Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 145

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
ྐྱེས་བུ་བཞིན་ནོ། །དེའི་ཕྱིར་ཐུབ་པའི་དབང་པོ་ཉི་མ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་འོད་མངའ་བ་ཤར་བ་ཤིན་ཏུ་གསལ་བས་བློ་མི་གཡེང་བའི་སྦྱོར་བ་བདག་མེད་པས་རབ་ཏུ་བསྒོམས་
ནས། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་འདོར་བར་འགྱུར་རོ། །བློ་གྲོས་འདི་མ་བསལ་བར་གྲོལ་བ་ཡོད་མིན་ཏེ། །རངས་བྱེད་བུ་དེ་སྲིད་པ་གསུམ་གྱི་རྩེར་གནས་པ། །དེ་ཐོབ་ཀྱང་ནི་དེ་ལས་ཉམས་པས་སུམ་ཅུ་རྩ་གསུམ་མཆོག །ཐོབ་སྟེ་ཐ་མར་སེམས་ཅན་དམྱལ་བ་ཐོབ་པར་འགྱུར། །

ཤེས་རབ་ཅན་ལྟ་བ་ངན་པའི་དྲ་བའི་ཚོགས་སྣ་ཚོགས་པ་གཅོད་ཅིང་། ཤེས་རབ་ཀྱི་རལ་གྲི་ཕྱུང་བའི་ས་བདེ་བར་གཤེགས་པའི་གསུང་གི་བདར་ལ་བདར་བ་རྣམས་ཀྱིས་བདག་མེད་པར་མཐོང་ངོ་། །སོ་ག་མྱ་ངན་ན་རྒྱུ་བ། ཉི་མའི་འོད་ཟེར་རྣོན་པོའི་རབ་ཏུ་གདུངས་
པས་ན་ནང་དུ་ལུས་ལ་གདུང་བ་ཏེ་པོར་རྙེད་པ་དག་དང་འདྲ་བར་སྐྱེ་བ་དང་འཇིག་པས་སྲིད་པ་དང་ཡིད་བྱུང་བ་རྣམས་ཆུ་བསིལ་བའི་མཚོ་བྲན་ལྟ་བུའི་མྱ་ངན་ལས་འདས་པའི་ཞི་བའི་གཏིང་དཔོག་པར་འདོད་ན། བདག་རྣམ་པར་བསྒྱུར་དུ་མེད་པའི་ཕྱིར་ནམ་མཁའ་ནས་ཐོག་བབས་པ་དང་འདྲ་
བའི་སྡུག་བསྔལ་གྱི་ཚོར་བའི་གནམ་ལྕགས་བབས་ཀྱང་རང་གི་ངོ་བོ་ལས་མི་ཉམས་པ་ལས་གནོད་པ་ག་ལ་ཡོད་སྨྲས་པས། རྟག་ལ་གནོད་པ་ག་ལ་ཡོད། །གནོད་མེད་ཐར་པ་ག་ལ་ཡོད། །དེས་ན་གང་གི་རྟག་ཡིན་ལ། །དེ་ལ་ཐར་པ་མི་རུང་ངོ་། །སྲིད་པ་དུཿཁ་མེ་འབར་བ། །དེ་
དག་གིས་ནི་ཚིག་པར་སེམས། །སྐྱོ་བར་འགྱུར་ཞིང་དེ་ནས་ནི། །ཆགས་བྲལ་རྣམ་པར་གྲོལ་བར་འགྱུར། །འདི་ནི་གནོད་པ་མེད་པའི་ཕྱིར། །དུཿཁའི་མེས་རེག་པ་མི་ཤེས་པ་ན། གང་ལས་གྲོལ་བར་འགྱུར་བ་སྐྱེ་བའི་འདོད་ཆགས་དང་བྲལ་བར་གོ་བར་ག་ལ་འགྱུར། དེ་ཕྱིར་མུ་
སྟེགས་བྱེད་བློ་ཞན་པ་འདི་རྣམས་སོལ་བའི་ཕུང་པོ་འབར་བ་ལྟ་བུའི་འདོད་ཆགས་ཀྱི་ཆར་གྱི་ཐོག་བབས་པ་དང་ལྡན་པའི་ཉེ་བར་སྡུད་པའི་རི་བོ་ནས། ནམ་མཁའ་འབུགས་པ་ན་གདུང་བར་འགྱུར་ཏེ། དེའི་ཕྱིར་ཉོན་མོངས་འདི་དག་བདག་རྒྱུ་མེད་པའི་ཤ་འཁོན་ཅན་དུ་བསྒྲུབས་པ་ན།
སུའི་སྙིང་རྗེའི་གཞིར་མི་འགྱུར་ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི། ཇི་སྐད་དུ་འཇིག་རྟེན་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་གི་ལྟ་བ་ཐ་དད་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་
ལྟ་བུ་སྟེ། བདག་ཏུ་ལྟ་བ་ཡོད་ན་བདག་ལ་ཆགས་པ་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་འབྱུང་བས་བདག་ལ་ཆགས་པ་དང་ལྡན་པ་ལ་ཐར་པ་ག་ལ་ཡོད། བདག་ཏུ་མངོན་པར་བརྗོད་པ་འདི་ནི། ཕུང་པོའི་རྒྱུད་ཁོ་ན་ལ་ཞེས་བྱ་བ་ལ། བདག་གོ་ཞེས་བརྗོད་པ་ནི། བདག་

ཏུ་མངོན་པར་བརྗོད་པ་སྟེ། བདག་ཏུ་བཏགས་པ་ཞེས་བྱ་བའི་དོན་ཏེ། བརྗོད་པར་བྱ་བ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཕུང་པོའི་རྒྱུད་ལས་ཐ་དད་པ་གདགས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། མངོན་སུམ་རྗེས་སུ་དཔག་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ།
མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་དེ་ལ་གྲུབ་པོ་སྙམ་དུ་དགོངས་པའོ། །ལུང་ནི་རྗེས་སུ་དཔག་པའི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ཏུ་མ་བརྗོད་ཇི་སྐད་དུ། སྒྲ་ལས་བྱུང་བ་རྗེས་དཔག་ལས། །ཚད་མ་གཞན་མིན་འདི་ལྟ་སྟེ། །བྱ་སོགས་བཞིན་དུ་རང་དོན་ལ། །གཞན་
སེལ་བར་ནི་སྣང་བ་ཡིན། །ཞེས་བཤད་པ་ལྟ་བུའོ། །ཆོས་དེ་གང་དག་ཡོད་པ་དེ་དག་ནི་བར་ཆད་བྱེད་པ་མེད་དམ། མངོན་སུམ་དུ་དམིགས་པ་ཡིན་ཏེ་ཞེས་བྱ་བ་ནི་དམིགས་པའི་གེགས་བྱེད་པ་ཧ་ཅང་ཉེ་བ་དང་རིང་བ་ལ་སོགས་པ་མེད་ནའོ། །དཔེར་ན་ཡུལ་དྲུག་དང་ཞེས་བྱ་བ་ནི་
གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་དང་། ཆོས་ཀྱི་སྐྱེ་མཆེད་ཚོར་བ་ལ་སོགས་པའི་མཚན་ཉིད་དང་། རྣལ་འབྱོར་པའི་ཡུལ་ལུང་དང་རྟོགས་པ་ལས་འདས་པའོ། །ཡིད་ཅེས་བྱ་བ་ལ་ཅི་ཞེ་ན། མངོན་སུམ་དུ་དམིགས་པ་ཡིན་ཏེ། འགགས་མ་ཐག་
པའི་ཡིད་ནི་མཇུག་ཐོགས་སུ་མ་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཆགས་པ་མ་ལྡང་བ་འམ། བདེ་བ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ཤེས་སོ་ཞེས་སོ། །གཞན་དག་ན་རེ། རང་རིགས་པས་དམིགས་སོགས་ཞེས་
ཟེར་རོ། །མངོན་སུམ་རྣམ་པ་གཉིས་པོ་འདི་ནི་གཟུང་བར་གྱུར་པ་དང་། འཛིན་པར་གྱུར་པ་ཡིན་ནོ། །ཡང་ན་རྗེས་སུ་དཔག་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་གང་དུ་མངོན་སུམ་མི་འཇུག་པ་དེར་ནི་རྗེས་སུ་དཔག་པས་དེ་དམིགས་པ་ཡིན་ནོ། །དཔེར་ན་དབང་པོ་ལྔ་པོ་ལྟ་
བུའོ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ལྟ་བུའོ། །རྒྱུ་ཞིང་དང་ཆུ་ལ་སོགས་པ་ཡོད་ཀྱང་རྒྱུ་གཞན་ས་བོན་གྱི་མཚན་ཉིད་མེད་ན་འབྲས་བུ་མེད་པར་མཐོང་ལ། ས་བོན་དེ་ཡོད་ན་ནི་ཡང་མྱུ་གུ་ཡོད་པར་མཐོང་ངོ་། །དཔེར་ན་མྱུ་གུ་ལྟ་བུའོ་ཞེས་བྱ་བ་ནི་དཔེ་ཉེ་བར་བཀོད་

པ་ཡིན་ནོ། །ཇི་ལྟར་དཔེ་ཉེ་བར་བཀོད་ནས་དངོས་བསྟན་པའི་ཕྱིར། ཡུལ་སྣང་བར་གྱུར་པ་དང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཡུལ་གཟུགས་ལ་སོགས་པ་མངོན་སུམ་དུ་གྱུར་པ་དང་། དེ་བསྐྱེད་པ་རྒྱུ་ཡིན་ལ་བྱེད་པ་ཡོད་དུ་ཟིན་ཀྱང་། ཡུལ་འཛིན་པ་མིག་གི་རྣམ་པར་
ཤེས་པ་ལ་སོགས་པ་མེད་པར་མཐོང་ལ་ཡང་ཡོད་པར་མཐོང་ངོ་། །གང་དག་གི་ཞེ་ན། གྲངས་བཞིན་དུ་སྟོན་ཏེ། ལོང་བ་དང་འོན་པ་ལ་སོགས་པ་ནི་མེད་དོ། །མ་ལོང་བ་དང་མ་འོན་པ་ལ་སོགས་པ་ནི་ཡོད་དེ། རྒྱུ་གཞན་ལྟོས་པར་བྱ་བ་གང་ཡིན་པ་དེ་ནི་དབང་པོ་ཡིན་ཏེ།
མིག་ལ་སོགས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་ན་དེ་དབང་པོ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་གཅོད་དེ། འདི་ལ་རྒྱུ་གཞན་ཞིག་ཡོད་དོ་ཞེས་བྱ་བ་དེ་ཁོ་ན་ཙམ་ཞིག་ཏུ་ཡོངས་སུ་གཅོད་ཀྱི། དེ་དབང་པོ་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ་ཞེ་ན། འདི་དྲང་སྲོང་ཆེན་པོ་སྨོན་
ནས་ཤེས་པ་ཡོངས་སུ་གཅད་པའི་ཕྱིར་དང་། དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་མིག་གི་དབང་པོ་ལ་སོགས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ལ་ཐམས་ཅད་རྩོད་པ་མེད་པའི་ཕྱིར་གྲུབ་པ་ཁོ་ན་ཡིན་ནོ། །བདག་ནི་དེ་ལྟར་མེད་པ་ཉིད་ལ་ཚད་མ་ཡོད་པ་མ་ཡིན་ཏེ། དེའི་
ཕྱིར་བདག་མེད་དེ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །བསྒྲུབ་པའི་དོན་གྱིས་ན། འདི་སྐད་དུ་བདག་ནི་མེད་དེ་ཚད་མས་མ་དམིགས་པའི་ཕྱིར་གཏན་མེད་པ་ལྟ་བུའོ་ཞེས་བཤད་པ་མ་ཡིན་ནོ། །གལ་ཏེ་འདི་ལ་རྗེས་སུ་དཔག་པ་ཡོད་དེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་མ་ཡིན་
ཏེ། དེ་བརྗོད་དགོས་པའི་ཕྱིར་རོ། །གལ་ཏེ་ཡོད་ན་དེ་སྨྲོས་ཤིག །ཚིག་ཙམ་གྱིས་ནི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བཟློག་ཏུ་མི་རུང་ངོ་། །དོན་ཐམས་ཅད་ཚིགས་སུ་བཅད་པས་བསྡུ་བ་སྨྲས་པ་ནི། བདག་ལ་ཕྱིན་ལོག་ཕྱིར་གཞན་ལ། །ཐར་མེད་དེ་ནི་ཉོན་མོངས་བཞིན། །ཚད་མས་མི་དམིགས་
པ་ཡི་ཕྱིར། །ཕུང་པོའི་རྒྱུད་ལ་དེ་ཞེས་བྱ། །ཞེས་བྱའོ། །དེ་ལྟར་མུ་སྟེགས་ཅན་གཞན་རྣམས་བཅོམ་པ་ཡིན་དང་ཤཱཀྱའི་སྲས་པོ་ཁ་ཅིག་དེ་དག་གི་ལྟ་བས་བསྙེམས་པ་ཉིད་དེ། དེ་ཉིད་ཀྱི་ཕྱིར་འོ་ན་གང་གནས་མའི་བུ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གནས་མའི་བུ་ནི་འཕགས་པ་མང་པོས་བཀུར་བའི་

