་ དགེ་སློང་ལ་གོས་ཀྱི་རིན་སོ་སོར་བཞག་པ་ཙམ་ཞིག་ཡོད་དོ། །སོ་སོར་ཞེས་བྱ་བ་ནི་ཁྱིམ་བདག་ཀྱང་བདག་རང་གི་ནོར་ཡིན་པ་དང་། ཆུང་མ་ཡང་རང་གི་ནོར་གུད་པ་ཡིན་པ་ལས་དེ་གཉིས་གཅིག་ཏུ་བསྡུས་ནས་དགེ་སློང་ལ་བྱིན་པ་ནི་སོ་སོ་ནས་ཞེས་བྱ་བའོ། །བདག་ལ་བསྐོན་ཅིག་ཅེས་བྱ་བ་ནི་གཉི་གས་ བདག་དུས་སུ་བྱིན་ཅིག་པའི་དོན་ཏོ། །གཉི་གས་ཀྱང་གྱུར་པ་ཞེས་བྱ་བ་ནི་གོས་བཟང་པོ་མཚུངས་པར་བྱ་བར་སོམས་ཤིག་པའོ། །བཟང་པོ་འདོད་པ་ཞེས་བྱ་བ་ནི་བདེ་བར་བསྒྲུབ་པར་བྱ་བའི་རྐྱེན་ཡིན་ཏེ། འཇམ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འདོད་པའོ། །ཕྱིར་ཞེས་བྱ་བ་ནི་རྒྱུ་ལ་བྱའོ། །ཉེས་ པར་འགྱུར་བ་གཞན་ནི་གོང་མ་བཞིན་ནོ། །བསྐུར་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་བསྙེན་དགའ་བོ་འདུག་པའི་སྟེང་དུ་བྲམ་ཟེ་དབྱར་ཕྱེད་ཀྱིས་གོས་ཀྱི་རིན་ཀཱར་ཥཱ་པ་ཎ་དྲུག་ཅུ་སྔར་བྱིན་ནས་བསྙེན་དགའ་བོ་ཉིད་ནི་སངས་རྒྱས་ཀྱི་ཞབས་འབྲིང་དུ་ མཉན་དུ་ཡོད་པར་སོང་ནས། །བྲམ་ཟེ་དབྱར་བྱེད་ཀྱིས་གོས་ཀྱི་རིན་ཚོང་པ་ཞིག་ལ་ཕྱི་བཞིན་དུ་ཡོད་པར་བསྐུར་བ་ལས་མཉན་དུ་ཡོད་པར་བསྙེན་དགའ་བོས་ཟོང་ཚོང་བའི་གན་དུ་སོང་སྟེ། ཟོང་ཚོང་བ་ཞིག་གི་ལག་ཏུ་བཞག་གོ། །ཕྱིར་ལེན་པར་དུས་བྱས་པ་ལས་བསྙེན་དགའ་བོ་དུས་སུ་མ་འོངས་ནས་ཚོང་པ་ཡང་ བསྙེན་དགའ་བོ་ལ་སྡོད་སྡོད་དེ། མདུན་མ་ཕྱིས་པས་རྒྱལ་པོས་ཆད་པ་ཀཱར་ཥཱ་པ་ཎ་དྲུག་ཅུས་བཅད་དོ་ཞེས་བྱུང་བ་དང་། འགྲོ་ཁར་བསྙེན་དགའ་བོས་ཟོང་བླངས་ན་ཚོང་པ་དེ་ཡང་མདུན་མ་ལ་རིངས་པས་ཟོང་སྣོད་དང་བཅས་ཏེ་བོར་བ་དང་རྒྱ་གོགས་ནས་དེས་ཀླན་ཀ་བཙལ་ཏེ་ཚོང་པ་མ་བཏང་བ་དང་། ཚོང་ པ་ཆད་པས་བཅད་དེ་མ་དད་པར་གྱུར་པ་དང་། རུང་བ་མ་ཡིན་པར་ལེན་ཅིང་ཕ་རོལ་པའི་སེམས་མི་སྲུང་ལ་ཐོབ་པ་ལ་གཡེང་བར་བྱེད་པས་མ་དད་པར་བྱས་ཏེ། སྤོས་འཚོང་གི་མས་དེ་ལྟར་ཆད་པ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བཅད་པ་དེ་སུས་ལེན་ཞེས་སྨྲས་པ་དང་། ཤཱཀྱའི་དགེ་སྦྱོང་དག་ལ་དགའ་བས་དེ་ལྟར་གྱུར་ ཏོ་ཞེས་འཛེར་བ་དགེ་སློང་དག་གིས་ཐོས་ཏེ་སྙན་དུ་གསོལ་ཏོ། །དེ་ལྟར་གྱུར་པ་བདེན་ནམ་ཞེས་བསྙེན་དགའ་བོ་ལ་བཀས་སྨྲས་ན་མད་དོ་ཞེས་གསོལ་ནས་རུང་བ་མ་ཡིན་རིགས་པ་མ་ཡིན་ཞེས་བྱ་བ་བཀས་སྨད་ནས་བསླབ་པའི་གནས་བཅས་ཏེ། ཡང་དགེ་སློང་ཞེས་རྩ་བའི་ཚིག་རྣམས་སྨོས་སོ། །དགེ་སློང་གི་ཕྱིར་ ཞེས་བྱ་བ་ནི། ཤཱཀྱའི་བུ་བསྙེན་དགའ་བོ་སྟེ། གཞན་ཡང་འདི་དང་འདྲ་བའོ། །རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་པོའི་རིགས་ལ་སོགས་པ་རིགས་རྣམ་བཞི་འམ་སྐྱེས་པའམ་བུད་མེད་རྒྱལ་པོར་དབང་བསྐུར་བ་ལ་བྱའོ། །རྒྱལ་པོ་ལ་བཀའ་གྲོས་དབུལ་ཞིང་བརྟེན་པ་ནི་བློན་པོ་ཞེས་བྱའོ། །བྲམ་ཟེ་ནི་གཙང་སྦྲ་ཅན་ནོ། །ཁྱིམ་ བདག་ཅེས་བྱ་བ་ནི་ཕྱུག་པའོ། །གཞོངས་ཀྱི་མི་ཞེས་བྱ་བ་ནི་ཡུལ་མིའོ། །ནོར་ཅན་ཞེས་བྱ་བ་ནི་ཕྱུག་པོའོ། །ཚོང་དཔོན་ཞེས་བྱ་བ་ནི་ཐབས་བྱིན་པའོ། །དེད་དཔོན་ཞེས་བྱ་བ་ནི་འགྲོན་པ་མང་པོ་དེད་ཅིང་ལན་གྲངས་མང་དུ་ཕྱིན་པའོ། །ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་བུད་མེད་དམ་སྐྱེས་པ་འམ་མ་ནིང་ལའོ། །གོས་ཀྱི་རིན་ ཞེས་བྱ་བ་ནི་གསེར་དང་དངུལ་ལོ། །དེ་ནས་ཕོ་ཉས་གོས་ཀྱི་རིན་དེ་ཁྱེར་ཏེ། དགེ་སློང་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དགེ་སློང་ལ་འཕགས་པ་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པ་མིང་འདི་ཞེས་བགྱི་བས་ཁྱོད་ལ་གོས་ཀྱི་རིན་འདི་བསྐུར་གྱིས་འཕགས་པ་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་སུ་གསོལ་ཞེས་དེ་སྐད་ཟེར་བ་ དང་། དགེ་སློང་དེས་ཕོ་ཉ་དེ་ལ་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་རྣམས་ནི་གོས་ཀྱི་རིན་ལེན་དུ་མི་རུང་སྟེ་བདག་ཅག་དུས་སུ་གོས་ཤིག་རྙེད་ན་ནི་ལེན་ཏོ་ཞེས་བྱ་བ་དེ་སྐད་སྨྲོས་ཤིག །རུང་བ་ཞེས་བྱ་བ་ནི་སྤྱད་པར་འོས་པའོ། །གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་ པ་འགའ་མཆིས་སམ་ཞེས་དེ་སྐད་ཟེར་བ་དང་གོས་འདོད་པའི་དགེ་སློང་གིས་ཞལ་ཏ་བྱེད་པ་སྟོན་ཅིག །གོས་འདོད་ཅེས་བྱ་བ་ནི་དགོས་པར་གྱུར་པའོ། །ཀུན་དགའི་ར་བ་ཞེས་བྱ་བ་ནི་རུང་བར་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི་སྐྱབས་སུ་སོང་ཞིང་བསླབ་ཚིག་ལྔ་ལ་གནས་པའོ། །ཚེ་དང་ལྡན་པ་ཕོ་ཉ་འདི་ ནི་དགེ་སློང་གི་ཞལ་ཏ་བྱེད་པའོ། །དེ་ནས་ཕོ་ཉས་གོས་ཀྱི་རིན་ཁྱེར་ལ་ཞལ་ཏ་པའི་དེར་སོང་སྟེ་ཕྱིན་ནས་ཞལ་ཏ་པ་ལ་ཚེ་དང་ལྡན་པ་ཞལ་ཏ་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདིས་འདི་འདྲ་བའི་གོས་ཤིག་ཉོས་མིང་འདི་ཞེས་བགྱི་བའི་དགེ་སློང་འོངས་པ་དང་། དེ་ལ་དུས་སུ་གོས་རུང་བ་སྐོན་ཅིག་ རུང་བ་ཞེས་བྱ་བ་ནི་སྤྱད་པར་འོས་པའོ། །དེ་ནས་ཕོ་ཉས་འཕགས་པ་ཞལ་ཏ་བ་བདག་ལ་བསྟན་པ་ལ་གོས་བདག་གིས་ཕུལ་ཅིག་པར་གཏད་པ་ལགས་ཀྱིས་དེར་ལོང་ཞེས་བསྒོ་ཤིག །དེ་ནས་དགེ་སློང་གིས་ཞལ་ཏ་བྱེད་པའི་གན་དུ་སོང་སྟེ། ཚེ་དང་ལྡན་པ་བདག་གིས་གོས་དགོས་སོ་ཞེས་ལན་གཉིས་ལན་ གསུམ་སྐུལ་ཅིག །བྱིན་ན་ནི་ལེགས་མ་བྱིན་ན་ལན་ལྔ་དྲུག་ཏུ་སྣང་བའི་ཕྱོགས་སུ་འདུག་ཤིག །སྣང་བའི་ཕྱོགས་ནི་བཞིའོ། །བསྐུལ་བའི་སྒོ་ནི་དྲུག་གོ། །སྣང་བའི་ཕྱོགས་གང་ཞེ་ན། འདུག་གནས་པར་ཁྱིམ་དང་ཞིང་དང་། ལས་བྱེད་པའི་གནས་སོ། །བསྐུལ་བའི་སྒོ་དྲུག་ནི་ཁྱོད་བྱོན་ཏམ་ཞེ་ན། དེའི་ཕྱིར་ རོ་ཞེས་བྱ་བ་དང་། བདེ་བར་བྱོན་ཏམ་ཞེ་ན་ཡང་དོན་དེའི་ཕྱིར་རོ་ཞེས་བྱ་བ་དང་། གདན་འདི་ལ་བཞུགས་ཤེ་ན་ཡང་དོན་དེའི་ཕྱིར་རོ་ཞེས་བྱ་བ་དང་། བཅའ་བ་འཆོ་ཞེ་ན་ཡང་དོན་དེའི་ཕྱིར་རོ་ཞེས་བྱ་བ་དང་། བཟའ་བ་ཟོ་ཞེ་ན་ཡང་དོན་དེའི་ཕྱིར་རོ་ཞེས་བྱ་བ་དང་། བཏུང་བ་འཐུང་ཞེ་ན་ཡང་དོན་དེའི་ཕྱིར་རོ་ཞེས་བྱ་ བ་དང་། དྲུག་པོ་བསྐུལ་བའི་སྒོ་ཡིན་པར་ཚིག་མྱུར་དུ་སྨྲས་ཏེ། ཕ་རོལ་གྱིས་མ་གོ་ན་སྒོ་དྲུག་མ་རྫོགས་པའོ། །མི་རིངས་པར་དལ་ནས་སྨྲས་ཏེ་ཕ་རོལ་གྱིས་དོན་གོ་ན་སྒོ་དྲུག་རྫོགས་པ་ཉིད་དོ། །གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་སྩལ་ཏེ་ཐོབ་ན་སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་ པར་བྱའོ། །དེའི་འོག་ཏུ་གོས་མ་གྲུབ་ན་དང་པོ་གང་ནས་འོངས་པ་དེར་སྦྲོན་ཅིག་ཅེས་བྱ་བ་ནི་བདག་གིས་སློབ་མ་མངག་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་ཟོང་བསྐུར་བ་བདག་གིས་ཅི་ཡང་མ་གྲུབ་པོ་ཞེས་བྱ་བ་ནི་ནད་པའི་སྨན་ལ་སོགས་པར་ཕན་མ་ཐོགས་པའོ་དེ་ནི་འདུ་ཤེས་བྱ་བ་ནི་དེ་དང་མཐུན་པའི་ཆོས་སོ། ། ཉེ་བར་འགྱུར་བ་ནི་བདག་པོ་ཡང་མི། ཕོ་ཉ་ཡང་མི། དགེ་སློང་ཡང་མི་ཡིན་ན་ལྟུང་བར་འགྱུར་རོ། །མིས་བྱིན་པ་ལ་མི་མ་ཡིན་པས་ཕོ་ཉ་བྱས་སམ། མི་མ་ཡིན་པས་བྱིན་ལ་མིས་ཕོ་ཉ་བྱས་ལ་རུང་བར་བྱས་ན་ཉེས་བྱས་སུ་འགྱུར་རོ། །ལན་ལྔ་དྲུག་ཏུ་མ་ཐོབ་པ་ལས་སླད་ཀྱིས་སྩལ་ཏེ་གྲུབ་ན་ལྟུང་བར་ འགྱུར་བ་དེ་ལ་གཞན་གྱི་སྒོ་ནས་ལྟུང་བར་མི་འགྱུར་བ་ཡང་ཡོད་དེ། ཕྲིན་དང་ཕྲིན་ཡིག་གིས་ལན་ལྔ་དྲུག་ལས་ལྷག་པར་བརྩལ་ཏེ་གོས་གྲུབ་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཁྱིམ་པ་སྨྱོན་པ་དང་། ར་རོ་བ་དང་ ནད་ཀྱིས་གཟིར་བ་དང་། སེམས་འཁྲུགས་པ་དང་། གླེན་པ་དང་། ལྐུགས་པ་དང་། སྙོམས་པར་ཞུགས་པ་དང་། མུ་སྟེགས་ཅན་དང་། འགྲོ་བ་གཞན་དུ་གནས་པ་ལ། ལན་དྲུག་ལས་ལྷག་པར་གོས་བསྒྲུབས་ཏེ་ཐོབ་ཀྱང་ཉེས་བྱས་སུ་འགྱུར་རོ། །གོས་ཀྱི་རྒྱུ་དང་སྤུན་མི་གནང་བའི་ནང་ནས་བླངས་ཀྱང་ ཉེས་བྱས་སུ་འགྱུར་རོ། །སྤང་བའི་ཆོས་གོས་ཀྱི་ཚོགས་ཏེ་བཅུ་ཕུང་དང་པོའོ།། །།སྟན་གྱི་ཚོགས་ལས་བརྩམས་ཏེ། སྲིན་བལ་ལས་སྟན་བྱེད་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མང་པོ་དག་སྲིན་བལ་གྱིས་སྟན་སར་པ་བྱེད་དུ་འཇུག་སྟེ། བྱ་ བ་དང་བྱེད་པ་མང་བས་ཁ་ཏོན་དང་ལུང་འབོགས་པའི་བར་ཆད་དུ་གྱུར་པ་དང་། སྲིན་བལ་གྱི་སྟན་བཟང་པོ་ལ་ཆགས་པས་བཟང་པོ་འདོད་པའི་ཕྱིར་རིན་ཆེ་ཞིང་དཀོན་པའི་མལ་སྟན་ཚོལ་ཞིང་གཞན་ལ་སློང་བས་ན་དེའི་ཕྱིར་སྲོག་ཆགས་མང་པོ་གསོད་པར་གྱུར་པས། ཕྱིས་མུ་སྟེགས་ཅན་རྣམས་དགེ་སྦྱོང་མགོ་ རེག་དེ་ལ་བསོད་སྙོམས་སྦྱིན་པར་སུ་སྤྲོ་ཞེས་མི་སྙན་པར་འཛེར་བ་དགེ་སློང་དག་གིས་སྙན་དུ་གསོལ་ནས། བཀས་སྨྲས་པ། མད་དོ་ཞེས་གསོལ་བ་དང་། གསོ་དཀའ་དགང་དཀའ་བ་ཞེས་སྨྲས་ནས། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ལ་དགའ་བ་དང་ཡོན་ཏན་བསྔགས་ནས་ཡང་དགེ་སློང་གང་ཡང་ཞེས་ འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ། གཞན་ཡང་འདི་དང་འདྲའོ། །སྟན་སར་པ་ཞེས་བྱ་བ་ནི་སར་པ་ལ་རྣམ་པ་གཉིས་ཏེ། སར་པ་ཉིད་སར་པ་དང་། རྙེད་པ་ཉིད་སར་པའོ། །སྐབས་འདིར་སར་པ་ཉིད་ལ་བྱའོ། །སྲིན་བལ་གྱིས་སྟན་ སར་པ་བྱེད་ཅེས་བྱ་བ་ནི་ནང་ཚངས་ཅན་དང་། བཅགས་པའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ཉེས་པ་ནི་སྲིན་བལ་གྱི་ཕུང་པོ་དང་སྒོ་ང་འབྱེད་དམ་འཇིག་གམ་རྨེལ་ཏམ་རྨེལ་དུ་བཅུག་སྟེ། སྟན་མ་ཟིན་བར་དུ་ཉེས་བྱས་སོ། །ཟིན་ ནས་སྤང་བའི་ལྟུང་བའོ། །བྱས་པ་རྙེད་པ་དང་། བྱས་ཟིན་པ་སྤྱོད་པ་དང་། རྙིང་པ་འཆོས་པ་ལ་ཉེས་པ་མེད་དོ། །གཞན་བགྱིད་དུ་སྩལ་བ་དང་། གཞན་གྱི་ཕྱིར་བྱེད་པ་དང་། གཞན་གྱིས་མ་ཟིན་པ་ཟིན་པར་བྱེད་པ་དང་། ཁྱིམ་པ་ལ་བགྱིད་དུ་སྩལ་བ་ཀུན་ཉེས་བྱས་སུ་འགྱུར་རོ། །བསླབ་པ་བྱིན་པ་དང་། དགེ་ ཚུལ་ཕ་དང་། དགེ་ཚུལ་མ་དང་། རྐུན་གནས་ཀྱི་སྲིན་བལ་གྱིས་སྟན་བྱས་ན་ཉེས་བྱས་སུ་འགྱུར་རོ། །འགྲོ་བ་གཞན་དུ་གནས་པ་དང་། མུ་སྟེགས་ཅན་དང་། ཀུན་དུ་རྒྱུ་བ་ལ་སྟན་བྱེད་དུ་བཅུག་ན་ཉེས་བྱས་སོ། །རྒྱུ་དང་སྤུན་གཅིག་རུང་ལ་གཅིག་མི་རུང་བ་འདྲེས་བར་སྟན་བྱེད་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། ། སྲིན་བལ་དང་། ཟར་མའི་བལ་དང་འདྲེས་པར་བྱེད་དུ་བཅུག་པ་དང་། སྲིན་བལ་དང་སེ་བོ་དང་འདྲེས་པར་བྱེད་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། །གདིང་བའི་ཚད་བདེ་བར་གཤེགས་པའི་ཚད་དུ་བྱས་ན་ཉེས་བྱས་སུ་འགྱུར་རོ། །གདིང་བ་ཆེན་པོའི་ཚད་ནི་ཁྲུ་ཕྱེད་དང་ལྔའོ། །ཆུང་ངུ་ནི་ཁྲུ་ཕྱེད་དང་གསུམ་མོ། ། བར་མ་ནི་འབྲིང་ངོ་། །བལ་ནག་པོ་འབའ་ཞིག་ལས་སྟན་བྱེད་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མང་པོ་དག་ལུག་བལ་ནག་པོ་འབའ་ཞིག་ལས་སྟན་བྱེད་དེ་ལུག་བལ་ནག་པོ་ཡང་རིན་ཆེ་ཞིང་རྙེད་དཀའ་སྟེ། ཁྱིམ་བདག་དང་བྲམ་ཟེ་ཀུན་ལ་ཚོལ་ཞིང་ སློང་བས་ལུང་དབོག་པ་དང་བསམ་གཏན་བྱེད་པའི་བར་ཆད་དུ་གྱུར་པས། དོན་ཉུང་བའི་དགེ་སློང་རྣམས་ཀྱིས་སྙན་དུ་གསོལ་ནས། གསོ་དཀའ་བ་དགང་དཀའ་བ་ཞེས་སྨད་ནས། སྦྱངས་པའི་ཡོན་ཏན་པ་དགའ་བ་དང་ཚོད་ཟིན་པའི་ལེགས་པ་བསྔགས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་ཏེ། ཡང་དགེ་སློང་ཞེས་རྩ་བའི་ཚིག་རྣམས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །བལ་ནག་པོ་འབའ་ཞིག་ཅེས་བྱ་བ་ནི་ནག་པོ་ལ་རྣམ་པ་བཞི་སྟེ། རང་བཞིན་གྱིས་ནག་པ་དང་། སྔོན་པོར་བཙོས་པ་དང་། ས་ནག་གི་ནང་དུ་བཙོས་པ་དང་། དྲི་མ་ཅན་ལྟ་བུའོ། །སྐབས་ འདིར་ནི་རང་བཞིན་གྱིས་ནག་པ་ལ་བྱའོ། །ལུག་པ་ལ་ཞེས་བྱ་བ་ནི་སྤུའོ། །སར་པ་ཞེས་བྱ་བ་ནི་གཉིས་ཏེ། གསར་དུ་བྱས་པ་དང་། རྙེད་པ་སར་པའོ། །སྐབས་འདིར་ནི་སར་པ་བྱས་པའོ། །སྟན་ཞེས་བྱ་བ་ནི་ནང་ཚངས་ཅན་དང་། བཅགས་པ་ལ་བྱའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །སྤང་བའི་ལྟུང་ བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ཉེས་པ་ནི་བལ་གྱི་ཕུང་པོ་དང་། ཀེའུ་དང་། ཆུན་པོ་བཤིག་གམ་རྨེལ་ཏེ། སྟན་དུ་བྱས་ན་ལྟུང་བར་འགྱུར་རོ། །གཞན་གྱིས་བྱིན་པ་དང་། བྱས་ཟིན་པ་ལ་སྤྱོད་པ་དང་། རྙིང་པ་འཆོས་པ་ལ་ནི་ཉེས་པ་མེད་དོ། །ཕྲིན་དང་ཕྲིན་ཡིག་གིས་བྱེད་དུ་བཅུག་པ་ནི་ རིམ་པ་གོང་མ་བཞིན་དུ་སྦྱར་རོ། །ཆ་གཉིས་ལས་སྟན་དུ་བྱེད་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་སྔ་མ་བཞིན་དུ་སྟན་ནག་པོ་གཅིག་པུ་བྱེད་དུ་མི་གནང་སྟེ། དེ་ལ་དཀར་པོ་བསྲེས་ཤིག་པར་བཀའ་སྩལ་པ་དང་། དེ་དག་གིས་བཟང་པོ་འདོད་པའི་ཕྱིར་དཀར་པོ་ཅུང་ ཟད་མཚན་མ་ཙམ་ཞིག་བསྲེས་ཤིང་བྱེད་པས་དོན་ཉུང་བའི་དགེ་སློང་རྣམས་འཕྱ་སྟེ། སྙན་དུ་བདས་ནས་རིགས་པ་མ་ཡིན་རུང་བ་མ་ཡིན་ཞེས་སྨད་དེ། དགེ་སློང་སྟན་སར་པ་བྱེད་ན་ཕྱེད་ལུག་བལ་ནག་པོ་འབའ་ཞིག་ལས་ཆུག་ཤིག །བཞི་ཆ་གཅིག་དཀར་པོ་ལས་ཆུག་ཤིག །བཞི་ཆ་གཅིག་འཁོབ་བལ་ལས་ཆུག་ཤིག །དེ་ ལྟར་མ་བྱས་ན་སྤང་བར་འགྱུར་རོ་ཞེས་བསླབ་པའི་གནས་བཅས་སོ། །སྟན་སར་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། གསར་དུ་བྱས་པ་དང་། རྙེད་པ་སར་པའོ། །སྐབས་འདིར་ནི་གསར་དུ་བྱས་པའོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ། ཆོས་འདི་ལ་ཞུགས་པའོ། །སྟན་ཞེས་བྱ་བ་ནི་ནང་ཚངས་ཅན་དང་བཅགས་པ་ལ་བྱ་སྟེ། སྐབས་ འདིར་བཅགས་པ་ལ་བྱའོ། །བྱེད་ཅེས་བྱ་བ་ནི་བདག་གིས་བྱས་པའམ་གཞན་གྱིས་བྱས་པའོ། །གཉིས་ཀྱི་ཆ་ནག་པོ་ལས་ཆུག་ཤིག་ཅེས་བྱ་བ་ནི་བལ་རང་བཞིན་གྱིས་གནག་པའོ། །བལ་ཞེས་བྱ་བ་ནི་སྤུའོ། །བཞི་ཆ་གཅིག་དཀར་པོ་ལས་ཆུག་ཤིག་ཅེས་བྱ་བ་ནི་སྐད་བལ་ལམ་གཉའ་བལ་ལམ་རྩིབ་ལོགས་ ཀྱི་བལ་ལོ། །བཞི་ཆ་གཅིག་འཁོབ་བལ་ཞེས་བྱ་བ་ནི་མགོ་བལ་དང་བརླ་བལ་དང་ལྟོ་བལ་ལ་འཁོབ་བལ་ཞེས་བྱའོ། །མ་བཅུག་ཅེས་བྱ་བ་ནི་མ་བསྲེས་པའོ། །ལུག་བལ་ནག་པོ་འབའ་ཞིག་ལས་སྟན་བྱས་ན་སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། ། དེ་ལ་ཉེས་པ་ནི་དགེ་སློང་གིས་བལ་སྲང་བཅུ་ལས་སྟན་གཅིག་བྱེད་ན་དེ་ལ་ལུག་བལ་ནག་པོ་འབའ་ཞིག་ལས་སྲང་ལྔ་ཆུག་ཤིག །སྲང་ཕྱེད་དང་གསུམ་ནི་བལ་དཀར་པོ་ལས་ཆུག་ཤིག །སྲང་ཕྱེད་དང་གསུམ་ནི་འཁོབ་བལ་ལས་ཆུག་ཤིག །གལ་ཏེ་དགེ་སློང་གིས་ཕྱེད་ལུག་བལ་ནག་པོ་ལས་མ་བཅུག་གམ། བཞི་ཆ་གཅིག་དཀར་པོ་ལས་མ་བཅུག་གམ། བཞི་ཆ་གཅིག་འཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱས་ན་ཟིན་མ་ཐག་ཏུ་སྤང་བའི་ལྟུང་བར་འགྱུར་རོ། །དེ་ལ་བལ་ནག་པོ་སྲང་ཕྱེད་དམ། སྲང་གཅིག་ཙམ་གྱིས་ཁྱེད་པར་བཅུག་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །དེ་ལ་སྲང་བཅུ་པའི་སྟན་ཇི་ལྟ་བ་ བཞིན་དུ་སྲང་ཉི་ཤུ་པའམ། ལྔ་བཅུ་པའམ་བརྒྱ་པ་ཡང་རུང་སྟེ། ཕྱེད་ནག་པོ་བཞི་ཆ་གཉིས་འཁོབ་བལ་དང་དཀར་པོ་བསྲེ་བར་རིག་པར་བྱའོ། །སྟན་སར་པ་བྱས་པ་ལོ་དྲུག་མ་ལོན་པར་སྟན་སར་པ་གཞན་བྱེད་དུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་ དག་མལ་སྟན་ལ་ལོངས་སྤྱོད་དེ་སྟན་དེ་ནི་ཐུང་སྟན་དེ་ནི་རིང་སྟན་དེ་ནི་ཧ་ཅང་ཞེང་ཆུང་། དེ་ནི་ཧ་ཅང་ཞེང་ཆེས་ཞེས་སྔ་མ་བོར་ཞིང་སྟན་སར་པ་འབའ་ཞིག་བྱེད་པས་བྱ་བ་དང་བྱེད་པ་མང་སྟེ། དགེ་བའི་ཕྱོགས་ཉམས་པར་གྱུར་པས་དགེ་སློང་རྣམས་ཀྱིས་སྙན་དུ་གསོལ་ནས། བཅོམ་ལྡན་འདས་ཀྱིས་གསོ་དཀའ་ བ་ཞེས་རྣམ་གྲངས་དུ་མས་སྨད་ནས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ལ་དགའ་བའི་བསྔགས་པ་བརྗོད་དེ། སྟན་རྙིང་པ་དགེ་སློང་གིས་ལོ་དྲུག་གི་བར་དུ་ཆོངས་ཤིག །ལོ་དྲུག་མ་ལོན་པར་སྟན་སར་པ་གཞན་བྱེད་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དེ་ལ་ ལོ་དྲུག་མ་ལོན་པར་སྟན་སར་པ་བྱེད་དུ་རྗེས་སུ་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་འབྲོག་སྐྱེས་ཀྱི་འབྲོག་བཟང་པོ་ན་བཞུགས་སོ། །དེའི་ཚེ་འབྲོག་དེ་ན་ལྷགས་པ་དང་རླུང་ཆེ་བས་ལས་སར་པ་པའི་དགེ་སློང་སྟན་ལོ་དྲུག་ཏུ་མི་ཐུབ་ནས་རྡོལ་བས་ལས་བྱེད་པ་བཏང་ངོ་། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་ལས་སར་པ་ པའི་དགེ་སློང་གང་ཡང་རུང་སྟེ། དེའི་སྟན་ལོ་དྲུག་ཏུ་མི་ཐུབ་པ་དང་། ལོ་དྲུག་ཚུན་ཆད་སྟན་སར་པ་བྱ་བར་དགེ་འདུན་ལ་སྡོམ་པ་གསོལ་ཅིག །དགེ་འདུན་གྱིས་ཀྱང་སྟན་ལེགས་པར་རྟོག་པ་ལ་མི་ཐུབ་པ་དང་། གསོལ་བ་དང་ཞུ་བའི་ལས་ཀྱིས་ལོ་དྲུག་ཚུན་ཆད་སྟན་སར་པ་བྱེད་པའི་སྡོམ་པ་བྱིན་ཅིག །སྟན་སར་པ་ ཞེས་བྱ་བ་ལ་གཉིས་ཏེ། གསར་དུ་བྱས་པ་དང་། རྙེད་པ་སར་པའོ། །སྐབས་འདིར་ནི་གསར་པ་ཉིད་ལ་བྱའོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ། གཞན་ཡང་དེ་དང་འདྲའོ། །སྟན་ཞེས་བྱ་བ་ནི་བཅགས་པ་ལ་བྱའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་བྱས་པའོ། །མི་འདོད་བཞིན་དུ་ཞེས་བྱ་བ་ནི་མ་ དད་པར་ལོ་དྲུག་གི་བར་དུ་ཆོངས་ཤིག་པའོ། །སྟན་རྙིང་པ་ཞེས་བྱ་བ་ནི་སྔ་མ་རྙིང་པ་གང་ཡིན་པའོ། །སྤངས་ཀྱང་རུང་མ་སྤངས་ཀྱང་རུང་སྟེ་སྟན་སར་པ་བྱེད་ཅེས་བྱ་བ་ནི་སར་པའི་གཞན་གཉིས་པ་བྱེད་པའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཞེས་བྱ་བ་ནི་བཀོལ་བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་ སྤངས་ནས་ལྟུང་བ་བཤགས་པའོ། །དགེ་སློང་གིས་ལོ་གང་ལ་སྟན་བྱས་ནས་དེ་ཉིད་ཀྱི་ལོ་ལ་སྟན་ཕྱི་མ་གཉིས་པ་བྱེད་ན་ཉེས་བྱས་སོ། །ཟིན་ན་སྤང་བའི་ལྟུང་བའོ། །སྟན་བྱས་པ་ལས་མ་ཟིན་ཏེ་དེ་ཉིད་བོར་བ་ནི་ཉེས་བྱས་སོ། །དགེ་སློང་ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་། གཞན་གྱི་སླད་དུ་ལོ་དྲུག་ཚུན་ཆད་ དུ་སྟན་བྱེད་དུ་བཅུག་ན་ཉེས་བྱས་སོ། །རྒྱུ་རུང་ལ་སྤུན་མི་རུང་བ་དང་གཉིས་ཀ་མི་རུང་བ་ལས་བྱས་ན་ཉེས་བྱས་སུ་འགྱུར་རོ། །རྐུན་གནས་དང་། སོ་སོར་གནས་པ་དང་། མུ་སྟེགས་ཅན་དང་། འགྲོ་བ་གཞན་དུ་གནས་པ་ལ་བྱེད་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། །གདིང་བ་སར་པ་ལ་རྙིང་པ་མཐོ་གང་གིས་གླན་ པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་རྒྱལ་པོ་ཟས་གཙང་མའི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་ཅན་རྒྱལ་ཐབས་བོར་ནས་རབ་ཏུ་བྱུང་སྟེ། བདུད་རྣམ་པ་བཞི་བཏུལ་ནས་བླ་ན་མེད་པའི་ཡེ་ཤེས་ཐོབ་སྟེ། དབུས་ཀྱི་ཡུལ་དུ་འབྱུང་ངོ་ཞེས་སྒྲ་ཀུན་དུ་ གྲགས་པ། བྱང་ཕྱོགས་ཀྱི་ཚོང་པས་ཐོས་ནས། ཚོང་པ་དེ་དག་སངས་རྒྱས་ལ་བསྙེན་བཀུར་བྱ་བ་དང་ཕྱག་འཚལ་བའི་ཕྱིར་དེར་འོངས་པ་དང་། དེ་ནས་ཁྱིམ་བདག་མགོན་མེད་ཀྱིས་ཚོང་པ་དེ་ཁྲིད་དེ་སངས་རྒྱས་ཀྱི་གམ་དུ་ཕྱག་བྱས་ནས་སླར་འཁོར་ཏེ་དགེ་སློང་གི་གནས་སུ་སོང་བ་དང་། དགེ་སློང་དག་ཉིན་ པར་བསམ་གཏན་བྱེད་པའི་གནས་ན་དགེ་སློང་དག་ཉིན་པར་སྟན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་འདུག་པས། དེ་ལྟར་རྡོལ་ཏོ་ཞེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚོང་པ་ལ་བྱས་ནས་ཚོང་པ་དད་པ་སྐྱེས་ནས་རས་ཡུག་ལྔ་བརྒྱ་སྟན་རྒྱུར་ཕུལ་ལོ། །དགེ་སློང་དག་གིས་སྟན་རྙིང་ པ་རྣམས་བླ་གབ་མེད་པར་ཕྱི་རོལ་དུ་བོར་ཏེ། དགེ་སློང་དག་གྲོང་དུ་ཆོས་སྟོན་ལ་སོང་བའི་འོག་ཏུ་བཅོམ་ལྡན་འདས་མལ་སྟན་བྱུལ་བར་བཞེད་དེ་གཙུག་ལག་ཁང་དུ་བྱོན་པ་དང་ཕྱག་དར་ཁྲོད་ན་སྟན་མང་པོ་ལོང་ལོང་པོར་འདུག་པ་གཟིགས་ནས་ཁྱིམ་བདག་དད་པ་དང་བྲམ་ཟེ་ནི་ཤ་ཁྲག་ཟད་ཟད་དུ་དགེ་སློང་ དག་ལ་སྦྱིན་ན། དགེ་སློང་དག་ནི་ཚོད་མི་ཟིན་པར་སྤྱོད་དོ་ཞེས་སྨད་ནས། སྦྱངས་པའི་ཡོན་ཏན་ལ་དགའ་བ་དང་། ཚོད་ཟིན་པའི་བསྔགས་པ་བརྗོད་ནས། སྟན་སར་པ་བྱེད་ན་སྲ་ཞིང་མི་རྡོལ་བར་བྱ་བ་དང་། སྟན་བཟང་པོ་ལ་ཆགས་པ་མི་སྡུག་པར་བྱ་བའི་ཕྱིར་སར་པ་ལ་རྙིང་པ་མཐོ་གང་གིས་གློན་ཅིག་ ཅེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །སར་པ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ་བྱས་པ་དང་། རྙེད་པ་སར་པའོ། །སྐབས་འདིར་ནི་བྱས་པ་སར་པ་ལ་བྱའོ། །སྟན་ཞེས་བྱ་བ་ནི་གདིང་བའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། ། གདིང་བ་རྙིང་པ་ཀུན་ལ་ཞེས་བྱ་བ་ནི་གལ་ཏེ་སྟན་སར་པ་གཉིས་པ་གཞན་ཡོད་ན་དེ་ལྟར་གྱིས་ཤིག་པའོ། །བདེ་བར་གཤེགས་པའི་མཐོ་གང་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ནི་སྟོན་པ་སྟེ། དེའི་མཐོ་གང་ལ་མི་ཚད་མའི་ཁྲུ་ཕྱེད་དང་དོའོ། །ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གློན་ཅིག་ཅེས་བྱ་བ་ནི་བཟང་པོ་ ལ་ཆགས་པའི་གཉེན་པོ་དང་སྲ་བར་བྱ་བའི་ཕྱིར་རོ་ཞེའོ། །མ་གླན་ཏམ་ཞེས་བྱ་བ་ནི་མ་སྦྱར་བ་ལ་བྱའོ། །ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་མ་གླན་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །གདིང་བ་སར་པ་ལ་རྙིང་པས་མ་གླན་ན་ཐམས་ཅད་དུ་སྤང་བའི་ ལྟུང་བར་འགྱུར་རོ། །གདིང་བ་རྙིང་པ་ཞིགས་ཏེ་གླན་དུ་མི་རུང་ན་མ་གླན་ཀྱང་ཉེས་པ་མེད་དོ། །བདེ་བར་གཤེགས་པའི་སོར་གཅིག་གམ་སོར་ཕྱེད་ཕྲི་སྟེ་གླན་ན་སྤང་བར་འགྱུར་རོ། །གཞན་ལ་སྦྱིན་པ་དང་ཁྱིམ་པ་བགྱིད་དུ་བཅུག་པ་ནི་ཉེས་བྱས་སུ་འགྱུར་རོ། །རྒྱུ་དང་སྤུན་མི་རུང་བ་ཕྲི་བ་འམ་མ་ཕྲི་སྟེ་ གླན་ན་ཉེས་བྱས་སུ་འགྱུར་རོ། །ཕྲིན་དང་ཕྲིན་ཡིག་དང་ལག་བརྡས་བདེ་བར་གཤེགས་པའི་སོར་གཅིག་ཕྲི་སྟེ། བྱད་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། །ལམ་ན་བལ་ཁྱེར་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་འཕགས་པ་དྲུག་སྡེ་པོ་དག་ནང་བགྲོས་པ། ལྷུང་ བཟེད་ནག་པོ་ཅན་སྤྲེའུ་ཚིལ་གྱིས་རྐང་པ་བསྐུས་པ་དེ་དག་ནི་འགྲོ་བ་དང་འོང་བའི་ཚེ་ན་ཡང་རྙེད་པ་བསྒྲུབ་ཅིང་སྐྱེ་བོ་མང་པོ་དགའ་བར་གྱུར་ན། བདག་ཅག་ནི་ཁྲོན་པའི་སྦལ་བ་དང་འདྲ་སྟེ་གར་ཡང་མི་འོང་བས་རྙེད་པ་ཡང་ཉུང་ན་རྙེད་པ་སྒྲུབ་ཅིང་འཕགས་པ་འཆར་བ་པོ་ནི་གཞི་ན་གཙུག་ཁང་སྲུང་དུ་བཞག་ལ་བདག་ཅག་ ལྔ་ནི་བལ་ཡུལ་དུ་རྙེད་པ་སྒྲུབ་ཏུ་འདོང་ངོ་ཞེས་ནས་ཚོང་པ་དག་ཡུལ་དུ་འགྲོ་བ་དང་ལྷན་ཅིག་ཏུ་བལ་ཡུལ་དུ་སོང་སྟེ། སླར་འཁོར་བའི་ཚེ་ལྷན་ཅིག་ཏུ་དོང་དོང་བ་ལས་ཚོང་པ་དག་གིས་ཤིང་རྟ་བལ་གྱིས་གང་བ་ཤིང་རྟ་ཆག་ནས་བལ་ལམ་དུ་བོར་བ་ལས། འཕགས་པ་དྲུག་སྡེ་བལ་བསླངས་ཏེ། བཞིས་ནི་བལ་ཁུར་ རེ་རེ་ཁྱེར། གཅིག་གིས་ནི་བཞི་པོའི་ཡོ་བྱད་རྣམས་ཁུར་ཁྱེར་ཏེ། ཚོང་པ་སྔར་གསེབ་ལམ་དུ་དོང་དོང་བ་ལས། རི་བྲགས་ཀྱི་དགེ་སློང་དང་གྲོང་མི་དག་གིས་མཐོང་ནས། བལ་ལང་གིས་དམག་འོང་ངོ་རི་བྲགས་ཀྱི་གྲོང་མི་རྣམས་འབྲོས་པ་དང་། དགེ་སློང་ཁུར་ཁྱེར་བ་ལ་མུ་སྟེགས་ཅན་དང་བལ་བདག་འཕྱ་ཞིང་། མ་དད་པ་དང་། མཉན་དུ་ཡོད་པར་འོངས་པ་དང་། ཁུར་ཆེན་པོ་ས་ལ་བཞག་པའི་ཚེ་སྒྲ་ཆེན་པོ་བྱུང་བས། དགེ་སློང་རྣམས་མ་དད་ཅིང་འཕྱ་བར་གྱུར་ཏེ་དེ་ལྟར་གྱུར་པ་སྙན་དུ་བདས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་པོ་རྣམས་ལ། ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ་ཞེས་རྨས་ན། བཙུན་པ་མད་དོ་ཞེས་གསོལ་ནས་དགེ་སྦྱོང་གི་བྱ་བ་མ་ཡིན་དགོས་པ་དང་མཐུན་པ་དང་རིགས་པ་མ་ཡིན་ཞེས་སྨད་ནས། དགེ་སློང་གིས་བལ་ལམ་དུ་ཁྱེར་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ལམ་དུ་ཞུགས་ཞེས་བྱ་བ་ནི་མྱ་ ངན་གྱི་ལམ་མམ། སྐྱེ་བོ་མང་པོ་འགྲོ་བའི་ལམ་མོ། །རྙེད་ཅེས་བྱ་བ་ནི་གཞན་ལས་སོ། །ལུག་གི་བལ་ཞེས་བྱ་བ་ནི་སྤུའོ། །དགེ་སློང་དེས་འདོད་ན་ཞེས་བྱ་བ་ནི་གལ་ཏེ་དགོས་པར་འགྱུར་རོ། །ལོང་ཤིག་ཅེས་བྱ་བ་ནི་བླང་བར་བྱའོ། །བླངས་ནས་དཔག་ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་ཅིག་ཅེས་བྱ་བ་ནི་ དཔག་ཚད་གསུམ་ལས་མི་འདའ་བར་བྱ་བའོ། །གཞན་གྱིས་ཁྱེར་བ་མེད་ཅེས་བྱ་བ་ནི་རུང་བར་བྱེད་པའམ་གཡོག་མེད་པའོ། །དེ་ལས་འདས་པར་ཞེས་བྱ་བ་ནི་ཐལ་བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །དགེ་སློང་གིས་བལ་ཁྱེར་ནས་དགོན་ པའི་ལམ་དུ་ཞུགས་ཏེ། རྒྱང་གྲགས་ཕྱེད་དམ་གྲོང་གཅིག་ནས་གཅིག་ཏུ་བྱུང་ན་ཉེས་བྱས་རེ་རེར་འགྱུར་རོ། །རྒྱང་གྲགས་གཅིག་ཏུ་ཕྱིན་ན་སྤང་བའི་ལྟུང་བར་འགྱུར་རོ། །ཞྭ་དང་། ལྷམ་དང་། ལྕག་པོད་ཀྱི་རྒྱུ་ནི་ཁྱེར་ཀྱང་ལྟུང་བ་མེད་དོ། །ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་ཁྱེར་ཡང་ལྟུང་བར་ མི་འགྱུར་བ་ཡང་ཡོད་དེ། ཕྲིན་པ་ལ་བསྐུར་བ་དང་། ཕྲིན་ཡིག་དང་། ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། དམུས་ལོང་རྣམས་ལ་བསྐུར་ན་ཐམས་ཅད་དུ་ཉེས་བྱས་ སུ་འགྱུར་རོ། །བལ་ཁུར་བཅོལ་བ་ལས་སླད་ཀྱིས་མ་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དྲུག་སྡེ་པོ་རྣམས་བལ་ཡུལ་ནས་རྙེད་པའི་བལ་སྔར་ནི་ལྔར་བགོ་བར་ཆད་པ་ལས་སླད་ཀྱིས་འཆར་བས་གཡོ་བྱས་ནས་དྲུག་ཏུ་བགོས་སོ། །དེ་ནས་འཆར་བས་བསམས་ པ་བདག་གིས་བལ་གྱི་སྐལ་བ་འདི་ཁྱིམ་མི་མོ་ལ་བཅོལ་ན་ནི་ཁྱིམ་མི་མོ་ཡང་ཁྲིམས་མེད་པས་བརྐུས་སུའང་། དགེ་སློང་མ་བཅུ་བདུན་སྡེ་ལ་བཅོལ་ན་ནི་བཟའ་བའི་རིན་འོག་ཏུ་བཏང་ཡང་དག་ན་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ནི་འཁོར་དང་བཅས་པར་འདུལ་བ་འཛིན་པ་ཡིན་གྱི་དེ་ལ་བཅོལ་ལོ་སྙམ་དུ་བསམས་ ནས། འཆར་བ་སོང་སོང་བ་དང་སྐྱེ་དགུའི་བདག་མོ་དང་ལམ་དུ་ཕྲད་ནས་འཆར་བས་སྨྲས་པ་བཅོམ་ལྡན་འདས་ཀྱིས་བསོད་ནམས་དང་ལྡན་པ་ནི་བསམས་པ་བཞིན་དུ་འགྲུབ་པོ་ཞེས་གསུངས་པ་ནི་གཞན་དུ་མི་འགྱུར་ཏེ། བདག་ལ་ཡང་བསོད་ནམས་ཡོད་ལྟ་ཞིག །བདག་ལ་བལ་ཉུང་ཞིག་མཆིས་ན་སྐྱེ་ དགུའི་བདག་མོ་ལ་བཅོལ་ལོ་ཞེས་བྱས་པ་དང་། མོ་ན་རེ་དེ་ལྟར་རུང་གིས་ད་ལྟར་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་ཡི་དོ་ནོད་ལེན་པ་བཏང་གིས་སྐུར་ཅིག་ཅེས་བྱས་སོ། །དེ་ནས་དགེ་སློང་མ་གཉིས་ལེན་དུ་བཏང་ན་བལ་ཆུན་པོ་དམ་ཆེས་པས་ཁུར་ལྕི་སྟེ། དགེ་སློང་མ་གཉིས་ཀྱང་ངལ་ཏེ་ཉལ་ཞིང་འདུག་ པ་གཞན་གྱིས་མཐོང་ནས་ཁྱེད་གཉིས་ཅིའི་ཕྱིར་ཉལ་ཞེས་སྨྲས་ན། དེའི་ལོ་རྒྱུས་ཞིབ་ཏུ་དེ་གཉིས་ཀྱིས་སྨྲས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཡང་བལ་མང་པོ་དེ་མཐོང་ནས་བལ་མང་མོད་ཀྱི་སྐྱེས་བུ་དམ་པ་རྣམས་ནི་ཁས་བླངས་པ་རྣམས་ལ་ལྕོགས་པར་བྱ་དགོས། ཡང་ན་ནི་ལེན་དགོས་ཞེས་ནས་འཕྲལ་ལ་སློབ་མ་ རྣམས་ཁ་བཀྲམ་ནས་ཀུན་ལ་བཅོལ་ཏེ་བྱས་ནས་ཟིན་ཏེ་འཆར་བའི་སྟེང་དུ་བསྐུར་ཏེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ལག་པ་ཤིན་ཏུ་དམར་བ་ནི་བཙོ་བླགས་མཁན་གྱི་ལག་པ་དང་འདྲ་བར་གྱུར་པ་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་བའི་ཚེ། བཅོམ་ལྡན་འདས་ཀྱིས་གཟིགས་ནས་བཀས་རྨས་པ་ཇི་ལྟར་གྱུར། འཆར་ བས་བལ་བགྱིད་དུ་སྩལ་ཏོ་ཞེས་གསོལ་ཏོ། །རིགས་པ་མ་ཡིན་ཞེས་སྨད་ནས་བསླབ་པ་བཅས་ནས་ཡང་དགེ་སློང་ཞེས་སྨོས་སོ་དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དེ་དང་འདྲ་བའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་ཕ་མའི་ཟུང་བདུན་རྒྱུད་ཚུན་ཆད་ནི་གཉེན་ཡིན་ནོ། །དེ་ཕན་ཆད་ནི་གཉེན་མ་ཡིན་ནོ། །དགེ་ སློང་མ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ལུག་གི་བལ་ཞེས་བྱ་བ་ནི་སྤུའོ། །འཁྲུར་བཅོལ་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་བཅལ་བ་ཙམ་ཡང་ངོ་། །འཚེད་དུ་བཅོལ་བ་ཞེས་བྱ་བ་ནི་ཐ་ན་ཚོན་གྱི་ནང་དུ་བསུབས་པ་ཙམ་ཡང་ངོ་། །རྨེལ་དུ་བཅོལ་ཞེས་བྱ་བ་ནི་ཐ་ན་ཚུམས་གཅིག་ཙམ་མམ། འདབ་མ་གཅིག་ཙམ་ མོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ཉེས་པ་གང་ཞེ་ན། དགེ་སློང་གིས་གཉེན་མ་ཡིན་པའི་དགེ་སློང་མ་ལ་གཉེན་མ་ཡིན་པར་འདུ་ཤེས་བཞིན་དུ་ལུག་གི་བལ་འཁྲུར་བཅོལ་ན་སྤང་བའི་ལྟུང་བར་འགྱུར་རོ། །འཚེད་དུ་བཅུག་ན་སྤང་བའི་ལྟུང་བར་འགྱུར་རོ། །རྨེལ་དུ་ བཅོལ་ན་སྤང་བའི་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་མ་ཡིན་པའི་འདུ་ཤེས་སམ་ཐེ་ཚོམ་ཟ་བཞིན་དུ་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མ་གཉེན་མ་ལགས་པ་ལ་ཕྲིན་དང་ཕྲིན་ཡིག་དང་། ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བཅོལ་བ་ནི་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མ་སྨྱོན་མ་དང་། ནད་ཀྱིས་གཟིར་བ་དང་། སེམས་འཁྲུགས་པ་དང་། གླེན་པ་དང་། ལྐུགས་པ་དང་འོན་པ་ལ་འཁྲུར་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་དང་། ཁྱིམ་མི་མོ་ལ་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་པ་དང་། བསླབ་པ་བྱིན་པ་ལ་འཁྲུར་བཅོལ་ན་སྤང་བའི་ལྟུང་ བར་འགྱུར་རོ། །མི་རུང་བ་དང་འདྲེས་པ་ནི་རྔ་མོའི་བལ་དང་། རའི་བལ་དང་རི་དགས་ཀྱི་བལ་དང་འདྲེས་པ་ཞིག་འཁྲུལ་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །གཞན་གྱི་བལ་ཞིག་འཁྲུར་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་འཁྲུར་བཅོལ་བ་དང་། དགེ་སློང་མ་དང་། དགེ་ཚུལ་མ་དང་། དགེ་བསྙེན་མ་དང་། ཁྱིམ་པ་མོ་དང་། མུ་སྟེགས་ཅན་དང་། འགྲོ་བ་གཞན་དུ་གནས་པ་ལ་འཁྲུར་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །ས་ལེ་སྦྲམ་ལེན་དུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པའི་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་ རྒྱལ་པོའི་ཁབ་ན་བློན་པོ་དང་གྲོང་དཔོན་གཙུག་ན་ནོར་བུ་ལ་སོགས་པ་དཔོང་སར་ཚོགས་ནས་རྟོག་ཅིང་དཔྱོད་པ་ལ་ཞུགས་ཏེ། ལ་ལ་ན་རེ་ཤཱཀྱའི་དགེ་སྦྱོང་དག་ལ་གསེར་རུང་ངོ་ཞེས་ཟེར་རོ། ལ་ལ་ནི་མི་རུང་ངོ་ཞེས་ཟེར་རོ། །ལ་ལ་ན་རེ་གསེར་དངུལ་སུ་ལ་རུང་བ་དེ་ལ་ནི་འདོད་པའི་ཡོན་ཏན་ལྔ་དང་ཤིང་རྟ་ལ་སོགས་ པ་ཡང་རུང་ངོ་། །ཞེས་ཟེར་ན་དེ་ཅི་འདྲ་བ་ཞུ་བའི་ཕྱིར་གྲོང་དཔོན་གཙུག་ན་ནོར་བུས་ཆེད་དུ་སོང་སྟེ་སངས་རྒྱས་ལ་ཞུས་ནས། བཀའ་སྩལ་པ། གསེར་དངུལ་ནི་དགེ་སྦྱོང་ལེན་དུ་མི་རུང་ངོ་། །ཤིང་རྟ་ལ་སོགས་པ་ཡོན་བདག་གིས་ཕུལ་བ་ནི་ལེན་དུ་རུང་ངོ་ཞེས་གནང་བ་དང་། ཁྱིམ་བདག་སོང་གི་འོག་ཏུ་གསེར་ དངུལ་ལེན་དུ་མི་གནང་ངོ་ཞེས་བཀའ་ནི་སྩལ་ན་འདུལ་བ་ལ་བསླབ་པའི་གནས་མ་བཅས་སོ། །སླད་ཀྱིས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་དགེ་སློང་དྲུག་སྡེ་པོ་རྣམས་རང་གི་ལག་གིས་ས་ལེ་སྦྲམ་དང་། དངུལ་ལེན་ཅིང་ལེན་དུ་འཇུག །ཕུང་པོ་གཅིག་དང་། ཕུང་པོ་གཉིས་དང་། ཕུང་ པོ་དུ་མར་བྱེད། སྟན་གྱི་སྟེང་དང་ཁྲི་སྟེང་སྐྱེད་ཅིང་འཇོག་པས་ན། མུ་སྟེགས་ཅན་རྣམས་ཀྱང་དགེ་སློང་འདི་དག་ཁྱིམ་པ་དང་ཁྱད་པར་ཅི་ཡོད། བསམ་པ་ནི་ཅི་ཐ་དད་ཅེས་འཕྱ་ཞིང་མི་སྙན་པར་འཛེར་ཏོ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་སྙན་དུ་གསོལ་ནས། བཀས་དྲུག་སྡེ་པོ་ལ་རྨས་ན། མད་ དོ་ཞེས་གསོལ་ནས་རུང་བ་མ་ཡིན་ཞེས་བྱ་བ་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། ས་ལེ་སྦྲམ་ལེན་དུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་པོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་གིས་འཛིན་པས་སོ། །ས་ལེ་སྦྲམ་ཞེས་བྱ་བ་ནི་གསེར་ དང་དངུལ་ལོ། །ལེན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་བཅུག་ཅེས་བྱ་བ་ནི་གཞན་ལའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ཉེས་པ་ནི་འདི་ནས་ལོང་འདི་སྙེད་ཅིག་ལོང་། འདི་སྙེད་ཅིག་ཁྱེར་ཤོག་ཅེས་བསྒོ་བའི་ཚེ་ན་ནི་ཉེས་བྱས་སོ། །བླང་ན་ནི་སྤང་བའི་ལྟུང་བར་ འགྱུར་རོ། །དགེ་སློང་གིས་གསེར་དང་དངུལ་ལ་རེག་ན་སྤང་བའི་ལྟུང་བར་འགྱུར་རོ། །ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་ལ་རེག་ན་རེ་རེས་ཀྱང་སྤང་བའི་ལྟུང་བར་འགྱུར་རོ། །ཟངས་དང་ལྕགས་དང་། རོ་ཉེ་དང་ཚོན་མོ་སྟེང་ལ་རེག་ན་ཉེས་པ་མེད་དོ། །དེ་ལ་གསེར་དངུལ་རྗེས་སུ་གནང་བ་ནི་བཅོམ་ལྡན་འདས་ མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་ཡུལ་ཙམ་པ་ན་ཁྱིམ་བདག་བསམ་པ་དགེ་བ་ཞིག་གིས་གཙུག་ལག་ཁང་ཞིག་བརྩིགས་ནས་དགེ་སློང་མང་ཞིག་སྤྱན་དྲངས་ཏེ། དབྱར་ཟླ་བ་གསུམ་ཚུལ་དུ་ཞུགས་སོ། །དེ་ནས་དབྱར་ཟླ་བ་གསུམ་འདས་ནས་ཚུལ་ནས་བྱུང་སྟེ་མཉན་དུ་ཡོད་པར་སངས་རྒྱས་གྱི་ཞབས་ ལ་ཕྱག་འཚལ་དུ་དོང་བའི་ཚེ་ཁྱིམ་བདག་ལ་གོས་བསླངས་ན་གོས་འཕྲལ་དུ་མ་འབྱོར་ནས་གོས་རིན་ཀཱར་ཥཱ་པ་ཎ་བྱིན་ན་སྟོན་པས་མ་གནང་ནས་མ་བླངས་སོ། །མ་བླངས་པ་དགེ་སློང་དག་ལ་བྱས་པ་དང་། དགེ་སློང་གིས་སྙན་དུ་གསོལ་ཏེ། ཁྱིམ་བདག་དད་པས་བྱིན་ན་དགེ་སློང་དག་གིས་ལེན་དུ་རུང་ བར་ཐུགས་རྗེས་དགོངས་ཏེ། ལོང་ཤིག་བླངས་ནས་སྦྱིན་བདག་གིས་བསྔོས་ཏེ་ཚོངས་ཤིག་ཡང་ན་ཀུན་དགའ་ར་བ་པའམ། དགེ་བསྙེན་ལ་ཞོག་ཤིག། ཡོན་བདག་མ་ཤིའི་བར་དུ་ཡོན་བདག་ལ་བསྔོར་རུང་ངོ་། །ཡོན་བདག་ཤིའམ་ཡོན་བདག་མེད་ན་གསེར་དངུལ་དགེ་སློང་གཅིག་གི་མདུན་དུ་ཞོག་ལ་དངོས་ པོ་རུང་བ་མ་ཡིན་པ་འདི་བདག་གིས་རྙེད་དེ། རུང་བ་མ་ཡིན་པ་འདིས་རུང་བའི་གོས་ཤིག་བསྒྲུབ་པོ་ཞེས་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དགེ་སློང་གིས་ཕྲིན་དང་ཕྲིན་ཡིག་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལེན་དུ་བཅོལ་ན་ཉེས་བྱས་སུ་འགྱུར་རོ། །ཕ་རོལ་སྨྱོན་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་ལ་གསེར་དངུལ་ལེན་དུ་བཅུག་ཀྱང་རུང་སྟེ་ཉེས་བྱས་སུ་འགྱུར་རོ། །གསེར་དངུལ་བླངས་ཀྱང་ཉེས་པར་མི་འགྱུར་བ་ཡོད་དེ། བདག་གིར་བྱ་བའི་སེམས་མེད་དེ། གཞན་ལ་སྦྱིན་པར་བསམ་པ་དང་མི་རུང་བས་རུང་བའི་དངོས་པོ་གཞན་བཙལ་ལོ་སྙམ་མོ། །མཚན་མ་ བཏབ་པ་ཡོ་བྱད་དུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བྱང་ཕྱོགས་ཀྱི་ཚོང་པ་ལ་གཅེར་བུ་པས་ལུང་བསྟན་པ་དང་། འདིར་ནི་སྔར་གཏམ་ཐོས་པའི་ཉན་ཐོས་ཀྱི་དགེ་འདུན་ཡིན་ནོ་སྙམ་ནས་དེ་ལ་ཚོང་པས་བྱང་ཕྱོགས་ཀྱི་ཤིང་ཏོག་དང་ལ་བ་བཟང་པོ་ཞིག་ བྱིན་ནོ། །དེའི་གྲོགས་དག་གིས་ཛེ་ཏའི་ཚལ་དུ་ངོམ་དུ་བཏང་བ་དང་། བསྙེན་དགའ་བོ་ཛེ་ཏའི་སྒོ་ན་འདུག་པས་ཆོས་བཤད་དེ་བདག་གི་ལ་བ་ངན་པ་དང་བརྗེས་པ་དང་། དེ་ནས་གཅེར་བུ་པའི་གྲོགས་པོ་དག་གིས་འདུག་ཏུ་མ་སྟེར་ཏེ་ནན་ཐུར་ཆེར་བྱས་ནས་ཕྱིར་ལེན་དུ་བཅུག་པ་དང་། མ་སྟེར་ནས་སངས་རྒྱས་ལ་ གསོལ་པ་དང་། མ་བྱིན་ན་ཁྲག་གིས་སྐྱུགས་ཏེ་འཆི་བས་སླར་བྱིན་ཅིག་པར་བཀས་གཏད་དེ་དེས་ཁྱིམ་ཕྱགས་ནས་སླར་བྱིན་ནོ་དེ་ལྟར་མཚན་མ་བཏབ་པས་བཟང་ངན་བརྗེས་པ་དག་བྱུང་མོད་ཀྱི་བསླབ་པ་མ་བཅས་སོ། །སླད་ཀྱིས་མཉན་དུ་ཡོད་པ་ན་དགེ་སློང་དྲུག་སྡེ་པོ་རྣམས་མཚན་མ་བཏབ་པ་རྣམ་པ་ སྣ་ཚོགས་ལ་སྤྱོད་ཅིང་སྤོགས་བྱེད་དེ། སྐྱེད་གཏོང་བུན་འགྱེད་ལྷག་ཚོལ་གསེར་དངུལ་བརྡུངས་པ་དང་། མ་བརྡུངས་པ་གཉིས་བརྗེ་ཞིང་སྤོགས་བྱེད། འབྲས་བུ་དང་ནས་གསར་ཏོག་གཉིས་ལས་གསུམ་མམ། གཅིག་ལས་གཉིས་སུ་བུན་འགྱེད་པ་དང་། དུང་གིས་མུ་ཏིག་བརྗེ་བ་དང་། མུ་ཏིག་གིས་ ནོར་བུ་རིན་པོ་ཆེ་བརྗེ་བར་ལྷག་ཚོལ། དེ་ལྟར་བྱེད་པས་ན་མུ་སྟེགས་ཅན་རྣམས་འཕྱ་ཞིང་སྨོད་པས་དགེ་སློང་རྣམས་ཀྱིས་སྙན་དུ་གསོལ་ཏེ། ད་སླན་ཆད་མཚན་མ་བཏབ་པ་རྣམ་པ་སྣ་ཚོགས་ལ་སྤྱོད་ཅིང་བཟང་ངན་བརྗེར་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་པོ་ སྟེ་གཞན་ཡང་དེ་དང་འདྲ་བའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །མཚན་མ་བཏབ་པ་ལ་སྤྱོད་པར་བྱེད་ཅེས་བྱ་བ་ནི་སྤོགས་བྱེད་པ་དང་། སྐྱེད་གཏོང་བ་དང་། བུན་འགྱེད་པ་དང་། ལྷག་ཚོལ་བའོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །དགེ་སློང་གིས་ གསེར་དངུལ་ལམ། ཡུལ་ཕྱོགས་སུ་བྲིན་པའི་རྫས་གང་ཡང་རུང་བ་དང་། ནས་འབྲས་སྐྱེད་དང་བུན་འགྱེད་པའི་ཚེ་ན་ནི་ཉེས་བྱས་སུ་འགྱུར་རོ། །སྤོགས་དང་། ཁེ་བདག་གི་ལག་པར་ཐོབ་ན་སྤང་བའི་ལྟུང་བར་འགྱུར་རོ། །དཀོན་མཆོག་གསུམ་གྱི་ཕྱིར་རམ་བུ་ལོན་གྱི་འོག་ཏུ་བསབ་པའམ་གཞན་ ལ་སྦྱིན་པ་ནི་ཉེས་པ་མེད་དོ། །ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ། ནོར་སྣ་ཚོགས་སྤོགས་བྱེད་པ་ནི་ཉེས་བྱས་སུ་འགྱུར་རོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་དང་འགྲོ་བ་གཞན་དུ་གནས་པ་དང་། ལྷན་ཅིག་ ཏུ་ནོར་ལྷག་སྤོགས་བྱེད་ན་ཉེས་བྱས་སོ། །མི་ལ་མིར་འདུ་ཤེས་ན་སྤང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན་ཉེས་བྱས་སོ། །མི་མ་ཡིན་པ་ལ་ཡང་དེ་བཞིན་ནོ། །བསྙེན་པར་རྫོགས་ཁ་དང་བསྙེན་པར་མ་རྫོགས་པ་ན་བཏང་ཡང་ཉེས་བྱས་སོ། །ནོར་སྣ་ཚོགས་ལ་སྤོགས་བྱས་ཀྱང་ཉེས་པར་ མི་འགྱུར་བ་ཡང་ཡོད་དེ་རིན་ཐང་འདྲ་མཚུངས་པར་བརྗེས་པའོ། །དགེ་སློང་ལ་སྤང་བར་འགྱུར་བ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་དེ་བཞིན་ནོ། །དགེ་སློང་མ་དང་དགེ་ཚུལ་ཕོ་མོ་ལ་ཡང་དེ་བཞིན་ནོ། །བསླབ་པའི་གནས་འདིར་ཇི་ལྟ་བ་བཞིན་དུ་ཉོ་ཞིང་འཚོང་བ་ལ་ཡང་དེ་བཞིན་དུ་སྦྱོར་ ཅིག །ཉོ་ཚོང་བྱེད་དུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དྲུག་སྡེ་པོ་རྣམས་སྔར་མཚན་མ་བཏབ་པས་སྤོགས་བྱེད་ཅིང་དངོས་སྐྱེད། གཉིས་ཀ་ལེན་པར་མི་གནང་བས་ན་ཉོ་ཞིང་ཚོང་བྱེད་པ་ལ་ཞུགས་ཏེ། དངོས་ནི་རིན་འོག་ཏུ་ཐལ་ བྱུང་དུ་གཏོང་ཞིང་སྤོགས་བྱེད་དེ་ཇི་ལྟར་ན་ཉོ་ཞིང་འཚོང་ཞེ་ན། ནམ་རིན་ཐང་ཆུང་བ་དེ་ན་ཉོས་ཏེ་བཞག་ནས་ནམ་རིན་ཆེ་བ་དེ་ན་འཚོང་བའོ། །ལོ་ལེགས་པའི་ཚེ་ནི་ཉོས་ཏེ་བཞག་ནས་ནམ་ལོ་ཉེས་ཤིང་རིན་ཆེ་བའི་ཚེ་ནི་ཕར་འཚོང་བར་བྱེད་དེ། དེ་ལྟར་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་པས་ན་མུ་སྟེགས་ ཅན་རྣམས་འཕྱ་ཞིང་སྨོད་དེ། དགེ་སློང་ཤཱཀྱའི་བུ་རྣམས་སྐྱོ་ཞིང་ཆོག་མི་ཤེས་པ་དེ་དག་ཁྱིམ་པ་སྐྱ་བོ་དང་ནི་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅིས་ཐ་དད་ཅེས་མི་སྙན་པར་ཟེར་བ་དེ་དགེ་སློང་དག་གིས་སྙན་དུ་གསོལ་ཏོ། །དྲུག་སྡེ་རྣམས་དེ་ལྟར་བྱེད་པ་བདེན་ནམ་ཞེས་རྨས་པ་དང་། མད་དོ་ཞེས་གསོལ་ ནས་དགེ་སྦྱོང་གི་བྱ་བ་མ་ཡིན་རིགས་པ་མ་ཡིན་ཞེས་སྨད་ནས་ཉོ་ཚོང་བྱེད་དུ་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་པོ་སྟེ་གཞན་ཡང་དེ་དང་འདྲའོ། །རྣམ་པ་མང་པོ་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །ཉོ་བ་དང་འཚོང་བར་བྱེད་ཅེས་བྱ་བ་ནི་ཀུན་དུ་སྤྱོད་པའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ ནི་དངོས་པོ་སྤངས་ནས་ལྟུང་བ་བཤགས་པར་བྱའོ། །ལྟུང་བ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་ཁེའི་ཕྱིར་འཚོང་། ཁེའི་ཕྱིར་ཉོ་ན་ཉོ་བའི་ཚེ་ཉེས་བྱས་སོ། །བཙོངས་ཏེ་རིན་ཐོབ་ན་སྤང་བའི་ལྟུང་བའོ། །ཁེ་མི་འདོད་པའི་ཕྱིར་ཉོ་ཚོང་བྱེད་ན་ལྟུང་བ་མེད་དོ། །གཞན་ལ་སྦྱིན་པའམ་བུ་ལོན་ཆགས་པའི་ ཕྱིར་བསབ་པ་ལ་ཉོ་ཚོང་བྱས་པ་ནི་ལྟུང་བ་མེད་དོ། །དགེ་འདུན་གྱི་ཕྱིར་ཉོ་ཚོང་རྗེས་སུ་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱི་ཁང་བུ་བརྩེགས་པ་ན་བཞུགས་སོ། །དེའི་ཚེ་ན་བྱང་ཕྱོགས་ཀྱི་ཚོང་པ་སྔོན་ཆད་གཙུག་ལག་ཁང་དག་མ་མཐོང་བས་དེའི་གཙུག་ལག་ཁང་ཆེན་པོ་ཞིག་འདུག་པ་གསར་དུ་ མཐོང་ནས་དེ་ན་དགེ་སློང་འཁོད་པ་དག་ལ་འཕགས་པ་དག་ལ་བདག་གིས་བཤོས་གསོལ་ན་བདག་ཅག་གསར་དུ་ལྷགས་པས་འབྲས་མ་མཆིས་ཀྱིས་ཟོང་གིས་འབྲས་འཇལ་ལོ་ཞེས་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་ཉོ་ཚོང་མ་གནང་ངོ་ཞེས་མ་བྱིན་པ་དང་སྙན་དུ་བདས་ཏེ་དགེ་འདུན་གྱི་ཕྱིར་འབྲས་ཚོང་ལ་རིན་ལོང་ ཤིག་ཅེས་བཀའ་སྩལ་ཏོ། །དེ་ལྟ་བུ་གསོལ་བ་མང་སྟེ་དེ་བཞིན་དུ་སྦྱིན་པས་དགེ་འདུན་བཤོས་ཆད་པར་གྱུར་ཏེ། བཀའ་སྩལ་པ། ཟོང་གིས་འབྲས་གསར་བ་ཉོས་ལ། རྙིང་པ་ཀུན་ཚོང་གྱིས་ཤིག་ཅེས་རྗེས་སུ་གནང་ངོ་། །སྤང་བ་ཉི་ཤུ་པ་རྫོགས་སོ།། །།སྤང་བའི་བཅུ་ཕུང་ཐ་མ་ལྷུང་བཟེད་ལྷག་ མ་བཅང་དུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བསྙེན་དགའ་བོས་འདི་སྙམ་དུ་བསམས་སོ། །མགོན་མེད་ཟས་སྦྱིན་གྱིས་སྙན་དུ་གསོལ་ནས་བསླབ་པའི་གནས་བཅས་ཏེ། །རྙེད་པ་ཡང་རབ་ཏུ་ཉུང་ནས་མི་དགའ་སྟེ། ཁང་ཐོག་ཏུ་འཛེགས་ཏེ་བལྟས་ནས་སྐྱེད་མོས་ ཚལ་ན་སུན་ཟིན་པ་དྲུག་ཅུ་འདུས་ཤིང་འཁོད་པ་མཐོང་ནས་དེར་རྙེད་པ་ཞིག་མ་གྲུབ་ན་བདག་གི་མིང་བསྙེན་དགའ་བོ་ཞེས་མི་བྱ་མོད་སྙམ་དུ་བསམས་ནས་དེར་སོང་སྟེ་དེ་དག་ལ་ཆོས་བཤད་དེ་དད་པར་བྱས་པ་དང་། དེ་ན་གཅིག་ན་རེ་འཕགས་པ་ལ་ཡོན་ཞིག་འབུལ་ན་ཅི་མཁོ་ཞེས་བྱས་པ་དང་། བདག་ལ་ལྷུང་བཟེད་མཁོའོ་ ཞེས་བྱས་སོ། །ལྷུང་བཟེད་ནི་མ་མཆིས་ན་ཟོང་ཞིག་འབུལ་ན་ཇི་ཙམ་རི། ཀཱར་ཥཱ་པ་ཎ་དྲུག་ཅུ་རིའོ་ཞེས་བྱས་པ་དང་། དེས་ཀཱར་ཥཱ་པ་ཎ་དྲུག་ཅུ་བྱིན་ན་གཞན་ལ་ཡང་དེའི་ཐད་དུ་ཕབ་ནས་ཁྱེར་བ་དང་། ཕྱིས་སུ་ན་ཟིན་པ་རྣམས་ཀྱིས་བསོད་སྙོམས་པ་ཞིག་ལ་དགེ་སློང་ལ་ལྷུང་བཟེད་དུ་དགོས་ཞེས་སྨྲས་པ་དང་། གཅིག་ལས་མི་དགོས་སོ་ཞེས་སྨྲས་པ་དང་། དགེ་སྦྱོང་ཤཱཀྱའི་བུ་ནི་འདོད་པས་གཟིར་བ་ཞེས་དེ་དག་འཕྱའོ། །དེ་བྱུང་ཡང་དེའི་མོད་ལ་བསླབ་པ་མ་བཅས་སོ། །སླད་ཀྱིས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་པོ་རྣམས་ལྷུང་བཟེད་མང་དུ་རྙེད་ཅིང་ཐོབ་པ་རྣམས་བསོགས་ཏེ་བདག་ ཅག་ཉིད་ཀྱང་མི་སྤྱོད་གཞན་ཡང་སྤྱོད་དུ་མི་སྟེར་ཏོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། དྲུག་སྡེ་པོ་རྣམས་ལ་བཀས་རྨད་ན། མད་དོ་ཞེས་གསོལ་ནས། དགེ་སློང་གི་བྱ་བ་མ་ཡིན་རིགས་པ་མ་ཡིན་ཞེས་སྨད་ནས། ཞག་བཅུ་ལས་ལྷུང་བཟེད་ལྷག་མ་འཆང་དུ་མ་གནང་བར་བཅས་སོ། །དགེ་སློང་ཞེས་བྱ་ བ་ནི་དྲུག་སྡེ་པོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ལྷུང་བཟེད་ལྷག་མ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལས་ལྷག་པའོ། །ཆོངས་ཤིག་ཅེས་བྱ་བ་ནི་ཞག་བཅུའི་བར་དུ་བདག་གིར་བཅངས་པའོ། །དེ་ལས་འདས་པར་བཅངས་ན་ཞེས་བྱ་བ་ནི་ཞག་བཅུ་ལས་ཐལ་བའོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤངས་ ནས་ལྟུང་བ་བཤགས་པར་བྱའོ། །ལྟུང་བར་འགྱུར་བ་གང་ཞེ་ན་དགེ་སློང་གིས་ཚེས་གཅིག་གི་ཉིན་པར་ལྷུང་བཟེད་ལྷག་མ་ཞིག་རྙེད་ན་ཞག་བཅུ་ཚུན་ཆད་བྱིན་གྱིས་རློབས་ཤིག །ཡང་ན་གཞན་དུ་སྐུར་ཅིག །ཡང་ན་གཞན་ལ་བྱིན་ཅིག །དེ་ཚུན་ཆད་དུ་མ་བསྐུར་རམ་གཞན་ལ་མ་བྱིན་ནམ། ཡང་ན་སྔ་མ་སྤངས་ཏེ་ཕྱི་མ་བྱིན་གྱིས་མ་བརླབས་ན་ཚེས་བཅུ་གཅིག་གི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་ལྷག་པ་དེ་སྤང་བར་བྱ་བ་མ་སྤངས། ཉེས་པ་མ་བཤགས་ན། དེ་ཚུན་ཆད་ཡོ་བྱད་ཅི་སྙེད་པ་ཀུན་སྔ་མའི་རྒྱུན་གྱིས་སྤང་བའི་ལྟུང་བར་འགྱུར་རོ། ། ཞག་བཅུ་ལས་ལྷུང་བཟེད་ལྷག་པར་བཅངས་ཀྱང་ཉེས་པ་མེད་དེ། དགེ་སློང་གཞན་གྱིས་ལྷུང་བཟེད་བསྐུར་བའོ། །ལྷུང་བཟེད་ཚད་ལས་ཆེས་པ་དང་། ཆུང་བ་དང་། མ་བསྲེགས་པ་དང་དཀར་པོ་བཅངས་ན་ཉེས་བྱས་སོ། །དགེ་སློང་སྨྱོས་པའི་ཚེ་ཞག་ཐལ་བ་ཉེས་པ་མེད་དོ། །ཕྲིན་དང་ ཕྲིན་ཡིག་དང་ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ཀྱང་ཉེས་བྱས་སུ་འགྱུར་རོ། །ལྷུང་བཟེད་གཅིག་ལས་ལྷག་པ་མེད་ཀྱང་སྤང་བར་འགྱུར་བ་ཡོད་དེ། ལྷུང་བཟེད་བྱིན་གྱིས་མ་བརླབས་པ་བཅངས་པའོ། །ཚེས་གཅིག་ལ་བཅངས་ཀྱང་ ཉེས་པ་མེད་དེ་ཞག་བཅུ་ཚུན་ཆད་ཀྱིས་ཤི་བའོ། །ལྷུང་བཟེད་སྤྱད་བཟོད་པ་ཡོད་བཞིན་དུ་ལྷག་པར་བཟང་པོ་ཚོལ་དུ་མི་གནང་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་མཉན་དུ་ཡོད་པ་ན་སྤོས་འཚོང་བའི་ཁྱེའུ་ཞིག་གནས་ཏེ། དེའི་ཚོང་འདུས་ན་ལྷུང་བཟེད་སྤྱད་ བཟོད་པ་བཟང་པོ་ཞིག་ཡོད་དེ། ཁྱེའུ་དེས་ནང་པར་སྔར་དགེ་སློང་བསོད་སྙོམས་པ་ཞིག་དེར་འོངས་པ་ལ་ལྷུང་བཟེད་བཙོངས་ན་མ་འདོད་དོ། །ཛེ་ཏའི་ཚལ་ན་དགེ་སློང་གནས་པ་ལྷུང་བཟེད་ཉོ་བ་ལྟ་ཡོད་ན་དེར་བཏང་དུ་བཅོལ་ཞེས་གསོལ་ཏོ། །དགེ་སློང་དེས་ཀྱང་དགེ་སློང་དག་ལ་ལྷུང་བཟེད་དེ་འདྲ་བ་ཞིག་ཡོད་ཅེས་ གཏམ་བྱས་པ་དང་། བསྙེན་དགའ་བོས་ཐོས་ནས་དེས་གཞན་ལ་བྱས་སུ་དོགས་ནས་གཞན་གྱིས་མི་ཐོས་པར་བྱ་བའི་ཕྱིར། ཁྱོད་དེ་ལྟ་བུའི་བྱ་བ་འབའ་ཞིག་བྱེད་ཅིང་ཐན་སྐྱེལ་ཏམ་