Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 155
Văn bản gốc(Tây Tạng)
Trang 7 / 17 (50.000 ký tự/trang)
མལ་སྟན་བྱུལ་བ་དང་། ཀྱེ་མའོ་ཡོན་བདག་དད་པ་ནི་ཤ་ཁྲག་ཟད་ཟད་དུ་སྦྱོར་ཞིང་སྦྱིན་ན་དགེ་སློང་རྣམས་ནི་ཚོད་མི་ཟིན་པར་སྤྱོད་དོ་ཞེས་ནས། མལ་སྟན་དང་ཁྲི་རྣམས་བཅོམ་ལྡན་འདས་ཕྱག་དར་ཏེ་ནང་དུ་བསྡུས་སོ། །ཕྱིས་དགེ་སློང་དག་ལྷགས་པ་དང་ སླན་ཆད་མལ་སྟན་མ་བསྡུས་པར་གྲོང་དུ་འགྲོར་མི་གནང་བར་བསླབ་པ་བཅས་སོ། །དགེ་འདུན་ཞེས་བྱ་བ་ནི་ཕྱོགས་བཞིའི་དགེ་འདུན་ནོ། །ཁྲིའམ་ཁྲིའུ་ཞེས་བྱ་བ་ནི་དངོས་སུ་ཟད་དོ། །སྟན་ནང་ཚངས་ཅན་ནི་ཤིང་བལ་གྱིས་བཀང་བའོ། །གོར་བུ་ཞེས་བྱ་བ་ནི་ཁྲིའུ་གཡོགས་པའོ། །བླ་གབ་མེད་པ་ཞེས་བྱ་བ་ ནི་སྟེང་མ་གཡོགས་པའོ། །གདིང་ངམ་ཞེས་བྱ་ནི་བདག་གིས་སོ། །གདིང་དུ་བཅུག་ཅེས་བྱ་བ་ནི་གཞན་ལའོ། །མ་བརྟུལ་ཞེས་བྱ་བ་ནི་བདག་གིས་སོ། །བརྟུལ་དུ་མ་བཅུག་ཅེས་བྱ་བ་ནི་གཞན་ལའོ། །དེ་ནས་སོང་ཞེས་བྱ་བ་ནི་ཉེ་འཁོར་ལས་སོང་བའོ། །དེ་འདྲའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་ཁྱིམ་པ་གཉིས་ཤིག་ཁོ་ན་ ཡོད་པ་ལས་མཐུ་ཆུང་བ་དེ་རབ་ཏུ་བྱུང་སྟེ་ལྗོངས་རྒྱུ་ཞིང་བྲོས་ཏེ་སོང་བ་ལས་ནུབ་མོ་ལྷ་ཁང་ཞིག་ཏུ་དགོངས་དེར་མལ་སྟན་དག་བརྙས་ནས་ཉལ་ལོ། །ནང་པར་བདག་ནི་འགྲོ་ཞེས་མལ་སྟན་དག་གཏད་པ་ལས་རིང་དུ་ཐོགས་ནས། ཁྱིམ་བདག་དེས་བསྙགས་པས་སླེབ་པ་དང་བརྡེགས་པ་སྙན་དུ་བདས་ཏེ་དེ་ལྟ་ བུའི་ཉེས་པ་བྱུང་བ་དང་བར་ཆད་ཆེན་པོ་བརྒྱད་ལ་སོགས་པ་བྱུང་ན་མ་བརྟུལ་བར་སོང་ཡང་ཉེས་མེད་ཅེའོ། །མལ་སྟན་མ་རུང་བར་གྱུར་པ་རྣམ་པ་གཉིས་ཏེ། རླུང་དང་ཆར་དང་ཉི་མའོ། །དགེ་སློང་གིས་གང་ཟག་ལྔ་ལ་སྟན་བཅོལ་བར་མི་བྱ་སྟེ། ངོ་ཚ་མེད་པ་དང་ཁོན་ཡོད་པ་དང་། རྒས་པ་དང་ ནད་པ་དང་། བསྙེན་པར་མ་རྫོགས་པ་ཐམས་ཅད་ལའོ། །གདིང་བ་མ་བསྡུས་པར་འགྲོ་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ལྷོ་ཕྱོགས་ནས་དགེ་སློང་གཉིས་ཤིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་བ་མཉན་དུ་ཡོད་པར་ཕྱིན་ཏེ། དེར་དགེ་སློང་རྒན་པོ་ནི་མལ་སྟན་དང་གནས་ཁང་ཡང་ ཐོབ་པོ། །དགེ་སློང་གསར་བུ་ནི་མལ་སྟན་འགྱེད་པའི་ཚེ་མ་ཐོབ་ནས་གཞོན་ནུ་དེ་ཡང་ནུས་པ་ཞིག་པས་རྩྭ་བརྔས་ཏེ། པུས་མོ་ཙམ་ནུབ་པར་བྱས་ཏེ་ཉལ་ལོ། །རྒན་པོས་ཀྱང་རྩྭ་བཏིང་ངོ་། །དེ་གཉིས་ཀས་རྩྭ་མ་བསྡུས། དགེ་སློང་གྲོགས་པོ་ལ་ཡང་མ་བཅོལ་བར་དོང་བའི་འོག་ཏུ་དགེ་སློང་དག་ནི་ ཁྱིམ་བདག་དག་གི་སྟེང་དུ་མགྲོན་དུ་གཉེར་ཏོ། །བཅོམ་ལྡན་འདས་ནི་མལ་སྟན་ཉུལ་བར་བཞེད་ནས་བཤོས་གཙུག་ལག་ཁང་དུ་འདྲེན་ཏོ། །གནས་ཁང་དེ་ཡང་ཚན་ཡོད་ཅིང་ས་སྙི་བས་རྩྭ་དེ་ལ་སྲིན་བུ་ཞུགས་ནས་ཁང་པ་ཕྱི་ནང་དུ་སྲིན་བུས་གང་སྟེ་མ་རུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཕྱག་དར་ཏེ་རྩྭ་དེ་བསྡུས་ནས་དགེ་འདུན་ཀུན་བསོགས་ཏེ། ད་སླན་ཆད་རྩྭ་བཏིང་བ་མ་བརྟུལ་ཏམ་བརྟུལ་ཏུ་མ་བཅུག་པར་འགྲོར་མི་གནང་བར་བསླབ་པ་བཅས་སོ། །རྐྱེན་མ་གཏོགས་ཞེས་བྱ་བ་ནི་དེ་ནས་སླད་ཀྱིས་དགེ་སློང་མ་ཞིག་འགྲོན་པ་མང་པོ་དང་ལྗོངས་རྒྱུ་ཞིང་དོང་བ་ལས་ནུབ་མོ་ གཙུག་ལག་ཁང་ཞིག་ཏུ་ཕྱིན་ནས་རྩྭ་མང་ཞིག་བསྡུས་ནས་བཏིང་སྟེ་ཉལ་ལོ། །དེ་དག་ནང་པར་རྩྭ་སྡུད་ཅིང་འཁོད་པ་ལས་རིང་དུ་ཐོགས་ནས་འགྲོན་པ་མང་པོ་དང་བྲལ་ཏེ་ལམ་དུ་རྐུན་པོས་བཅོམ་པ་སྙན་དུ་བདས་ཏེ། སྔ་མ་ནི་བཅས་པའོ། །འདི་ནི་གནང་བའོ་ཞེས་འདུལ་བ་ལ་བསླབ་པའི་གནས་ བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་རྒན་གཞོན་གཉིས་ཏེ། གཞན་ཡང་དེ་དང་འདྲ་བའོ། །དགེ་འདུན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་འདུན་ནོ། །གནས་ཁང་ནི་གང་ན་སྤྱོད་ལམ་བཞི་དང་ལྡན་པ་སྟེ། འགྲོ་བ་དང་འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་ལྡན་པའོ། །རྩྭ་དང་ལོ་མ་ཞེས་བྱ་བ་ ནི་དངོས་སུ་ཟད་དོ། །གདིང་ངམ་འདིང་དུ་བཅུག་གམ་ཞེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །མ་བརྟུལ་ཏམ་བརྟུལ་ཏུ་མ་བཅོལ་ཞེས་བྱ་བ་ནི་བདག་དང་གཞན་ལའོ། །སོང་ཞེས་བྱ་བ་ནི་ཉེ་འཁོར་ལས་འདས་པའོ། །དགེ་འདུན་ལ་མ་བཅོལ་ཞེས་བྱ་བ་ནི་ཉེ་འཁོར་ན་ཡོད་པའི་དགེ་སློང་ལའོ། །ཉེས་པ་ནི་བདག་ གིས་མ་བསྡུས་སམ་བསྡུར་མ་བཅོལ་བར་སོང་ན་ཉེ་འཁོར་ལས་མ་འདས་ཀྱི་བར་དུ་ཉེས་བྱས་སོ། །འདས་ན་ལྟུང་བར་འགྱུར་རོ། །དགེ་སློང་སྐྲོད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཚེ་དང་ལྡན་པ་འཆར་བས་དགེ་སློང་གཞན་དག་གི་སློབ་མ་གསར་བུ་རྣམས་སྤྲོ་བར་བྱས་ཏེ། ཁ་དྲངས་ནས་ བདག་ཅག་ལྗོངས་རྒྱུ་ཞིང་བདག་ཅག་གིས་གྲགས་པ་ནི་བསྒྲགས། །རྒོལ་བ་ནི་ཚར་བཅད། རྙེད་པ་ནི་སྒྲུབ་པོ། །ཁྱེད་ལ་ཡང་ལུང་དབོག་པ་དང་ཀློག་པས་མི་བྲེལ་བར་བྱའོ་ཞེས་བསྒོ་བ་དང་། དེ་དག་སོ་སོའི་མཁན་པོ་དང་སློབ་དཔོན་ལ་གསོལ་ཏེ་བཀག་ཀྱང་མ་བཏུབ་ནས་འཆར་བའི་ཕྱི་བཞིན་དུ་དོང་ངོ་། །དེ་དག་ཀྱང་ ཉེ་འཁོར་ལས་འདས་པ་དང་ཡོ་བྱད་སྣ་རེ་རེ་བསྐུར་ཏེ་དོང་བ་དང་། འཆར་བ་ནི་ལམ་དུ་ཁྱིམ་པ་དག་དང་གཏམ་བྱེད་ཅིང་འདུག་པ་དང་། ལྷ་ཁང་ཞིག་ཏུ་གཎྜཱི་བརྡུངས་ཏེ་འཆར་བ་ལ་འདོང་ཞེས་བྱས་ན་དེ་ནི་ལས་ཀྱི་གཎྜཱི་ཞིག་གིས་བདག་ཅག་ངལ་བསོས་ལ་དོང་ངོ་། །སྔར་དོང་དུ་ཟིན་གྱིས་ཀྱང་ཁོང་གིས་ལས་བྱེད་དུ་བཅུག་ ཏུ་འོང་ངོ་ཞེས་སྨྲས་པ་དང་། སློབ་དཔོན་འདི་ནི་རྙེད་པའི་གཎྜཱི་ཞིག་ཀྱང་སྲིད་ཀྱིས་འདོང་ཞེས་བྱས་ན་ཁྱེད་སྔར་དེང་ལ་ངའི་སྐལ་བ་ཡང་ནོས་ཤིག་ཅེས་བྱས་ནས་སྔར་དོང་ངོ་། །འཆར་བ་ནི་ཕྱི་ན་གཏམ་ལ་གཡེངས་ཏེ་སློབ་མ་དག་གིས་སྟན་དང་གནས་མནོས་ཏེ་བསྡད་ན་ནམ་སྲོས་ཀྱང་རིང་ཞིག་ཏུ་མ་འོངས་ནས་སྒོ་བཅད་ པའི་འོག་ཏུ་འོངས་ཏེ་འབོད་ནས་ནང་དུ་འོངས་ཏེ། སློབ་དཔོན་ཀུན་སྟ་གོན་བགྱིས་ལགས་ཀྱིས་གཟིམས་ཞེས་བྱས་པ་དང་། ཁྱེད་ཅག་སུ་ཞིག་ལ་ཞུས་ཏེ་ཉལ། བདག་ཅག་ནི་སློབ་དཔོན་རིང་དུ་མ་བྱོན་ནས་གཅིག་ལ་གཅིག་ཞུས་ཏེ་ཉལ་ལོ། །ཞེས་སྨྲས་པ་དང་། དེ་ཁྲོས་ཏེ་རིམ་གྲོ་མེད་པ་ཁྱེད་ལ་ལུང་མི་སྦྱིན་ གྱིས་ཕྱིར་དེང་ཤིག་ཅེས་སློབ་མ་རྣམས་མཚན་མོ་ཕྱི་རོལ་དུ་ལྷགས་པ་ལ་གཞུག་གོ། །དེ་ནས་ཕྱི་དེ་ཉིན་སློབ་མ་རྣམས་ཀྱིས་བདག་ཅག་ཕྱི་ཕྱག་འཚལ་ཏེ་མཆིའོ་ཞེས་སྨྲས་པ་དང་། ཁྱེད་མ་འདོང་བར་འདུག་ཤིག་དང་། ཁྱེད་ན་ན་ཡང་ངས་ནད་གཡོག་བྱའོ་ཞེས་བྱས་ན། བདག་ཅག་ནད་མེད་པ་ལས་ཀྱང་ ནད་ཡོད་པར་བྱས་ན་ད་ནི་མི་ན་རེའོ། །ཞེས་ནས་མ་བཏུབ་པར་མཉན་དུ་ཡོད་པར་དོང་སྟེ་ལྷགས་པ་དང་། དགེ་སློང་དག་གིས་དེ་དག་ལ་བདེ་བར་འོངས་སམ་ཞེས་བྱས་ན། དེ་ལྟར་གྱུར་པ་ཞིབ་ཏུ་དགེ་སློང་དག་ལ་བྱས་པ་སྙན་དུ་བདས་པ་དང་། ཕྱིས་འཆར་བ་ཉིད་སླར་འཁོར་བ་ལ་རྨས་ནས་སྐྲོད་དུ་མི་གནང་བར་ བསླབ་པ་བཅས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ནས་ཕུག་གི་གཙུག་ལག་ཁང་ཞིག་ན་དགེ་སློང་མང་ཞིག་འཁོད་པ་ལས་སྤྲིན་ཁ་དོག་ལྔ་པ་འདུས་ཏེ་ཆར་བབ་ཏུ་ཉེ་ནས་དགེ་སློང་གཞན་ནི་རྡིབ་ཀྱིས་དོགས་ཏེ་ཕྱུང་ངོ་། །ནད་པ་གཅིག་རང་འབྱུང་མ་ནུས་ཏེ། ཆར་གྱིས་ས་གས་ རྡིབ་ནས་དུས་ལས་འདས་ཏེ་དེ་ལྟ་བུའི་རྐྱེན་ཞིག་གིས་མ་དད་བཞིན་དུ་ཕྱི་རོལ་དུ་ཕྱུང་ཞིང་བསྐྲད་པ་ནི་ཉེས་པ་མེད་དོ་ཞེས་གནང་ངོ་། །དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ཁྲོས་འཁྲུགས་ཞེས་བྱ་བ་ནི་ཁྲོས་པའི་ཟིལ་གྱིས་ནོན་པའོ། །གཙུག་ལག་ཁང་ངམ་གནས་ཁང་ཞེས་བྱ་བ་ནི་ སྤྱོད་ལམ་བཞིར་ལྡན་པ་སྟེ་སྔ་མ་བཞིན་ནོ། །སྐྲོད་དམ་སྐྲོད་དུ་བཅུག་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །རྐྱེན་ཅེས་བྱ་བ་ནི་བཀལ་བའོ། །དགེ་སློང་སྔ་ན་གནས་ཤིང་འཁོད་པ་ལ་ཕྱིས་འོངས་ཤིང་གནོན་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་འཆར་བས་གཞན་གྱི་སློབ་ མ་ལ་དྲངས་ཏེ་ལྗོངས་རྒྱུ་ཞིང་དོང་བ་ལས་གཙུག་ལག་ཁང་གཞན་ཞིག་ཏུ་གཎྜཱི་བརྡུངས་པ་ལ་སོགས་པའི་གཏམ་བརྒྱུད་ནི་གོང་མ་བཞིན་དུ་སྦྱར་རོ། །བྱེ་བྲག་ནི་འཆར་བས་ཐབས་ཀྱིས་སྒོ་ཕྱེ་སྟེ་ནང་དུ་འོངས་པས་སློབ་མ་ཉལ་བའི་སྟེང་དུ་མནན་ཅིང་བརྫིས་པ་དང་། དེ་དག་ཤིར་དོགས་ ནས་ཕྱིར་ཕྱུང་སྟེ་མཚན་ཐོག་ཐག་ཕྱི་རོལ་ན་ཉལ་བར་གྲང་བས་ཉེན་ནས་ནང་པར་བདག་ཅག་མཆིའོ་ཞེས་ཕྱི་ཕྱག་འཚལ་ནས་མཉན་དུ་ཡོད་པར་ཕྱིན་ཏེ་དགེ་སློང་རྣམས་ལ་སྨྲས་ནས་སྙན་དུ་བདས་ནས་ཕྱིས་གནོན་དུ་མི་གནང་བར་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དེ་དང་འདྲ་བའོ། ། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་གིས་སམ་གཞན་གྱིས་བདག་རིམ་པར་བྱས་པའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་ལྡན་པའོ། །སྔ་ན་འཁོད་ཅེས་བྱ་བ་ནི་སྔ་ན་གནས་པའོ། །གནོད་པར་བྱེད་ཅེས་བྱ་བ་ནི་མི་བདེ་བར་བྱས་པའོ། །འདི་འགྲོ་ཞེས་བྱ་བ་ནི་གཞན་མ་ཡིན་པར་དེ་ཉིད་ཀྱིས་བྱས་པའོ། །ཅི་ ཙམ་དུ་དགེ་སློང་གིས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བའི་རྐྱེན་དེ་ཉིད་ཀྱིས་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ཏེ་ཉལ་ལམ་འདུག་ན་ལྟུང་བར་འགྱུར་རོ། །གནོད་པར་བྱའོ་སྙམ་ནས་ཆེད་དུ་བསམས་ཏེ་གནོད་པའི་བག་བྱས་ན་ཅིའི་སྒོ་ནས་ཀྱང་རུང་སྟེ་ཐམས་ཅད་དུ་ ལྟུང་བར་འགྱུར་རོ། །ཁྲིའི་རྩ་བ་བྱུང་སླ་བ་སྟེང་གི་ཡང་ཐོག་ཏུ་བཞག་ནས་ལྕིད་ཀྱིས་ཕབ་སྟེ་འདུག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། འཆར་བ་པོས་སྔན་ཆད་གཞན་གྱི་སློབ་མ་རྣམས་ཁ་དྲངས་ཤིང་གཙེས་པས་སླད་ཀྱིས་ཚེ་དང་ལྡན་པ་བསྙེན་དགའ་བོ་ལྗོངས་རྒྱུ་ཞིང་འགྲོ་བར་དད་དེ་གཞན་གྱི་ སློབ་མ་རྣམས་ཁ་དྲངས་ན་གཅིག་ཀྱང་མ་བཏུབ་ནས་བསྙེན་དགའ་བོས་བསོད་སྙོམས་པ་རྒན་ཞུགས་ཞིག་དང་འགྲོ་བར་བྱས་ནས། བསོད་སྙོམས་པས་ཀྱང་བསྙེན་དགའ་བོ་གནས་ངན་ལེན་ཀུན་དུ་སྤྱོད་པར་གྲགས་མོད་ཀྱི། བདག་གནས་འཆའ་ཞིང་ལུང་དབོག་མི་དགོས་ཏེ་དེས་བྱར་ཅི་ཡོད་སྙམ་དུ་བསམས་ སོ། །བསྙེན་དགའ་བོས་བདག་ཅག་གཉིས་ཀྱི་ཐོས་པ་ནི་བསྒྲགས་རྙེད་པ་ནི་བསྒྲུབས། རྒོལ་བ་ནི་ཚར་བཅད་དུ་འདོང་ངོ་ཞེས་ནས་དེ་གཉིས་ཀྱང་འགྲོགས་ཏེ་དོང་ནས་ཉེ་འཁོར་ལས་འདས་པ་དང་བསྙེན་དགའ་བོས་རྒན་པོ་ལ་གནས་འཆར་གཞུག་ཅིང་ཡོ་བྱད་དག་བསྐུར་བར་བྱས་ན་མ་བཏུབ་སྟེ་བདག་ནི་གནས་ དབེན་པ་འཆའོ། །ཡོ་བྱད་འཆང་བ་ནི་སྟོན་པས་སྨད་ལ། བདེན་པ་མཐོང་བ་ལ་སྒྲིབ་པས་མི་བསྐུར་རོ་ཞེས་མ་བཏུབ་པ་དང་། མི་བསྐུར་བ་ནི་རིགས་ན་ཁྱོད་ཀྱིས་ང་ལ་གཤེར་ཅི་ཡོད་ཅེས་བསྙེན་དགའ་བོ་ཡང་ཁྲོས་སོ། །དེ་ནས་བསྙེན་དགའ་བོ་ཡང་ལམ་ན་མི་འཕྲད་དོ་ཅོག་དང་གཏམ་ཟླ་ཡོད་ཀྱི་བར་དུ་འཁྱལ་ ཞིང་འདུག་གོ། །དེ་ནས་གཙུག་ལག་ཁང་དུ་ཕྱིན་དུ་ཉེ་སྟེ་གཎྜཱི་བརྡུངས་པ་དང་། གཏམ་སྣ་ཚོགས་ལ་དགའ་བ་ནི་སྟོན་པས་སྨད་པ་ཡིན་གྱིས་གཎྜཱི་བརྡུངས་པ་ཡང་རྙེད་པའི་གཎྜཱི་སྲིད་ན་འདོང་ངོ་ཞེས་བྱས་ན་དེ་ནི་ལས་ཀྱི་གཎྜཱི་ཏེ། བདག་ཅག་ངལ་གྱི་སྟེང་དུ་ལས་ཀྱིས་བསྣན་དུ་འོང་ངོ་། །ཞེས་མ་བཏུབ་ནས་ བསོད་སྙོམས་པ་སྔར་སོང་བ་ལས་བསྙེན་དགའ་བོའི་གནས་དང་མལ་ཆ་ཡང་ནོད་དུ་བཅོལ་ལོ། །དེས་ཀྱང་བསྙེན་དགའ་བོའི་གནས་ནི་ཡང་ཐོག་ཏུ་མནོས། བདག་གི་འོག་ཏུ་མནོས་ནས། རིང་ཞིག་བསྡད་ཀྱང་མ་འོངས་ནས་སྒོ་བཅད་དེ་ཉལ་ལོ། །དེ་ཡང་ནམ་སྲོས་ཏེ་འོངས་ནས་འབོད་བཞིན་དུ་ཐབས་ ཀྱིས་སྒོ་ཕྱེ་སྟེ་རྒན་ཞུགས་ལ་མལ་གར་བྱས་ཞེས་དྲིས་ནས་དེ་ཡང་རང་གི་གནས་སུ་སོང་ངོ་། །དེ་ཡང་རྒན་ཞུགས་ལ་གནོད་པར་བསམས་ནས་ཡང་ཐོག་ནས་རྒན་ཞུགས་ལ་བོས་པ་དང་དེ་གང་ན་ཟེར་བའི་ཐད་ཀར་ཁྲིའི་རྩ་བ་གཟེར་བུ་མེད་པ་འབྱུང་སླ་བའི་སྟེང་དུ་ལྕིད་ཀྱིས་དྲག་ཏུ་ཕབ་སྟེ་འདུག་པས་ ཁྲིའི་རྩ་བ་ལྟུང་ནས་རྒན་པོའི་འཕྲལ་པ་ལ་ཕོག་སྟེ། །གནད་ནས་ནད་པར་ཕྱི་ཕྱག་འཚལ་ཏེ་སོང་ནས་ཕྱིར་ཕྱིན་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་ལ་བྱས་པ་སྙན་དུ་བདས་ནས་ཁྲི་རྩ་བ་འབྱུང་སླ་བ་ལ་འདུག་ཏུ་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ ཡང་ཉེས་པ་དེ་དང་འདྲ་བའོ། །དགེ་འདུན་དང་གཙུག་ལག་ཁང་ནི་སྔ་མ་བཞིན་ནོ། །ལྕིད་ཀྱིས་ཕབ་པ་ནི་རྐུབ་ཀྱིས་བཙིར་བའོ། །ཉལ་ཞེས་བྱ་བ་ནི་ལུས་ཀྱིས་འཕྲེས་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །དགེ་སློང་གིས་ཅི་ཙམ་དུ་གཙུག་ལག་ཁང་གི་ཁང་བུར་ཁྲིའམ་ཁྲིའུ་རྩ་བ་འབྱུང་སླ་བར་ཤེས་བཞིན་དུ་ ལུས་ཀྱི་ལྕིད་ཀྱིས་ཕབ་སྟེ་འདུག་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །སྤང་ལེབ་ཀྱིས་གཡོགས་པའམ། །ཕ་གུས་གཡོགས་པ་དང་ཁྲིའི་འོག་ཏུ་རྐང་རྟེན་བཅུག་པ་དང་། ཁྲི་བཀན་ཏེ་འདུག་པ་ལ་ལྕིད་ཀྱིས་ཕབ་ཀྱང་ཉེས་པ་མེད་དོ། །སྲོག་ཆགས་དང་བཅས་པའི་ཆུ་འདེབས་སུ་མི་གནང་བའི་གླེང་གཞི་ནི་ ཀོ་ཤཱམྦཱིའི་དགྲ་ཟིན་གྱི་ཀུན་དགའ་ར་བ་ན་སྟེ། དེའི་ཚེ་ན་ཚེ་དང་ལྡན་པ་མོས་པ་ཅན་གྱིས་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་ལྕི་བ་དང་ས་ལ་ཆག་ཆག་འདེབས་ཤིང་འདེབས་སུ་བཅུག་པ་དང་། དེ་ལ་དགེ་སློང་དག་གིས་ཚེ་དང་ལྡན་པ་མོས་པ་ཅན་དེ་ལྟར་མ་བྱེད་ཅིག་ཅེས་བསྒོ་ བ་དང་ང་ལ་ནི་སུས་ཀྱང་གྲངས་ཀྱིས་མ་གཏད་ན། ཁོང་ཉིད་ལྷོ་དང་བྱང་དང་ནུབ་ཀྱི་རྒྱ་མཚོ་དང་ལྟེང་ཀ་དག་ཏུ་དོང་ན་ཅི་ཉེས་ཞེས་ཟེར་བ་དགེ་སློང་དག་འཕྱ་ནས་སྙན་དུ་བདས་ཏེ། དགེ་སྦྱོང་གི་བྱ་བ་མ་ཡིན་ནོ། །ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་མོས་པ་ཅན་ཏེ། གཞན་ཡང་དེ་ དང་འདྲ་བའོ། །ཤེས་བཞིན་ཞེས་བྱ་བ་ནི་སེམས་ཅན་ཡོད་པར་བདག་གམ་གཞན་གྱིས་བསྒོ་བའོ། །སྲོག་ཆགས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ་མིག་གིས་སོད་པ་དང་ཆུ་ཚགས་ལ་ཆགས་པའོ། །ཆུ་དང་རྩྭ་ཞེས་བྱ་བ་ལ་སོགས་པ་ནི་ཆུས་སྤྱད་པར་བྱ་བའི་གནས་ཐམས་ཅད་ལ་བྱའོ། །འདེབས་སམ་ འདེབས་སུ་གཞུག་ཅེས་བྱ་བ་ནི་བདག་གིས་སམ་གཞན་ལ་འདེབས་སུ་བཅུག་པའོ། །ཉེས་པ་ནི་སྲོག་ཆགས་ཡོད་པའི་ཆུ་ལ་སྲོག་ཆགས་ཡོད་པར་འདུ་ཤེས་སམ་ཐེ་ཚོམ་བཞིན་དུ་འདེབས་སམ་སྤྱོད་ན་ལྟུང་བ་རེ་རེར་འགྱུར་རོ། །སྲོག་ཆགས་མེད་པ་ལ་ཡོད་པར་འདུ་ཤེས་སམ་ཐེ་ཙོམ་ན་ཉེས་བྱས་རེ་རེར་ འགྱུར་རོ། །སྲོག་ཆགས་ཡོད་པའི་ཡུར་བའི་ཆུ་ཁ་བསྒྱུར་ན་སེམས་ཅན་ཇི་སྙེད་ཡོད་པ་ཤི་ན་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ། །མ་ཤི་ན་ཉེས་བྱས་རེ་རེར་འགྱུར་རོ། །ཆུ་ལ་ཇི་ལྟ་བ་བཞིན་དུ་ས་དང་རྩྭ་དང་སྲོག་ཆགས་དང་ལྡན་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཙུག་ལག་ཁང་རིམ་པ་གཉིས་ལས་རྩིག་ ཏུ་མི་གནང་བའི་གླེང་གཞི་ནི་ཀཽ་ཤཱམྦཱིའི་དགྲ་ཟིན་གྱི་ཀུན་དགའ་ར་བ་ན་སྟེ། དེའི་ཚེ་དགེ་སློང་དྲུག་སྡེ་རྣམས་གཞན་གྱིས་བརྩིགས་པའི་ཁང་པ་ལ་འཕྱ་བ་ལ་ཞུགས་པ་དང་། དེ་ན་དགེ་སློང་གནས་པ་རྣམས་ཀྱིས་ཁྱེད་ཉིད་རྡོ་གཅིག་བསྒྲེང་ཡང་མི་ནུས་པར་གཞན་གྱིས་བརྩིགས་པའི་ཁང་པ་ལ་འཕྱ་བའི་ རིགས་སམ་ཞེས་བྱས་པ་དང་། དེ་དག་ཀྱང་མོས་པ་ཅན་སྤྲོ་བར་བྱས་ནས་མོས་པ་ཅན་གྱིས་ཀཽ་ཤཱམྦཱི་ན་ཁྱིམ་བདག་སེར་སྣ་ཅན་ཕྱུག་པོ་ཞིག་འདུག་པ་བཏུལ་ནས་གཙུག་ལག་ཁང་རྩིག་པའི་ནོར་སྦྱར་ནས་གླ་ཅན་ཀུན་བསོགས་ཏེ། གཙུག་ལག་ཁང་ཟླུམ་པོ་སྟོར་ཁུང་ལ་སོགས་པ་མ་བཏོད་པ་ཅིག་ཉིན་གཅིག་ གིས་ཟིན་པར་བརྩིགས་སོ། །རྒྱས་པར་ལྷག་མའི་སྐབས་སུ་གཙུག་ལག་ཁང་གི་གླེང་གཞི་བཞིན་དུ་རྒྱས་པར་སྦྱོར་ཅིག་གཙུག་ལག་ཁང་འདི་ཡང་འཇིག་པར་ཐུགས་སུ་ཆུད་ནས་སངས་རྒྱས་ཀྱིས་ལྷ་རྣམས་ལ་སྲོད་ལ་ཆོས་བཤད་དོ། །ནམ་ཕྱེད་ན་ཆར་བབ་ནས་ཞིག་སྟེ་སའི་ཕུང་པོར་གྱུར་ནས་དྲུག་སྡེ་རྣམས་ ཀྱང་འབྲོས་པ་དང་། ཡོན་བདག་ཟས་དང་བཅས་ཏེ་གཙུག་ལག་ཁང་དུ་འོངས་པར་བཅོམ་ལྡན་འདས་ཀྱིས་མི་དགའ་བ་མེད་པར་སྤྲོ་བར་ཆོས་བཤད་དོ། །དེ་ནས་ཡོན་བདག་དགའ་བར་གྱུར་པ་དང་། དྲུག་སྡེ་ཡང་སླར་ལྷགས་སོ། །ཡོན་བདག་གིས་དེ་དག་ལ་གོས་ཕྲུགས་རེ་རེ་ཞིག་བསྐོན་པ་དང་། དྲུག་ སྡེ་རྣམས་ཀྱང་ངོམ་པ་དགེ་སློང་རྣམས་ཀྱིས་འཕྱ་བ་སྙན་དུ་བདས་ནས་གཙུག་ལག་ཁང་བརྩིགས་ན་ཕ་གུ་དང་འཇིམ་པ་རིམ་པ་གཉིས་གསུམ་ལས་ལྷག་པར་རྩིག་ཏུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །གཙུག་ལག་ཁང་ ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་ལྡན་པའོ། །ཆེན་པོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྦྱིན་པ་དང་། ཚད་ཆེ་བའོ། །བརྩིགས་པ་ནི་བདག་དང་གཞན་གྱིས་སོ། །སྒོ་ཁང་དང་གཏན་པའི་གནས་ཞེས་བྱ་བ་ནི་སྒོ་ཁང་དང་གཏན་པའི་གནས་སྔ་ནས་གདོད་པའོ། །སྣང་བ་གདོད་པའི་འདུ་ཤེས་བྱ་བ་ནི་ སྐར་ཁུང་དང་ཆུ་ཁུང་གདོད་པའོ། །རྨང་ནས་བཟུང་སྟེ་རིམ་པ་གཉིས་སམ་གསུམ་རྩིགས་ཤིག་ཅེས་བྱ་བ་ནི་ཕ་གུ་དང་འཇིམ་པ་ཉིས་རིམ་དང་གསུམ་རིམ་ལས་རྩིག་ཏུ་མི་གནང་བའོ། །འདས་ན་ལྟུང་བར་རིག་པར་བྱའོ། །སྤེལ་ཞེས་བྱ་བ་ནི་འཇི་བ་དང་། ཕ་གུ་ཆེ་ཆུང་དགོན་པའི་རྣམ་ གྲངས་སོ། །རྩ་བ་ལ་སོགས་པའི་གཙུག་ལག་ཁང་ངམ་སོ་ཕག་དང་རྡོ་ལས་བྱས་པའམ་གཙུག་ལག་ཁང་གི་བདག་པོས་མྱུར་དུ་བྱོས་ཤིག་པ་ནི་ལྟུང་བ་མེད་དོ། །ས་བོན་གྱི་ཚོགས་ཀྱི་ལྟུང་བའི་བཅུ་ཕུང་གཉིས་པ་རྫོགས་སོ།། །།མ་བསྐོས་པར་དགེ་སློང་མ་རྣམས་ལ་ཆོས་སྟོན་པའི་གླེང་གཞི་ ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་གནས་བརྟན་རྣམས་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རེས་ཀྱིས་ལུང་སྟོན་ཅིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་རེས་མོས་ལ་བབ་སྟེ་དེ་དག་ཅུང་ཟད་ཅིག་ལུང་བསྟན་ནས། དགེ་སློང་མ་རྣམས་ལ་རྩེ་འཛིན་སྙོགས་པ་སྙན་དུ་ བདས་ནས་སླན་ཆད་དྲུག་སྡེ་བསྐོར་མི་གནང་སྟེ། མ་བསྐོས་བཞིན་དུ་རང་དགེ་སློང་མ་རྣམས་ལ་འཆད་ནས་སླན་ཆད་གསོལ་བ་དང་གཉིས་ཀྱིས་སྐོས་ཤིག་ཅེས་འབྱུང་བ་དང་། དྲུག་སྡེ་ཉི་ཚེ་མཚམས་ཀྱི་ཕྱི་རོལ་དུ་གསོལ་བ་བྱས་ནས་གཅིག་ལ་གཅིག་བསྐོས་ནས་དགེ་སློང་མ་རྣམས་ལ་ཆོས་འཆད་ དོ། །དེ་ཡང་མ་གནང་བ་དང་མཚམས་ཀྱི་ནང་དུ་ནད་པ་རྣམས་ལ་ནི་དད་པ་བླངས་གཞན་ནི་བྲེལ་བའི་ནང་དུ་བཅུག་སྟེ། དགེ་སློང་མ་རྣམས་ལ་ཆོས་འཆད་པས་ནད་ཕྱིན་ཆད་དགེ་འདུན་ཚོགས་པས་མཚམས་ཀྱི་ནང་དུ་གསོལ་བ་དང་ལས་ཀྱིས་དགེ་སློང་མའི་སྟོན་པར་མ་བསྐོས་པར་སྟོན་དུ་མི་གནང་བར་བཅས་པ་དང་། དགེ་སློང་རྣམས་ཀྱིས་དགེ་སློང་མའི་སྟོན་པར་དགེ་སློང་མི་མཁས་མི་གསལ་བ་དག་བསྐོས་པས་བདག་མི་ཤེས་བདག་མ་དུལ་བས་ན་གཞན་ཞི་བར་བྱ་བའི་གནས་མེད་པས་ན་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཀའ་སྩལ་པ། ཆོས་ལྔ་དང་ལྡན་པར་སྐོས་ཤིག་ཅེས་བཀའ་སྩལ་ཏོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་ དང་ལྡན་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་པོ་ལྟ་བུ་དང་། གྲོང་ཁྱེར་གྱི་སྐད་ཤེས་པ་དང་། དགེ་སློང་མ་རྣམས་ལ་ལུས་མི་སྤྲོད་ཅིང་སུན་མི་འབྱིན་པའོ། །ཚུལ་ཁྲིམས་དང་ལྡན་པ་ནི་ཕས་ཕམ་པ་མ་བྱུང་བའོ། །མང་དུ་ཐོས་པ་ནི་སོ་སོར་ཐར་པ་རྒྱས་པ་འཆད་ནུས་ཤིང་ཁ་ཏོན་དུ་ཤེས་པའོ། ། གནས་བརྟན་རྒྱལ་པོ་ལྟ་བུ་ནི་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པའམ་དེ་ལས་འདས་པའོ། །གྲོང་ཁྱེར་གྱི་སྐད་ཤེས་ཞེས་བྱ་བ་ནི་མི་མང་པོའི་སྐད་ཤེས་པའོ། །དགེ་སློང་མ་སུན་མ་ཕྱུང་བ་ནི་ལུས་ཀྱིས་མི་སྤྲོད་པ་ཡིན་ཏེ། ཆོས་ལྔ་པོ་དེ་དག་དང་ལྡན་ན་སྟོན་པར་བསྐོའོ། །ཆོས་དེ་ལྟ་བུ་དང་ལྡན་ན་མ་གཏོགས་ ཞེས་བྱ་བ་ནི་ཚེ་དང་ལྡན་པ་ལམ་བསྟན་བཅོམ་ལྡན་འདས་ཀྱིས་རྡུལ་ཕྱག་གོ། །ཞེ་སྡང་གི་རྡུལ་ཕྱག་གོ་ཞེས་ཆོས་ཚིག་གཉིས་ཟླ་བ་གསུམ་གྱི་བར་དུ་བསླབས་ཀྱང་མ་ལོབས་པ་ལས་ཕྱིས་བཅོམ་ལྡན་འདས་ཀྱིས་ལམ་བསྟན་ཡོངས་སུ་སྦྱངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །ལམ་བསྟན་དགེ་སློང་ མའི་སྟོན་པར་བསྐོས་པས་དགེ་སློང་མ་རྣམས་བདེན་པ་ལ་བཀོད་དོ། །འཁོར་རྣམས་ཀྱང་དགྲ་བཅོམ་པ་ནས་རྒྱུན་དུ་ཞུགས་པ་ཡན་ཆད་དུ་ཐོབ་པར་བྱས་པས་ན་སྔ་མ་ནི་བཅས་པའོ། །འདི་ནི་རྗེས་སུ་གནང་བའོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །མ་བསྐོས་ཞེས་བྱ་བ་ནི་དགེ་འདུན་ གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་མ་བསྐོས་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །འདོམས་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཏིང་ངེ་འཛིན་དང་ལྷག་པའི་ཤེས་རབ་ཀྱིས་ཆོས་སྟོན་པའོ། །ཆོས་དེ་ལྟ་བུ་མ་གཏོགས་ཞེས་བྱ་བ་ནི་བདེན་པ་མཐོང་ཞིང་འབྲས་བུ་ཡོད་ པར་བསྟན་པ་ནི་ལམ་བསྟན་ལྟ་བུ་སྟེ་མ་བསྐོས་ཀྱང་གནང་བའོ། །སྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་གང་ཞེ་ན་དགེ་སློང་དགེ་འདུན་གྱི་མཚམས་ཀྱི་ཕྱི་རོལ་དུ་བསྐོས་ཀྱི་མཚམས་ཀྱི་ནང་དུ་མ་བསྐོས་ན་དགེ་འདུན་ལ་ཉེས་བྱས་སུ་འགྱུར་རོ། །སྟོན་པ་ནི་ལྟུང་བར་འགྱུར་རོ། །མཚམས་ལ་ཇི་ལྟ་བ་ བཞིན་དུ་དགེ་འདུན་མ་ཚོགས་པ་དང་གང་ཟག་ཡོན་ཏན་ལྔ་དང་མི་ལྡན་པ་བསྐོས་ནས་གང་ཟག་ལ་ནི་རྣམ་པ་ལྔ་པོ་རེ་རེ་དང་མི་ལྡན་པར་བསྐོས་ན་ལྟུང་བ་རེ་རེར་འགྱུར་རོ། །དགེ་འདུན་ལ་ནི་རེ་རེ་ཞིང་ཡང་ཉེས་བྱས་སུ་འགྱུར་རོ། །ཉི་མ་ནུབ་ཀྱི་བར་དུ་ཆོས་འཆད་དུ་མི་གནང་བ་ནི་མཉན་དུ་ཡོད་པ་ན་སྟེ། སྔོན་ཆད་དགེ་སློང་མ་རྣམས་ལ་ཆོས་སྟོན་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་འཆད་དོ། །ཕྱིས་ནི་དགེ་སློང་གནས་བརྟན་དག་ལ་དགེ་སློང་མ་དག་ལ་ཆོས་སྟོན་ཅིག་ཅེས་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་དགའ་བྱེད་ལ་ཆོས་འཆད་པའི་རེས་ལ་བབ་ནས་ཆོས་ཤོད་ཅིག་ཅེས་བསྒོ་ན། བཅོམ་ལྡན་འདས་ཞལ་བཞུགས་ སོ་ཞེས་ནས་མ་བཏུབ་བོ། །བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་དགེ་སློང་མ་རྣམས་ལ་ཆོས་འཆད་དུ་བཅུག་པ་དང་། དགེ་སློང་མ་ཨུཏྤ་ལའི་མདོག་ཆོས་མཁས་པས་སླར་དྲི་བ་མང་སྟེ་ནམ་སྲོས་ནས་སླར་འཁོར་བ་དང་། ལྷ་ཁང་གི་སྒོ་བཅད་དེ་མ་ཐར་ནས་མཉན་དུ་ཡོད་པ་དང་མི་རིང་བ་ཞིག་ན་ཀུན་དགའ་ར་བ་ ཞིག་ཡོད་དེ་མཚན་མོ་ཕྱི་རོལ་གྱི་ཤིང་ཁུང་དེར་དགེ་སློང་མ་གནས་ཤིང་འཁོད་པ་དང་རྐུན་པོ་ལྔ་བརྒྱས་ཀྱང་གླགས་བལྟས་པ་དགེ་སློང་མ་ཨུཏྤ་ལའི་མདོག་གིས་བརྟགས་ཏེ་ཚོར་ནས་འཕགས་སྐྱེས་པོའི་དམག་ཏུ་སྤྲུལ་པ་དང་། གཡོན་ཅན་རྣམས་ཀྱིས་སྐབས་མ་རྙེད་དེ་སླར་དོང་ངོ་། །ཕྱི་དེ་ཉིན་པར་ནང་དུ་སོང་ བ་དང་། མུ་སྟེགས་ཅན་ལ་སོགས་པ་དག་དགེ་སློང་མ་རྣམས་ཆོས་དགེ་བ་དང་མི་དགེ་བ་འདྲེན་མར་སྤྱོད་དེ། འཕྱོན་མ་ལ་དོང་དོང་ངོ་། །ཞེས་འཕྱ་བ་ལས་སྙན་དུ་བདས་ནས་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་རྣམས་ལ་སྟོན་དུ་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ཚེ་དང་ལྡན་པ་དགའ་བྱེད་དོ། ། དགེ་འདུན་གྱི་བསྐོས་ཞེས་བྱ་བ་ནི་གསོལ་པ་དང་ལས་ཀྱིས་དགེ་སློང་མའི་སྟོན་པར་བསྐོས་པའོ། །ཉི་མ་ནུབ་ཅེས་བྱ་བ་ནི་དེ་ལྟར་བསྐོས་ཀྱང་ཉི་མ་ནུབ་ཀྱི་བར་དུ་སྟོན་ན་ལྟུང་བར་འགྱུར་རོ། །དགེ་སློང་མ་ལ་འདོམས་ཞེས་བྱ་བ་ནི་བསླབ་པ་གསུམ་བཤད་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། ། ཉི་མ་ནུབ་པ་ནི་ཉི་མ་ནུབ་པར་འདུ་ཤེས་སམ་ཐེ་ཚོམ་ཟ་བཞིན་དུ་འཆད་ན་ལྟུང་བར་འགྱུར་རོ། །ཉི་མ་ནུབ་པ་ལ་མ་ནུབ་པར་འདུ་ཤེས་སམ་ཐེ་ཚོམ་ཟ་ན་སྨད་དེ་ཉེས་བྱས་སུ་འགྱུར་རོ། །མཚན་ཐོག་ཐག་ཆོས་སྟོན་ཏམ་གཙུག་ལག་ཁང་གི་སྒོ་དྲུང་ན་འདུག་གམ་གྲོང་ཁྱེར་གྱི་དབུས་ན་འདུག་སྟེ། སྒོ་མ་ བཅད་པ་ལ་ཉེས་པ་མེད་དོ། །ཁ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་རྣམས་ལ་སྟོན་ཏོ་ཞེས་སྨྲར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་ཤོད་ཅིག་ཅེས་བཀའ་སྩལ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ འཁོར་ལྔ་བརྒྱ་དང་བཅས་པ་དགའ་བྱེད་ལས་ཆོས་མཉན་པ་དང་། དེ་ནས་དགའ་བྱེད་ཀྱིས་ཆོས་ཟབ་པའི་ཚིག་དང་ཡི་གེ་རྣམས་ཀྱིས་ཆོས་བཤད་དེ། བུད་མེད་ནི་ཡོང་གིས་ཀྱང་ཤེས་རབ་ཆུང་བས་ཁོང་དུ་མ་ཆུད་ཀྱང་སླར་འདྲི་མ་སྦོབས་སོ། །དེ་ནས་སྐྱེ་དགུའི་བདག་མོ་བཅོམ་ལྡན་འདས་ཀྱི་གན་ དུ་སོང་ནས་ཕྱག་འཚལ་ན་བཀས་རྨས་པ་དང་བདག་ཅག་མ་འདྲིས་པས་ན་འདྲི་མ་སྤོབས་ཏེ། ཆོས་བཤད་པ་ཁོང་དུ་མ་ཆུད་དོ་ཞེས་གསོལ་པ་དང་། འདྲིས་པར་བྱ་བའི་ཕྱིར་མཚན་མར་ཟས་སམ་རྫས་ཅུང་ཟད་བྱིན་ཅིག་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་གན་དུ་སྐྱེ་དགུའི་བདག་མོས་དགེ་ སློང་མ་ཞིག་འོ་ཐུག་སྐྱེལ་དུ་བཏང་བ་དང་། ཛེ་ཏའི་ཚལ་གཙུག་ལག་ཁང་གི་སྒོ་ན་ཚེ་དང་ལྡན་པ་བསྙེན་དགའ་བོ་འཆག་ཅིང་འདུག་པ་མཐོང་ནས་ཅི་ཡིན་ཞེས་དྲིས་ན་འོ་ཐུག་ཡིན་ཏེ། ཚེ་དང་ལྡན་པ་དགའ་བྱེད་ལ་འབུལ་ལོ་ཞེས་བྱས་པ་དང་། བསྙེན་དགའ་བོ་ན་རེ་ཚེ་དང་ལྡན་པ་དགའ་བྱེད་ནི་ ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་རྣམས་འཕྱ་བ་ལས་སྙན་དུ་བདས་ནས། དེ་སྐད་སྨྲར་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་བསྟེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཁ་ ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔ་སྟེ་གང་ཡང་རུང་བའོ། །བཤད་ཅེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཤེས་རབ་ལ་བྱའོ། །ལྟུང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་དགེ་སློང་རྣམས་ལ་ཁ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་རྣམས་ལ་ཆོས་སྟོན་ཏོ་ཞེས་ཟེར་ ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ཁ་ཟས་ཅུང་ཟད་ཀྱི་དབང་དུ་བྱས་ཏེ་བཤད་པ་བདེན་ན་སྨྲས་ཀྱང་ཉེས་པ་མེད་དོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་ཆོས་གོས་སྦྱིན་དུ་མི་གནང་བའི་གླེང་གཞི་ནི་མཉེན་དུ་ཡོད་པ་ན་སྟེ། དེའི་ཚེ་ཁྱིམ་བདག་རྒན་རྒོན་ཁྱོ་ཤུག་གཉིས་ཤིག་ནོར་ཕྱུགས་དང་ལྡན་ཞིང་ལོངས་ སྤྱོད་དག་ཆེ་བ་ལས་ཕྱིས་ལོངས་སྤྱོད་དང་ནོར་ཕྱུགས་དག་ཀྱང་འགྲིབ་པར་གྱུར་ནས་ཁྱོ་ཤུག་གཉི་ག་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །ཁྱིམ་བདག་ནི་ཡོ་བྱད་དག་དང་ལྡན་ཏེ་འབྱོར་པར་གྱུར། ཆུང་མ་དགེ་སློང་མ་ནི་ཆོས་གོས་དང་ཡོ་བྱད་དང་མི་ལྡན་ཏེ་ཆོས་གོས་ཀྱང་མེད་དོ། ། དགེ་སློང་མ་དེས་ཀྱང་བདག་ནི་རྙེད་པ་ཆུང་སྟེ་ཆོས་གོས་ཀྱང་མེད་དོ་ཞེས་སྨྲས་པ་དང་། དགེ་སློང་དེས་ཀྱང་ཆོས་གོས་སྦྱར་མ་དམར་སེར་ཞིག་དགེ་སློང་མ་དེ་ལ་བྱིན་ནས། དེའི་འོག་ཏུ་དེ་བཞིན་གཤེགས་པ་འཁོར་རྣམས་དང་ཡུལ་རྒྱུ་ཞིང་གཤེགས་པའི་ཚེ་འཁོར་གྱི་ཉན་ཐོས་རྣམས་ལ་སླར་གཟིགས་ནས་དགེ་ སློང་དེ་སྟོད་གཡོགས་དང་སྨད་གཡོགས་ཉི་ཚེ་དང་འོང་བར་གཟིགས་ནས་ཅི་འདིའི་དབྱར་འདི་ན་གནས་པའི་ཚེ་དགེ་སློང་རྣམས་རྙེད་པ་མེད་དམ་ཞེས་རྨས་པ་དང་། བཙུན་པ་མཆིས་སོ། །ཞེས་ཀུན་དགའ་བོས་གསོལ་ཏེ། འོ་ན་ཅིའི་ཕྱིར་དགེ་སློང་འདི་གོས་སྦྱར་མ་མེད། དགེ་སློང་མ་སྔོན་གྱི་ཆུང་མ་རྙིང་པ་ ལ་སྩལ་ཏོ་ཞེས་བྱས་པ་དང་། ཅི་གཉེན་མ་ཡིན་པའི་དགེ་སློང་མ་ལ་བྱིན་ཞིང་ཕས་ཀྱང་ལེན་ཏམ། སྩལ་ཞིང་ལེན་ཏོ་ཞེས་གསོལ་བ་དང་། གཉེན་མ་ཡིན་པའི་དགེ་སློང་མ་ལ་སྦྱིན་དུ་མ་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པ་སྟེ། རྒན་ ཞུགས་སོ། །གཉེན་ཞེས་བྱ་བ་ནི་ཕ་མའི་ཟུང་བདུན་རྒྱུད་ཚུན་ཆད་དོ། །དགེ་སློང་མ་ནི་ཆོས་འདི་ལ་ཞུགས་པའོ། །གོས་ནི་རྒྱུ་རྣམ་བདུན་ནོ། །སྦྱིན་ཞེས་བྱ་བ་ནི་གཏན་དུ་བྱིན་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་གཉེན་མ་ཡིན་པ་ལ་མ་ཡིན་པར་འདུ་ཤེས་དང་ཐེ་ཚོམ་ན་ལྟུང་བར་འགྱུར་རོ། །ཡིན་ པ་ལ་མ་ཡིན་པར་འདུ་ཤེས་དང་། ཐེ་ཚོམ་ན་ཉེས་བྱས་སུ་འགྱུར་རོ། །གོས་རྐུན་པོས་ཁྱེར་བ་དང་བསྙེན་པར་རྫོགས་པ་ན་བྱིན་པ་ན་རིན་འོག་ཏུ་བྱིན་པ་དང་། ཆོས་ལེགས་པར་བཤད་པ་ལ་བྱིན་པ་དང་། དགེ་སློང་མའི་དགེ་འདུན་ལ་སྤྱིར་བྱིན་པ་ལ་ལྟུང་བ་མེད་དོ། །གཉེན་མ་ཡིན་པའི་ཆོས་ གོས་བྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་མ་སྦེད་མ་ཞེས་བྱ་བ་ཆོས་གོས་ལྔ་ཆར་ངན་ཏེ་རས་ཤིག་བཙལ་ཏེ་རྙེད་པ་དང་། བཙུན་པ་འཆར་བ་ལ་དྲུབ་ཏུ་བཅོལ་བ་དང་། འཆར་བས་བསམས་པ་མ་དྲུབས་ན་ནི་མོ་ཡང་གོས་ཀྱང་མེད་དགེ་བའི་བར་ཆད་དུ་ཡང་གྱུར་པའི་སྟེང་དུ་ ཁ་ཟེར། དྲུབས་ན་ནི་སླན་ཆད་ཀྱང་བཅུ་བདུན་སྡེ་དང་ཀུན་འཆོལ་ཞིང་འོང་གིས་ཐབས་ཤིག་བྱའོ་སྙམ་ནས། སླད་ཀྱིས་དྲུག་སྡེ་རྣམས་ཀྱང་འོངས་ཏེ། གོས་ཀྱི་དཀྱིལ་དུ་ཚོན་སྣ་ལྔའི་སྐུད་པས་སྔོན་འཆར་བ་དང་སྦེད་མ་གཉིས་གཅིག་གི་མགུལ་ནས་གཅིག་འཁྱུད་ཅིང་འདུག་པ་དྲུབས་ནས་བལྟ་བ་བཞིན་ དུ་དགེ་སློང་མ་རྣམས་ལ་བསྐུར་རོ། །སླད་ཀྱིས་དགེ་སློང་མ་དག་གིས་བལྟས་ན་དེ་ལྟར་འདུག་པ་མཐོང་ནས། ཨ་ལ་ལ་ཕུ་ནུ་མོ་ཞེས་གད་མོས་བཏབ་ནས་འཆར་བ་སྦེད་མ་གཉིས་རིང་ཞིག་ལོན་ན་དག་དོད་ཕྲད་དོ་ཞེས་སྐྱེ་དགུའི་བདག་མོ་ལ་བྱས་པ་དང་། དྲུག་སྡེ་རྣམས་ནི་རང་བཞིན་གྱིས་གནས་ངན་ལེན་ སྤྱོད་པས་འདི་འདྲའོ་ཞེས་འཕྱ་བ་སྙན་དུ་བདས་ནས་རྣམ་གྲངས་དུ་མའི་སྒོ་ནས་སྨད་དེ་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དགེ་སློང་མ་ཞེས་བྱ་བ་དང་། གོས་དང་བལ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །བྱེད་ཅེས་བྱ་བ་ནི་དྲུབ་པའོ། །གཉེན་མ་ཡིན་པ་ལ་འདུ་ཤེས་དང་ ཐེ་ཚོམ་བཞིན་དུ་བྱས་ན་ལྟུང་བ་རེ་རེར་འགྱུར་རོ། །གཉེན་མ་ཡིན་པ་ལ་མ་ཡིན་པར་འདུ་ཤེས་དང་ཐེ་ཚོམ་ན་ཡང་ཉེས་བྱས་རེ་རེར་འགྱུར་རོ། །དགེ་སློང་མའི་འགྲོན་མང་པོ་དང་འགྲོགས་ཤིང་ལམ་དུ་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་དྲུག་སྡེ་པོ་རྣམས་ཀྱིས་བསམས་ པ་དོན་ཉུང་བའི་དགེ་སློང་རྣམས་ནི་འགྲོ་བ་དང་འོང་བ་ན་ཡང་རྙེད་པ་མང་དུ་རྙེད་ཅིང་འོང་ན་བདག་ཅག་ནི་ཁྲོན་པའི་སྦལ་བུ་བཞིན་དུ་གར་ཡང་མ་ཕྱིན་ཅིང་རྙེད་པ་ཉུང་ན་བདག་ཅག་རྙེད་པ་སྒྲུབ་ཅིང་ལྗོངས་རྒྱུར་འདོང་ན་བདག་ཅག་གི་སྲིང་མོ་བཅུ་གཉིས་སྡེ་ཡང་དེ་བཞིན་དུ་བྱས་པ་དང་། ཁྱེད་དོང་ན་ནི་བདག་གི་ ཡུལ་དང་གཙུག་ལག་ཁང་དང་ཆོས་སྟོན་པ་ཡང་མེད་དོ་ཞེས་ངུས་ནས། འོ་ན་ཆེ་ཞེ་ཁྱེད་ཅག་ཀྱང་འདོང་ངོ་ཞེས་བྱས་པ་དང་། དེ་ལྟར་མི་གནང་བ་སྙམ་མོ་ཞེས་སྨྲས་ན། དྲུག་སྡེ་པོས་ནམ་གང་དུ་ཇི་སྐད་དུ་མ་གནང་ཞེས་ནས་འཐམས་ཏེ། དྲུག་སྡེ་པོའི་བརྒྱགས་དང་གཡར་སུས་སྦྱོར་དུ་བཅུག་ནས་བརྒྱགས་སྔ་མ་ནི་ གཡར་སུས་དང་དྲོ་ཟན་དུ་ཟད་པར་བྱས་ཏེ་སོང་ནས། ཕོས་མོས་རྒན་གཞོན་སྤེལ་ཏེ་དོང་བ་དང་། སྐྱེ་བོ་རྣམས་འདི་ནི་འདིའི་ཆུང་མ་འདི་ནི་འདིའི་ཁྱོའོ་ཞེས་གཞན་གྱིས་དཔྱས་ན་དེ་དག་ན་རེ་དེ་བཞིན་ནོ་ཞེས་ནས་དེ་དག་གི་ཟླ་ལ་དགེ་སློང་རྒན་ཞུགས་ཤིག་སོང་བ་ཡང་དེ་དག་མ་རངས་ནས་ཕྱིར་ལོག་པར་དགེ་སློང་དེ་དག་ ལ་དེ་ལྟ་བུའི་གཏམ་བྱས་པ་དང་། སྙན་དུ་བདས་ཏེ་དགེ་སློང་མའི་འགྲོན་པ་དང་འགྲོར་མི་གནང་བར་བསླབ་པ་བཅས་སོ། །དུས་ལ་བབ་པ་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་མ་གཅིག་མཉན་དུ་ཡོད་པར་འགྲོ་བ་ན་གྲོགས་མེད་དེ་དགེ་སློང་རྣམས་ལ་བསྡད་ན་དགེ་སློང་དག་ཀྱང་འགྲོགས་སུ་མ་བཏུབ་ནས་དགེ་སློང་ མ་རྣམས་བཅོམ་པ་དང་དེ་ལྟ་བུའི་རྐྱེན་ནི་རྗེས་སུ་གནང་ངོ་། །དེས་ན་རྐྱེན་བྱུང་བ་དུས་ཡིན་ནོ་ཞེས་གསུངས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །འགྲོན་པ་མང་པོ་འདོང་བའི་ལམ་ཞེས་བྱ་བ་ནི་དེར་མི་ཉུང་ན་འགྲོ་བར་མི་ནུས་པའོ། །འཇིགས་ཞེས་བྱ་བ་ནི་རྐུན་པོ་དང་གཡོན་ཅན་དང་ སྟག་གཟིག་ལ་སོགས་པས་འཇིགས་པའོ། །ཉམ་ང་བ་ནི་སྦྲང་བུ་མཆུ་རིངས་དང་། སྲིན་བུ་དང་ཉི་མ་ཚ་བའོ། །ཉེས་པ་ནི་དགེ་སློང་མའི་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་འཇུག་ཅིང་འགྲོ་ན་རྒྱང་གྲགས་ཕྱེད་ཕྱེད་ཅིང་ནི་ཉེས་བྱས་རེ་རེར་འགྱུར་རོ། །རྒྱང་གྲགས་རེ་རེ་ཞིང་ནི་ལྟུང་བ་ཡང་རེ་རེར་འགྱུར་རོ། །འཕགས་ པའི་ལམ་ཡན་ལག་བརྒྱད་དུ་འཇུག་པ་ལ་ཉེས་པ་མེད་དོ། །དགེ་སློང་མའི་འགྲོན་པ་དང་གྲུར་ཞུགས་ཏེ་ཆུ་འབྱམ་དུ་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དང་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཏེ་བཅས་པ་སྔ་མ་བཞིན་དུ་རྒྱས་པར་སྦྱོར་ཅིག །བྱེ་བྲག་ནི་སྔར་ལམ་དུ་འགྲོ་ཞིང་འགྲོར་མི་གནང་བ་ དང་། ཕྱིས་ཆུ་འབྱམ་དུ་དོང་བ་དང་། སྐྱེ་བོ་རྣམས་འཕྱ་བ་དང་། དགེ་སློང་བསོད་སྙོམས་པས་དགེ་སློང་རྣམས་ལ་བསྙད་ནས་སྙན་དུ་བདས་ནས། དགེ་སློང་མ་དང་ལྷན་ཅིག་གྲུའི་ནང་དུ་ཞུགས་ནས་འདོང་མི་གནང་བར་བསླབ་པ་བཅས་སོ། །ཐད་ཀར་འགྲོ་བ་མ་གཏོགས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་ བདག་གཅིག་གིས་ཆུའི་ཕ་རོལ་དུ་གཙུག་ལག་ཁང་ཞིག་བརྩིགས་ནས་དགེ་འདུན་སྡེ་གཉིས་བཤོས་ལ་སྤྱན་དྲངས་པ་དང་། གྲུ་གཅིག་གི་ནང་དུ་ལྷན་ཅིག་འགྲོར་མི་གནང་བས་སྔ་ཕྱིར་དོད་བས་གདུགས་ཚོད་ཡོལ་ཏེ་ཁ་ཅིག་ཟན་གྱི་བར་ཆད་དུ་གྱུར་ནས་ཐད་ཀར་ཕ་རོལ་དུ་འགྲོར་གནང་ངོ་ཞེས་ རྗེས་སུ་གནང་ངོ་། །དགེ་སློང་ཞེས་བྱ་བ་དང་དགེ་སློང་མ་ནི་སྔ་མ་བཞིན་ནོ། །གྲུ་གཅིག་གི་ནང་དུ་ཞེས་བྱ་བ་ནི་ཤོ་གམ་དང་བསེལ་གླ་དང་གྲུ་བཙས་གཅིག་པའོ། །ཆུ་འབྱམ་དུ་ཐུར་དུ་འགྲོ་བ་དང་གྱེན་དུ་འགྲོ་བ་དང་ཕར་ཐད་ཀར་འགྲོ་བ་ནི་དངོས་སུ་ཟད་དོ། །ཆུ་འབྱམ་དུ་དོང་ན་རྒྱང་གྲགས་ཕྱེད་ཕྱེད་ ཅིང་ཉེས་བྱས་སུ་འགྱུར་རོ། །རྒྱང་གྲགས་རེ་རེ་ཞིང་ལྟུང་བར་འགྱུར་རོ། །དགོན་པ་དང་གྲོང་དུ་འགྲོ་ན་ཡང་གོང་མ་བཞིན་དུ་སྦྱར་རོ། །ཆུ་འགྱུར་བ་ལས་འབྱོལ་ལམ། རབ་མི་བདེ་བ་ལས་འབྱོལ་བའམ། །སྐྱ་བ་དང་གདོས་པ་ཆག་པའམ། མཉེན་པ་ཉན་དུ་མ་བཏུབ་པའམ། །ཆུ་འགྲམ་ཕ་རོལ་ ཚུ་རོལ་ན་བར་ཆད་བརྒྱད་ལ་སོགས་པ་ཡོད་པ་ནི་ཆུ་འབྱམ་དུ་སོང་ཡང་ཉེས་པ་མེད་དོ། །ས་དབེན་པ་ན་དགེ་སློང་བུད་མེད་དང་འདུག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་འཆར་བ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་གྲོང་དུ་བསོད་སྙོམས་བླངས་ ཏེ། ཆུང་མ་རྙིང་པ་སྦེད་མའི་ཁྱིམ་དུ་ཕྱིན་ཏེ་དེར་སྟན་བཏིང་བ་ལ་འདུག་ནས་སྔོན་ཇི་ལྟར་བསྙེན་པ་དང་། སྦྱར་བ་དྲན་ཞིང་གཏམ་བྱེད་ཅིང་ས་དབེན་པ་ན་སྟན་ལ་འཁོད་པ་དགེ་སློང་གཞན་ཞིག་དེར་བསོད་སྙོམས་ལ་ཕྱིན་པ་དེ་གཉིས་འཁོད་པ་མཐོང་ནས་སྦེད་མས་ཀྱང་དེ་ལ་ཟན་བྱིན་ཏེ། སླར་ལྷ་ཁང་དུ་སོང་ བ་དང་། ཕྱིས་འཆར་བ་ལྷ་ཁང་དུ་འོངས་ན་བསོད་སྙོམས་པ་དང་ཕྲད་པ་དང་ཁྱོད་ཀྱི་སྦེད་མས་ང་ལ་བསོད་སྙོམས་བཟང་དུ་བྱིན་ནོ་ཞེས་བྱས་ན་འཆར་བས་དེ་ནི་ངས་བྱིན་དུ་བཅུག་གོ། །འོ་ན་ཁྱོད་གཉིས་པོ་དེ་ལྟར་འཁོད་དུ་དབང་ངམ་ཞེས་བྱས་པ་དང་། དེ་ནི་དབང་ཡང་རུང་མི་དབང་ཡང་རུང་སྟེ་ངས་ནི་འདུག་ པ་བདེན་ཞེས་བྱས་པ་དང་། དགེ་སློང་དག་མ་དད་དེ་འཕྱ་བ་ལས་སྙན་དུ་བདས་ནས་རྣམ་གྲངས་དུ་མས་སྨད་དེ་སླན་ཆད་བུད་མེད་དང་ལྷན་ཅིག་ཏུ་དབེན་པ་ན་འདུག་ཏུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དེ་དང་འདྲ་བའོ། །བུད་མེད་ཅེས་བྱ་བ་ནི་ མི་ཚངས་པར་སྤྱད་པའི་ཆོས་བཟོད་པའོ། །དབེན་པ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་གཞན་མེད་པའོ། །སྟན་གཅིག་ཅེས་བྱ་བ་ནི་འདོམ་གང་ཚུན་ཆད་དོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་སབ་མ་དང་རྩིག་པ་དང་ཡེལ་བ་ལ་སོགས་པས་བསྐྱབས་པའོ། །སྐྱབས་མེད་པ་ན་འདུག་པ་ནི་ལྟུང་བ་མེད་པའོ། །ས་དབེན་པ་ན་དགེ་སློང་ དགེ་སློང་མ་དང་འགྲེང་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་གི་ཆུང་མ་སྦེད་མ་རབ་ཏུ་བྱུང་ནས་དགེ་སློང་མ་རྣམས་ཀྱིས་གཙུག་ལག་ཁང་སྐྱོང་དུ་བསྐོས་པ་ན། དགེ་སློང་མ་གཞན་ནི་གྲོང་དུ་ཁྱིམ་བདག་གིས་མགྲོན་དུ་བོས་ཏེ་སོང་བའི་ཚེ་ན། སྦེད་མ་འབའ་ཞིག་ལྷ་ཁང་ནས་ཕྱག་ཅིང་ འདུག་པའི་གན་དུ་ཚེ་དང་ལྡན་པ་འཆར་བ་འོངས་ནས་ཁོང་གཉིས་སྔོན་ཇི་ལྟར་རྩེ་ཞིང་དགའ་བ་དང་། བག་མར་འོངས་པའི་ཚེ་ཡན་ཆད་གྱི་གཏམ་འཛེར་ཅིང་འགྲེང་འགྲེང་ནས་ཕྱིས་མོ་ན་རེ་འཕགས་པ་དག་ནི་བཞུད་རན་ནོ། །དགེ་སློང་མ་དག་ཀྱང་འོང་དུ་ཉེ། བདག་ཀྱང་ཕྱག་དར་བགྱིའོ། །དེ་ནས་སོང་བའི་འོག་ཏུ་དགེ་ སློང་མ་དག་ལྷགས་ནས་ཁྱོད་ཅི་ཉེས་ཏེ་ཕྱག་དར་མ་བྱས་ཞེས་བྱས་ན། དེང་ནི་ཕྱགས་མ་ཐབས་ཅིག་ཀྱང་ས་ལ་མ་བཞག་གོ། །ཞེས་སྦེད་མས་སྨྲས་པ་དང་། དེ་གཉིས་གཏམ་ཟེར་བའི་དྲུང་ན་ནད་པ་གཅིག་འདུག་པས་གཏམ་ཅི་ཟེར་བ་ཀུན་ཐོས་པས། དེ་ན་རེ་དེ་ཡང་མོ་ཟེར་བ་བདེན་མོད་ཀྱི་དེའང་འཕགས་པ་འཆར་ བ་དང་གཏམ་ཤ་སྟག་ཟེར་ཞིང་འགྲེང་འགྲེང་ངོ་ཞེས་བྱས་པ་ལས། དགེ་སློང་མ་རྣམས་འཕྱ་བར་གྱུར་པ་དགེ་སློང་རྣམས་ཀྱིས་ཐོས་ནས་སྙན་དུ་བདས་ཏེ། འཆར་བ་ལ་རྨས་ནས་རྣམ་གྲངས་དུ་མའི་སྒོ་ནས་སྨད་དེ། འདུལ་བ་ལ་འགྲེང་དུ་མི་གནང་བར་བསླབ་པ་བཅས་སོ། །གཞན་ནི་གོང་ན་འདུག་པ་བཞིན་ དུ་སྦྱར་རོ། །བྱེ་བྲག་ནི་ལྷན་ཅིག་ཏུ་འདོམ་གང་ཚུན་ཆད་འགྲེང་ན་ལྟུང་བར་འགྱུར་རོ། །དགེ་སློང་མས་ངོས་མགྲོན་སྦྱོར་དུ་བཅུག་པའི་ཟས་ཟར་མི་གནང་བ་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་མུ་གེ་བྱུང་ནས་དགེ་སློང་རྣམས་སོ་སོའི་གཉེན་དང་ཡོན་བདག་ཚོལ་ཅིག་ཅེས་བཀའ་སྩལ་ནས། དགེ་སློང་གནས་བརྟན་ དག་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་བཤོས་སྦྱར་རོ། །ཚེ་དང་ལྡན་པ་དྲུག་སྡེ་པོ་རྣམས་ནི་ཡོན་བདག་མེད་དེ། བཅུ་གཉིས་སྡེའི་དེར་བསོད་སྙོམས་ལ་སོང་ངོ་། །དེ་རྣམས་ཀྱིས་འཕགས་པ་ཞལ་སུས་གསོལ་ཅིག་ཅེས་བྱས་ན། དེང་ཁྱེད་ཅག་གིས་ཀྱང་བྱིན་སང་སྦྱིན་པ་མེད་པས་དེ་བཞིན་དུ་ཚོལ་ ནི་མི་གནང་སྲིང་མོ་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་དགེ་སློང་གནས་བརྟན་དག་ལ་འཚོ་བ་སྦྱིན་པ་དག་ཡོང་ན་དེ་དག་བདག་ཅག་གི་ཡོན་བདག་ཏུ་སྒྱུར་ཅིག་ཅེས་བྱས་པ་དང་། དེ་ལྟར་བསྒྱུར་དུ་དབང་ངམ་ཞེས་བྱས་པ་དང་། གང་དུ་མ་གནང་སས་མ་གནང་ཞེས་བྱས་པ་དང་། དགེ་སློང་ མ་སྦོམ་དགའ་མོས་ནང་པར་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་ན་ཅང་ཤེས་ཀཽཎྜི་ནྱ་ལ་སོགས་པ་གནས་བརྟན་དག་གི་ཡོན་བདག་རྣམས་ལ་ཁྱོད་ཀྱིས་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བའི་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་སྡེ་སྣོད་གསུམ་གྱི་ཆོས་སྨྲ་བ་རྣམས་ལ་འཚོ་བ་སྦྱིན་ན་ཅི་ཉེས་ ཞེས་བྱས་པ་དང་། དེ་ལྟ་བུ་སུ་ཡིན་ཞེས་སྨྲས་ན་འཕགས་པ་དགའ་བོ་ལ་སོགས་པ་དྲུག་སྡེ་པོ་རྣམས་སོ་ཞེས་བྱས་ནས་དེ་ནས་དེར་ཡང་བླངས་སོ། །གནས་བརྟན་གཞན་གྱི་ཡོན་བདག་རྣམས་ཡང་བསླངས་པས་དྲུག་སྡེ་རྣམས་རྙེད་པ་མང་ཞིང་མཆན་སྒྱེའུ་གང་ཞིང་སླར་སོང་བ་དང་། དེ་ནས་གཞན་ དག་གིས་དེ་སྙེད་ག་ལ་རྙེད་ཅེས་དྲིས་ན། དགེ་སློང་མ་སྦོམ་དགའ་མོ་ལ་སོགས་པ་དེ་དག་གིས་དེ་ལྟར་བྱས་ཏེ། སྲིང་མོ་དེ་དག་གི་བཀའ་དྲིན་ནོ་ཞེས་འཛེར་བ་དང་། གཞན་གྱིས་དེ་ལྟ་བུ་སློང་དུ་དབང་ངམ་ཞེས་བྱས་པ་དང་། ཅིས་མི་དབང་ངོ་ཞེས་ངེད་ལྟོགས་ཏེ་འཁོད་དམ་ཞེས་སྨྲས་པ་དང་། དགེ་སློང་ རྣམས་འཕྱ་སྟེ་སྙན་དུ་བདས་ནས། སླན་ཆད་དགེ་སློང་མས་སྦྱོར་དུ་བཅུག་པ་ཟར་མི་གནང་བར་བསླབ་པ་བཅས་སོ། །སྔར་སྦྱོར་དུ་མ་བཅུག་པ་མ་གཏོགས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་ཡོད་དེ། དེའི་ལས་ནི་ཞིང་རྨེད་ཅིང་ཚོང་བྱེད་དོ། །དེས་དགོན་པའི་གནས་ཤིག་ཏུ་ཞིང་ཞིག་རྨོས་ཏེ་ཚོང་ ལ་སོང་ངོ་། །དེར་སླར་འཁོར་ཏེ་ཞིང་ལེགས་སམ་མ་ལེགས་བྱུལ་བ་དང་ཞིང་དེའི་དྲུང་ན་དགེ་སློང་བསོད་སྙོམས་པ་ཞིག་སྤྱིལ་བོ་བྱས་ཏེ་གནས་ཤིང་འདུག་པས་ཞིང་དེ་ཡང་སྔོན་དང་མི་འདྲ་བར་ནས་དང་ལྡན་པར་གྱུར་ཏོ། །ཞིང་བདག་དེས་ཀྱང་བདག་གི་ཞིང་ལེགས་པ་ནི་དགེ་སློང་དེའི་ཡིན་ནོ་སྙམ་ནས། ཁྱིམ་དུ་ ཟན་ལ་མགྲོན་དུ་གཉེར་ཏོ། །དེའི་ཕྱི་དེ་ཉིན་མོ་དགེ་སློང་མ་སྦོམ་དགའ་མོ་ཡང་ཁྱིམ་དེར་བསོད་སྙོམས་བསླངས་པ་དང་། ཁྱིམ་བདག་དེས་དགེ་སློང་བསོད་སྙོམས་པ་ཞིག་དེར་སྤྱན་དྲངས་ཏེ། དེ་ཟན་ཆད་པར་མ་གྱུར་གྲང་ཞེས་བྱས་པ་དང་། དགེ་སློང་མ་དེ་ན་རེ་བསོད་སྙོམས་པ་དེ་ངས་བོས་ཏེ་འོང་ན་ང་ལ་སྦྱིན་ནམ་ཞེས་ སྨྲས་པ་དང་། གསོལ་ལོ་ཞེས་ནས་དགེ་སློང་མ་དེ་ཡང་ལམ་དུ་བསྒུགས་པ་དང་། བསོད་སྙོམས་པ་དང་ཕྲད་དེ། འཕགས་པ་ཁྱིམ་བདག་འདིས་མགྲོན་དུ་གཉེར་བ་ནི་ཁྱོད་ཀྱི་ཡོན་ཏན་བདག་གིས་བསྔགས་པས་སོ། །ཞེས་བྱས་པ་དང་། ཅི་ངའི་ཡོན་ཏན་ཁྱོད་ཀྱིས་སྒྲོགས་ཤིག་ཅེས་ངས་བསྒོའམ་ཞེས་ བདག་ནི་མ་ཟོས་ཀྱང་བླའི་ལྟུང་བ་དང་བསྔོ་ནི་མི་ཕོད་ཅེས་སླར་སོང་ངོ་། །དེ་ལྟར་གྱུར་པ་སྙན་དུ་གསོལ་ནས། དེ་ནི་སྔར་བོས་པ་མ་གཏོགས་སོ་ཞེས་རྗེས་སུ་གནང་ངོ་། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཟས་སྦྱོར་དུ་བཅུག་ཅེས་ བྱ་བ་ནི་རྣམ་པ་གཉིས་ཏེ། ཚུལ་ཁྲིམས་དང་ཐོས་པའི་སྒོ་ནས་སྦྱོར་དུ་བཅུག་པའོ། །ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །ཟོས་ཞེས་བྱ་བ་ནི་མགྲིན་པར་མིད་པའོ། །ཉེས་པ་གང་ཞེ་ན། དགེ་སློང་མང་པོ་ཁྱིམ་དུ་འབོད་པ་ལས་དགེ་སློང་མ་ཞིག་དེར་འོངས་ནས་ཁྱོད་ཀྱིས་དགེ་སློང་འདི་ལ་ཅི་སྦྱིན་ ཞེས་བྱས་པ་དང་། འབྲས་བརྔོས་པའི་ཕྱེ་སྦྱིན་ནོ་ཞེས་བྱས་པ་དང་དེ་ལྟར་མ་ཡིན་གྱི་དེ་དག་ལ་ནས་བརྔོས་པའི་ཕྱེ་བྱིན་ཅིག་ཅེའམ། དགེ་སློང་འདི་ནི་རྒྱུན་དུ་ཞུགས་པ་ཡིན་གྱི་དེ་དག་ལ་རའི་མར་མ་སྦྱིན་པར་འབྲི་འམ། བའི་མར་བྱིན་ཅིག་ཅེས་བྱས་ཏེ་ཟོས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །དགེ་ སློང་མའི་ཚོགས་ཏེ་བཅུ་ཕུང་གསུམ་པ་རྫོགས་སོ།། །།ཡང་ཡང་ཟར་མི་གནང་བའི་གླེང་གཞི་ནི་ཡུལ་ཡངས་པ་ཅན་ན་སྟེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་འདུན་རྣམས་ཁྱིམ་དུ་བཤོས་ལ་སྤྱན་དྲངས་པ་ན། བཅོམ་ལྡན་འདས་ནི་བསླབ་པ་བཅའ་བར་བཞེད་པའི་ཕྱིར་གཤེགས་སུ་མ་ གནང་ངོ་། །དེ་ནས། དྲུག་སྡེ་པོ་རྣམས་དགེ་སློང་རྒན་ཞུགས་ཤིག་དང་འགྲོགས་ཏེ། ལམ་དུ་ཉེ་བར་འགྲོ་བའི་གྲོང་ན་ཤིང་ཨ་མྲའི་ཁུ་བ་མང་དུ་ཟོས་ཏེ་དོང་བ་དང་། སླད་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་གྱི་དེར་ཕྱིན་ཏེ། ཡོན་བདག་གིས་ཁུར་བ་བྲིམས་པ་དང་། དྲུག་སྡེ་རྣམས་ཁུར་བ་མི་ཟ་བར་འཁོད་དོ། ། དགེ་སློང་རྒན་ཞུགས་དེ་གྲལ་གྱི་ཐ་མ་ན་འདུག་པའི་གམ་དུ་ཁུར་བ་འདྲིམ་པའི་མི་རྣམས་ཕྱིན་ཏེ་འགྲེང་དུ་སྡོད་པ་དང་རྒན་ཞུགས་ཀྱེ་རྨི་ལམ་ན་བདག་གིས་ཁུར་བ་ཟོས་པར་ཤེས་པས་མི་འདྲིམ་གྱིས་ཁོང་གིས་མ་རྨས་པ་སྔ་ནས་བདག་གིས་བསུ་སྟེ་བྱའོ་སྙམ་ནས་ཁྱིམ་བདག་བདག་འབའ་ཞིག་གིས་ཁུར་བ་ཟོས་ པ་མ་ཡིན་གྱི། དགེ་སློང་དྲུག་སྡེ་རྣམས་ཀྱིས་ཀྱང་ཟོས་སོ་ཞེས་བྱས་པ་དང་། དེ་དག་ན་རེ་ངའི་ཁྱིམ་ན་ཨ་མྲའི་ཁུར་བ་མེད་སྙམ་དུ་དོགས་སམ་ཞེས་ཁྲོས་སོ། །དེ་ནས་དགེ་སློང་རྣམས་ཟས་ཟོས་ཟིན་ནས་ཕྱིར་འཁོར་བ་དང་། དགེ་སློང་རྣམས་ཚིམ་པར་གྱུར་ཏམ། བདེ་བར་གསོལ་ ཏམ་ཞེས་བཀས་རྨས་པ་དང་། བཤོས་ཚལ་ནི་བཟང་ན་ཁྱིམ་བདག་ནི་འདི་ལྟ་བུའི་ཕྱིར་འཁྲུགས་སོ། །ཞེས་གསོལ་པ་དང་། ཁྱིམ་བདག་ནི་ཡུས་ཏེ་རིགས་པར་ཁྲོས་སོ་ཞེས་བཀའ་སྩལ་ནས་དྲུག་སྡེ་རྣམས་ལ་རྨས་པ། རྣམ་པ་དུ་མས་སྨད་དེ་ཡང་ཡང་ཟར་མི་གནང་བར་འདུལ་བ་ལ་བསླབ་པའི་ གནས་བཅས་སོ། །ན་བ་དུས་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་གཅིག་ཅིག་ནད་ཀྱིས་བཏབ་སྟེ་ཉམ་ཆུང་ནས་སྨན་པ་ལ་དྲིས་པས་ཞལ་སུས་ཟོ་ཤིག་དང་སོས་པར་འགྱུར་རོ། །ཞེས་ནས་སྙན་དུ་བདས་ཏེ། ན་བ་དུས་ནི་དེར་རྗེས་སུ་གནང་ངོ་། །ན་བ་དུས་ཞེས་བྱ་བ་ནི་དགེ་སློང་ཟས་གཅིག་གིས་འཚོ་ བར་མི་ནུས་པའོ། །ལས་དུས་ནི་དགེ་སློང་གཅིག་ཅིག་གཙུག་ལག་ཁང་ཆག་ཆག་དང་དཀྱིལ་འཁོར་དང་དྲི་གཙང་ཁང་ཕྱག་དར་བྱས་ནས་ངལ་ཏེ་ཉལ་ཞིང་འདུག་པ་དང་དེ་ལ་གཞན་དག་གིས་འཕགས་པ་ཅིའི་སླད་དུ་འཕྲེས་ཤིང་གཟིམས། བདག་ནི་ལས་ཆེས་ཏེ་ཉམ་ཆུང་ཞིང་ཉལ་ཞིང་འདུག་གོ། ། འཕགས་པ་འོ་ན་ཞལ་སུས་གསོལ་ཅིག་ཅེས་པ་དང་། སྙན་དུ་བདས་ནས་ལས་དུས་ཞེས་རྗེས་སུ་གནང་ངོ་། །ལས་དུས་ནི་དགེ་འདུན་གྱིའམ་མཆོད་རྟེན་གྱི་ཡང་རུང་སྟེ་ལས་བྱས་པ་དང་། ཐ་ན་རེ་ལྡེ་ཙམ་གྱི་ས་ཕྱགས་པའམ་བའི་གནས་མལ་ཙམ་གྱི་སྐྱང་ནུལ་དཀྱིལ་འཁོར་བྱས་པའོ། །དེ་ལ་ལམ་དུས་ ནི་དགེ་སློང་ཞིག་ལམ་དུ་ཞུགས་པ་ལས་ལམ་གྱིས་ངལ་ཏེ་འགྲོ་མ་ནུས་པ་ལས་སྙན་དུ་བདས་ཏེ་ཞལ་སུས་ཟར་གནང་སྟེ་ལམ་གྱི་ཚད་ནི་དཔག་ཚད་གཅིག་ཏུ་སོང་བ་དང་། དཔག་ཚད་ཕྱེད་ནས་སླར་ལོག་པའོ། །གོས་བྱིན་པ་དུས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གིས་དགེ་སློང་རྣམས་བཤོས་དང་ གོས་ཕྲུགས་རེ་རེ་གསོལ་གྱིས་སྤྱོན་ཅིག་ཅེས་སྤྱན་དྲངས་པ་ལས་བདག་ཅག་ཟས་གཉིས་ཟ་བ་སྤངས་སོ་ཞེས་མ་བཏུབ་པ་ལས། བདག་ཅག་གིས་ཟས་དང་གོས་ཀྱིས་བསྟབས་ཀྱང་འོང་དུ་མ་བཏུབ་ཅེས་འཕྱ་བ་ལས་གོས་དུས་སོ་ཞེས་རྗེས་སུ་གནང་སྟེ་གོས་ནི་རས་དང་རས་ཆེན་རྙེད་པའོ། །ཉེས་པ་ནི་གོས་ དང་ལྡན་པའི་ཁྱིམ་གཉིས་ཤིག་ཏུ་མགྲོན་དུ་བོས་པ་ལས་གཉིས་ཀ་ཟོས་ན་ཡང་ལྟུང་བ་མེད་དོ། །སྔར་གོས་ཡོད་པར་བོས་ལ་ཕྱིས་གོས་མེད་པ་ཞིག་ཏུ་བོས་ན་སྔ་མ་ནི་ཉེས་པ་མེད་དོ། །ཕྱི་མ་ནི་གཞན་ལ་སྦྱིན་པར་བྱ། མ་བྱིན་ཏེ་བདག་ཀྱང་མ་ཟོས་ན་ལྟུང་བ་མེད་དོ། །གོས་དང་གོས་རིན་དུ་བྱས་པ་ཞིག་ཏུ་བོས་པ་ནི་ལྟུང་བ་ མེད་དོ། །སྔར་གོས་མེད་པར་བོས་ལ་ཕྱིས་གོས་ཡོད་པར་བོས་ན་ལྟུང་བ་མེད་དོ། །གནས་ཐུན་མོང་བར་དགེ་སློང་ཞག་ལོན་པར་འདུག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་གིས་ཕྱོགས་བཞིའི་དགེ་འདུན་དང་ཕྱིའི་མུ་སྟེགས་པའི་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་སྤྱིར་གནས་ཐུན་ མོང་བ་ཞིག་བརྩིགས་ཏེ། གཙུག་ལག་ཁང་དེར་མུ་སྟེགས་པའི་དགེ་སྦྱོང་གཅེར་བུ་པ་དྲུག་ཅུ་བོས་ནས་འཚོ་བ་དང་ཡོ་བྱད་སྦྱར་ཏེ་དེར་བཀོད་པ་ན། ཁྱིམ་བདག་དེའི་ཤག་པོ་ཡང་ཆོས་ལ་དད་པ་ཞིག་པས་གཙུག་ལག་ཁང་དེའི་དགེ་སློང་རྣམས་ལ་ཕྱག་འཚལ་དུ་སོང་སོང་བ་དང་། དེ་ན་གནས་ པ་དགེ་འདུན་ནི་མ་ཡིན་གྱི། མུ་སྟེགས་པ་ཤ་སྟག་ནས། ཨེ་མའོ་ས་བོན་རེ་བཟང་ན་ཞིང་རེ་ངན། བ་ཚའི་ས་སྡིག་པའི་ས་ངན་པའོ། །འོ་ན་ཞིང་བཟང་ག་ལ་ཡོད། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཏེ་མཉན་དུ་ཡོད་པ་ནའོ། །དེ་ནས་ཡོན་བདག་དེས་ཡང་དྲུག་སྡེ་རྣམས་སྤྱན་དྲངས་ནས་ ཡོ་བྱད་ཀྱིས་མི་བྲེལ་བར་སྦྱར་ཏེ། ཆུང་མ་ལ་ཞལ་ཏ་གྱིས་ཤིག་ཅེས་བསྒོ་ནས་ཁྱིམ་བདག་དེ་ཡང་དོན་གཞན་ཞིག་གི་ཕྱིར་རི་བྲགས་ཀྱི་གྲོང་དུ་སོང་བའི་འོག་ཏུ་ཆུང་མས་ཟན་འདྲིམ་པའི་ཚེ་དྲུག་སྡེ་རྣམས་བུད་མེད་ཀྱི་ཡན་ལག་ནས་སྨོས་ཤིང་འཕྱའོ། །དེ་ནས་ཁྱིམ་བདག་ཕྱིར་འོངས་པ་ལ་ཆུང་མས་བྱས་ ན་ཡིད་མ་ཆེས་པས་ཁྱིམ་བདག་ཉིད་གུད་དུ་འགྲོ་བ་ལྟར་བྱས་ཏེ་བགོམ་ན་བདེན་པར་གྱུར་ཏེ། ཁྱིམ་བདག་གིས་ཀྱང་དྲུག་སྡེ་རྣམས་བསྐྲད་པའི་ཐབས་ཤིག་བྱའོ་སྙམ་ནས་ཉི་མ་རེ་རེ་ཞིང་ཁུར་བ་རེ་རེ་ཕྲི་ནས་གཅེར་བུ་པ་གཅིག་གནས་ཤིང་གཅེར་བུ་པ་གཞན་རྣམས་གུད་དུ་དོང་བ་ལ། ཡོན་བདག་དྲུག་ སྡེ་ལ་མ་དད་པ་སྐད་དུ་མ་སྦྲན་ནས། གཅེར་བུ་པ་དྲུག་ཅུ་སླར་ལྷགས་ཏེ་དྲུག་སྡེ་བརྡེགས་སོ། །དེ་དག་ཀྱང་མ་སྣད་ནས་གཅེར་བུ་པ་ངལ་ཞིང་འཁོད་པ་ལ་དྲུག་སྡེ་གཅིག་གིས་ཀྱང་མི་བཅུ་བཅུ་སྟེ་དྲུག་སྡེ་པོས་མ་ཤི་ཙམ་དུ་བརྡེགས་སོ། །དེ་ནས་དྲུག་སྡེ་པོ་ཡང་མཉན་དུ་ཡོད་པར་ཕྱིར་འོངས་ནས་དེའི་ཚེ་ཚེ་དང་ལྡན་པ། ཤཱ་རིའི་བུས་བྱང་ཕྱོགས་ནས་རྒོལ་དུ་འོངས་པའི་མུ་སྟེགས་ཅན་གྲངས་མེད་པ་བཏུལ་ནས་བདེན་པ་ལ་བཀོད་དོ། །དགེ་སློང་རྣམས་ཀྱིས་དྲུག་སྡེ་རྣམས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་སེམས་ཅན་གྱི་དོན་འདི་ལྟ་བུ་བྱས་སོ་ཞེས་བྱས་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་ནི་ངོ་མཚར་ཅི་ཆེ་ངེད་ ཀྱིས་ཀྱང་ད་བར་གཅེར་བུ་པ་དྲུག་ཅུ་ལ་དབྱིག་པས་ཆོས་བཤད་དོ། ཞེས་བྱས་པ་དང་། གཞན་འཕྱ་བ་ལས་སྙན་དུ་བདས་ཏེ། གནས་ཐུན་མོང་བར་ཟན་ཟ་བ་གཅིག་ལས་ཟར་མི་གནང་བར་བཅས་སོ། །ན་བ་མ་གཏོགས་ཞེས་བྱ་བ་ནི་ཡུལ་དེ་ཉིད་དུ་གཙུག་ལག་ཁང་སྔ་མར་ཏེ། དེར་ཚེ་དང་ལྡན་པ་ ཤཱ་རིའི་བུ་ཆོས་འཆད་པར་འབོད་པའི་རིགས་པར་གྲོགས་པོ་དད་པ་དེས་བསྟན་ནས་ཤཱ་རིའི་བུ་དེར་བོས་ཏེ། དེར་ཆོས་བཤད་པས་ན་སྐྱེ་བོ་རྣམས་ཀྱང་དད་པར་གྱུར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་རླུང་ཞུགས་ཏེ་ནད་ཀྱིས་བཏབ་ནས། གནས་དེ་ཉིད་དུ་བཞུགས་སུ་གསོལ་ན་མ་གནང་སྟེ་དོང་བ་ལས་མཉན་དུ་ ཡོད་པར་ཕྱིན་ཏེ་སྐྱེ་བོ་མང་པོས་ཤཱ་རིའི་བུའི་སློབ་མ་ལ་བདེ་བར་འོངས་སམ་ཞེས་སྨྲས་ན། སེམས་ཅན་མང་པོའི་དོན་བྱས་པ་ནི་བདེ་ན་མཁན་པོ་ནད་ཀྱིས་བཏབ་པ་ནི་མི་བདེའོ་ཞེས་བྱས་པ་དང་། སྙན་དུ་བདས་ཏེ། ན་བ་དུས་ཏེ་ན་བ་ལ་པུས་འཁྱུད་འཆང་བའང་རྗེས་སུ་གནང་ངོ་། །གནས་ཐུན་མོང་དུ་ཞག་ལོན་ཏེ་ ཞེས་བྱ་བ་ནི་གཅེར་བུ་པ་ནི་ཉན་ཐོས་ཀྱི་གནས་སུའོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་ངོ་། །མིན་ཞེས་བྱ་བ་ནི་ཤཱ་རིའི་བུ་ལས་དགོངས་ཏེ་གནང་བའོ། །ཟན་གཅིག་ཟོ་ཞིག་ཅེས་བྱ་བ་ནི་དེ་ལས་ལྷག་པར་ཟོས་ན་ལྟུང་བར་འགྱུར་རོ། །ཉེས་པ་ནི་གནས་དེ་ན་གནས་པའི་ཚེ་ནི་ཉེས་བྱས་སོ། །ལྷག་པར་ཟན་ ཟོས་ན་ལྟུང་བའོ། །དེ་ན་གནས་ཤིང་གུད་དུ་ཟ་ན་གནས་པ་ལ་ཉེས་བྱས་སོ། །ཟོས་ན་ལྟུང་བར་འགྱུར་རོ། །གུད་དུ་གནས་ཤིང་གུད་དུ་ཟ་བ་ནི་ཉེས་པ་མེད་དོ། །གུད་དུ་གནས་ཤིང་དེར་ཟ་ན་གནས་པ་ལ་ཉེས་པ་མེད་དོ། །དེར་ཟ་ན་ལྟུང་བར་འགྱུར་རོ། །མང་པོའི་དང་གཉེན་གྱི་དང་། ཡོན་བདག་ན་རེ་འདུག་ཤིག་ཅེ་ན་ ལྟུང་བ་མེད་དོ། །ཕྱེ་ལ་སོགས་པ་ལྷུང་བཟེད་གང་བ་གཉིས་གསུམ་ལས་ལེན་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བྱང་ཕྱོགས་ནས་ཚོང་པ་ལྷགས་པ་དྲུག་སྡེ་རྣམས་ཀྱིས་ཐོས་ནས་དེ་དག་ལ་དྲུག་སྡེས་གོས་དང་ཟས་དག་བསླངས་ཏེ་ཚོད་མ་ཟིན་པ་ལས་ཚོང་པ་དག་བརྒྱགས་ཆད་དེ་ཉེས་པའི་དམིགས་སུ་གྱུར་ པ་དང་། ཕྱིས་མཉན་དུ་ཡོད་པ་ན་ཁྱིམ་བདག་གཅིག་ཅིག་གནས་པ་དེས་ཆུང་མ་སྔ་ཕྱིར་ལན་བདུན་གྱི་བར་དུ་བླངས་ན་ཡང་ཀུན་དུས་ལས་འདས་ནས་སླད་ཀྱིས་ཆུང་མ་དག་བླངས་ན་སུ་ཡང་མི་སྟེར་ཅིང་འདུག་པ་དར་ཁྱིམ་བདག་གཞན་ཞིག་གི་བུ་མོ་མིག་གཡས་པ་ཞར་མ་ཞིག་ཡོད་དེ། དེ་སུ་ལ་བྱིན་ཡང་མི་འདོད་པ་དེ་ཆུང་ མ་ཤི་བའི་མི་དེ་ལ་སྦྱིན་པར་ཁྱིམ་མཚེས་རྒན་མོ་ཞིག་འདུག་པས་སྨྱན་བྱས་ནས་བླང་བར་དུས་བྱས་སོ། །དེའི་གྲོགས་པོ་ཞིག་གིས་བུ་མོ་གཡས་ཞར་མོ་དེ་ཅི་རུང་ལེན་པའི་མི་རིགས་ཀྱི། གུད་ན་ཡུགས་ས་མོ་ཞིག་ཡོད་དེ། དེ་བླང་གིས་སྔ་མ་ཐོང་ཤིག་ཅེས་ནས་སྔ་མ་བཏང་བའི་ཀླན་ཀ་ཚོལ་བའི་བར་དུ་བག་ མ་བླང་བའི་དུས་ལ་བབ་སྟེ་ཞག་གྲངས་ཚང་ནས། བུ་མོའི་ཕ་མ་ཡང་བུ་མོ་གཏོང་བའི་བཤོས་ཚལ་དག་ཤོམ་ཞིང་སྦྱོར་བ་དང་ཚེ་དང་ལྡན་པ་དྲུག་སྡེ་རྣམས་ལྷགས་ཏེ། ཆེ་ཞེ་བག་མར་འགྲོ་བའི་ཟན་དེད་ལ་བྱིན་ཅིག་ཅེ་ནས་ཚོད་མ་ཟིན་ཏེ། ཕྱེ་དང་ཁུར་བ་མང་དུ་བླངས་སོ། །དེའི་རྗེས་ལ་དགེ་སློང་མ་བཅུ་གཉིས་ སྡེས་ཀྱང་བསླངས་པས་སྟོན་མོའི་རྒྱུ་ཟད་དེ། དེ་དག་གིས་མག་པ་ལ་བཤོལ་བས་དུས་བྱས་ན་བྱིན་ན་ནི་སྔ་མའི་དུས་བཞིན་དུ་བྱིན་ཅིག །དེ་ཡང་ཀླན་ཀའི་སྐབས་རྙེད་དེ། བུ་མོ་བཏང་ནས་ཡུགས་ས་མོ་བླངས་སོ། །དེ་ནས་བུ་མོ་གཡས་ཞར་མོ་ཡང་སུ་ལ་བྱིན་ཡང་མ་འདོད་དོ། །དེ་ལྟར་གྱུར་པ་ཁྱིམ་མཚེས་རྣམས་ འཕྱ་སྟེ། བུ་མོ་སུས་ཀྱང་མི་འདོད་པ་ལས་བག་མར་བཏང་བར་བྱས་པ་ལས། དྲུག་སྡེས་བར་ཆད་བྱས་སོ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས་དགེ་སྦྱོང་གི་བྱ་བ་མ་ཡིན་ནོ་ཞེས་བཀས་སྨད་དེ། སླན་ཆད་ཁྱིམ་བདག་དད་པས་བསྟབས་ཀྱང་ལྷུང་བཟེད་གསུམ་ལས་ལེན་དུ་མི་གནང་བར་བཅས་སོ། །དགེ་སློང་ ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །མང་པོ་ཞེས་བྱ་བ་ནི་གཉིས་ཡན་ཆད་ལ་བྱའོ། །གྲོང་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་མོ། །དང་བཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་མངོན་སུམ་དུ་ཕྱོགས་པའོ། །དུས་ཀྱིས་བདར་ཏེ་འདོད་ཅེས་བྱ་བ་ནི་དགོས་པར་གྱུར་པའོ། །ལྷུང་ བཟེད་གསུམ་ལོང་ཤིག་ཅེས་བྱ་བ་ནི་རབ་འབྲིང་གསུམ་སྟེ་ཆེན་པོ་ནི་ཡུལ་མཉམ་ཀའི་འབྲས་སྐམ་དྲུག་ཕུལ་དོའི་ཆན་དང་ཚོད་མར་ཤོང་ཞིང་ཁ་ར་ན་ལ་མཐེབ་མོའི་ངོས་གང་མ་ཐུག་པའོ། །ཆུང་ངུ་ནི་ཡུལ་མཉམ་ཀའི་འབྲས་དྲུག་ཕུལ་གང་གི་ཆན་དང་ཚོད་མར་ཤོང་བའོ། །བར་མ་ནི་དེ་གཉིས་ཀྱི་བར་མ་ལ་ བྱའོ། །དགེ་སློང་ཕྱི་རོལ་ཀུན་དགའ་ར་བར་དེང་ལ་དགེ་སློང་འཁོད་པ་ལ་གོས་ཤིག་ཅེས་བྱ་བའི་སྔ་མ་གཞི་ན་འཁོད་པ་རྣམས་ལའོ། །ཉེས་པ་ནི་གསུམ་ཆར་ལྷུང་བཟེད་ཆེན་པོས་བླངས་ནས་དགེ་སློང་མའི་ཚེ་ན་ཉེས་བྱས་བླངས་ན་ལྟུང་བར་འགྱུར་རོ། །གཉིས་ཆེན་པོ་གཅིག་ཆུང་ ངུས་བླངས་ན་ཡང་ངོ་། །གཉིས་ཆེན་པོ་གཅིག་ནི་འབྲིང་དང་ཡང་ངོ་། །གཉིས་ནི་འབྲིང་པོ་གཅིག་ནི་ཆེན་པོས་ན་ཡང་ངོ་། །དགེ་སློང་གིས་འབྲས་སྐམ་དྲུག་ཕུལ་ཕྱེད་དང་ལྔའི་ཆན་ལས་ཅུང་ཟད་ཅིག་ལྷག་པར་བླངས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ཟས་སྤངས་པ་ལས་ལྷག་མར་བྱས་པའི་བཟའ་ བ་དང་བཅའ་བ་ཟར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ན་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དགེ་སློང་རྣམས་ལ་སྟན་གཅིག་པར་ཟ་བ་ནི་བྱ་བ་ཉུང་གནོད་པ་ཉུང་། བདེ་བ་ལ་རེག་པར་གནས་ཤིང་ཡོན་ཏན་གྱི་ཚོགས་ཀྱང་རིག་གིས་དགེ་སློང་ཁྱེད་རྣམས་ཀྱང་སྟན་གཅིག་པར་ཟོ་ཤིག་ཅེས་བཀའ་ སྩལ་ནས། དགེ་སློང་དག་སྟན་གཅིག་པར་ཟན་ཟ་བའི་ཚེ་སློབ་དཔོན་དང་མཁན་པོ་དང་བླ་མ་དག་རྒྱུ་བ་ལ་ལངས་ཤིང་ཕྱག་བྱས་པས་ན་ཟས་སྤང་བར་གྱུར་ཏོ་སྙམ་ནས་མ་ཟོས་པས་ཉམ་ཆུང་ཞིང་རིད་པས་མ་བརྟས་པར་གྱུར་ཏེ། སྙན་དུ་བདས་ནས་མ་ལྡང་ཤིག་ཅེས་བཀའ་སྩལ་པ་དང་། ཡང་ཟས་ཕྱི་མ་འདྲིན་ པའི་ཚེ་ཆོག་ཅེས་སྤངས་པས་སྔ་མ་ཡང་སྤངས་པར་འགྱུར་རོ་སྙམ་ནས་མ་ཟོས་པས་ཉམ་ཆུང་ཞིང་རིད་པར་གྱུར་ནས་ཡང་བཀའ་སྩལ་པ། ཕྱི་མ་སྤངས་ཀྱང་སྔ་མ་སྤངས་པར་མི་འགྱུར་གྱི་ཅི་ཙམ་འདོད་ཀྱི་བར་དུ་ཟོ་ཞིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་སྤངས་ཀྱང་རུང་མ་སྤངས་ཀྱང་འདྲེས་པར་ཟ་ བས་ན་སྙན་དུ་བདས་ནས། དགེ་སློང་གི་བྱ་བ་མ་ཡིན་ཞེས་སྨད་དེ། སྤངས་པའི་ཟས་ཟ་ན་ལྟུང་བར་འགྱུར་རོ། །ཞེས་འདུལ་བ་ལ་བསླབ་པ་བཅས་སོ། །ལྷག་མར་གནང་བ་ནི་ཕྱིས་ཁྱིམ་བདག་ཅིག་གིས་དགེ་སློང་དག་མགྲོན་དུ་བོས་ན། དགེ་སློང་ནད་པ་མང་སྟེ། ནད་པ་རྣམས་ཀྱི་ཟན་བྲིང་བྲང་དུ་མནོས་ པ་དང་། ཟ་མ་ནུས་པའི་ལྷག་མ་རྣམས་ས་ལ་བོར་བ་དང་། བྱ་ཁྱིས་ཐུ་བའི་སྒྲ་ཙ་ཙི་ཐོས་པ་སྙན་གྱིས་གསན་ནས་ཡོན་བདག་དད་པས་བྱིན་པའི་ཟས་ཆུད་མི་ཟ་བར་བྱ་བའི་ཕྱིར་ལྷག་མར་བྱ་བའི་ཆོ་ག་གནང་ངོ་། །ཡང་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཟས་ཞེས་བྱ་བ་ནི་བཟའ་བ་ ལྔ་དང་བཅའ་བ་ལྔའོ། །བཅའ་བ་ལྔ་ནི་སྤང་བར་བྱ་བ་མེད་དོ། །རྩ་བ་དང་སྡོང་པོ་དང་ལོ་མ་དང་། མེ་ཏོག་དང་འབྲས་བུ་དང་། བཟའ་བར་བྱ་བ་ལྔ་ལ་སྤང་བར་བྱ་བ་ཡོད་དེ། །གང་ཞེ་ན་འབྲས་ཆན་དང་། སྲན་མ་དང་། ཟན་དང་། ཤ་དང་། ཁུར་བ་ལ་བྱའོ། །བཟའ་བ་ལྔ་ཡང་སྤང་བར་འགྱུར་རོ། །ཞེས་ གསུངས་པ་དང་། ལག་པ་ཁུར་བ་སྣུམ་ལ་རེག་པས་ཕྱི་མ་ལ་རེག་པས་ཕྱི་མ་ཀུན་སྤངས་སོ་སྙམ་པ་ལ་རྣམ་པ་ལྔས་ན་སྤངས་པར་རིག་པར་བྱ་སྟེ། ཟས་གནང་བ་དང་། ཟས་འདྲིམ་པར་གནང་བ་དང་། ཟས་འདྲིམ་པར་གཟས་པར་གནང་བ་དང་། ཟས་སྤངས་པར་གནང་བ་དང་། སྤྱོད་ལམ་ལས་ ཉམས་པར་གནང་བའོ། །ཟས་གནང་བ་ནི་བཟའ་བ་དང་བཅའ་བ་ལྔ་གནང་བའོ། །ཟས་འདྲིམ་པ་ནི་སྐྱེས་པ་དང་བུད་མེད་གནང་བའོ། །འདྲིམ་པར་གཟས་པ་ནི་ཉེ་འཁོར་ན་བཟའ་བ་ལྔ་གནང་བའོ། །ཟས་སྤངས་པར་གནང་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔ་གནང་བའོ། །སྤྱོད་ལམ་ལས་ཉམས་ པ་ནི་གང་ལ་སྟན་འདུག་པ་དེ་ལས་ལངས་པ་སྟེ། དེ་ལྔས་ན་ཟས་སྤངས་པར་རིག་པར་བྱའོ། །དེ་ལས་ལྡོག་པ་ལྔས་ན་མ་སྤངས་པར་རིག་པར་བྱའོ། །གཞན་ཡང་ལྷག་མ་ལུས་པའི་ཚིག་ལྔས་ན་མ་སྤངས་པར་རིག་པར་བྱའོ། །ལྷག་མ་མེད་པའི་ཚིག་ལྔས་ན་སྤངས་པར་རིག་པར་བྱའོ། །ལྷག་ མ་ལུས་པའི་ཚིག་ལྔས་ལུས་པ་གང་ཞེ་ན། སྐད་ཅིག་མི་དགོས་སོ་ཞེས་བྱས་པ་དང་། སྐད་ཅིག་གཞན་ལ་བྱིན་ཅིག་ཅེས་བྱས་པ་དང་། སྐད་ཅིག་ཕྱིས་ཟོས་སོ་ཞེས་བྱས་པ་དང་། སྐད་ཅིག་ཆོག་གོ་ཞེས་བྱས་པ་དང་། སྐད་ཅིག་སྡོད་ཅིག་ཅེས་བྱས་པ་སྟེ། དེ་ལྟར་ ན་ལྷག་མ་ལུས་པའི་ཚིག་ལྔའོ། །ལྷག་མ་མེད་པའི་ཚིག་ལྔ་ནི་སྐད་ཅིག་ཅེས་མ་སྨོས་ལ་གོང་མ་ལས་བཟློག་པའི་ཚིག་ལྔས་ནི་ལྷག་མ་མེད་པའི་ཚིག་ལྔར་རིག་པར་བྱའོ། །ཟོས་ན་ཞེས་བྱ་བ་ནི་མགྲིན་པར་མིད་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་དགེ་སློང་གིས་ སྤངས་པའི་ཟས་སྤངས་པར་འདུ་ཤེས་བཞིན་དུ་ལྷག་མར་མ་བྱས་པའི་བཟའ་བ་དང་བཅའ་བ་ཟོས་ན་ལྟུང་བར་འགྱུར་རོ། །སྤངས་པ་མ་བྱས་པར་སྤངས་པར་འདུ་ཤེས་ན་ལྷག་མར་མ་བྱས་པ་ཟོས་ན་ཉེས་བྱས་སུ་འགྱུར་རོ། །སྤངས་པ་ལ་སྤངས་པར་འདུ་ཤེས་བཞིན་དུ་ལྷག་མར་མ་བྱས་པ་ཟོས་ ན་ལྟུང་བར་འགྱུར་རོ། །སྤངས་པར་མ་བྱས་པར་ཐེ་ཚོམ་ཟ་བཞིན་དུ་ལྷག་མར་མ་བྱས་པ་ཟོས་ན་ཉེས་བྱས་སུ་འགྱུར་རོ། །སྐྱོ་མ་དང་ཐུག་པ་ནི་ཁ་གཟར་བཞག་ན་མི་མཐོང་བ་དང་། སོར་མོ་ལྔའི་རྗེས་སྣང་ན་སྤངས་པར་འགྱུར་རོ། །སྐོམ་ཟ་བ་ལ་སྤང་བ་མེད་དོ། །ལྷག་མར་བྱས་པ་ནི་ དགེ་སློང་བདག་གིས་ཟན་སྤངས་པ་ཕྱིས་ཟ་འདོད་ན་ཡང་དགེ་སློང་ཟན་ཟ་ཞིང་འདུག་པ་སྤྱོད་ལམ་མ་ཉམས་པའི་དྲུང་དུ་སོང་ལ་ཕྱག་བྱས་ལ་ཙོག་ཙོག་པོར་འདུག་སྟེ། དགེ་སློང་དེ་ལ་གསོལ་ཏེ་ལྷག་མར་གྱིས་ཏེ་ཟོ་ཞིག །དགེ་སློང་གཅིག་གིས་ལྷག་མར་བྱས་ན་ཐམས་ཅད་ལ་ཟར་རུང་ངོ་། །ཟས་ལྷག་མར་མ་ བྱས་པའི་ཟས་སྟོབས་སུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་གཅིག་ཅིག་ལོངས་སྤྱོད་དག་ཀྱང་འགྲིབ་པར་གྱུར་ནས་དགེ་སློང་ཞིག་ལ་གསོལ་ཏེ་རབ་ཏུ་ཕྱུང་ངོ་། །རྒན་ཞུགས་ཀྱང་དྲན་པ་ཉམས་པ་ཞིག་པས་རྟག་ཏུ་ལྟུང་བ་འབྱུང་ངོ་། །དེ་མཁན་པོས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་ བཅུག་ནས་དེ་ལྟུང་བ་བཤགས་སུ་བཅུག་གོ། །དེ་ཡང་རབ་ཏུ་ཁྲོས་ནས་སླད་ཀྱིས་ཁྱིམ་བདག་གིས་དགེ་འདུན་རྣམས་སྤྱན་དྲངས་སོ། །དགེ་སློང་དག་དེར་བཤོས་གསོལ་བའི་འོག་ཏུ་དགེ་སློང་དེ་གཉིས་ཀྱང་ཟས་ཟོས་ནས་ཉེ་བར་འགྲོ་བའི་གྲོང་དུ་སོང་སྟེ་ཟན་དག་བྱིན་ནས་ཟན་ཟོས་ཞེས་བྱས་ན་དེ་དག་གིས་ ལྷག་མར་བྱོས་ལ་ཁྱེར་ཅིག་ཅེས་བྱས་པ་དང་། དེ་གཉིས་ཀྱིས་བླངས་ནས་མཉན་དུ་ཡོད་པར་ཕྱིན་ཏེ། རྒན་ཞུགས་ནི་ལྷག་མར་བྱེད་དུ་བཅུག །སློབ་དཔོན་ནི་ཆུ་འཚག་ཏུ་སོང་ནས་སླར་འོང་བ་དང་། ལྷག་མར་བྱས་སམ་ཞེས་སྨྲས་ན་ལྷག་མར་བྱས་སོ་ཞེས་ནས་ཟོས་པའི་འོག་ཏུ་སློབ་དཔོན་ཁྱོད་ནི་ལྷག་ མར་མ་བྱས་པའི་ཟས་ཟོས་པས་ལྟུང་བ་བྱུང་ངོ་ཞེས་བྱས་པ་དང་། ངས་ལྟུང་བ་མ་མཐོང་ངོ་ཞེས་བྱས་པ་ལས་སྙན་དུ་བདས་ནས། དགེ་སློང་གི་བྱ་བ་མ་ཡིན་ཞེས་སྨད་ནས། ད་ཕྱིན་ཆད་ལྷག་མར་མ་བྱས་པའི་ཟས་སྟོབས་སུ་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་གང་ཞེས་བྱ་བ་ནི་རྒན་ཞུགས་ ཏེ། གཞན་ཡང་དེ་དང་འདྲ་བའོ། །ཤེས་ཞེས་བྱ་བ་ནི་བདག་རང་གིས་རིག་པའམ་གཞན་གྱིས་བསྒོ་བའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཟན་ཟོས་ནས་སྤངས་པར་ཤེས་ཞེས་བྱ་བ་ནི་འགྲངས་ནས་ཆོག་པར་གྱུར་པའོ། །ལྷག་མར་མ་བྱས་ཞེས་བྱ་བ་ནི་ལྷག་མར་མ་བྱས་པ་སྟེ་ བཟའ་བ་དང་བཅའ་བ་ལྔ་པའོ། །དུས་ཀྱིས་སྟོབས་ཞེས་བྱ་བ་ནི་ཡང་ནས་ཡང་དུ་སྟོབས་ཤིང་ཀླན་ཀ་བཙལ་ཏེ་ལྟུང་བ་དབྱུང་བར་བསམས་པའོ། །རྐྱེན་དེ་ཉིད་ཅེས་བྱ་བ་ནི་གཞན་མ་ཡིན་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །དགེ་སློང་མཚམས་ཀྱི་ནང་དུ་འདུས་ཤིང་ཟར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ ན་སྟེ། དེའི་ཚེ་ན་དགེ་སློང་ལྷ་སྦྱིན་ཀུན་དགའ་ར་བའི་མཚམས་ཀྱི་ནང་དུ་དགེ་སློང་མང་ཤིག་འདུས་ཤིང་ཟན་ཟ་བ་དང་མི་མཐུན་པའི་མཚན་མ་སྟོན་པས་དགེ་སློང་དག་འཕྱ་བ་སྙན་དུ་བདས་ནས་རྣམ་གྲངས་དུ་མས་སྨད་དེ། འདུས་ཤིང་ཟར་མི་གནང་བར་བསླབ་པ་བཅས་སོ། །ན་བ་དུས་སོ་ཞེས་བྱ་བ་ནི་སླད་ ཀྱིས་དགེ་སློང་མང་ཞིག་ན་ནས་སྨན་པ་ལ་དྲིས་ན་ཞལ་སུས་ལོགས་ཤིག་ཏུ་ཟོས་ན་ཕན་ནོ་ཞེས་ནས་སྙན་དུ་གསོལ་ཏོ། །ན་ན་ལོགས་ཤིག་ཏུ་བཟར་གནང་སྟེ་དགེ་སློང་ནད་པ་ཟ་གཅིག་གིས་མི་འཚོ་བའོ། །ལས་དུས་ནི་དགེ་སློང་དག་ཅིག་ཕྱག་དར་དང་དཀྱིལ་འཁོར་དག་བྱས་པས་ཆད་དེ་ཉལ་ཞིང་འདུག་ པ་སྙན་དུ་བདས་ནས་རྗེས་སུ་གནང་སྟེ། ལས་མཆོད་རྟེན་དང་དགེ་འདུན་གྱི་ལས་བྱས་པའམ། ཆུང་ངུ་ན་བའི་གནས་མལ་ཙམ་གྱི་དཀྱིལ་འཁོར་བྱས་པའོ། །ལམ་གྱི་དུས་ནི་དགེ་སློང་ཞིག་ལམ་དུ་ཞུགས་པ་ལས། དེ་དག་ལམ་གྱིས་ངལ་ཞིང་འགྲོ་མི་ནུས་པ་ལས་རྗེས་སུ་གནང་སྟེ། དཔག་ཚད་ གཅིག་ཏུ་སོང་བའམ་དཔག་ཚད་ཕྱེད་ནས་སླར་འཁོར་བའོ། །གྲུར་ཞུགས་པ་ནི་ཆུ་འབྱམ་དུ་དོང་བས་འདུ་མི་ཁོམ་པས་དཔག་ཚད་ཕྱེད་དང་གཅིག་ཏུ་སོང་བའོ། །དུས་སྟོན་ཞེས་བྱ་བ་ནི་སོ་སོའི་དུས་སྟོན་ཆེན་པོའི་ཚེ་འདུར་མི་ཁོམ་པས་སོ་སོར་བྱིན་པའོ། །དགེ་སྦྱོང་གི་ཟས་དུས་ཞེས་བྱ་བ་ནི་ཕྱི་རོལ་ གྱི་དཀྱིལ་འཁོར་དུ་རབ་ཏུ་བྱུང་བ་སྟེ། ཀུན་དུ་ཆོས་ཟན་བྱིན་པ་ལ་སོགས་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །དུས་ནི་དེ་དག་དང་མཐུན་པ་སྟེ་རྗེས་སུ་གནང་བ་ལ་བྱའོ། །ཉེས་པ་ནི་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་དང་ཐེ་ཚོམ་དུ་བཅས་ཏེ་ཟོས་ན་ལྟུང་བ་རེ་རེར་འགྱུར་རོ། །དགེ་འདུན་དུ་ མ་ལགས་སམ་བསྙེན་པར་མ་རྫོགས་པས་གྲངས་སུ་བསྐང་བ་ནི་ཉེས་བྱས་སུ་འགྱུར་རོ། །ཤང་ཙེ་དང་ལན་ཚྭ་ཁ་གཟར་གང་ཙམ་ཡན་མན་བསྲེས་པའམ། ཡོན་བདག་གིས་སོ་སོའི་གནས་སུ་ཕུལ་བ་ནི་ཉེས་པ་མེད་དོ། །དུས་མ་ཡིན་པར་ཁ་ཟས་བཟར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཨུ་པཱ་ལི་ལ་སོགས་པ་གཞོན་ནུ་བཅུ་བདུན་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དེ་དག་ཀྱང་སྔ་དྲོ་བསོད་སྙོམས་ལ་ཞུགས་པ་དང་བུད་མེད་དག་གིས་མཐོང་ནས། ཨེ་མའོ་ངོ་མཚར་ཆེ་བཙས་མ་ཐག་སྟེ། ཁ་ལན་ཚས་དགང་ཞིང་ཁྲོན་པའི་ནང་ དུ་ཞུགས་ཀྱང་མི་ཤེས་སམ་ཞེས་བྱས་པ་དང་། དེ་དག་ཀྱང་སྐྱེངས་ནས་བདག་ཅག་ཟན་ཆད་པ་བླའི་འདི་ལྟ་བུའི་ཚིག་ངན་པ་ནི་མ་ཐོས་ཀྱང་རུང་ངོ་ཞེས་ནས། དེ་དག་ཀྱང་དེའི་ཉིན་མོ་ཟན་མ་ཟོས་ནས་ནུས་ཀྱི་བར་དུ་ནི་དགེ་བ་ལ་སྤྱོད། མ་ནུས་ནས་འཕྲེས་ཤིང་ཉལ་བ་བསྙེན་དགའ་བོས་མཐོང་ནས་ཁྱེད་ཅག་གཞན་གྱི་ ཟས་ཟོས་ནས་དེ་ལྟར་ཉལ་བའི་རིགས་སམ་ཞེས་བྱས་པ་དང་། ངེད་ཀྱིས་མ་ཟོས་སོ་ཞེས་དེ་ལྟར་གྱུར་པ་རྒྱས་པར་སྨྲས་སོ། །དེའི་ཚེ་གྲོང་ཁྱེར་གྱི་མི་དགའ་སྡེ་རྣམས་ཟས་སྐོམ་བསྡུས་ནས་ཛེ་ཏའི་ཚལ་དུ་དོང་བ་བཅུ་བདུན་སྡེས་མཐོང་སྟེ། ཟས་སྐོམ་སྦྱིན་ན་བསོད་ནམས་སུ་འགྱུར་བ་དག་སྨྲས་པ་དང་། དེ་རྣམས་ ཀྱིས་ཀྱང་བཅུ་བདུན་སྡེ་ལ་ཟས་སྐོམ་བྱིན་ནོ། །དེ་དག་ཀྱང་ཟས་སྐོམ་ཟོས་ནས་འགྲངས་ཏེ། གཉིས་གཉིས་གསུམ་གསུམ་དུ་བཅད་དེ་ཁ་ཏོན་འདོན་པ་ལ་ཞུགས་པ་དང་། བསྙེན་དགའ་བོས་མཐོང་སྟེ། ཁྱེད་ཅག་ད་ཅི་ནི་ཉལ་ན་ད་ནི་བརྩོན་པ་ལ་ཞུགས་སམ་ཞེས་བྱས་པ་དང་། ཁ་ཟས་སྦྱིན་པ་ ནི་ཡོན་ཏན་ལྔ་སྟེ་ཚེ་བྱིན་པ་དང་མདོག་བྱིན་པ་དང་། སྟོབས་བྱིན་པ་དང་། བདེ་བ་བྱིན་པ་དང་། སྤོབས་པ་བྱིན་པ་སྟེ། བདག་ཅག་ཁྱིམ་བདག་ལ་ཁ་ཟས་བསླངས་ཏེ་ཟོས་སོ་ཞེས་བྱས་པ་དང་། ཅི་ཁྱེད་དུས་ལས་འདས་པར་ཟན་ཟར་གནང་ངམ་ཞེས་སྨྲས་པ་དང་། བདག་ཅག་དུས་སུ་ནི་ཟན་མ་རྙེད་དེ། ལྟོགས་ཏེ་འཆི་མི་ཕོད་དོ་ཞེས་ཟེར་བ་སྙན་དུ་བདས་ནས་རྣམ་གྲངས་དུ་མར་སྨད་དེ། དུས་ཡོལ་ནས་ཟར་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་བཅུ་བདུན་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དུས་ཡོལ་ཞེས་བྱ་བ་ནི་དུས་གཉིས་ཏེ། ཉི་མ་ཕྱེད་ཡོལ་ཕན་ཆད་དང་། སྐྱ་རེངས་མ་ ཤར་གྱི་བར་དུ་དུས་མ་ཡིན་ཞེས་གསུངས་སོ། །ན་བ་ནི་མ་གཏོགས་སོ། །ཟོས་ཞེས་བྱ་བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་མགྲིན་པར་མིད་པའོ། །དུས་ཡོལ་བ་ལ་ཡོལ་བར་འདུ་ཤེས་སམ་ཐེ་ཚོམ་ཟ་ན་ལྟུང་བར་འགྱུར་རོ། །དུས་མ་ཡོལ་བ་ལ་ཡོལ་བར་འདུ་ཤེས་སམ་ཐེ་ཚོམ་ཟ་ན་ཉེས་བྱས་སུ་ འགྱུར་རོ། །ཁ་ཟས་ཞག་ལོན་པ་བཟར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་ནག་པོ་ཞེས་བྱ་བ་གྲོང་ཁྱེར་དང་གྲོང་རྡལ་དག་ན་གནས་ཤིང་སྔ་དྲོ་ཟན་གྱི་ཕྱིར་བསོད་སྙོམ་ལ་འཇུག་གོ། །བསོད་སྙོམས་ཀྱི་ཟན་གཤེར་བ་དང་སྐམ་པོ་རྙེད་ན་གཤེར་བ་ནི་འཕྲལ་དུ་ཟ། སྐམ་པོ་ནི་ སྣོད་དུ་བཅུག་ནས། ནམ་ཆར་འབབ་ཅིང་རླུང་ལྡང་བ་དང་། ནམ་རྨུས་པའི་ཚེ་ཆུའི་ནང་དུ་སྦངས་ཤིང་བསོད་སྙོམས་ལ་མི་འཇུག་པར་ཟའོ། །དུས་ཕྱི་ཞིག་ན་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུ་ཞིང་གཤེགས་པ་དང་། ནག་པོའི་ཟས་སྐམ་པ་ལ་གཟིགས་ནས་སུ་ཡིན་ཞེས་རྨས་པ་དང་། དགེ་སློང་ནག་པོའི་ལགས་སོ་ཞེས་ཀུན་དགའ་བོས་གསོལ་ཏེ། དགེ་སློང་གིས་ཁ་ཟས་བཞག་པ་བཟའ་བའི་མི་རིགས་མ་བརྟགས་པའོ་ཞེས་སྨད་དེ། བཞག་པའི་ཁ་ཟས་ཟར་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ནག་པོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །བཞག་པ་ནི་ རྣམ་པ་གཉིས་ཏེ། སྔ་དྲོ་བྱིན་ལེན་བྱས་པའི་ཟས་ནི་ཕྱི་འཕྲེད་ཀྱི་དུས་སུ་བཞག་པར་གྱུར་ཏོ། །ཕྱི་དྲོ་བྱིན་ལེན་བྱས་པ་ནི་སྲོད་ཀྱི་དུས་སུ་བཞག་པར་གྱུར་ཏོ། །མཚམས་ཀྱི་ནང་དུ་ཞག་ལོན་པ་དང་དགེ་སློང་གིས་བཅོས་པ་དང་། བྱིན་གྱིས་མ་བརླབས་པ་ལ་ཡང་སྦྱར་རོ། །བཅའ་བ་དང་བཟའ་ བ་དང་བཏུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཞག་པ་ལ་བཞག་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་ན་ཡང་ལྟུང་བ་རེ་རེར་འགྱུར་རོ། །མ་བཞག་པ་ལ་བཞག་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་ན་ཉེས་བྱས་རེ་རེར་འགྱུར་རོ། །ལྷུང་བཟེད་བཀྲུ་བ་མ་དག་སྟེ། བཞག་པ་ཡོད་པའམ་ཁ་གཟར་དང་ཚ་སྟེགས་ན་ བཞག་པ་ཡོད་པ་དང་སྤགས་པ་ཟོས་ན་ཉེས་བྱས་སུ་འགྱུར་རོ། །ཁ་མ་བཀྲུས་པར་བཏུང་བ་འཐུངས་ན་ཉེས་བྱས་སུ་འགྱུར་རོ། །བཞག་པའི་མེ་ཏོག་དང་འབྲས་བུ་བཞག་པ་ཟོས་ན་ཡང་ལྟུང་བར་འགྱུར་རོ། །དགེ་སློང་བྱིན་ལེན་མ་བྱས་པར་ཟར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་ནག་པོ་ཡོ་བྱད་དང་འཚོ་བ་ཐམས་ཅད་ཀྱང་དུར་ཁྲོད་ཀྱི་སྟེ། ལྷུང་བཟེད་ཀྱང་དུར་ཁྲོད་ཀྱི་རྫ་མ་བོར་བའོ། །གོས་ཀྱང་དུར་ཁྲོད་ཀྱི་མི་ཤི་བའི་གོས་བོར་བ། ཟས་ཀྱང་མི་ཤི་བའི་ཕྱིར་གཉེན་རྣམས་ཀྱིས་ཟན་ཁེངས་པ་བོར་བ་ཟ་བས་དེའི་ཚེ་ཚེ་དང་ལྡན་པ་ནག་པོ་ཆེན་པོ་ནམ་སྐྱེ་བོ་མང་པོ་ཤི་བའི་ ཚེ་ན་ལུས་ཀྱང་བརྟས་ཤིང་བསོད་སྙོམས་ལ་ཡང་མི་འཇུག་གོ། །ནམ་མི་ཤི་བ་ཉུང་བ་ན་གྲོང་དུ་བསོད་སྙོམས་ལ་འཇུག་ལུས་ཀྱང་མ་བརྟས་པར་གྱུར་པས་ན། ཡུལ་མཉན་དུ་ཡོད་པ་ཕྱོགས་སུ་ཚེ་དང་ལྡན་པ་ནག་པོ་ཆེན་པོ་མི་ཤ་བཟའ་བར་ཀུན་དུ་གྲགས་སོ། །བྱིན་ལེན་བྱོས་ལ་ཟོ་ཤིག་པར་བཀའ་ སྩལ་པ་ལས་ཚེ་དང་ལྡན་པ་དྲུག་སྡེ་པོ་རྣམས་བྱིན་ལེན་མི་བྱེད་པར་ཟ་བས་ན། བཅོམ་ལྡན་འདས་ཀྱིས་ཉེས་པའི་དམིགས་སུ་གྱུར་པ་ཐམས་ཅད་ཀྱང་བྱིན་ལེན་མ་བྱས་པ་ལས་གྱུར་ཏོ་སྙམ་ནས་དཔང་དུ་བྱ་ཞིང་སྐྱེ་བོ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་བྱིན་ལེན་མི་བྱེད་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་ སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །མ་བྱིན་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་རྣམས་ཀྱིས་མ་བྱིན་པའོ། །ཁ་ནས་མིད་ཅེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔའོ། །ཆུ་དང་སོ་ཤིང་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་དགོན་པ་རྣམས་ཆུ་དང་སོ་ཤིང་ཡང་མི་སྐྱོད་པ་ལས་སྙན་དུ་བདས་ ནས། ཆུ་དང་སོ་ཤིང་མ་གཏོགས་ཞེས་རྗེས་སུ་གནང་བའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །བྱིན་ལེན་མ་བྱས་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་ན་ཡང་ལྟུང་བ་རེ་རེར་འགྱུར་རོ། །བྱིན་ལེན་བྱས་པ་ལ་མ་བྱས་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་བཞིན་དུ་ཟོས་ན་ཉེས་བྱས་སོ། །སྤྲེའུ་དང་གླང་པོ་ཆེ་དང་ཅང་ཤེས་དང་། དྲེད་ མོ་ཅང་ཤེས་ལྟ་བུས་བྱིན་པ་ནི་བྱིན་པར་ཆུད་དོ། །སྨོད་པ་ཅན་གྱི་ཡུལ་ན་བྱིན་ལེན་མ་བྱས་པ་ཟར་ཡང་རུང་སྟེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་པ་ཡང་བྱང་གི་སྒྲ་མི་སྙན་ལྟ་བུར་བསྔོས་ཏེ་བཟའོ། །མི་ན་བར་ཟས་བཟང་པོ་གཞན་གྱི་ཁྱིམ་ནས་སློང་ཞིང་ཟར་མི་གནང་བའི་གླེང་གཞི་ནི་གྲོང་ཁྱེར་སེར་སྐྱའི་གནས་ ན་སྟེ། དེའི་ཚེ་ནི་ཁྱིམ་བདག་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ལ་སོགས་པ་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་པ་དང་། བཅོམ་ལྡན་འདས་འཁོར་དང་བཅས་པར་གཤེགས་སུ་གནང་སྟེ། བཅོམ་ལྡན་འདས་འཁོར་དང་བཅས་པ་མིང་ཆེན་གྱི་ཁྱིམ་དུ་གཤེགས་ཏེ་བཤོས་གསོལ་ ནས། ཁྱིམ་བདག་ལ་ཆོས་བསྟན་གཟེངས་བསྟོད་རབ་ཏུ་དགའ་བར་མཛད་ནས་སླར་གཤེགས་སོ། །དགེ་སློང་དྲུག་སྡེ་རྣམས་ཉེ་བར་འགྲོ་བའི་གྲོང་ན་མར་ཟན་སློང་ཞིང་ཐོགས་པས་འཕྱིས་ཏེ་ཟན་ཡང་མ་སླེབས་གདན་འབྱམ་དག་ཀྱང་བསྡུས་པའི་འོག་ཏུ་མིང་ཆེན་གྱི་ཁྱིམ་དུ་ལྷགས་སོ། །དེར་ཟན་ དག་བསླངས་པ་དང་། ཁ་ཟས་དག་ཟད་པས་ན་ངན་ངོན་ཞིག་སྦྱར་བ་དང་། དེ་དག་མ་མགུ་ནས་གཞན་དག་གི་ཁྱིམ་ནས་འོ་མ་དང་ཞོ་དང་མར་སར་དང་། ཉ་དང་ཤ་དང་ཤ་སྐམ་བླངས་ཏེ་ཟོས་ནས་སླར་གཙུག་ལག་ཁང་དུ་དོང་ངོ་། །དེ་དག་གཙུག་ལག་ཁང་དུ་ལྷགས་པ་དང་། དགེ་སློང་རྣམས་ཀྱིས་ ཁྱེད་ཟན་གར་ཟོས་ཤེ་ན་མིང་ཆེན་གྱི་དེར་རོ། །འོ་ན་ངེད་ཀྱིས་མ་མཐོང་ན་ཞེས་བྱས་པ་དང་། ངེད་ཕྱིས་ལྷགས་སོ། །དེར་ཁྱེད་ཀྱིས་ཅི་ལྟ་བུ་ཞིག་ཟོས་ཞེས་བྱས་པ་དང་། འོ་མ་དང་ཤ་དང་ཉ་སྐམ་མོ། །འོ་ན་ངེད་ཀྱིས་མ་ཟོས་ན། ཁྱེད་དེ་ལྟ་བུ་སློང་དུ་དབང་ངམ་ཞེས་བྱས་པ་དང་། དབང་ཡང་རུང་མི་ དབང་ཡང་རུང་བདག་ཅག་གིས་ཟོས་སོ་ཞེས་བྱས་པ་དང་། དགེ་སློང་གཞན་དག་གིས་འཕྱས་པ་སྙན་དུ་བདས་ཏེ། ཁ་ཟས་བཟང་པོ་དག་གི་ཕྱིར་མི་ན་བར་གཞན་གྱི་ཁྱིམ་ནས་བསླངས་ཏེ་བཟར་མི་གནང་བར་བསླབ་པ་བཅས་སོ། །ན་བ་ལ་གནང་བ་ནི་དགེ་སློང་ཞིག་ནད་ཀྱིས་བཏབ་སྟེ་སྨན་པ་ ལ་དྲིས་པ་དང་། འཕགས་པ་འོ་མ་དང་ཤ་དང་ཉ་སྐམ་གསོལ་ཅིག་དང་སོས་པར་འགྱུར་རོ། །བདག་ལ་སུས་སྦྱིན་གྲོང་དུ་སློངས་ཤིག་དང་སྟེར་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་སོ། །གྲོང་དུ་སློང་དུ་མི་གནང་ངོ་ཞེས་པ་ལ་སྙན་དུ་བདས་ཏེ། ན་བའི་དུས་སུ་ཞེས་རྗེས་སུ་ གནང་ངོ་། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །གང་བཟང་པོར་གསུངས་ཞེས་བྱ་བ་ནི་འོ་མ་དང་ཞོ་དང་མར་དང་ཉ་དང་ཤ་དང་ཤ་སྐམ་མོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་མ་ཡིན་གྱི་བདག་གི་ཚེད་དུ་བྱས་ པའོ། །མི་ན་ཞེས་བྱ་བ་ནི་ན་བ་མ་གཏོགས་ཏེ་གནང་བའོ། །གཞན་གྱི་གྲོང་ན་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་གྲོང་ངོ་། །དགེ་སློང་ཞེས་བྱ་བ་ནི་བདག་གིས་སོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །མི་ན་བར་སློང་ཞིང་ཟན་སློང་བའི་ཚེ་ཉེས་བྱས་ཟོས་ན་ལྟུང་བར་འགྱུར་རོ། །མི་ན་བའི་ཚེ་བསླངས་ལ་ ན་བའི་ཚེ་ཟོས་ན་སློང་བའི་ཚེ་ཉེས་བྱས་སོ། །ཟོས་ན་ལྟུང་བ་མེད་དོ། །ན་བ་ན་བསླངས་ལ་མི་ན་བ་ལ་ཟོས་ན་སློང་བ་ལ་ཉེས་པ་མེད་དོ། །ཟོས་ན་ལྟུང་བའོ། །ན་བའི་ཚེ་བསླངས་ཤིང་ན་བའི་ཚེ་ཟོས་ན་ཉེས་པ་མེད་དོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་འཕགས་པ་ཅི་བཞེད་ཅེས་བསྟབས