སྡེ་པ་དག་གོ། །འདིས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱིས་མཚན་ཉིད་ཀྱི་གཏན་ཚིགས་མ་ངེས་སོ་ཞེས་སྟོན་པར་བྱེད་དོ། །གནས་མའི་བུ་རྣམས་ནི་སངས་རྒྱས་པ་ཡིན་པའི་ཕྱིར་ཐར་པ་མི་འདོད་པ་མ་ཡིན་ནོ། །ཡང་ན་འདིས་ནི་བདག་མེད་དོ་ཞེས་བྱ་བའི་ཕྱོགས་སྐྱོན་དང་
བཅས་པ་ཡིན་ནོ་ཞེས་ཕྱོགས་སྔ་མ་འགལ་བར་སྟོན་ཏེ། གནས་མའི་བུའི་སྡེ་པ་ནི་རང་གི་ཕྱོགས་ཡིན་པས་ཁས་བླངས་པ་དང་འགལ་ལོ། །འདི་ནི་རེ་ཞིག་སྤྱོད་པ་བྱ་བ་ཡིན་ཏེ་ཞེས་པ་ནི་གལ་ཏེ་དེའི་སྡེ་པའི་གང་ཟག་བཏགས་པར་ཡོད་པ་ཡིན་པས་ཉེས་པ་མེད་དོ་སྙམ་པའོ། །གལ་ཏེ་
རྫས་སུ་ཡོད་ན་ནི་མུ་སྟེགས་ཅན་གྱི་ཕྱོགས་འདི་ཉིད་དུ་བཞག་ལ། བདག་དགག་པའི་ཚུལ་ཇི་སྐད་བཤད་པས་བསལ་བར་བྱའོ། །ཇི་ལྟར་ཞེ་ན་ཚད་མ་མེད་པའི་ཕྱིར་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རོ། །རྫས་སུ་ཞེས་བྱ་བ་ནི་འདི་ཡང་ཅི་ཞིག །བཏགས་པར་ཞེས་བྱ་བ་འདི་ཡང་
ཅི་ཞིག་ཡིན་ཞེས་གླེངས་པ་དང་། སློབ་དཔོན་གྱིས་གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི། རྫས་སུ་ཡོད་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཇི་ལྟར་གཟུགས་ལ་སོགས་པ་སྒྲ་ལ་སོགས་པ་ལས་དངོས་པོ་ཐ་དད་པ་ལྟར་བརྗོད་ན་ནི་གཟུགས་ནི་
སྒྲ་ལ་སོགས་པ་དག་ལས་མཚན་ཉིད་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུར་གང་ཟག་རྫས་སུ་ཡོད་དོ་ཞེས་བྱ་བ་དེ་ལྟར་འདོད་ན་ནི་གང་ཟག་བཏགས་པར་ཡོད་དོ་ཞེས་ཁས་བླངས་པ་ཡིན་ཏེ། གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཇི་ལྟར་འོ་མ་དང་ཁྱིམ་དང་དམག་ལ་
སོགས་པ་གོ་རིམས་བཞིན་དུ་གཟུགས་དང་དྲི་དང་རོ་དང་རེག་བྱ་དག་དང་རྩྭ་དང་ཤིང་དང་སོ་ཕག་དག་དང་གླང་པོ་ཆེ་དང་རྟ་དང་ཤིང་རྟ་ལ་སོགས་པ་དག་ལས་དངོས་པོ་གཞན་ཡིན་པར་མི་འདོད་ཀྱི། དེ་དག་ཉིད་སྤྱི་ཙམ་དུ་ཟད་ཀྱི་ཞེས་བྱ་བ་དེ་ལྟར་འདོད་ན་ནི་གང་ཟག་བཏགས་པར་ཡོད་དོ་ཞེས་ཁས་
བླངས་པ་ཡིན་ཏེ། གཟུགས་ལ་སོགས་པ་དང་རྩྭ་ལ་སོགས་པ་དང་གླང་པོ་ཆེ་ལ་སོགས་པ་ལས་གཞན་པ་འོ་མ་དང་ཁྱིམ་དང་དམག་ཅེས་བྱ་བའི་དངོས་པོ་གཞན་ཅི་ཡང་མེད་དོ། །དེ་ལ་ཅིར་འགྱུར་རེ་ཞིག་གལ་ཏེ་རྫས་སུ་ཡོད་ན་ནི། ཚོར་བ་ལ་སོགས་པ་ལས་མཚན་ཉིད་ཐ་དད་པ་ཉིད་ཀྱི་ཕྱིར་གང་

ཟག་ཕུང་པོ་ལ་སོགས་པ་དག་ལས་གཞན་དུ་འགྱུར་ཏེ་གང་ཟག་གཟུགས་ལ་སོགས་པ་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །འདིའི་རྒྱུ་ཡང་བརྗོད་དགོས་སོ་ཞེས་བྱ་བ་ནི། གང་ཟག་འདི་སྐྱེས་པའི་རྒྱུ་ཡང་བརྗོད་པར་བྱ་དགོས་ཏེ། གལ་ཏེ་གཟུགས་ལ་
སོགས་པ་ལྟར་འདུས་མ་བྱས་ཡིན་ན་སྙམ་དུ་བསམས་པའོ། །དེའི་ཕྱིར་ན་མི་རྟག་པར་ཡང་འགྱུར་རོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་རྫས་སུ་ཡོད་པ་ཉིད་ལ་སྐྱེ་བའི་རྒྱུ་མེད་ནའོ། །དེའི་ཕྱིར་མུ་སྟེགས་ཅན་གྱི་ལྟ་བར་ཐལ་བར་འགྱུར་ཞེས་བྱ་བ་ནི་རྟག་པའི་ཕྱིར་
གནས་མའི་བུ་རྣམས་མུ་སྟེགས་ཅན་གྱི་ལྟ་བར་ཐལ་བར་འགྱུར་རོ། །དགོས་པ་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་ཏེ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་སྐྱེ་བ་ལ་འདིའི་བྱ་བ་འགའ་ཡང་མེད་དེ། །མཁའ་ལ་ཆར་གྱིས་ཅི་ཞིག་བྱ། །དེ་གཉིས་འབྲས་བུ་ག་ལ་
ཡོད། གལ་ཏེ་ལྤགས་འདྲ་དེ་མི་རྟག །གལ་ཏེ་མཁའ་འདྲ་འབྲས་བུ་མེད། །ཅེས་བྱ་བའོ། །འོན་ཏེ་བཏགས་པར་ཡོད་དོ་ཞེས་བྱ་བ་ལ་འདི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲ་བའོ། །མུ་སྟེགས་ཅན་གྱི་ལྟ་བར་ཐལ་བར་འགྱུར་བའི་ཕྱིར། དེ་ནི་རྫས་
སུ་ཡོད་པ་མ་ཡིན་ལ་གྲུབ་པ་ལ་སྒྲུབ་པས་བཏགས་པར་ཡོད་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ད་ལྟར་གྱི་ནང་གི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ལོང་བ་ལྟ་བུའི་ཚིག་དོན་མི་གསལ་བ་འདི་ཞེས་བྱ་བ་ནི་ལོང་བ་དང་འདྲ་བས་ན་ལོང་བ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དོན་མི་གསལ་
བ་སྟེ་མི་མངོན་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་གོའོ་ཞེས་བྱ་བ་ནི་རྒྱུར་བྱས་སོ་ཞེས་བྱ་བ་འདི་ཅི་ཡིན་པར་རོ། །གལ་ཏེ་འདིའི་དོན་ཕུང་པོ་རྣམས་ལ་དམིགས་ནས་ཞེས་བྱ་བ་ནི་བཟུང་ནས་ཞེས་བྱ་བའི་དོན་ཏེ། ཇི་ལྟར་དཔེར་ན་གཟུགས་ལ་སོགས་པ་བཟུང་ནས་ཏེ་ལྟོས་ནས་འོ་མ་འདོགས་
ཀྱི་གཟུགས་ལ་སོགས་པ་ལ་མ་གཏོགས་པའི་འོ་མ་མེད་པ་ལྟར་གང་ཟག་ཀྱང་དེ་དང་འདྲ་བས་གང་ཟག་བཏགས་པའི་ཡོད་པར་འགྱུར་རོ། །འོན་ཏེ་འདི་ནི་དོན་ཕུང་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་ནི་གལ་ཏེ་ཕུང་པོ་རྣམས་ལ་བརྟེན་ནས་ཏེ། ཕྲད་ནས་ཡིན་ན་ནི་ཕུང་པོ་

རྣམས་གང་ཟག་བཏགས་པའི་རྐྱེན་དུ་འགྱུར་བས་སྐྱོན་དེ་ཉིད་དུ་འགྱུར་ཏེ། ཕུང་པོ་དེ་དག་ཉིད་ལ་བདག་འདོགས་པར་འགྱུར་རོ། །ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་བཞིན་ནོ་ཞེས་བྱ་བ་ལ་གནས་མའི་བུ་པ་རྣམས་ཀྱི་བསམ་པ་ནི་གང་ཟག་རྫས་སུ་ཡོད་པ་གཞན་མ་
ཡིན་ཞིང་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། རང་གི་ཉེ་བར་ལེན་པ་རྒྱུར་བྱས་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །དངོས་པོ་གཞན་ཡང་མ་ཡིན་ཏེ་གཞན་མ་ཡིན་པ་ཡང་མ་ཡིན་པ་གང་ཞིག་རང་གི་ཉེ་བར་ལེན་པ་རྒྱུར་བྱས་ནས་འདོགས་པ་དེ་ནི་རྫས་སུ་ཡོད་དེ་དཔེར་ན་མེ་
ལྟ་བུའོ་སྙམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་གཞན་ཡིན་ན་ནི་རྒྱས་པར་སྨོས་ཏེ་འཇིག་རྟེན་དང་འགལ་བ་འམ་རང་གི་གྲུབ་པའི་མཐའ་དང་འགལ་བར་སྟོན་པར་བྱེད་དོ། །རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་འདུས་མ་བྱས་ལྟ་བུའོ། །ཆད་པར་ལྟ་བར་འགྱུར་རོ་ཞེས་བྱ་བ་
ནི་ཕུང་པོ་བཞིན་དུའོ། །རེ་ཞིག་སྐྱེ་ཞེས་བྱ་བ་ནི་རེ་ཞིག་ཀྱེ་ཚུར་ཤོག་ཅེས་བྱ་བའི་དོན་ཏོ། །རེ་ཞིག་འཇིག་རྟེན་ན་ནི་ཤིང་ལ་སོགས་པ་མེ་འབར་བ་ལ་བུད་ཤིང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིས་ནི་དེ་མ་གྲུབ་པ་ཉིད་དུ་སྟོན་ཏེ་མེ་དང་བུད་ཤིང་དག་ནི་གཞན་པ་ཉིད་དུ་འདོད་དེ། དེས་
དེ་ཚིག་པ་དང་སྲེག་པར་བྱེད་ཅེས་པ་ནི་མེ་དེས་བུད་ཤིང་དེ་ཚིག་པར་བྱེད་སྲེག་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ་ཐལ་བར་རློག་གོ། །རྒྱུད་འགྱུར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐལ་བར་རློག་གོ་ཞེས་བྱ་བའི་དོན་ཏོ། །དེ་གཉི་ག་ཡང་རྫས་བརྒྱད་པ་ཡིན་ནོ་ཞེས་བྱ་བ་ནི་བུད་ཤིང་དང་མེ་དེ་
གཉི་ག་འབྱུང་བ་ཆེན་པོ་བཞི་དང་། རྒྱུར་བྱས་པའི་གཟུགས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་དང་རྫས་བརྒྱད་ཡིན་ཏེ། གྲུབ་པའི་མཐའ་ལས། །འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་འབྱུང་བའི་ཕྱིར་རོ། །དེ་ནི་དེ་དང་
དུས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི། བུད་ཤིང་སྔ་ལ་མེ་ནི་འཕྱི་བའོ། །དུས་ཐ་དད་པ་དག་ཀྱང་གཞན་པ་ཉིད་དུ་མཐོང་སྟེ། ས་བོན་དང་མྱུ་གུ་དག་ལྟ་བུའོ། །མི་རྟག་པར་འགྱུར་རོ་ཞེས་བྱ་བ་ནི། སྐྱེ་བ་དང་ལྡན་པ་གཟུགས་ལ་སོགས་པ་མི་རྟག་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འོན་ཏེ་

ཤིང་ལ་སོགས་པ་འབར་བ་དེ་ཉིད་ལ་ཞེས་བྱ་བ་ནི་དེ་གཉི་གའི་མཚན་ཉིད་ཀྱི་སྤྱི་ལའོ། །དེ་གཉིས་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་པོ་ཞེས་བྱ་བ་ནི་མེ་དང་བུད་ཤིང་མཚན་ཉིད་དེ་ལྟ་བུ་དེ་གཉིས་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་
ཡིན་པར་གྲུབ་སྟེ། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་མཚན་ཉིད་གཞན་ཡིན་པའི་ཕྱིར་རོ། །གཟུགས་དང་ཚོར་བ་ལ་སོགས་པའི་མཚན་ཉིད་ཐ་དད་པ་རྣམས་ནི་གཞན་ཉིད་ཡིན་པར་མཐོང་ངོ་། །རྒྱུར་བྱས་པའི་དོན་ཡང་བརྗོད་དགོས་སོ། །དེ་ནི་དེའི་རྒྱུ་ཡང་མ་
ཡིན་ལ་ཞེས་བྱ་བ་ནི་འབྱུང་བ་གསུམ་གྱི་མཚན་ཉིད་ཀྱི་བུད་ཤིང་དེ་ནི་མེ་དེའི་རྒྱུར་རུང་བ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཕྱིར་རྭ་གཡས་གཡོན་བཞིན་ནོ། །དེ་གདགས་པའི་རྒྱུ་ཡང་མ་ཡིན་ཞེས་བྱ་བ་ནི་མེ་གདགས་པའིའོ། །རྟེན་གྱི་དོན་དམ་ཞེས་བྱ་བ་ནི་བུད་ཤིང་རྒྱུར་བྱས་ནས་
ཞེས་བྱ་བ་བུད་ཤིང་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་གོ། །ལྷན་ཅིག་འབྱུང་བའི་དོན་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བའི་དོན་བུད་ཤིང་དང་ལྷན་ཅིག་འབྱུང་བ་ཉིད་དུ་བཟུང་ནས་ཞེས་བྱ་བའི་དོན་ཏོ། །རྟེན་ནམ་ལྷན་ཅིག་འབྱུང་བ་དག་ཡིན་པར་འགྱུར་ཞེས་བྱ་བ་ནི་རྟེན་དུ་འགྱུར་
བ་དང་ལྷན་ཅིག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བར་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་ནི་གནས་མའི་བུ་རྣམས་ཀྱིས་སོ། །དེ་མེད་ན་ཞེས་བྱ་བ་ནི་ཕུང་པོ་མེད་ནའོ། །ཕུང་པོ་མེད་ན་གང་ཟག་མེད་པར་འགྱུར་ཏེ། བུད་ཤིང་མེད་ན་མེ་མེད་པ་བཞིན་
ནོ། །འབྱུང་བ་གཞན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། སའི་ཁམས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་པ་དེ་ཡང་ཞེས་བྱ་བ་ནི་དྲོ་བ་ཉིད་དང་ལྡན་པ་འབའ་ཞིག་དྲོ་བར་མ་ཟད་ཀྱི། གཞན་མེ་འབར་བ་དང་འབྲེལ་པའི་ས་ལ་སོགས་པ་དེ་
ཡང་དྲོ་བར་གྲུབ་པོ། །དེའི་ཕྱིར་ཇི་ལྟར་དེ་བཞིན་ཉིད་ཡིན་ན་ཉེས་པ་མེད་པ་ལྟར་འདི་ཡང་དེ་དང་འདྲའོ། །དེས་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་མེད་པར་འགྱུར་རོ། །དེ་ལྟ་བས་ན་ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་ཞེས་བྱ་བ་ནི་མཇུག་སྡུད་པའོ། །བརྗོད་

པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་གང་ཟག་གོ། །བརྗོད་པར་བྱ་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བར་རོ། །འོ་ན་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། དེ་ནི་འདས་པ་ལ་སོགས་པ་ལས་ལྔ་པ་ཡང་མ་ཡིན་ལ་ལྔ་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ་ཞེས་
བྱ་བ་སྨོས་སོ། །གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གཟུགས་ཀྱང་མིག་ལ་སོགས་པ་ཡོད་ན། དེ་དམིགས་པའི་ཕྱིར་མིག་ལ་སོགས་པ་རྒྱུར་བྱས་ནས་གཟུགས་འདོགས་སོ་ཞེས་བཏགས་པ་ཡིན་པར་བརྗོད་པར་བྱའོ། །དྲུག་ཅར་གྱིས་ཀྱང་ཞེས་བྱ་བ་ལ་སོགས་
པ་འབྱུང་ངོ་། །ཇི་ལྟར་བྱས་པས་ཤེ་ན། གལ་ཏེ་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་གང་ཟག་དམིགས་པར་བྱེད་ན་ནི་ཉེ་བར་མཚོན་པར་བྱེད་ན་སྟེ། དེའི་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་
རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་དེའི་མཚན་ཉིད་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་བར་ཡིན་པ་དང་མ་ཡིན་པར་བརྗོད་པར་མི་བྱ་བའི་བར་ཡང་དེ་དང་འདྲའོ། །དེ་ལྟ་ན་འོ་ན་གལ་ཏེ་གང་ཟག་དབང་པོ་དུ་མའི་གཟུང་བར་བྱ་
བ་འདོད་ན། གཟུགས་ལ་སོགས་པ་ལྟར་གཅིག་ཏུ་མི་འགྱུར་ཏེ། གཟུགས་ལ་སོགས་པ་རྣམས་ནི་དབང་པོ་དུ་མའི་གཟུང་བར་བྱ་བ་ཉིད་ཡིན་ན་དུ་མ་ཉིད་དུ་མཐོང་ལ། ཡང་ན་ཐ་དད་པ་མེད་པར་འགྱུར་ཏེ། གལ་ཏེ་དབང་པོ་དུ་མས་གཟུང་བར་བྱ་བ་འདི་ཡིན་དུ་ཡང་ཐ་མི་དད་
པར་འདོད་ན་ནི་གཟུགས་ལ་སོགས་པ་རྣམས་གང་ཟག་བཞིན་དུ་དུ་མ་ཉིད་དུ་མི་འགྱུར་རོ། །དེའི་དབང་པོའི་སྒོ་ནས་དབང་པོ་གཞན་གྱིས་འཛིན་པའི་ནུས་པ་ནི་མི་འདོད་དེ། གཟུགས་ལ་སོགས་པ་དག་ལ་དབང་པོ་དུ་མ་ཉིད་རྟོགས་པ་དོན་མེད་པར་འགྱུར་རོ། །གཞན་ཡང་།
ངེས་ཤེས་བྱ་ན་རྣམ་ཤེས་དྲུག །བྱེ་བྲག་མེད་པ་འམ་གང་ཟག་ལ། བྱེ་བྲག་ཡོད་པ་འམ་ཡུལ་ལ་ནི། །བྱེ་བྲག་མེད་པར་འདོད་པར་བྱ། །སྐྲ་སོགས་དབྱེ་ཞེས་ཐ་དད་ན། །སེམས་ཅན་ཐ་དད་ཉིད་དུ་འགྱུར། །དེ་ཤེས་པ་འམ་ཡང་ན་ནི། །སྐྲ་སོགས་བྱེ་བྲག་མེད་པར་

འགྱུར། །གཞན་ཡང་འོ་མ་ལ་སོགས་པ་རྣམས་དང་མཚུངས་པར་འགྱུར་ཏེ། གལ་ཏེ་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་འོ་མ་འམ་ཆུ་དམིགས་པར་བྱེད་ན་ནི་འོ་མ་འམ་ཆུ་མིག་གིས་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་
ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་ཐམས་ཅད་བརྗོད་པར་བྱའོ། །འོ་མ་དང་ཆུ་གཉིས་བཞི་ཉིད་ཐལ་བར་འགྱུར་དུ་འོང་བས་སོ་ཞེས་བྱ་བ་ནི། གལ་ཏེ་གཟུགས་རྣམས་ཞེས་བྱ་བ་ནས་རེག་བྱ་རྣམས་
ཞེས་བྱ་བའི་བར་དུ་བརྗོད་ན་ནི། འོ་མ་དང་ཆུ་བཞི་ཚན་དུ་ཐལ་བར་འགྱུར་ཏེ། འོ་མ་དང་ཆུ་རྣམ་པ་བཞི་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་ནི་གློ་བུར་བ་ཡིན་པས་འདིར་དབང་དུ་མ་བྱས་སོ། །དེའི་ཕྱིར་ཇི་ལྟར་གཟུགས་ལ་སོགས་པ་འདུས་པའི་སྤྱི་ཁོ་ན་ལ་འོ་མ་འམ།
ཆུ་ཞེས་འདོགས་པ་དེ་བཞིན་དུ་ཕུང་པོ་རྣམས་ཀྱི་སྤྱི་ཁོ་ན་ལ་གང་ཟག་འདོགས་སོ་ཞེས་བྱ་བར་གྲུབ་པོ། །འདིར་སྨྲས་པ། ཇི་ལྟར་གཟུགས་སོགས་འདུས་པ་ཙམ་ཉིད་ལ། །ཤིང་སོགས་ཞེས་བྱར་འགྲོ་བ་ལ་གྲགས་ཤིང་། །རྩྭ་ཆུ་སྦྲང་རྩི་སོགས་ལ་ལྟུང་བ་ལྟར། །
གཟུགས་ལ་སོགས་པ་གང་ཟག་དེ་དང་འདྲ། །གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་གམ། །ཞེས་བྱ་བ་དང་གཟུགས་རྣམས་དམིགས་པ་ན་གང་ཟག་དམིགས་ཞེས་བྱ་བ་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་ཕྱོགས་སྔ་མ་ལ་ནི་གཟུགས་རྣམས་རྒྱུ་
ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི་རྒྱུ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་རྣམས་རྒྱུར་བྱས་ན་གང་ཟག་དམིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་ལ་གལ་ཏེ་གཟུགས་རྣམས་རྒྱུ་ཡིན་པར་འདོད་ལ། གང་ཟག་དེ་ཡང་ཕུང་པོ་དེ་དག་ལས་གཞན་དུ་བརྗོད་
པར་མི་བྱའོ་ཞེ་ན། འོ་ན་ནི་ཁྱེད་ལ་གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ལྟ་བུར་ཐལ་བར་འགྱུར་ཏེ། ཇི་ལྟར་ཁྱེད་ཀྱི་གཟུགས་གང་ཟག་དམིགས་པའི་རྒྱུ་ཡིན་ལ། དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་བྱ་བ་ལྟར་སྣང་བ་དང་མིག་དང་ཡིད་ལ་བྱེད་པ་དག་

ཀྱང་གཟུགས་དམིགས་པའི་རྒྱུ་ཡིན་ལ། དེ་ལ་ཡང་སྣང་བ་ལ་སོགས་པ་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ། །དེ་དག་ནི་དེ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣང་བ་ལ་སོགས་པ་དེ་དག་ནི་གཟུགས་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་ཟག་གཟུགས་
ལས་རང་བཞིན་ཐ་མི་དད་པར་འགྱུར་ཏེ་ཞེས་བྱ་བ་ནི། དམིགས་པ་དེ་ཁོ་ནས་དམིགས་པར་བྱ་བ་ཡིན་པའི་ཕྱིར་གཟུགས་གཞན་བཞིན་ནོ། །གཟུགས་དེ་ཁོ་ན་ལ་དེ་འདོགས་པར་ཞེས་བྱ་བ་ནི། གང་ཟག་འདོགས་པར་འགྱུར་ན་ཞེས་བྱ་བར་སྦྱར་རོ། །འདི་ནི་གཟུགས་སོ་
ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དམིགས་པ་གཅིག་པ་ཉིད་ཡིན་ན་གཟུགས་དང་གང་ཟག་ཡོངས་སུ་གཅོད་པར་མི་འགྱུར་རོ། །འོན་ཏེ་འདི་ནི་གཟུགས་སོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་དེ་ལྟར་ཡོངས་སུ་མི་གཅོད་ན་ནི། ཇི་ལྟར་གཉི་ག་དམ་འཆའ། གཟུགས་ཁོ་ན་
དམ་འཆའ་དགོས་པར་འགྱུར་ཏེ། དེ་དམིགས་པ་ཡོད་པའི་ཕྱིར་རོ། །ཡུལ་ཞེས་བྱ་བ་ནི། གང་གི་རང་བཞིན་ཤེས་པས་དེའི་རྣམ་པར་སྐྱེས་པའི་སྒོ་ནས་ངེས་པར་བྱ་བ་ཡིན་ན། གང་ཟག་ཏུ་སྣང་བའི་ཤེས་པ་ནི་སྐྱེ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལ་ཡང་བརྗོད་
པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་ཞེ་ན། གང་ཡང་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་ལ་བརྟེན་ནས་གང་ཟག་དམིགས་པར་བྱེད་ཅེས་སྨྲས་པའི་ཚིག་དེའི་དོན་ཅི་ཞིག་ཡིན་ཞེ་ན། ཅི་རེ་ཞིག་སྒྲ་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ནམ། འོན་ཏེ་སྒྲ་རྣམས་དམིགས་ན་གང་ཟག་
དམིགས་སོ་ཞེས་བྱ་བ་ནི། གལ་ཏེ་སྒྲ་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ལ། དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ་ཞེ་ན་ནི། དེ་ལྟ་ན་ནི་འོ་ན་སྒྲ་ཡང་རྣ་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལས་གཞན་དུ་བརྗོད་པར་མི་བྱ་སྟེ། དེ་དག་ནི་དེ་དམིགས་པའི་རྒྱུ་ཡིན་པའི་
ཕྱིར་རོ། །འོན་ཏེ་སྒྲ་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེ་ན་ནི། ཅི་དམིགས་པ་དེ་ཁོ་ནས་དམིགས་སམ། འོན་ཏེ་གཞན་གྱིས་གལ་ཏེ་དེ་ཁོ་ནས་སོ་ཞེ་ན་ནི། གང་ཟག་སྒྲ་ལས་རང་བཞིན་ཐ་མི་དད་པ་འམ། སྒྲ་ཁོ་ན་ལ་དེ་འདོགས་པར་འགྱུར་ན། འདི་ནི་སྒྲའོ། །འདི་ནི་གང་

ཟག་གོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཡོངས་སུ་གཅོད། འོན་ཏེ་དེ་ལྟར་ཡོངས་སུ་མི་གཅོད་ན་ནི་སྒྲ་ཡང་ཡོད་དོ། །གང་ཟག་ཀྱང་ཡོད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟར་དམ་འཆའ་སྟེ། དམིགས་པའི་དབང་གིས་དེ་ཡོད་པར་དམ་འཆའ་བར་ཟད་དོ། །ཕྱོགས་འདིས་ཆོས་
ཀྱི་བར་དག་ལས་ཀྱང་སྦྱར་བར་བྱའོ། །འོན་ཏེ་གཞན་གྱིས་སོ་ཞེ་ན་ནི། དུས་ཐ་དད་པར་དམིགས་པའི་ཕྱིར་གཟུགས་ལས་གཞན་ཡིན་པར་འགྱུར་ཏེ། སྔོན་པོ་ལས་སེར་པོ་ལྟ་བུ་ཞེས་བྱ་བ་ནི། གང་གི་ཚེ་ཡོངས་སུ་གཅོད་པས་སྔོན་པོ་དམིགས་པ་དེའི་ཚེ་སེར་པོ་མི་དམིགས་
སོ། །ཕྱིས་དམིགས་པ་གཞན་གྱིས་དམིགས་ཏེ་སེར་པོ་དེ་སྔོན་པོ་ལས་གཞན་ཡིན་ནོ་ཞེས་བྱ་བར་གྲགས་སོ། །དེ་ལྟར་གང་ཟག་ཀྱང་དམིགས་པ་གཞན་གྱིས་དམིགས་པས་གཟུགས་ལས་གཞན་པར་འགྱུར་རོ། །དེ་བཞིན་དུ་སྐད་ཅིག་མ་གཞན་མ་ཡིན་ནོ་ཞེས་དཔེར་
བརྗོད་པར་བྱའོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་ཞེ་ན། འོན་ཏེ་གཞན་གྱིས་སོ་ཞེ་ན་ནི། དུས་ཐ་དད་པར་དམིགས་པའི་ཕྱིར་སྒྲ་ལས་གཞན་ཡིན་པར་འགྱུར་ཏེ། དཔེར་ན་རྔ་བོ་ཆེའི་སྒྲ་ལས་རྫ་རྔའི་སྒྲ་དང་། སྐད་ཅིག་མ་ལས་སྐད་
ཅིག་མ་གཞན་བཞིན་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །འོན་ཏེ་གཟུགས་དང་གང་ཟག་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་ཇི་ལྟར་གཟུགས་དང་གང་ཟག་གཞན་དང་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་དེ་དག་གི་དམིགས་པ་དག་ཀྱང་
གཞན་དང་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་ན། འོ་ན་ནི་དེས་ན་དེ་དག་དམིགས་པའི་མཚན་ཉིད་འདུས་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་གྲུབ་པའི་མཐའ་གང་ཟག་ཁོ་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ཉམས་
པར་འགྱུར་ཏེ། འདུས་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་འདི་ཡོད་ལ་ཞེས་བྱ་བ་ནི་གལ་ཏེ་འདི་གཟུགས་རྣམས་སམ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་

པའི་བར་བདག་མ་ཡིན་པ་འདི་གསུངས། ཇི་སྐད་དུ་ཞེ་ན། ཇི་སྐད་དུ་གཟུགས་བདག་མ་ཡིན་བདག་ཀྱང་གཟུགས་མ་ཡིན་ཞེས་དེ་སྐད་གསུངས་པ་གང་ཟག་ནི་བརྗོད་པར་བྱ་བ་ཁོ་ན་ཡིན་གྱི། བརྗོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་གཟུགས་རྣམས་ལ་བརྟེན་
ནས་སྐྱེ་ན་ནི་སྒྲ་ལ་སོགས་པ་བཞིན་དུ་གང་ཟག་རྣམ་པར་ཤེས་པར་མི་ནུས་ཏེ་ཞེས་བྱ་བ་ནི། གང་ཟག་ནི་གཟུགས་ཀྱི་རྣམ་པར་ཤེས་པས་མི་དམིགས་ཏེ། དེ་ལས་གཞན་པའི་དམིགས་པའི་རྐྱེན་ལས་བྱུང་བའི་ཕྱིར་སྒྲ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདིར་དྲི་བཞིན་ནོ། །རོ་
བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྦྱར་ཏེ། དེ་བཞིན་དུ་འདི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པས་མི་དམིགས་པ་ཉིད་དུ་བརྗོད་པར་བྱའོ། །འདི་ནི་ཕྱོགས་ཡིན་ནོ། །ཉེ་བར་བཀོད་པ་འདིས་ནི་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་དམ་བཅའ་བའི་སྐྱོན་བརྗོད་དོ་ཞེས་བྱ་བར་ཁོང་
དུ་ཆུད་པར་བྱའོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་གཉིས་ལ་བརྟེན་ནས་ཞེས་གསུངས་ཀྱི། གསུམ་ལ་བརྟེན་ནས་སྐྱེའོ་ཞེས་ནི་མ་གསུངས་སོ། །དགེ་སློང་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ལ་རྒྱུ་ནི་མིག་ཡིན་ནོ་ཞེས་བྱ་བ་ནི་རྒྱས་པར་འབྱུང་བ་ལ། ཉེ་བ་ནི་རྒྱུ་ཡིན་ནོ། །རིང་བ་ནི་
རྐྱེན་ཡིན་ནོ། །གཞན་དག་ན་རེ་སྐྱེད་པར་བྱེད་པ་ནི་རྒྱུའོ། །རྐྱེན་ནི་དམིགས་པ་ཙམ་དུ་ཟད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་གཉིས་ནི་རྣམ་གྲངས་ཡིན་ནོ་ཞེས་ཟེར་རོ། །གང་ཟག་གཟུགས་ལས་གཞན་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་པའི་
ཕྱིར་སྒྲ་བཞིན་ནོ། །དེ་བཞིན་དུ་གང་ཟག་སྒྲ་ལས་གཞན་ཡིན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ཇི་ལྟར་ཞེ་ན། གང་ཟག་གཟུགས་དང་སྒྲ་དག་ལས་གཞན་ཡིན་ཏེ།
སྣའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དྲི་བཞིན་ནོ་ཞེས་བྱ་བ་སྟེ། འདི་ནི་ཕྱོགས་བཞིན་ནོ། །རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ཡིན་གྱི་ཞེས་འབྱུང་བའི་ཕྱིར། གང་ཟག་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་

འདི་དག་གི་རྟེན་ཡིན་ནོ་ཞེས་བྱ་བ་འདི་ནི་ཞར་ལ་བཤད་པར་ཟད་ཀྱི། འདི་དཔེར་བརྗོད་པ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཡིད་ནི་དབང་པོ་འདི་དག་གི་རྟེན་ནོ་ཞེས་བྱ་བ་ནི་དེ་ལ་ལྟོས་པ་རྣམས་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གང་ཟག་
ཡུལ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་མདོའི་སྡེ་ཚད་མར་བྱས་ནའོ། །དེས་ན་ཅིར་འགྱུར་ཞེ་ན། གལ་ཏེ་ཡུལ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྣམ་པར་ཤེས་པ་གང་གི་ཡུལ་ཡང་མ་ཡིན་ན། འོ་ན་ནི་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་
གང་ཟག་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །གང་ཟག་སྨྲ་བས་སྨྲས་པ། གལ་ཏེ་དེ་ལྟར་མདོ་ལས་གཞན་གྱི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་མིག་ལ་སོགས་པ་ལྔའི་
ཚད་མར་བྱས་ནས་རང་གི་ཡུལ་འཁྲུལ་པ་མེད་པས་གང་ཟག་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ན། དེ་ལྟ་ན་ནི་ཡིད་ཀྱི་དབང་པོ་ཡང་འཁྲུལ་པ་མེད་པར་འགྱུར་ཏེ། མདོ་ལས་དབང་པོ་དྲུག་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཞིང་ཞེས་བྱ་
བ་རྒྱས་པར་འབྱུང་བའི་ཕྱིར་རོ། །འགའ་ཞིག་གིས་སྲོག་ཆགས་དྲུག་པོ་ཁྱི་དང་བྱ་དང་ཝ་དང་ཆུ་སྲིན་བྱིས་པ་གསོད་དང་། སྦྲུལ་དང་སྤྲེའུ་རྣམས་ཀ་བ་འམ། ཤིང་གི་རྩ་བར་བཏགས་པ་དེ་དག་གྲོང་དང་ནམ་མཁའ་དང་དུར་ཁྲོད་དང་། ཆུའི་ནང་དང་། གྲོག་མཁར་དང་། ནགས་ཚལ་
གྱི་ནང་འདོད་པའི་ཕྱིར་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་དེ་བཞིན་དུ་དབང་པོ་དྲུག་པོ་འདི་དག་ཀྱང་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་ཡིན་ནོ། །གལ་ཏེ་མདོའི་ཚིག་ཡོད་བཞིན་དུ་ཡང་ཡིད་ཀྱི་དབང་པོ་འཁྲུལ་པ་ཡིན་ན་ནི། དེ་ལྟར་ན་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་
འཁྲུལ་པར་འགྱུར་རོ། །དེའི་ཕྱིར་གང་ཟག་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པར་འགྱུར་རོ་ཞེ་ན། འདིར་དེར་ནི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྲོག་ཆགས་དྲུག་པོ་ལྟ་བུའི་མདོ་དེ་ལས་ནི་མིག་ལ་

སོགས་པའི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་སོ། །ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་དབང་པོ་ལྔ་ལ་མཐོང་བ་ལ་སོགས་པར་འདོད་པ་མི་སྲིད་པའི་ཕྱིར་རོ། །འདི་ལྟར་འདི་དག་ལ་མཐོང་བ་དང་ཐོས་པ་ལ་སོགས་པར་འདོད་པ་མི་སྲིད་དེ། གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །
དེ་དག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པ་ལ་ཡང་མཐོང་བ་ལ་སོགས་པར་འདོད་པ་མི་སྲིད་པའི་ཕྱིར་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་དག་གིས་དྲངས་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོ་ཡིན་པར་གསུངས་སོ། །དེ་ནི་དེ་དག་གི་དབང་གིས་དྲངས་པ་ཡིན་ནོ་
ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། གལ་ཏེ་མིག་གི་སྒོ་དང་རྣ་བ་ལ་སོགས་པའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེས་པར་མ་གྱུར་ན། གཞན་དུ་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་ཅན་དེ་སྐྱེ་བར་འགྱུར། དེའི་ཕྱིར་དེ་དག་གི་དབང་གིས་དྲང་བ་ཡིན་ནོ་
ཞེས་བྱ་བར་ཤེས་པས་ཡིད་ཀྱི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་སོགས་པས་དྲངས་པ་སྟེ་གཟུགས་ལ་སོགས་པ་འདོད་པ་ཡིན་ནོ། །ཡིད་ཀྱི་དབང་པོ་འབའ་ཞིག་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ཀྱི་དབང་པོས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་
དེ་ལས་གཞན་པ་མིག་ལ་སོགས་པའི་ཡུལ་ལ་མི་འདོད་པ་ཉིད་དོ། །འོ་ན་ཅི་ཞེ་ན། རང་གི་ཡུལ་ཆོས་ཀྱི་སྐྱེ་མཆེད་ལ་དམིགས་ཏེ། དེའི་ཕྱིར་ཇི་སྐད་བཤད་པའི་བསམ་པས། གལ་ཏེ་དེ་ལྟར་ཡིན་ན་ཡིད་ཀྱི་དབང་པོས་ཡང་འཁྲུལ་པ་མེད་པར་འགྱུར་ཏེ་ཞེས་བྱ་བའི་ཉེས་པ་མེད་
དོ། །གང་ཟག་ནི་མ་ཡིན་པས་ཞེས་བྱ་བ་ཅི་ཞེ་ན་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བའོ། །དེ་ལྟ་བས་ན་གང་ཟག་འདི་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ནོ། །དོན་གྱིས་ན་འདི་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་བཤད་ཀྱི་
དོན་གྱིས་ན་རྣམ་པར་ཤེས་པར་བྱ་བ་ནི་མ་ཡིན་ནོ་ཞེས་ནི་མ་བཤད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ནི་ཡུལ་འདྲ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའ་ལས་དམིགས་པ་མཚུངས་པ་ཉིད་ཅེས་འབྱུང་བའི་ཕྱིར་མིག་ལ་སོགས་པ་ནི་རྣམ་པར་ཤེས་

པར་བྱ་བ་ཡང་ཡིན་གྱི། མངོན་པར་ཤེས་པར་བྱ་བ་འབའ་ཞིག་ཏུ་ནི་མ་ཟད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ངེས་པའི་དོན་གྱི་མདོ་སྡེ་ལ་བརྟེན་པར་གསུངས་ཀྱི་ཞེས་བྱ་བ་ནི། དགེ་སློང་དག་བཞི་པོ་འདི་དག་ནི་བརྟེན་པ་ཡིན་
ནོ། །བཞི་གང་ཞེ་ན། ཆོས་ལ་བརྟེན་གྱི་གང་ཟག་ལ་མ་ཡིན་པ་དང་། དོན་ལ་བརྟེན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་ལ་བརྟེན་གྱི་དྲང་བའི་དོན་ལ་མ་ཡིན་པ་དང་། ཡེ་ཤེས་ལ་བརྟེན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ་ཞེས་འབྱུང་བ་ཡིན་ནོ། །བརྟེན་པ་ཞེས་བྱ་བ་
ནི་ཚད་མའོ། །བཏགས་པ་ལ་ལྷུང་བར་ཟད་ཅེས་བྱ་བ་ནི། གང་ཁོ་ན་ལ་ཐ་སྙད་གདགས་པའི་དོན་དུ་བདག་གོ་ཞེས་ཐ་སྙད་གདགས་པར་བྱས་པ་དེ་ཁོ་ན་ལ་བདག་ཏུ་མངོན་པར་ཞེན་པར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དཔེར་བརྗོད་པ་ནི། འདི་ལ་བདག་གམ་སེམས་ཅན་མེད། །ཅེས་
བྱ་བ་འདི་དང་གང་ཟག་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ཡིན་ནོ། །དེ་ཡང་འགའ་ཡང་མི་དམིགས་སོ། །ཞེས་བྱ་བ་ནི་འདི་ཡང་དཔེར་བརྗོད་པ་ཡིན་ཏེ། གང་ཞིག་སྟོང་པ་ཉིད་གོམས་པར་བྱེད་པ་དེ་ཡང་འགའ་ཡང་མེད་དོ། །བདག་ཏུ་ལྟ་བ་དང་ཞེས་བྱ་བ་ནས། སྲོག་ཏུ་ལྟ་བར་
འགྱུར་ཏེ་ཞེས་བྱ་བའི་བར་ནི་ཉེས་དམིགས་དང་པོའོ། །མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར་ཞེས་བྱ་བ་ནི་ཉེས་དམིགས་གཉིས་པའོ། །ལམ་གོལ་བར་ཞུགས་པར་འགྱུར་ཞེས་བྱ་བ་ནི་གསུམ་པའོ། །འདིའི་སེམས་སྟོང་པ་ཉིད་ལ་མི་འཇུག་ཅིང་ཞེས་བྱ་བ་ནས་རྣམ་
པར་གྲོལ་བར་མི་འགྱུར་ཞེས་བྱ་བའི་བར་ནི་བཞི་པའོ། །འདིའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་ཞེས་བྱ་བ་ནི་ལྔ་པའོ། །འོ་ན་དེ་དག་གི་སྟོན་པ་ཡང་སངས་རྒྱས་མ་ཡིན་ཞེས་བྱ་བ་ནི་དེ་དག་ལ་སངས་རྒྱས་ཀྱི་བཀའ་ཚད་མ་མ་ཡིན་ནོ་སྙམ་དུ་བསམས་པའོ། །འདི་ནི་སངས་
རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱ་བ་ནི། འགའ་ཞིག་གིས་མདོ་སྡེ་འདི་རྣམས་སྒྲོ་བཏགས་སོ་སྙམ་དུ་བསམས་པའོ། །སྡེ་པ་ཐམས་ཅད་ལས་ཞེས་བྱ་བ་ནི། ས་སྟོན་པའི་སྡེ་པ་ལ་སོགས་ལས་སོ། །མདོ་དང་མི་འགལ་བ་ནི་མདོ་སྡེ་དང་འགལ་བ་མེད་པའོ། །ཆོས་ཉིད་དང་ཡང་

མི་འགལ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་ངོ་། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་དེ་དག་ནི་བདག་གི་ངོ་བོ་ཉིད་ཀྱང་མ་ཡིན་ལ། དེ་དག་ལ་ཡང་བདག་མེད་པས་ཆོས་ཐམས་ཅད་བདག་མེད་པའོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་མིག་
དང་གཟུགས་ནས་ཡིད་དང་ཆོས་རྣམས་ཀྱི་བར་ལ་སྟེ། གང་ཟག་དེ་ནི་ཆོས་མ་ཡིན་ནོ། །བདག་མེད་པ་ནི་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་རྣམས་ཡིན་ནོ་ཞེས་སྨྲ་ན། གཟུགས་རྣམས་ཞེས་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱ་ཞེས་བྱ་བ་དེ་
བསལ་ཏེ། བདག་གཞན་མིན་པའི་ཕྱིར་དེ་བོར་བར་འགྱུར་རོ། །དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ་ཞེས་བྱ་བ་དེ་ལ་གཞན་མེད་པར་སྟོན་པའོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་རྗེས་སུ་དྲན་པ་ན་ཉེ་བར་ལེན་པའི་
ཕུང་པོ་ལྔ་པོ་འདི་དག་ཁོ་ན་རྗེས་སུ་དྲན་པར་གྱུར་ཏམ། རྗེས་སུ་དྲན་ནམ། རྗེས་སུ་དྲན་པར་འགྱུར་གྱི། གང་ཟག་ནི་མ་ཡིན་ན། ཅིའི་ཕྱིར་བདག་ནི་འདས་པའི་དུས་ན་གཟུགས་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ་ཞེས་གསུངས་ཏེ། བདག་ཅེས་གསུངས་པའི་ཕྱིར་གང་ཟག་
ལ་བྱ་བར་སྟོན་ཏོ། །གང་ཟག་དེ་ལྟར་རྣམ་པ་དུ་མར་རྗེས་སུ་དྲན་པ་ཞེས་བྱ་བ་ལ། ཁྱེད་ཅག་ནི་བདག་ཉིད་གཞུང་འདོན་པ་ཉིད་དུ་སྟོན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལ་ནི་མ་གཏོགས་པ་ཁོ་ན་སྐྱབས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བདག་ཅེས་འདོན་པ་ཡོད་ན་འཇིག་ཚོགས་ལ་ལྟ་བར་
ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་ཚོགས་ལ་ལྟ་བའི་མུ་ནི་ཉི་ཤུ་འབྱུང་སྟེ། བདག་གཟུགས་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་དང་། བདག་གཟུགས་དང་ལྡན་པ་དང་། གཟུགས་བདག་གི་ཡིན་པ་དང་། གཟུགས་བདག་ལ་གནས་པ་ཞེས་བྱ་བ་ནས། དེ་བཞིན་
དུ་རྣམ་པར་ཤེས་པའི་བར་དུ་བརྗོད་པར་བྱའོ། །ཕུང་པོ་དང་རྒྱུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ཕུང་པོ་བཞིན་དང་། རྒྱུན་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བསྡུ་བ་ལ་སོགས་པ་བསྡུའོ། །སྐད་ཅིག་མ་གཅིག་ལ་མང་པོ་རྣམས་འདུས་པ་ནི་ཕུང་པོའོ། །སྐད་ཅིག་མ་མང་

པོ་ལ་འདུས་པ་དག་ནི་རྒྱུན་ནོ། །ཕུང་པོའི་དཔེས་ནི་ཆོས་མང་པོ་དག་ལ་གང་ཟག་འདོགས་པར་སྟོན་ཏོ། །རྒྱུན་གྱི་དཔེས་ནི་གཟུགས་དང་ཚོར་བ་ལ་སོགས་པ་ཕུང་པོ་དག་གི་རྒྱུན་མང་པོ་ཉིད་ཡོད་ན་གང་ཟག་འདོགས་པར་སྟོན་ཏོ། །འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན་ཞེས་
བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་རྒྱུད་ལ་གང་དུ་བཞེད་པར་གཏད་པ་ཙམ་གྱིས་ཕྱིན་ཅི་མ་ལོག་པའི་མཁྱེན་པ་སྐྱེ་བ་གང་ཡིན་པའི་མཐུ་འདི་ཡོད་ཀྱི། གང་ཟག་ལ་ནི་མ་ཡིན་ནོ་ཞེས་བྱ་བའོ། །སྨྲས་པ་འདས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །རྫོགས་སངས་རྒྱས་འདས་གང་
དག་དང་། །ཞེས་བྱ་བ་རྒྱས་པར་བརྗོད་ནས། དེ་ལྟ་བས་ན་ཕུང་པོའི་རྒྱུན་ཁོ་ན་ལ་སངས་རྒྱས་ཞེས་བྱའི་གང་ཟག་ལ་ནི་མ་ཡིན་ནོ། །དགེ་སློང་དག་ཁྱེད་ལ་ཁུར་ཡང་བསྟན་ཏོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དགེ་སློང་དག་ཁྱེད་ལ་ཁུར་ཡང་བསྟན་ཏོ། །ཁུར་ལེན་པ་དང་། ཁུར་
འདོར་བ་དང་། ཁུར་ཁྱེར་བ་ཡང་བསྟན་གྱིས། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཁུར་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཁུར་ལེན་པ་གང་ཞེ་ན། ཡང་སྲིད་པའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་
དགའ་བའོ། །ཁུར་འདོར་བ་གང་ཞེ་ན། ཡང་སྲིད་པའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་། སོ་སོར་ངེས་པར་འབྱུང་བ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་འགོག་པ་དང་། ཉེ་བར་ཞི་བ་
དང་། ནུབ་པ་གང་ཡིན་པའོ། །ཁུར་ཁྱེར་བ་གང་ཞེ་ན། གང་ཟག་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་མྱོང་མྱོང་། ཚེ་ནི་འདི་ཙམ་ཞིག་ཐུབ་
ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེའི་མཐའ་ནི་འདི་ཙམ་ཞིག་གོ་ཞེས་བྱ་བ་གང་ཡིན་པའོ། །ཁུར་ཁྱེར་བར་བྱེད་པས་ན་ཁུར་ཁྱེར་བ་སྟེ། གང་ཟག་གོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་བརྗོད་པ་ནི་འདི་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་ཁུར་ཁྱེར་བ་ཡིན་པར་ནི་རིགས་པ་མ་ཡིན་ཏེ་ཞེས་

བྱ་བ་སྨོས་སོ། །དེའི་ཕྱིར་གལ་ཏེ་ཁུར་ལས་ཁུར་ཁྱེར་བ་གཞན་ཡིན་ཞིང་། དེ་ཡང་གང་ཟག་ཡིན་ན་ནི་དེ་ཕུང་པོ་དག་ལས་གཞན་ཉིད་ཡིན་པར་འགྱུར་བས་མི་འདོད་པར་ཐལ་བར་འགྱུར་རོ། །གང་ཟག་བཞིན་དུ་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ཁུར་ལེན་པ་ཡང་ཕུང་པོས་མ་
བསྡུས་པར་ཐལ་བར་འགྱུར་བ་ཞིག་ན། དེ་ལྟར་ཡང་མི་འདོད་དེ། དེ་བས་ན་ཕུང་པོ་ལེན་པ་བཞིན་དུ་གང་ཟག་དེ་ཕུང་པོ་དག་ལས་དོན་གཞན་དུ་གྱུར་པ་མ་ཡིན་ནོ། །དེ་ཁོ་ནའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་མ་ཡིན་ཏེ་གང་ཟག་རྫས་སུ་ཡོད་པར་གྱུར་ན།
བཅོམ་ལྡན་འདས་ཀྱིས་མདོ་དེ་ལས་ཁུར་ཁྱེར་བ་གང་ཞེ་ན། གང་ཟག་ཡིན་ནོ་ཞེས་བྱ་བ་དེ་ཁོ་ན་ཙམ་ཞིག་གསུངས་པར་འགྱུར་གྱི། ཡང་ཚེ་དང་ལྡན་པ་མིང་ནི་འདི་ཞེས་བྱ་ཞེས་བྱ་བ་ནས་རྒྱས་པར་ཚེའི་མཐའ་ནི་འདི་ཙམ་ཞིག་གོ་ཞེས་བྱ་བའི་བར་རྣམ་པར་མ་ཕྱེ་བར་འགྱུར་རོ། །ཡང་
ཁྱད་པར་དུ་མཛད་པ་འདི་ནི་གང་ཟག་བཏགས་པར་ཡོད་པ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། ཅི་ནས་ཀྱང་དེ་ཉིད་བཏགས་པའི་ཡོད་པ་ཡིན་གྱི། གང་ཟག་རྫས་སུ་ཡོད་པ་རྟག་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་གཞན་དུ་ནི་ཤེས་པར་མ་བྱེད་ཅིག་ཅེས་
བྱ་བ་ཡིན་ནོ། །ཕུང་པོ་སྔ་མ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ལ་ཕུང་པོ་གང་དག་གནོད་པར་བྱེད་ཅིང་། སྡུག་བསྔལ་གྱི་རྒྱུར་འགྱུར་བ་དེ་དག་ནི་ཁུར་ཞེས་བཤད་དོ། །ཕྱི་མ་གནོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་ཁུར་ཁྱེར་བ་ཞེས་བཤད་དོ། །སྐྱེ་བ་པ་ཡིན་པའི་
ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་རྣམས་ཀྱི་ཁོངས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་ཇི་ལྟར་ཀུན་བརྟགས་པའི་གང་ཟག་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཁོངས་སུ་མ་གཏོགས་ཏེ། གང་ཟག་ནི་
སྡུག་བསྔལ་ནས་ལམ་གྱི་བར་མ་ཡིན་ནོ། །དེའི་ཕྱིར་གང་ཟག་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་བདེན་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། ལྟ་བ་གང་ཞིག་བདེན་པ་གང་ལ་ལོག་པར་ཞུགས་པ་དེ་ནི་བདེན་པ་དེ་མཐོང་བས་སྤོང་བར་འགྱུར་རོ། །དེ་བཞིན་དུ་གང་

ཟག་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་ཁོངས་སུ་མ་གཏོགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་ངོ་བོ་ཡིན་ན། གང་ཟག་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ཡང་མ་
ཡིན་ཏེ། ཕུང་པོའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ནོ། །ཡང་ན་ལྟ་བ་ནི་འགའ་ཡང་བསྒོམ་པས་སྤང་བར་བྱ་བ་མ་ཡིན་པས་དེ་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ནོ། །ཏིལ་གཅིག་དང་འབྲས་ཐུག་པོ་ཆེ་གཅིག་ཅེས་བྱ་བ་ལྟ་
བུ་དང་། ཕུང་པོ་གཅིག་དང་ཚིག་གཅིག་ཅེས་བྱ་བ་ནི། ཇི་ལྟར་རྫས་བརྒྱད་པ་ཡིན་ཡང་ཏིལ་གཅིག་དང་འབྲས་ཐུག་པོ་ཆེ་གཅིག་ཅེས་བྱ་བ་དང་། ཇི་ལྟར་མོན་སྲན་གྲེའུ་ལ་སོགས་པ་རྣམས་མང་པོ་ཉིད་ཡིན་དུ་ཟིན་ཀྱང་ཕུང་པོ་གཅིག་ཅེས་བྱ་བ་དང་། ཇི་ལྟར་ཡི་གེ་རྣམས་མང་པོ་
ཉིད་ཡིན་དུ་ཟིན་ཀྱང་། ཚིག་གཅིག་ཅེས་བྱ་བ་ལྟར་གང་ཟག་གཅིག་ཅེས་བྱ་བ་ཡང་དེ་དང་འདྲའོ། །སྐྱེ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྐྱེའོ་ཞེས་སྨྲས་པས་དེ་སྐྱེ་བ་དང་ལྡན་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་ཁྱེད་ཀྱི་འདུས་བྱས་ཡིན་ནོ་ཞེས་བརྗོད་
དགོས་སོ། །ཕུང་པོ་གཞན་ཡིན་པའི་ཕྱིར་ཏེ། དཔེར་ན་རིག་པ་བླངས་པའི་ཕྱིར་མཆོད་སྦྱིན་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་བླངས་པའི་ཕྱིར་དེ་སྐད་ཅེས་བྱའི། འདི་འབྱུང་བའི་དོན་དུ་སྐྱེས་པ་མ་ཡིན་པ་དེ་དང་འདྲ་སྟེ་ཐམས་ཅད་ལ་སྦྱར་བར་བྱའོ། །ཆོས་སུ་
བརྡར་བཏགས་པ་མ་གཏོགས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ལས་མ་གཏོགས་པ་སྟེ། དེས་ན་འདི་ཡོད་པས་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱེད་པ་པོ་ནི་མི་དམིགས་སོ། །ཞེས་བྱ་བ་རྒྱས་པར་འབྱུང་བའི་ལས་ཀྱིས་བྱེད་པ་པོ་
མི་དམིགས་སོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། གང་ཞིག་ཕུང་པོ་འདི་རྣམས་འདོར་བར་བྱེད་ཅིང་ཞེས་བྱ་བ་སྨོས་ཏེ། ཚེ་འདིའི་ཕུང་པོ་ད་ལྟར་བ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་གཞན་དག་ཉིང་མཚམས་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི། ཚེ་ཕྱི་མའི་ཕུང་པོ་སྲིད་པ་བར་མ་

པ་འམ། སྐྱེ་བའི་ཆར་གཏོགས་པ་དག་གོ། །ཉིང་མཚམས་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའོ། །དབོ་ལས་སྐྱེས་ལེན་ཅེས་མི་སྨྲའོ་ཞེས་བྱ་བ་ནི་གལ་ཏེ་ངས་འདི་སྐད་དུ་འདི་ལེན་ཏོ་ཞེས་སྨྲས་ན། བཙུན་པ་གང་ཉེ་བར་ལེན་པ་ཞེས་བྱ་བ་ནས་ཉེ་བར་ལེན་པ་འདི་སྲིད་
པའི་རྐྱེན་ཅན་ཡིན་ནོ་ཞེས་བྱ་བའི་བར་ཚིག་དེ་ཁྱོད་ལ་ལེགས་པར་འགྱུར་རམ་ཞེས་འབྱུང་ངོ་། །དེ་ལྟ་བས་ན་ཕུང་པོ་རྣམས་ཉེ་བར་ལེན་པར་བྱེད་པ་དང་། འདོར་བར་བྱེད་པ་ནི་འགའ་ཡང་མེད་དོ། །འོན་ཏེ་ལུས་ཡིན་ནོ་ཞེ་ན། དེ་ཡང་དེ་འདྲ་ཞེས་བྱ་བ་ནི། སྐད་ཅིག་རེ་རེ་ལས་
སྔོན་མེད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་སྟེ། གལ་ཏེ་གང་ཟག་ཡིན་ནོ་ཞེ་ན་ནི་དེ་མ་གྲུབ་པོ་ཞེས་བྱ་བ་ལ་སོགས་པ་ཉེ་བར་བཀོད་པས་ནི་དཔེ་མ་གྲུབ་པ་ཉིད་དུ་སྟོན་ཏོ། །ལུས་རིག་པ་དང་རྟགས་བཞིན་དུ། །ཞེས་བྱ་བ་ནི། རིག་པ་དང་རྟགས་ནི་རིག་པ་དང་རྟགས་སོ། །ལུས་དང་རིག་
པ་དང་རྟགས་ནི་ལུས་དང་རིག་པ་དང་རྟགས་དག་གོ། །དེ་དག་དང་འདྲ་བ་སྟེ། ལུས་དང་རིག་པ་དང་རྟགས་བཞིན་དུ་ཕུང་པོ་དང་། གང་ཟག་དག་གཞན་ཉིད་དུ་འགྱུར་རོ། །ཇི་ལྟར་བླང་བར་བྱ་བ་རིག་པ་དང་རྟགས་ལས་ལུས་གཞན་ཉིད་ཡིན་པ་དེ་བཞིན་དུ། བླང་བར་བྱ་བ་
ཕུང་པོ་ལས་ཀྱང་ལུས་གཞན་ཉིད་ཡིན་ཏེ་ཉེ་བར་ལེན་པ་ལས་གཞན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྒ་བ་དང་ན་བ་ཡང་ལུས་གཞན་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གནས་སྐབས་རྣམས་སྐད་ཅིག་རེ་རེ་ལ་གཞན་ཉིད་ཡིན་པར་བསམས་པ་སྟེ། དེ་ལ་རྒ་བ་སྐྱེས་སོ་ན་བ་
སྐྱེས་སོ་ཞེས་གང་སྨྲས་པའི་དཔེ་མ་གྲུབ་པོ་ཞེས་སྟོན་པར་བྱེད་དོ། །འོན་ཏེ་ཡང་ལུས་གནས་པ་ལ་གནས་སྐབས་གཞན་ལོག་ན་གནས་སྐབས་གཞན་འབྱུང་ངོ་སྙམ་དུ་སེམས་ན། གྲངས་ཅན་པའི་འགྱུར་བར་སྨྲ་བ་ནི་འཇིག་རྟེན་པའི་མཛོད་ཀྱི་གནས་སྐབས་སུ་བཀག་ཟིན་ཏོ། །ཇི་
སྐད་དུ་ཞེ་ན། གནས་པ་གང་ལ་ཆོས་གཞན་གྱི་ཁྱད་པར་ཡོངས་སུ་བརྟག་པར་བྱ་བའི་ཆོས་ཅན་དེ་ཉིད་ཡོད་པ་མ་ཡིན་ཏེ། དེ་ཉིད་འདི་ཡིན་ལ། དེ་ལྟ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་རིགས་པ་འདི་ནི་སྔོན་མ་བྱུང་བ་ཞེས་བྱའོ། །འབྱུང་བ་དག་ནི་བཞི་ཡིན་གཟུགས་ནི་གཅིག་

ཡིན་ཞེས་བྱ་བ་ནི་གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་དང་། །ཞེས་བྱ་བ་ལ་སོགས་པ་དག་ཡིན་ནོ། །སྨྲ་བ་འདི་ནི་ཕྱོགས་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ལ། ཕྱོགས་གང་ཞེ་ན། འབྱུང་བ་ཙམ་གྱི་ཕྱོགས་ལའོ་ཞེས་བྱ་བ་སྟེ། གནས་བརྟན་སངས་རྒྱས་ལྷའི་
ཕྱོགས་ལ་ཡོད་ཀྱི་ཁོ་བོ་ཅག་གི་ཕྱོགས་ལ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་འབྱུང་བ་ཙམ་གྱི་ཕྱོགས་ལ་འབྱུང་བ་དག་ལས་གཟུགས་གཞན་མ་ཡིན་པ་དེ་བཞིན་དུ་ཕུང་པོ་དག་ལས་གང་ཟག་གཞན་མ་ཡིན་ནོ་ཞེས་ཁས་བླངས་པ་ཡིན་པས། རང་གི་གྲུབ་པའི་མཐའ་ཡོངས་སུ་བོར་
བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག་དེ་ཉིད་ལུས་ཡིན་པའམ། གཞན་ཡིན་ནོ་ཞེས་ལུང་མ་བསྟན་ཞེས་བྱ་བ་ལ། དེ་དག་གི་བསམ་པ་ནི་གལ་ཏེ་ཕུང་པོ་དག་ཁོ་ན་ལ་གང་ཟག་ཉེ་བར་འདོགས་ན། ཅིའི་ཕྱིར་ལུས་ཁོ་ན་སྲོག་
ཡིན་ནོ་ཞེས་མ་བཤད་པ་སྙམ་པ་འདི་ཡིན་ནོ། །སྔ་མ་དག་ཁོ་ནས་ཞེས་བྱ་བ་ནི་གནས་བརྟན་ཀླུ་སྡེ་ལ་སོགས་པ་དག་གིས་སོ། །སྨྲ་བ་མང་བ་ཞེས་བྱ་བ་ནི་གཅོར་བའོ། །ཕ་རོལ་པོས་གལ་ཏེ་གང་ཟག་བརྗོད་པར་མི་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་
མེད་པ་ཁོ་ནའོ་ཞེས་མ་གསུངས་ཞེས་བྱ་བ་སྨྲས་སོ། །སྨྲས་པ་མེད་ཅེས་བྱ་བ་དོན་དམ་དུའོ། །ཀུན་རྫོབ་ཏུ་ནི་ཡོད་ཅེས་བསྟན། །དེ་དང་འགལ་ཕྱིར་དེ་ཉིད་དུ། །སེམས་ཅན་ཡོད་ཅེས་མ་གསུངས་སོ། །དེ་ནི་དེ་བསྟན་པ་ཡང་མི་བཟོད་དོ་ཞེས་བྱ་བ་ནི་བདག་མེད་པ་བསྟན་དུ་མི་
རུང་ངོ་ཞེས་བྱ་བའི་དོན་ཏོ། །སྔ་ནས་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། འཇིག་ཚོགས་ལ་ལྟ་བ་དང་ལྡན་པའི་རྨོངས་པས་སོ། །ཀུན་དུ་རྨོངས་པའི་ཕྱིར་ཞིང་ཆེས་རྒྱས་པར་འགྱུར་ཞེས་བྱ་བ་ནི་ཆད་པར་ལྟ་བ་དང་ལྡན་པ་འམ། ལོག་པར་ལྟ་བ་དང་ལྡན་པ་སྙམ་དུ་བསམས་པ་ཡིན་ནོ། །
དེ་ཉིད་ཀྱི་ཕྱིར་བདག་གི་བདག་སྔོན་ཡོད་པར་གྱུར་པ་ལས་ད་ནི་བདག་གི་དེ་ཡང་མེད་དོ་ཞེས་བྱ་བ་སྨོས་སོ། །འདིར་སྨྲས་པ་ཞེས་བྱ་བ་ནི། བཙུན་པ་གཞོན་ནུ་ལེན་གྱིས་སོ། །ལྟ་བའི་མཆེ་བས་སྨྲས་པ་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ལྟ་བ་ཉིད་མཆེ་བ་ཡིན་པས་ན་ལྟ་བའི་མཆེ་

བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེས་སྨྲས་པ་ལ་ལྟོས་ནས། གཉེན་པོ་ཆོས་བདག་མེད་པ་ཡང་སྟོན་པར་མཛད་དོ། །ལས་རྣམས་འཇིག་པ་ལ་ལྟོས་ནས་ཏེ། བྱས་པ་ཆུད་ཟ་བ་ལ་ལྟོས་ནས་གང་ཟག་ཡོད་པ་ཉིད་ལྟ་བུ་སྟོན་པ་རྣམས་གཞན་དུ་ཡང་སྟོན་པར་མཛད་དོ། །སྟག་མོས་
ཕྲུ་གུ་ཁྱེར་བ་ལྟར། །ཞེས་བྱ་བ་ནི་ཇི་ལྟར་སྟག་མོས་འདིའི་ལུས་མཆེ་བས་སྨས་པར་འགྱུར་ན་མི་རུང་ངོ་སྙམ་ནས་སོས་ཧ་ཅང་བག་མེད་པར་བཟུང་སྟེ། རང་གི་ཕྲུ་གུ་མི་ཁྱེར་ཞིང་གནས་གཞན་དུ་མི་ཁྲིད་ལ། ཕྲུ་གུ་འདི་འདི་ལ་ལྷུང་སྟེ་སྣང་བར་འགྱུར་དུ་འོང་སྙམ་སྟེ། སོས་ཧ་ཅང་
ལྷད་ལྷོད་དུ་བཟུང་སྟེ་ཡང་དེ་མི་ཁྱེར་གྱི། རན་པར་བཟུང་སྟེ་ཁྱེར་བ་ལྟ་བུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་མིའི་སེང་གེ་བཅོམ་ལྡན་འདས་ཀྱང་འདུལ་བའི་ཐབས་ལ་མཁས་པའི་ཕྱིར། རན་པ་ཁོ་ནར་འདུལ་བའི་འགྲོན་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བསྣམས་
པར་མཛད་དོ། །དེ་བཞིན་དུ་སྟོན་པ་ལ་རྒྱུ་བསྣན་པའི་ཕྱིར། བདག་ཡོད་ཉིད་དུ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་ཏེ། གལ་ཏེ་འགའ་ཞིག་བདག་ཡོད་པ་ཉིད་དུ་ཞུགས་པར་གྱུར་ན་གདུལ་བའི་སྐྱེ་བོ་དེ་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་ཀྱི་ལྟ་བའི་མཆེ་བས་སྨས་པར་འགྱུར་རོ། །
ཀུན་རྫོབ་རྟོགས་པར་མ་གྱུར་ནས། །ཞེས་བྱ་བ་ནི་ཆོས་བརྡ་མི་ཤེས་པ་སྟེ། ལས་ཀྱི་འབྲས་བུ་མེད་དོ་སྙམ་ནས་དགེ་བའི་ལས་སྟག་གི་ཕྲུ་གུ་ལྟ་བུ་ཉམས་པར་བྱེད་པར་འགྱུར་རོ། །བཏགས་པ་འང་ཞེས་བྱ་བ་ལ། བཏགས་པ་ལ་ཡོད་པ་ལ་བཏགས་པ་ནི། ལ་ལ་གང་ཟག་
ཀུན་རྫོབ་ཏུ་ཡོད་པ་ཡང་མེད་དོ་སྙམ་དུ་འཛིན་པར་འགྱུར་བས། དེའི་ཕྱིར་མེད་དམ་ཞེས་ཀྱང་མ་གསུངས་སོ། །ཡོད་ན་ཅིའི་ཕྱིར་ཡོད་མི་གསུང་། །ཞེས་བྱ་བ་ནི་གལ་ཏེ་གང་ཟག་ཡང་དག་པར་དོན་དུ་ཡོད་ན་བཅོམ་ལྡན་འདས་ཅིའི་ཕྱིར་གང་ཟག་ཡོད་དོ་ཞེས་མི་གསུང་། གཟུགས་
ཡོད་དོ་ཞེས་སྨྲས་པ་ལ་ནི་ཉེས་པར་མི་འགྱུར་ཏེ་དེ་ཡོད་པའི་ཕྱིར་རོ། །གཅེར་བུ་པའི་ཉན་ཐོས་ཀྱིས་བྱེའུ་བཟུང་བ་བཞིན་ནོ་ཞེས་བྱ་བ་ནི། གཅེར་བུ་པའི་ཉན་ཐོས་ཞིག་གིས་བྱེའུ་གསོན་པོ་ཞིག་བཟུང་ནས། བཅོམ་ལྡན་འདས་ལ་བྱེའུ་འདི་གསོན་ནམ། མི་གསོན་ཞེས་དྲིས་

སོ། །དེའི་བསམ་པ་འདི་ཡིན་ནོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མ་གསོན་ནོ་ཞེས་གསུངས་ན་ནི། དེས་དེ་བཙིར་ནས་སྟོན་པར་བྱེད་དོ། །གལ་ཏེ་བཅོམ་ལྡན་འདས་འདི་སྐད་དུ་ཤིའོ་ཞེས་གསུངས་ན་ནི། དེས་དེ་གསོན་པོ་ཁོ་ན་སྟོན་པར་བྱེད་དོ། །དེ་ནི་ཇི་ལྟར་ན་
འཇིག་རྟེན་གྱིས་འདི་ཐམས་ཅད་མཁྱེན་པ་མ་ཡིན་པར་ཤེས་པར་འགྱུར་སྙམ་དུ་མངོན་པར་ཞེན་ཏོ། །བཅོམ་ལྡན་འདས་ཀྱིས་ནི་དེའི་བསམ་པ་མཁྱེན་ནས་ལུང་མ་བསྟན་གྱི། འདི་གསོན་ནམ་མི་གསོན་པ་ནི་ཁྱེད་ཀྱི་སེམས་ཀྱི་ཁ་ན་ལས་སོ་ཞེས་བྱ་བ་ཁོ་ན་གསུངས་པ་དེ་དང་འདྲ་བར་འདི་
ཡང་ལུང་མ་བསྟན་ཏོ། །བཞི་ཚན་འདི་ནི་དོན་མཐུན་ནོ། །ཞེས་བྱ་བ་ནི་འཇིག་རྟེན་རྟག་གོ་འཇིག་རྟེན་མི་རྟག་གོ་ཞེས་བྱ་བའི་བཞི་ཚན་འདི་དང་། འཇིག་རྟེན་མཐའ་དང་ལྡན་ནོ་འཇིག་རྟེན་མཐའ་དང་མི་ལྡན་ནོ་ཞེས་བྱ་བའི་བཞི་ཚན་འདི་ནི་དོན་མཐུན་ནོ་ཞེས་བྱ་བར་ཇི་ལྟར་
ཤེས་ཤེ་ན། འདི་ལྟར་ཀུན་དུ་རྒྱུ་སྨྲ་བྱེད་ཀྱིས་འཇིག་རྟེན་མཐའ་དང་ལྡན་པ་དང་། མཐའ་དང་མི་ལྡན་པ་དང་། ལྡན་པ་ཡང་ཡིན་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་བཞི་ཚན་འདི་ཞུས་ནས་ཡང་ཅི་ལགས་འཇིག་
རྟེན་ཐམས་ཅད་ཅེས་བྱ་བ་རྒྱས་པར་ཞུས་སོ། །ཞུ་བ་ཞུས་པ་ཞེས་བྱ་བ་ནི་འཇིག་རྟེན་མཐའ་དང་ལྡན་པ་ཞེས་རྒྱས་པར་ཞུས་པ་གང་ཡིན་པ་དེ་ཉིད་ད་ལྟ་ཅི་ལགས། འཇིག་རྟེན་ཐམས་ཅད་ལམ་འདིས་ངེས་པར་འབྱུང་ངམ་ཞེས་བྱ་བ་འདི་འམ། འདིས་ནི་མཐའ་དང་ལྡན་ནམ་
ཞེས་དྲིས་པ་ཡིན་ནོ། །འོན་ཏེ་འཇིག་རྟེན་ཕྱོགས་གཅིག་ལགས་ཞེས་བྱ་བ་འདིས་ནི་མཐའ་དང་མི་ལྡན་ཞེས་བྱ་བ་ལ་སོགས་པའོ། །གང་ཟག་གསོན་པོ་ནི་ཡོད་དོ་ཞེས་ལུང་སྟོན་ལ་ཞེས་བྱ་བ་ནི་གང་ཟག་འདི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་བཞིན་དུ་ལུང་བསྟན་སྙམ་དུ་
བསམས་པ་ཡིན་ནོ། །རྟག་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་གནས་མའི་བུའི་ཚིག་གོ། །འོ་ན་ཅིའི་ཕྱིར། འདི་ལུང་སྟོན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་གྱིས་གསུངས་པ་སྟེ། དེ་ལྟ་ན་ཡང་རྟག་པར་ཐལ་བར་འགྱུར་རོ། །རིམ་གྱིས་རིམ་གྱིས་

མི་བརྗོད་པར་གྱིས་ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་མི་བརྗོད་པའོ། །རིམ་གྱིས་རིམ་གྱིས་ཞེས་སྨོས་པ་ནི་ཤཱཀྱའི་བུ་མཚུངས་པ་དག་རབ་ཏུ་འཁྲུག་པ་དག་ཡོངས་སུ་སྤངས་པའི་ཕྱིར་རོ། །བདེན་པ་ཞེས་བྱ་བ་ནི་ཡང་དག་པར་རོ། །གནས་
པར་ཞེས་བྱ་བ་ནི་མི་འགྱུར་བར་རོ། །ལྟ་བའི་གནས་སུ་གསུངས་སོ་ཞེས་བྱ་བ་ནི་ལོག་པར་ལྟ་བའི་གནས་སུ་གསུངས་སོ་སྙམ་དུ་བསམས་པ་ཡིན་ནོ། །སློབ་དཔོན་གྱིས་ཡོད་དོ་སྙམ་པ་ཡང་ལྟ་བའི་གནས་སུ་གསུངས་སོ་ཞེས་བྱ་བ་སྨོས་ཏེ། འཇིག་ཚོགས་ལ་ལྟ་བའི་གནས་སུ་ཞེས་བྱ་
བའི་དོན་ཏོ། །ཕྱོགས་འདི་ནི་ལན་བཏབ་ཟིན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མ་ཡིན་ཏེ་བཀག་པའི་ཕྱིར་རོ། །མདོ་ཉིད་ལས་སྤངས་ཏེ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་རྒྱས་པར་འདི་དག་ནི་དཔེ་ངན་པ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །ཇི་ལྟར་འཁོར་བ་དེ་བཞིན་དུ་བསྟན་པའི་ཕྱིར། ཇི་
ལྟར་མེ་སྐད་ཅིག་མ་ཡིན་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །མེ་ནི་སྐད་ཅིག་མ་ཡིན་པར་གྲགས་ལ། དེ་ཡང་ཡུལ་གཞན་དུ་འབྱུང་བའི་རྒྱུན་གྱིས་འགྲོའོ་ཞེས་བྱ་བ་དེ་བཞིན་དུ། སེམས་ཅན་ཞེས་བྱ་བ་ཡང་ཕུང་པོ་ཉེ་བར་བླངས་ནས་ཡིན་ནོ། །སྲེད་པ་ཉེ་བར་ལེན་པ་ཅན་
ཞེས་བྱ་བ་ནི་འདི་ལ་སྲིད་པ་ཉེ་བར་ལེན་པ་ཡོད་པས། སྲེད་པ་ཉེ་བར་ལེན་པ་ཅན་ཏེ། སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་འཁོར་རོ། །མིག་བཟང་ཞེས་བྱ་བའི་སྟོན་པ་ནི་ཞེས་བྱ་བ་ནི། ཉི་མ་བདུན་འཆར་བའི་མདོ་ལས་བཅོམ་ལྡན་འདས་འདི་ཡང་དྲང་སྲོང་མིག་བཟང་ཞེས་བྱ་བར་འགྱུར་རོ་ཞེས་
འབྱུང་ངོ་། །ཕུང་པོ་རྣམས་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐད་ཅིག་མ་ཡིན་ན་གཞན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུད་གཅིག་པ་ཉིད་དུ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་མིག་བཟང་སངས་རྒྱས་ཀྱི་རྒྱུད་ཁོ་ན་ཡིན་པར་གྱུར་པ་དེའི་ཕྱིར་དེ་
ཉིད་ཡིན་ནོ་ཞེས་ཐ་མི་དད་པ་ཉེ་བར་བཏགས་པའོ། །དཔེར་ན་སྔོན་མཐོང་བའི་མེ་གང་ཡིན་པ་དེ་ཉིད་སྲེག་ཅིང་འོངས་སོ་ཞེས་བྱ་བ་ལྟ་བུ་སྟེ། རྒྱུན་གྱིས་འཇུག་པས་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་དང་འདྲའོ། །དེ་ནི་དེ་དག་གི་འཇིག་ཚོགས་ལ་ལྟ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་

གཤེགས་པ་དེ་དག་གིས་བདག་དང་བདག་གི་རྣམ་པ་ཅན་གྱི་འཇིག་ཚོགས་ལ་ལྟ་བར་འགྱུར་རོ། །བདག་དང་བདག་གིར་ཆགས་པའི་འཆིང་བ་ཤིན་ཏུ་དམ་པོས་གླགས་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་བདག་གིར་ལྟ་བ་ཡོད་ན་བདག་ཏུ་ཆགས་པ་དང་བདག་
གིར་ཆགས་པར་འགྱུར་རོ། །དེའི་ཕྱིར་འདོད་ཆགས་འཆིང་བ་ཡིན་པས། སོ་སོའི་སྐྱེ་བོ་ལྟར་འཆིང་བ་དམ་པོ་ཅན་རྣམས་ལ་ཐར་པ་ཐག་རིང་བར་འགྱུར་ཏེ། བདག་ཏུ་འཛིན་པ་ཡོད་པའི་ཕྱིར་མེད་པ་ཁོ་ནར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཁ་ཅིག་ནི་གང་ཟག་ཏུ་འཛིན་
ཞེས་བྱ་བ་ནི་གནས་མའི་བུ་རྣམས་སོ། །གང་དག་ཅེས་བྱ་བ་ནི་མུ་སྟེགས་བྱེད་སེར་སྐྱ་དང་། གཟེགས་ཟན་དང་རྐང་མིག་དང་རྒྱལ་དཔོག་ལ་སོགས་པ་བདག་རྫས་གཞན་ཁོ་ན་ཡིན་པར་སེམས་པ་དེ་དག་གི་ལྟར་ན་ཡང་ཐར་པ་མེད་པའི་ཉེས་པ་འདི་གཡོ་བ་མེད་པ་ཡིན་ཏེ་འདི་ལྟར་
བདག་ཏུ་ང་རྒྱལ་བའི་གཞི་ཡོད་པར་ཁས་བླངས་ནས་ངའོ་སྙམ་པའི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གྲོལ་བའི་ཐབས་ཡིན་པའི་ཕྱིར་བདག་མེད་པར་ལྟ་བ་ཁོ་ན་མཛེས་སོ། །མངོན་སུམ་དུ་མཐོང་བ་རྣམས་ལ་བདག་ཏུ་ང་རྒྱལ་བ་མ་བྱུང་ངོ་ཞེས་བྱ་བ་འདི་ནི་བཞད་གད་དུ་བྱ་བ་
ཞིག་གོ། །གང་ཞིག་ཐེ་ཚོམ་གྱི་དཔྱང་ཐག་ལ་མྱུག་པ་ངའོ་སྙམ་དུ་སེམས་ལ། མཐོང་ནས་མི་སེམས་སོ་ཞེས་བྱ་བ་འདི་ནི་དད་པར་བྱ་བ་ཞིག་གོ། །གཞན་མུ་སྟེགས་བྱེད་ཀྱི་ཚོགས་བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པའི་སྐུད་པ་བསྲན་ཏེས་སེམས་བཙེམས་ཤིང་བཙེམས་
པ། བསམ་གཏན་གྱི་བདེ་བ་ལ་ཆགས་པ་ལ་བློ་གྱེན་དུ་འཐོན་པ་ཐམས་ཅད་ཀྱིས་ནི་སྲིད་པའི་རྩེ་མོར་འཛེག་པའི་སྒོར་འཇུག་པ་ཐོབ་ཀྱང་ངེས་པར་བྱེད་པ་པོ་ཡོད་པས་ཐར་པའི་ས་བོན་གྱི་དྲི་ཡང་མ་བསྣམས་པ་ཡིན་ནོ། །བློ་དང་དབང་པོ་དང་ལུས་ཙམ་པོ་རྐྱེན་གྱི་གཞན་གྱི་
དབང་མི་རྟག་པར་མཐོང་བ་ལ་ནི་བདག་མེད་པའི་འདུ་ཤེས་སྐྱེ་ལ། དེ་ལ་དེ་ལྟར་གོམས་པར་བྱས་ནས་དེ་ནས་རིམ་གྱིས་སེམས་ཀྱི་རྒྱུད་ངར་འཛིན་པ་དང་གཏན་བྲལ་བ་སྐྱེའོ། །དེ་ནས་གསལ་བར་བྱས་པ་བདག་གི་དངོས་པོ་ལ་ཚོགས་པའི་སྐབས་མེད་པའི་ཕྱིར་ཡང་སྐྱེ་བ་མེད་

པས་ཐར་བར་འཐད་དོ། །དེའི་ཕྱིར་ཐར་པའི་ཚུལ་དང་བྲལ་བའི་ཕྱིར་དང་། བདག་ཏུ་རྟོག་པ་སྤང་བར་བྱ་བ་ཡིན་པའི་ཕྱིར་ན། ང་རྒྱལ་བ་འདི་ནི་ཕྱིན་ཅི་ལོག་ཡིན་ནོ། །འོ་ན་གལ་ཏེ་བདག་རྣམ་པ་ཐམས་ཅད་དུ་མེད་པ་ནི་ཇི་ལྟར་སེམས་སྐད་ཅིག་པ་རྣམས་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །
དེའི་ཕྱིར་སྐད་ཅིག་མའི་ཕྱོགས་ཡོངས་སུ་འཛིན་པ་ལ་དྲན་པ་དང་ངོ་ཤེས་པ་ལ་སོགས་པ་རྣམས་མི་སྐྱེ་བར་སྨྲ་བར་ནུས་སོ། །གཟུགས་ལ་སོགས་པ་སྐད་ཅིག་མ་སྔ་མ་ལ་ཉམས་སུ་མྱོང་བར་འགྱུར་བ་ནི་སྐད་ཅིག་མ་ཕྱི་མ་ལ་དྲན་པ་སྲིད་པར་ཇི་ལྟར་འགྱུར་ཏེ། ནག་པ་ལ་སོགས་པས་བདེ་
བ་དང་སྡུག་བསྔལ་དང་ཅིག་ཤོས་སུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་དེ་ལས་ངོ་བོ་ཐ་དད་པ་ལུས་བཀྲ་བ་ལ་སོགས་པའི་དྲན་པའི་ལམ་དུ་གཟུད་པར་མི་ནུས་སོ་ཞེ་ན། དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་ལས་སོ་ཞེས་བྱ་བ་སྨོས་ཏེ། དྲན་པའི་ཡུལ་ནི་
དྲན་པའི་ཡུལ་ཏེ། ཉམས་སུ་མྱོང་བའི་དོན་ཏོ། །འདི་ལ་དེ་ལ་འདུ་ཤེས་པའི་རྒྱུ། རྒྱུ་མཚན་ཡོད་པས་ན་དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་ཏེ། སེམས་འགའ་ཁོ་ན་ཞིག་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་
དྲན་པ་འམ་ངོ་ཤེས་པར་འགྱུར་རོ། །དེ་ལྟར་གཉི་ག་ཁྱད་པར་བྱ་བ་དང་། སེམས་ཀྱི་ཁྱད་པར་ཇི་ལྟ་བུ་ལས་ཞེས་འདྲི་བ་ལ། དེ་ལ་གཏད་པ་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དྲན་པར་བྱ་བ་དེ་ལ་གཏད་པ་ནི་གཏད་པའོ། །འདུ་ཤེས་ལ་སོགས་པ་དང་ལྡན་པ་ཞེས་བྱ་བའི་སོགས་པ་
ཞེས་བྱ་བའི་སྒྲས་ནི་སྨོན་པས་གཟས་པ་དང་གོམས་པ་ལ་སོགས་པ་བསྡུའོ། །འདྲ་བ་མཐོང་བ་ལས་ནི་དཔེར་ན་བ་མེན་དམིགས་ནས་བ་ལང་དྲན་པ་དང་། གཟུགས་བརྙན་མཐོང་བ་ལས་རྩ་བའི་གཟུགས་དྲན་པ་ལྟ་བུའོ། །འབྲེལ་པ་ཅན་མཐོང་བ་ལས་ནི་དཔེར་ན་མེ་དང་ཤིང་ཐོག་
དང་མེ་ཏོག་གི་ཁ་དོག་མཐོང་བ་ལས་ཚ་བ་དང་རོ་དང་དྲི་དག་དང་། རྭ་མཐོང་ནས་བ་ལང་དང་། དུ་བ་མཐོང་བ་ལས་མེ་དྲན་པ་དེ་ལྟ་བུ་ལ་སོགས་པའོ། །གང་དག་ལ་རྟེན་གྱི་ཁྱད་པར་དང་མྱ་ངན་དང་རྣམ་པར་གཡེང་བ་དང་པོར་ཡོད་པ་སྟེ། རྟེན་གྱི་ཁྱད་པར་དང་མྱ་ངན་དང་

རྣམ་པར་གཡེང་བ་དེ་དག་གིས་མཐུ་མ་ཉམས་པ་ཅན་གྱི་སེམས་ཀྱི་ཁྱད་པར་རོ། །དེའི་ཕྱིར་སེམས་ཀྱི་ཁྱད་པར་འདི་ལྟ་བུ་ལས་དྲན་པར་འགྱུར་རོ། །དེ་ལ་གཏད་པ་ལས་ནི་གལ་ཏེ་དེ་ལ་གཏོད་པར་བྱེད་ནའོ། །འདྲ་བའི་འདུ་ཤེས་ལ་སོགས་པ་དང་ལྡན་པ་
ལས་ནི་གང་ལ་འདྲ་བ་ལས་དྲན་པ་འབྱུང་བའོ། །འབྲེལ་པ་ཅན་གྱི་འདུ་ཤེས་དང་ལྡན་པ་ལས་ནི་གང་ལ་འདྲ་བ་མེད་ཀྱང་དུ་བ་ལ་སོགས་པ་མཐོང་བ་ལས་དྲན་པར་འགྱུར་བའོ། །སྨོན་པས་གཟས་པ་དང་། གོམས་པ་ལ་སོགས་པ་དང་ལྡན་པ་ལས་ནི་གང་ལ་དུས་དེའི་ཚེ་དྲན་པར་བྱའོ་
སྙམ་པ་འམ། འདི་ད་དྲན་པར་བྱ་བ་ལ་སོགས་པའོ། །རྟེན་གྱི་ཁྱད་པར་ལ་སོགས་པས་ཞེས་བྱ་བ་ནི་རྟེན་གྱི་ཁྱད་པར་ནད་ཀྱི་མཚན་ཉིད་དང་། མྱ་ངན་དང་། བྱ་བ་གཞན་ལ་གཡེང་བས་སོ། །སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པས་ནི། ལས་དང་རིག་སྔགས་ལ་སོགས་པ་དག་
གིས་སོ། །དེ་ལྟ་བུ་ཡིན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དེ་ལ་གཏད་པ་ཞེས་བྱ་བ་ནས་འདུ་ཤེས་ལ་སོགས་པ་དང་ལྡན་པའོ་ཞེས་བྱ་བའི་བར་དང་། མཐུ་མ་ཉམས་པ་ཅན་གྱི་བར་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཞེས་བྱ་བ་ནི། དྲན་པའི་ཡུལ་
ལ་འདུ་ཤེས་པའི་རྒྱུ་ལས་མ་བྱུང་བ་ཞེས་བྱ་བའི་དོན་ཏོ། །བསྐྱེད་པ་ཞེས་བྱ་བ་ནི་དབྱུང་བར་རོ། །གཞན་ལྟ་བུས་ཞེས་བྱ་བ་ནི་དེ་ལ་གཏོད་པ་མ་ཡིན་པ་ནས་འདུ་ཤེས་ལ་སོགས་པ་ལྡན་པ་མ་ཡིན་པ་དང་། མཐུ་ཉམས་པའི་བར་རོ། །གཞན་ལ་ཞེས་བྱ་བ་ནི། སེམས་ཀྱི་ཁྱད་པར་ལས་གཞན་
ལའོ། །མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ལྷ་སྦྱིན་དང་མཆོད་སྦྱིན་གྱི་སེམས་དག་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྒྱུད་གཅིག་ལ་ཡོད་པའི་སེམས་དག་རྒྱུ་དང་འབྲས་བུར་གྱུར་པའི་ཕྱིར་འབྲེལ་པ་ལྟར་ལྷ་སྦྱིན་དང་མཆོད་སྦྱིན་གྱི་
སེམས་དེ་དག་དེ་ལྟར་འབྲེལ་པ་མ་ཡིན་པས་འདིས་ནི་དཔེ་དང་དངོས་གཉིས་མི་འདྲ་བ་ཉིད་དུ་སྟོན་ཏོ། །འདིར་སྨྲས་པ། གཞན་གྱི་མཐོང་ལ་དེ་སྟོབས་སྐྱེད། །སེམས་དེ་དྲན་པར་མི་རིགས་ཞེས། །བྱ་བ་འདི་ལ་གནས་སོགས་སེམས། །དག་ནི་དཔེ་གོ་ཇི་ལྟར་ཡིན། །གང་ཕྱིར་ནག་

སེམས་ཀྱིས་དྲན་དོན། །བྱམས་སེམས་ཀྱིས་དྲན་མིན་ཏེ་དཔེར། །ས་བོན་དེ་དང་དེ་མིན་ཅན། །ཉིད་ཀྱིས་འབྲས་ལྗང་ལས་ནས་བཞིན། །སེམས་གཞན་གྱིས་མཐོང་ལ་གཞན་གྱིས་དྲན་ནོ་ཞེས་ཀྱང་མི་ཟེར་རོ་ཞེས་བྱ་བ་ནི་གཞན་འགའ་ཞིག་གིས་དྲན་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །
མཐོང་བའི་ལས་དྲན་པའི་སེམས་གཞན་སྐྱེའོ་ཞེས་བྱ་བ་ནི་རྒྱུ་ཡོད་པའི་ཕྱིར་ཏེ། ས་བོན་ཡོད་པས་མྱུ་གུ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དྲན་པ་ཁོ་ན་ལས་ངོ་ཤེས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི། དྲན་པ་ཡོད་ན་ངོ་ཤེས་ཏེ། བདག་གི་མཐོང་བ་གང་ཡིན་པ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་
དྲན་པའི་ཕྱིར་རོ། །འོ་ན་གང་ཞེས་བྱ་བ་ནི་གལ་ཏེ་སེམས་ཀྱི་ཁྱད་པར་ཁོ་ནས་དྲན་ན་འོ་ན་གང་ནག་པས་དྲན་ནོ་ཞེས་བྱ་དེ་ཇི་ལྟ་བུ་ཞེས་བྱ་བའི་ཚིག་ཁོ་ནས་དྲང་ངོ་། །དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ནག་པ་ཞེས་བྱ་བ་འདུ་བྱེད་ཀྱི་ཚོགས་ཀྱི་རྒྱུན་དེ་ཡང་ཞེས་བྱ་བ་དེ་ཡང་ཡུལ་གཞན་དང་
འགྱུར་བ་འབྱུང་བ་སྟེ། ཡུལ་གཞན་དུ་འབྱུང་བ་དང་འགྱུར་བ་འབྱུང་བ་ལ་རྒྱུའི་དངོས་པོར་ཡིད་ལ་བསམས་ནས་སོ། །ཅི་ཞེ་ན། རྗེ་བོ་ཞེས་བརྗོད་པར་ཟད་ཀྱི་གང་ཟག་ནི་མ་ཡིན་ཏེ། ཐ་སྙད་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལ་ལྟོས་པ་ཡིན་གྱི། གང་ཟག་ལ་ལྟོས་པ་ནི་མ་ཡིན་ནོ་སྙམ་དུ་
བསམས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཅིག་པུ་ནི་འགའ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་དུ་སུ་ཞིག་གིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ནི། བདག་མེད་ན་སུ་ཞིག་གིས་དེ་ལྟར་རྣམ་པར་ཤེས། རྣམ་པར་ཤེས་པ་ཞེས་བྱ་བའི་དོན་
ཅི་ཡིན། རྣམ་པར་ཤེས་པས་ཡུལ་འཛིན་པའོ། །ཅི་དེ་འཛིན་པ་རྣམ་པར་ཤེས་པ་ལས་གཞན་ཞིག་ཡིན་ནམ། འོ་ན་ནི་རྣམ་པར་བྱེད་དོ། །གང་གིས་དེ་བྱེད་པ་དེ་བཤད་ཟིན་ཏེ། རྣམ་པར་ཤེས་པའི་རྒྱུ་ནི་ཅི་རིགས་པར་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་བ་འདི་
ནི་ཁྱད་པར་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་རོ། །འོ་ན་གང་ནག་པས་རྣམ་པར་ཤེས་སོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ནག་པ་ཞེས་བྱ་བའི་རྒྱུད་ལས་དེ་སྐྱེ་བར་མཐོང་ནས་སྨྲ་བར་ཟད་དོ། །དྲུག་པ་འདིའི་དོན་ཇི་ལྟ་བུ་ཡིན། རྗེ་བོའི་དོན་ཡིན་ནོ། །དཔེར་ན་གང་གི་ཇོ་བོ་གང་ཡིན་པ་

ཞེས་བྱ་བ་ནས་རྒྱས་པར་རྣམ་པར་ཤེས་པ་གང་དུ་སྦྱར་བར་བྱ་ན་འདི་ལྟར་འདིའི་རྗེ་བོ་བཙལ། རྣམ་པར་ཤེས་པར་བྱ་བའི་དོན་ལའོ། །ཅིའི་ཕྱིར་སྦྱར་བར་བྱ། རྣམ་པར་ཤེས་པར་བྱ་བའི་ཕྱིར་རོ། །ཀྱེ་མ་དེ་ཉིད་དེའི་དོན་དུ་སྦྱར་རོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་བསྐྱེད་པ་
རྣམས་ཀྱིས་ལེགས་པར་སྨྲས་སོ། །ཇི་ལྟར་སྦྱར་བར་བྱ་བ་བསྐྱེད་པའི་སྒོ་ནས་སམ། འོན་ཏེ་མངག་པའི་སྒོ་ནས། རྣམ་པར་ཤེས་པ་ལ་འགྲོ་བ་མི་རུང་བས་བསྐྱེད་པའི་སྒོ་ནས་སོ། །དེ་ལྟ་ན་ནི་རྒྱུ་ཁོ་ན་རྗེ་བོ་ཡིན་ལ་འབྲས་བུ་ཁོ་ན་བྲན་ཡིན་པར་འགྱུར་ཏེ་ཞེས་བྱ་བའི་བར་དུ་རྒྱས་པར་དེ་ནི་རྣམ་
པར་ཤེས་པའི་རྒྱུ་གང་ཡིན་པ་དེ་ཁོ་ནའི་ཡིན་ནོ། །གང་ཡང་ནག་པ་ཞེས་བྱ་བའི་བར་དང་། རྒྱས་པར་དེ་ལྟ་བས་ན་དེ་ལ་ཡང་རྒྱུའི་དངོས་པོ་མ་གཏོགས་པ་རྗེ་བོའི་དབང་པོ་མེད་དོ་ཞེས་བྱ་བའི་བར་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སུ་ཞིག་གི་ཚོར། སུའི་ཚོར་བ་ཡིན། སུ་
ཞིག་གི་འདུ་ཤེས། སུའི་འདུ་ཤེས་ཡིན་ཞེས་བྱ་བ་ལ་སོགས་པ་བསྡུ་སྟེ། འདི་ནི་ཕྱོགས་ཡིན་ནོ། །གང་ཡང་བྱ་བ་ནི་བྱེད་པ་པོ་ལ་ལྟོས་པའི་ཕྱིར་ཏེ་ཞེས་ཟེར་བ་བརྡ་སྤྲོད་པ་པོའོ། །དེ་ཡང་དགོས་སོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་པོ་ཡང་དགོས་སོ། །གང་ཟག་གོ་སྙམ་དུ་བསམས་པ་
ཡིན་ནོ། །འགྲོ་བ་པོའི་འགྲོ་བའོ་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་མེ་འགྲོའོ། །སྒྲ་འགྲོའོ་ཞེས་མེའི་འགྲོ་བ་དང་སྒྲའི་འགྲོ་བ་ལྟར་ལྷས་བྱིན་འགྲོའོ། །ལྷས་བྱིན་འགྲོ་བའོ་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ། དཔེ་འདིས་ནི་ལྷས་བྱིན་གྱིས་རྣམ་པར་ཤེས་སོ་ཞེས་བྱ་བ་གྲུབ་པོ། །འདྲ་བར་
བདག་ཉིད་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་འདྲ་བར་བདག་ཉིད་ཐོབ་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་མོད་ཀྱི་ཞེས་བྱ་བ་ནི་ཡོངས་སུ་གཡོ་བ་མི་བྱེད་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་ཉིད་དོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ཡུལ་གྱི་རྣམ་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་
པར་ཤེས་པའི་རྒྱུར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་གཞན་གྱི་རྒྱུ་ཡིན་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་གཞན་སྐྱེད་པར་བྱེད་པ་ལ་རྣམ་པར་ཤེས་སོ་ཞེས་བྱའོ། །རྒྱུ་ལ་བྱེད་པ་པོའི་སྒྲར་བསྟན་པའི་ཕྱིར་ཞེས་བྱ་བ་ནི། རྒྱུ་ནི་བྱེད་པ་པོར་འགྱུར་བའི་ཕྱིར་དཔེར་ན་

དྲིལ་བུ་ནི་སྒྲོགས་པར་བྱེད་པའི་རྒྱུ་ཡིན་པས་དྲིལ་བུས་སྒྲོགས་སོ་ཞེས་བྱ་བ་དེ་དང་འདྲའོ། །གཅིག་ཁོ་ན་ཡིན་པའི་ཕྱིར་སྒྲོན་མ་ཞེས་བྱ་བ་ནི་མེ་ལྕེ་རྣམས་ཀྱི་རྒྱུན་ལ་ཉེ་བར་འདོགས་པར་བྱེད་ལ། དེ་ཡུལ་གཞན་དག་ཏུ་འབྱུང་བ་སྟེ། སྒྲོན་མ་རྒྱུན་གྱི་ངོ་བོ་དེ་ཡུལ་གཞན་དུ་བྱུང་བ་ལ། ཡུལ་དེ་དང་དེར་
འགྲོ་བ་ཞེས་བྱའོ། །དེ་བཞིན་དུ་གཅིག་ཁོ་ན་ཡིན་པའི་ཕྱིར་སེམས་ཀྱི་རྒྱུན་ལ་རྣམ་པར་ཤེས་པ་ཉེ་བར་འདོགས་པར་བྱེད་པ། རྣམ་པར་ཤེས་པ་རྒྱུན་གྱི་ངོ་བོ་དེ་ཡུལ་གཞན་དག་ལ་སྐྱེ་བ་ལ་ཡུལ་དེ་དང་རྣམ་པར་ཤེས་སོ་ཞེས་བྱ་བ་སྟེ། རྣམ་པར་ཤེས་པ་རྒྱུན་གྱིས་སྐྱེ་བས་རྣམ་པར་ཤེས་སོ་སྙམ་དུ་
བསམས་པ་ཡིན་ནོ། །ཡང་ཇི་ལྟར་གཟུགས་འགྱུར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཇི་ལྟར་འགྱུར་བ་པོ་འགྱུར་བ་ལ་དོན་གཞན་མ་ཡིན་པ་དང་། སྐྱེད་པ་པོ་སྐྱེ་བ་དང་གནས་པ་པོ་གནས་པ་ལས་དོན་གཞན་མ་ཡིན་པ་ལྟར་རྣམ་པར་ཤེས་པ་ལ་ཡང་དེ་དང་འདྲ་བར་འགྱུར་ཏེ། བྱ་བ་
ལོགས་ཤིག་ན་མེད་པའི་ཕྱིར། རྣམ་པར་ཤེས་པའི་རྣམ་པར་ཤེས་པ་པོ་ཡང་རྣམ་པར་ཤེས་པའི་བྱ་བ་ལས་དོན་གཞན་མ་ཡིན་པ་ཉིད་དོ། །བྱེ་བྲག་པའི་གཞུང་ལུགས་ཀྱིས་བསླུས་པས་སྨྲས་པ། གལ་ཏེ་བདག་ལས་རྣམ་པར་ཤེས་པ་མི་སྐྱེ་ན་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་རྒྱུ་ལ་ཁྱད་པར་
མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་དེ་དང་འདྲ་བ་ཁོ་ནར་འགྱུར་རོ། །གལ་ཏེ་བདག་ལས་སྐྱེ་ན་ནི་དེའི་བསམ་པའི་ཁྱད་པར་ཅན་ཁོ་ན་སྐྱེའོ་སྙམ་དུ་བསམས་པ་ཡིན་ནོ། །མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེས་བྱ་བ་ནི། ཅིའི་ཕྱིར་སེམས་
སྔ་མ་འགགས་པས། གོ་ཕྱེ་བས་བ་ལང་གི་བློའི་མཇུག་ཐོགས་སུ་བུད་མེད་ཀྱི་བློ། བུད་མེད་ཀྱི་བློ་ལས་མ་ཧེའི་བློ་སྐྱེའི། ཅིའི་ཕྱིར་མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་མཇུག་ཐོགས་སུ་བ་ལང་གི་བློ་ཁོ་ན་སྐྱེ་བར་མི་འགྱུར། མྱུ་གུ་ལས་སྡོང་བུ་ཁོ་ན་སྐྱེ་བར་འགྱུར་གྱི་འདབ་མ་ལ་སོགས་
པ་མ་ཡིན་པ་དང་། སྡོང་བུ་ལས་འདབ་མ་ཁོ་ན་སྐྱེ་བར་འགྱུར་གྱི། མེ་ཏོག་མ་ཡིན་པ་དེ་དང་འདྲ་བའི་བར་རོ། །བསམ་གཏན་རྫོགས་པས་མཉམ་པར་གཞག་པ་རྣམས་ལ་ཞེས་བྱ་བ་ནི་བསམ་གཏན་རྫོགས་ཤིང་མཐར་ཕྱིན་པས་མཉམ་པར་གཞག་པ་རྣམས་ལ་ལུས་དང་སེམས་འདྲ་བ་སྐྱེ་ན་སྟེ། ལུས་

དང་སེམས་མཚུངས་པ་སྐྱེ་ནའོ། །བདག་ཉིད་ཅེས་བྱ་བ་ནི་གཞན་གྱིས་མ་བཙལ་བར་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ན་འདིས་ནི་ཅིའི་ཕྱིར་རྟག་ཏུ་དེ་དང་འདྲ་བ་ཁོ་ནར་སྐྱེད་པར་མི་འགྱུར་ཞེས་དྲིས་པ་གང་ཡིན་པ་དེའི་ལན་བཏབ་པ་ཡིན་ནོ། །རིམ་པས་ངེས་པར་མི་འགྱུར་ཞེས་
བྱ། དྲིས་པ་གང་ཡིན་པ་དེ་བསྟན་པའི་ཕྱིར། སེམས་རྣམས་ཀྱི་རིམ་པ་ཡང་ངེས་པ་ཁོ་ན་སྟེ་ཞེས་བྱ་བ་སྨོས་སོ། །རིགས་ཀྱི་བྱེ་བྲག་ལས་ཞེས་བྱ་བ་ནི་བསྒོམ་པའི་བྱེ་བྲག་ལས་སོ། །བུད་མེད་ཀྱི་སེམས་ཀྱི་མཇུག་ཐོགས་སུ་ཞེས་རྒྱས་པར་འབྱུང་བ་ནི་བུད་མེད་ཀྱི་སེམས་ཏེ་བུད་མེད་ལ་
དམིགས་པའི་མཇུག་ཐོགས་སུའོ། །བུད་མེད་དེའི་ལུས་ནི་དེའི་ལུས་སོ། །གལ་ཏེ་ཀུན་དུ་རྒྱུ་འམ། གཞན་དགེ་བ་ཡང་རུང་བ་ཞིག་དེའི་ལུས་སུན་འབྱིན་པར་བྱེད་པའི་སེམས་སམ། དེའི་ཁྱོ་འམ་བུ་ལ་སོགས་པའི་སེམས་སྐྱེས་པ་སྟེ། དེའི་ཁྱོ་འམ་བུ་ལ་སོགས་པའོ། །སོགས་པ་ཞེས་བྱ་
བའི་སྒྲས་ནི་བུ་མོ་ལ་སོགས་པ་བསྡུའོ། །དེ་དག་ལ་དམིགས་པའི་སེམས་ནི་དེའི་ཁྱོ་དང་བུ་ལ་སོགས་པ་ལ་དམིགས་པའི་སེམས་ཏེ། གལ་ཏེ་དེ་འམ་གཞན་ཞིག་བུད་མེད་ཀྱི་མཇུག་ཐོགས་སུ་སྐྱེས་པར་འགྱུར་ལ། ཡང་ཕྱིས་དུས་གཞན་ན་རྒྱུན་ཡོངས་སུ་འགྱུར་བ་ལས་བུད་མེད་ཀྱི་སེམས་
སྐྱེ་ན། བུད་མེད་ཀྱི་སེམས་ཕྱིས་སྐྱེས་པ་དེ་ནི། དེའི་ལུས་སུན་འབྱིན་པའི་སེམས་ཏེ། བུད་མེད་ཀྱི་ལུས་སུན་འབྱིན་པའི་སེམས་བསྐྱེད་པ་ལ་ནུས་པ་འམ། དེའི་ཁྱོ་འམ་བུ་ལ་སོགས་པའི་སེམས་བསྐྱེད་པ་ལ་ནུས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་རིགས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །
འདི་ལ་དེའི་ལུས་སུན་འབྱིན་པའི་སེམས་སམ་དེའི་ཁྱོ་འམ་བུ་ལ་སོགས་པའི་སེམས་རིགས་སམ་ས་བོན་ཡོད་པས་ན་དེའི་རིགས་ཅན་ནོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེ་དང་རིགས་མཐུན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་དུ་ན་ནི་ཞེས་བྱ་བ་ནི་དེའི་རིགས་ཅན་མ་ཡིན་པའོ། །ཡང་ན་
བུད་མེད་ཀྱི་སེམས་ལས་རྣམ་གྲངས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅིག་ཅར་མ་ཡིན་པར་རྣམ་གྲངས་ཀྱིས་བུད་མེད་ཀྱི་སེམས་ལས་དེའི་ལུས་སུན་འབྱིན་པར་བྱེད་པའི་སེམས་ཀྱང་སྐྱེ་ལ། དེ་ལས་དེའི་ཁྱོའི་སེམས་དང་དེ་ལས་དེའི་བུའི་སེམས་དང་། དེ་ཉིད་ལས་ཀྱང་སུན་འབྱིན་པ་ལ་

སོགས་པའི་སེམས་སྐྱེ་བར་འགྱུར་ན། དེ་ནས་བུད་མེད་ཀྱི་སེམས་ཀྱི་མཇུག་ཐོགས་སུ་སྐྱེས་པའི་སེམས་རྣམས་ཀྱི་ནང་ནས་རྒྱུན་གྱིས་ཆེས་མང་བ་དང་། ནུས་པའི་སྒོ་ནས་ཆེས་གསལ་བ་དང་། བསྐྱེད་པར་བྱ་བའི་སེམས་དང་ཉེ་བ་གང་ཡིན་པའི་སེམས་དེ་ཁོ་ན་སྐྱེ་བར་འགྱུར་རོ། །དེའི་བསྒོས་
པའི་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆེས་མང་བ་འམ། ཆེས་གསལ་བ་འམ། ཆེས་ཉེ་བ་དེའི་བསྒོས་པ་སྟོབས་དང་ལྡན་པའི་ཕྱིར་རོ། །དེའི་ད