Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 145
Văn bản gốc(Tây Tạng)
Trang 8 / 22 (50.000 ký tự/trang)
་ཕྱིར་རོ། མཐོང་བའི་ལམ་ལ་ ཆོས་ཤེས་པ་ནི་མཐོང་བས་སྤང་བར་བྱ་བའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་གཉེན་པོར་གྱུར་པ་ཡོད་པ་མ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་སྤངས་པ་ལ་སྤྱིར་བསྒོམ་པའི་ས་ལ་འགོག་པ་དང་ལམ་ལ་དམིགས་པའི་ཆོས་ཤེས་པ་ཁམས་གསུམ་གྱི་གཉེན་པོར་གྱུར་པ་སྐྱེ་ བ་ཡིན་ལ། དེ་མཐོང་བས་སྤང་བར་བྱ་བ་དག་སྤོང་བ་འགྲུབ་པ་ཡང་མི་འགྱུར་ཏེ། སྔར་སྤངས་ཟིན་པའི་ཕྱིར་རོ། །དང་པོ་མེད་པའི་ཕྱིར་དང་ཞེས་བྱ་བ་ལ། སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་གཟུགས་དང་གཟུགས་མེད་པའི་གཉེན་པོར་གྱུར་པ་དང་པོ་དག་མེད་པའི་ཕྱིར་རོ། །དང་པོ་རྣམས་ཀྱི་ ཞེས་བྱ་བ་ལ། མཐོང་བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་གཉེན་པོར་གྱུར་པའི་ཆོས་ཤེས་པ་མེད་པའི་ཕྱིར་རོ། །འདིར་མཐོང་བས་སྤང་བར་བྱ་བ་རྣམས་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལ་ལྟོས་ནས་དང་པོ་ཉིད་དུ་མངོན་པར་འདོད་དོ། །འདོད་ཆགས་ནི་སྤང་བར་བྱ་བ་ཡིན་ན་ ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ནི་ཐར་པ་འདོད་པ་རྣམས་ཀྱིས་གཅིག་ཏུ་སྤང་བར་བྱ་བ་ཡིན་ནོ། དེ་གལ་ཏེ་ཟག་པ་མེད་པ་ལ་དམིགས་པ་ཡིན་ན་ནི་ཐར་པར་འདོད་པར་ཞུགས་པའི་ཕྱིར་དགེ་བའི་ཆོས་ལ་འདུན་པ་ལྟར་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ། །འདུན་པའི་འདོད་ ཆགས་ཀྱི་གཞི་ནི་སྤང་བར་བྱ་བ་ཡིན་པའི་ཕྱིར་ཟག་པ་མེད་པ་ཡང་སྤང་བར་བྱ་བར་འགྱུར་ཏེ། འདོད་ཆགས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདུན་པའི་འདོད་ཆགས་སྤངས་ན་དེ་ལྟ་ན་ཁྱེད་ཀྱི་གཟུགས་དེ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་ཟག་པ་མེད་པ་ལ་དམིགས་ པའི་འདོད་ཆགས་མེད་དོ། །འགོག་པ་དང་ལམ་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་རྒྱུ་མཚན་དང་བྲལ་བའི་ཕྱིར་རོ། །ང་རྒྱལ་ཡང་ཁེངས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་མ་ཞི་བ་ཡིན་ན། ཟག་པ་མེད་པའི་ཆོས་རྣམས་ནི་རབ་ཏུ་ཞི་བ་ཡིན་པའི་ཕྱིར་དེས་ཁེངས་པར་འགྱུར་བར་མི་འོས་སོ། ། བདག་གིས་ནི་ཆོས་དེ་དག་ཐོབ་བོ་སྙམ་དུ་དེ་ལྟར་ང་རྒྱལ་སྐྱེས་པར་གྱུར་ན། ཟག་པ་མེད་པའི་བློ་ནི་དེ་ལྟ་མ་ཡིན་ནོ། །དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཡང་དག་པའི་དོན་དུ་དག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། འགོག་པ་ནི་ཡང་དག་པའི་དོན་གྱིས་ནི་དག་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་སྤངས་པའི་ བདག་ཉིད་ཡིན་པའི་ཕྱིར་རོ། །ལམ་ཡང་འདིས་དག་པར་བྱེད་པས་ན་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །དེ་གཉིས་ནི་མཆོག་ཀྱང་ཡིན་ཏེ་ཞེས་བྱ་བ་ལ། ཡང་དག་པའི་དོན་དུ་དག་པ་ཡིན་པའི་ཕྱིར་འགོག་པའི་དང་ལམ་དེ་གཉིས་ནི་མཆོག་ཡིན་ནོ། །དངོས་པོ་དམན་པ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ ཏུ་འཛིན་པར་རིགས་ན། འགོག་པ་དང་ལམ་གཉིས་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་གལ་ཏེ་མཆོག་ཏུ་འཛིན་པ་གཉིས་ཟག་པ་མེད་པ་ལ་དམིགས་པ་ཡིན་ན་ནི་ཡང་དག་པའི་ལྟ་བའི་མཚན་ཉིད་ཅན་དུ་འགྱུར་ཏེ། ཟག་པ་མེད་པ་རྣམས་ནི་དག་པ་ཡིན་པའི་ཕྱིར་དང་མཆོག་ཡིན་པའི་ཕྱིར་རོ། ། དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་དག་ཏུ་ཡང་མི་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དུ་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར། དུ་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པ་འགྱུར་ཞེས་བྱ་བ་ལ། དུ་ནི་དམིགས་པ་ཁོ་ནའི་སྒོ་ནས་ཞེས་ངེས་པར་བཟུང་ནས་འདྲི་བར་མི་བྱེད་པ་ནི་འདི་ལྟར་ གང་དག་དམིགས་པའི་སྒོ་ནས་རྒྱས་པར་འབྱུང་བ་དེ་དག་ནི་གདོན་མི་ཟ་བར་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་རྒྱས་པར་འགྱུར་རོ། །ཕྲ་རྒྱས་ཀུན་དུ་འགྲོ་རྣམས་ནི། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཀུན་དུ་འགྲོ་བ་ནི་རྣམ་པ་གཉིས་ཏེ། རང་གི་ཁམས་དང་ས་ཀུན་དུ་འགྲོ་བ་དང་སྐལ་བ་མི་མཉམ་པའི་ཁམས་དང་ས་ ཀུན་དུ་འགྲོ་བའོ། །ཀུན་དུ་འགྲོ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་ལ་དམིགས་པ་དང་། ཟག་པ་མེད་པ་ལ་དམིགས་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་ལྔ་ཆར་དུ་ཡང་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་ལའོ། །སྤྱིར་བཏང་བ་བྱས་ ནས་ཞེས་བྱ་བ་ལ། འདིར་སྤྱིར་བཏང་བ་གང་ཡིན་ཞེ་ན། དམིགས་པའི་སྒོ་ནས་རང་གིས་ཐམས་ཅད་དུ་ནི་རྒྱས་པར་འགྱུར་ཞེས་བྱ་བའོ། །ཇི་ལྟར་འདི་སྤྱིར་བསྟན་པ་ཡིན་ཞེ་ན། འདིར་ས་ནི་ཡུལ་ལ་མངོན་པར་འདོད་དེ། རང་གི་ས་ནི་རང་གི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་ཀྱིས་བསལ་བ་ནི། ཟག་ མེད་གོང་མའི་ཡུལ་ཅན་མིན། །ཞེས་བྱ་བ་རྒྱས་པར་སྨོས་པའོ། །འདི་དག་ལ་མཚུངས་པར་ལྡན་པའི་སྒོ་ནས་རང་གི་ཚོགས་ལ་རྒྱས་པའི་དངོས་པོ་ཡོད་དེ། གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེ་མཚུངས་ལྡན་སྒོ་ནས། །ཞེས་འཆད་དོ། །རྒྱས་པར་འགྱུར་བར་ནུས་ཏེ་ཞེས་བྱ་བ་ནི་འཕེལ་བ་འམ་ གནས་པར་ནུས་ཞེས་བྱ་བའི་དོན་ཏེ། སེར་དང་བཅས་པའི་ཞིང་ལ་ས་བོན་དག་དང་། སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་ནོ། །འདིར་བདག་ཏུ་ལྟ་བ་ནི་ཟག་པ་མེད་པའི་དངོས་པོ་དང་། ས་གོང་མ་ལ་འཇུག་པ་ཉིད་ཡོད་པ་མ་ཡིན་ནོ། །སྲེད་པ་ཡང་མ་ཡིན་ཏེ། འདི་ནི་ འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །དེའི་ཕྱིར་དེ་དག་གི་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་ནི་དེ་ལ་གནས་པ་མ་ཡིན་པས་རྒྱས་པར་མི་འགྱུར་རོ་ཞེས་བརྗོད་དོ། །གལ་ཏེ་སྲེད་པས་བདག་གིར་མ་བྱས་ན་ཇི་ལྟར་འདི་ན་གནས་པས་དེ་དོན་དུ་གཉེར་བར་བྱེད་ཅེ་ན། དེའི་ཕྱིར་ གང་ཞིག་འདི་ན་གནས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ལ། ཟག་པ་མེད་པ་དོན་དུ་གཉེར་བ་སྲེད་པ་མ་ཡིན་པ་ནི་བསྟན་ཟིན་ཏོ། །དེ་དག་ནི་དེ་རྣམས་ཀྱི་རྗེས་སུ་མཐུན་པ་མ་ཡིན་ཏེ་ཞེས་བྱ་བ་ལ། དེ་དག་ནི་ཞེས་བྱ་བ་འདི་ནི་འགོག་པ་ལ་སོགས་པ་དག་ དང་སྦྱར་རོ། །རླུང་ནད་ཅན་ལ་ཁ་ཟས་རྩུབ་མོ་རྒྱས་པར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་རླུང་ནད་ཅན་ལ་ཁ་ཟས་རྩུབ་བག་རྒྱས་པར་མི་འགྱུར་རོ་ཞེས་སྨྲས་ན། ལུས་དང་མཐུན་པར་མི་འགྱུར་རོ། །ཞེས་བྱ་བར་གོ་བ་དེ་བཞིན་དུ་འདིར་ཡང་ཕྲ་རྒྱས་ཀྱི་དོན་ནི་མཐུན་པའི་དོན་དུ་རྟོགས་པར་འགྱུར་རོ། ། ཡང་མཚུངས་པར་ལྡན་པའི་སྒོ་ནས་ཇི་ལྟར་ཞེ་ན། གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེ་མཚུངས་ལྡན་སྒོ་ནས། །ཞེས་བྱ་བ་སྨོས་སོ། །ཆོས་གང་དང་ནི་སེམས་སམ། ཚོར་བ་ལ་སོགས་པའི་དང་སྟེ། དེར་ནི་དེ་མཚུངས་པར་ལྡན་པའི་སྒོ་ཁོ་ན་ནས་རྒྱས་པར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཇི་ སྲིད་དུ་མ་སྤངས་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ལྟ་ཡོད་དམ་ཞེས་བྱ་བ་ནི་དྲི་བའོ། །ཡོད་དེ་སྐལ་བ་མི་མཉམ་པའི་ས་ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་ལན་ཏེ། བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་བྱ་བ་དེ་ཁོ་ན་ལྟར་རོ། །སྐལ་བ་མི་མཉམ་པའི་ས་ཀུན་དུ་འགྲོ་བ་རྣམས་ནི་བསམ་གཏན་གསུམ་ དང་། གཟུགས་མེད་པ་གསུམ་ན་ཡོད་ཀྱི། འདོད་པའི་ཁམས་ན་ནི་མེད་དེ། སའི་དབྱེ་བ་མེད་པའི་ཕྱིར་རོ། །བསམ་གཏན་བཞི་པ་ན་ཡང་མེད་ལ། སྲིད་པའི་རྩེ་མོ་ན་ཡང་མེད་དེ། ས་གཞན་མེད་པའི་ཕྱིར་རོ། །ཡང་ཇི་ལྟར་ཕྲ་རྒྱས་དག་མཚུངས་པར་ལྡན་པའམ་དམིགས་པའི་སྒོ་ནས་རྒྱས་པར་ འགྱུར་ཞེ་ན། ཇི་ལྟར་དུག་དང་འདྲེས་པ་ཆང་སྐྱོན་ཅན་ཡིན་ལ། ཡོན་ཏན་མཚུངས་པ་དུག་གི་ནུས་པ་འཕེལ་བར་བྱེད་པ་དེ་བཞིན་དུ་འདུ་བྱེད་ཟག་པ་དང་བཅས་པ་རྣམས་ཀྱང་ཡོན་ཏན་མཚུངས་པས་ཉོན་མོངས་པའི་མཐུ་འཕེལ་བར་བྱེད་པ། ཇི་ལྟར་སྨན་དང་འདྲེས་པའི་དུག་ནུས་པ་ཉམས་པར་ འགྱུར་བ་ལྟར་ཟག་པ་མེད་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པ་ལ་དམིགས་པའི་ལོག་པར་ལྟ་བས་དགེ་བའི་རྩ་བ་ཀུན་དུ་གཅོད་པར་མི་འགྱུར་རོ། །རེ་ཞིག་མཚུངས་པར་ལྡན་པའི་སྒོ་ནས་ནི་དེ་ལྟ་བུའོ། །དམིགས་པའི་སྒོ་ནས་ནི་གླགས་ཚོལ་བའི་ དགྲ་དང་མིག་དུག་ལྟར་ཏེ། དེ་ལྟར་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །གོང་མ་ཐམས་ཅད་ལུང་མ་བསྟན་ཞེས་བྱ་བ་ལ། གོང་མ་ཐམས་ཅད་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །གོང་མ་ཁོ་ན་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །གཟུགས་དང་ གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་ཕྲ་རྒྱས་ཡིན་ཡང་ཏིང་ངེ་འཛིན་གྱིས་བཏུལ་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་གྲུབ་པར་མི་ནུས་པས་ལུང་དུ་མ་བསྟན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཟུགས་མེད་པའི་ཁམས་དག་ཏུ་ཡང་། ཚོར་བ་ཡིད་དུ་འོང་བ་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ཡང་དེ་གཉིས་ན་མེད་ དེ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་འདི་ནི་སྡུག་བསྔལ་དང་སྦྱར་རོ། །དེ་གཉིས་ན་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་གཉིས་ནའོ། །ཅིའི་ཕྱིར་མེད་ཅེ་ན། དེའི་ཕྱིར་གཞན་ལ་གནོད་པའི་རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཞན་ལ་གནོད་པའི་རྒྱུ་ནི་ཁྲོ་བ་དང་གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་ པ་དག་ཡིན་ན། འདོད་པའི་ཁམས་ཀྱི་གོང་ན་ནི་དེ་དག་སྲིད་པ་ཡང་མ་ཡིན་ནོ། །སྦྱིན་པ་ལ་སོགས་པ་དང་མི་འགལ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་དབང་དུ་བྱས་ནས་བཤད་པ་སྟེ། འཇིག་ཚོགས་ལ་ལྟ་བ་ཇི་ལྟ་བར་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་དེ་དང་འདྲའོ། །སོགས་པ་ ཞེས་བྱ་བ་སྨོས་པས་ནི་ཚུལ་ཁྲིམས་ལ་སོགས་པ་བསྡུའོ། །འགལ་བ་མེད་པ་ནི་བདག་བདེ་བར་གྱུར་ཅིག་ཅེས་དེ་ལྟར་ཞུགས་པའི་ཕྱིར་རོ། །ཆད་པར་ལྟ་བ་ཡང་ཐར་པའི་རྗེས་སུ་མཐུན་པ་དག་ཡིན་ཏེ་ཞེས་བྱ་བ་ལ་དེ་དང་འདྲ་བར་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་ཡིན་ཏེ། ཐར་པ་ནི་ཕུང་པོ་ཐམས་ ཅད་ལོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཐར་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རང་གི་རྫས་ལ་ཀུན་དུ་རྨོངས་པའི་ཕྱིར། །ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རྫས་འདི་ལ་བདག་དང་བདག་གི་རྣམ་པ་དང་། རྟག་པ་དང་ཆད་ པའི་རྣམ་པར་ལོག་པར་ངེས་པར་སེམས་པའི་ཕྱིར་ཀུན་དུ་རྨོངས་སོ། །ཕ་རོལ་ལ་གནོད་པའི་རྣམ་པར་མ་ཞུགས་པའི་ཕྱིར་ཞེས་བྱ་བ་ལ་ཅི་ཞེ་ན། འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལུང་དུ་མ་བསྟན་པའོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མཐོ་རིས་ལ་སྲིད་པ་དང་། ངའོ་སྙམ་པའི་ང་རྒྱལ་ དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པར་ཐལ་བར་འགྱུར་རོ། །མཐོ་རིས་ལ་སྲེད་པ་ཡང་སྦྱིན་པ་ལ་སོགས་པ་དང་མི་འགལ་ལ། ངའོ་སྙམ་པའི་ང་རྒྱལ་ཡང་རང་གི་རྫས་ལ་ཀུན་དུ་རྨོངས་ཤིང་ཕ་རོལ་པོ་ལ་གནོད་པའི་རྣམ་པར་མ་ཞུགས་པས་མཐོ་རིས་ལ་སྲེད་པ་དང་། ངའོ་སྙམ་ པའི་ང་རྒྱལ་དག་ཀྱང་ལུང་དུ་མ་བསྟན་པར་ཐལ་བར་འགྱུར་ན། འདོད་པ་ཡང་མ་ཡིན་ནོ། །རི་དགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པ་ཞེས་བྱ་བ་ནི་དཔེར་ན་བབ་ཅོལ་དུ་སྒྲ་ཐོས་པས་སྐྲག་པའི་རྒྱུར་འགྱུར་བ་ལྟ་བུའོ། །རྣམ་པར་བརྟགས་པ་ནི་མི་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་རིག་པའི་རྣམ་པར་རྟོག་ པ་སྔོན་དུ་འགྲོ་བ་སྟེ། དཔེར་ན་མུ་སྟེགས་ཅན་སེར་སྐྱ་དང་འུག་པ་པ་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །གཞན་དག་ན་རེ་འདི་ཡང་མི་འཐད་དེ་རྣམ་པར་མ་བརྟགས་པའི་དོན་ནི་མཐོང་བས་སྤང་བར་བྱ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེའོ། །ལྷག་མ་རྣམས་འདིར་མི་དགེ་བའོ་ཞེས་བྱ་བ་ལ། མི་དགེ་བ་ཁོ་ནའོ་ ཞེས་ངེས་པར་བཟུང་བའི་ཕྱིར་བརྩམས་སོ། །འདིར་ཞེས་བྱ་བ་སྨོས་པ་ནི་འདོད་པ་ན་སྤྱོད་པའི་ལྷག་མ་བསྡུ་བར་བྱ་བའི་ཕྱིར་རོ། །འདོད་ཆགས་ཐམས་ཅད་དང་ཞེས་ཐམས་ཅད་སྨོས་པ་ནི་རྣམ་པ་ལྔ་སྟེ། ཉེ་བར་བསྡུ་བར་བྱ་བའི་ཕྱིར་རོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ ནི་ཀུན་དུ་འགྲོ་བ་ཡིན་པའི་ཕྱིར་མི་དགེ་བའི་རྩ་བར་འགྱུར་བ་དེའི་ཕྱིར་གང་ཞིག་མི་དགེ་བ་ཡང་ཡིན་ལ། མི་དགེ་བའི་རྩ་བ་ཡང་ཡིན་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་མི་དགེ་བ་སྔར་སྐྱེས་པ་ཐམས་ཅད་ཕྱི་མའི་རྒྱུ་ཡིན་ནམ། རྒྱུ་ཅིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ཁོ་ན་མི་དགེ་བའི་རྩ་བ་ཉིད་ ཡིན་གྱི། ལྟ་བ་ལ་སོགས་པ་གཞན་དག་མ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཉོན་མོངས་པ་གང་ཞིག་ཕྲ་རྒྱས་རྣམ་པ་ལྔའི་རང་བཞིན་ཡིན་ལ། ཉེ་བའི་ཉོན་མོངས་པ་མ་ཡིན་པ། ལུས་དང་ངག་གི་ལས་ཀུན་ནས་སློང་བ། རྣམ་པར་ཤེས་པའི་ཚོགས་དྲུག་དང་མཚུངས་པར་ལྡན་པ། དགེ་བའི་རྩ་བ་ཀུན་ནས་ གཅོད་པ་ལ་སྟོབས་དང་ལྡན་པའི་རྒྱུ་ཡིན་པ་དེ་ཁོ་ན་མི་དགེ་བའི་རྩ་བ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །སྨྲས་པ། ཕྲ་རྒྱས་རྣམ་པ་ལྔའི་རང་བཞིན། །ལུས་ངག་བྱ་བ་ཀུན་སློང་བྱེད། །རྣམ་ཤེས་སྔར་རྟེན་དཀར་པོའི་རྩ། །ཀུན་གཅོད་འདྲེན་པ་མི་དགེའི་རྩའོ། །དུ་ནི་ལུང་དུ་མ་བསྟན་པའི་རྩ་བ་དག་ཡིན་ ཞེས་བྱ་བ་ནི། དུ་ནི་ཕྲ་རྒྱས་ལུང་དུ་མ་བསྟན་པ་རྣམས་ཀྱི་རྩ་བ་དག་ཡིན། དུ་ནི་མ་ཡིན་ཞེས་བྱའོ། །སྲེད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །མ་རིག་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡོད་པ་ཐམས་ཅད་དང་། འདོད་པའི་ཁམས་ལ་འཇིག་ ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའོ། །ཐ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་རུང་སྟེ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ན་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་དང་། རྣམ་པར་སྨིན་པ་དང་སྤྱོད་ལམ་པ་དང་སྤྲུལ་པའི་སེམས་དང་མཚུངས་པར་ལྡན་པའོ། ། གཟུགས་མེད་པའི་ཁམས་ན་ནི་ཉོན་མོངས་པ་ཐམས་ཅད་མཚུངས་པར་ལྡན་པ་དང་། རྣམ་པར་སྨིན་པའི་སེམས་དང་མཚུངས་པར་ལྡན་པའོ། །འདོད་པའི་ཁམས་ན་ནི་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བའི་བདག་ཉིད་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་དང་། བཟོའི་གནས་པ་ དང་། སྤྲུལ་པའི་སེམས་དང་མཚུངས་པར་ལྡན་པའོ། །རྩ་བའི་དོན་ནི་རྒྱུའི་དོན་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཤེས་རབ་ཀྱང་རྒྱུ་ཉིད་དུ་རུང་བས་དེ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ། །འཇིག་རྟེན་ན་རྩ་བ་རྣམས་ནི་བརྟན་པ་དང་འོག་ན་གནས་པ་དག་ཡིན་པར་མཐོང་ངོ་ཞེས་བྱ་བ་ལ། ཐེ་ཚོམ་ ནི་གཡོ་བས་རྣམ་པ་གཉིས་སུ་འཇུག་པ་དེའི་ཕྱིར་རྩ་བ་དང་ཆོས་མི་མཐུན་པས་རྩ་བ་ཡིན་པར་མི་འོས་སོ། །ང་རྒྱལ་ནི་ཁེངས་པའི་མཚན་ཉིད་ཅན་ཡིན་པས་ན་མཐོར་འཇུག་པ་དེའི་ཕྱིར་རྩ་བ་དང་། ཆོས་མི་མཐུན་པས་རྩ་བ་ཡིན་པར་མི་འོས་སོ། །ཉི་འོག་པ་རྣམས་ནི་ལུང་དུ་མ་བསྟན་པའི་རྩ་བ་བཞིར་ ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལ་སྲེད་པ་ཤས་ཆེ་བའི་བསམ་གཏན་ཞེས་བྱ་བ་ལ། གང་ཞིག་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་བསྒོམ་པ་དེ་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ནི་གང་ཞིག་བསམ་གཏན་ལ་ བརྟེན་ནས་རྟག་པ་ལ་སོགས་པའི་ལྟ་བ་བསྐྱེད་པའོ། །ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་དེས་བདག་ནི་བསམ་གཏན་བཞི་ཐོབ་པ་ཡིན་གྱི། དགེ་སློང་གཞན་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་རློམ་པའོ། །སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནས། ང་རྒྱལ་ཤས་ཆེ་བའི་བསམ་ གཏན་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། འདི་ལ་སྲིད་པ་ལྷག་པའི་བསམ་གཏན་བསྒོམ་པའི་ངང་ཚུལ་ཡོད་པས་ན་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ཡང་ན་སྲེད་པ་ཤས་ཆེ་བ་ཡང་ཡིན་ལ། བསམ་གཏན་པ་ཡང་ཡིན་པས་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་སྟེ། སྲེད་པ་ལྷག་པ་ཞེས་ བྱ་བའི་ཐ་ཚིག་གོ། །ལྟ་བ་དང་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཡང་དེ་དང་འདྲའོ། །དེ་དག་ཀྱང་མ་རིག་པའི་དབང་གིས་འགྱུར་རོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་བསམ་གཏན་པ་གསུམ་དང་སྦྱར་རོ། །དེའི་ཕྱིར་མ་རིག་པ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ། །བསམ་གཏན་ལ་ སྙོམས་པར་འཇུག་པ་དེ་དག་ལ་ལུང་དུ་མ་བསྟན་པ་དང་འབྲེལ་པས་ཉོན་མོངས་པ་ཀུན་དུ་འབྱུང་བའི་གནས་སྐབས་འདི་དག་བཤད་དོ། །མདོ་ལས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འཇིག་རྟེན་རྟག་པ་ཞིག་གམ། འཇིག་རྟེན་མི་རྟག་པ་ཞིག་གམ་ཞེས་བྱ་བ་ དེ་ལྟ་བུ་ལ་སོགས་པའོ། །ཅི་དེ་དག་ལུང་དུ་མ་བསྟན་པའི་ཕྱིར་ཡིན་ཞེས་བྱ་བ་ནི་དགེ་བ་ཡང་མ་ཡིན་མི་དགེ་བ་ཡང་མ་ཡིན་པའི་ཕྱིར་ཡིན་ནམ་ཞེས་བྱ་བའོ། །གཞག་པར་བྱ་བའི་ཞེས་བྱ་བ་ལ། སྨྲ་བར་བྱ་བ་མ་ཡིན་པ་ཡང་ལུང་དུ་མ་བསྟན་པར་འདོད་དོ། །དྲི་བ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འཆི་ དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་བྱ་བ་ནི་འཆི་བ་བཞིན་དང་། སྐྱེ་བ་བཞིན་དང་། ཁྱད་པར་དུ་འཕགས་པ་བཞིན་དང་། བདག་གཞན་བཞིན་ནོ་ཞེས་བྱ་བ་ལ། གོ་རིམས་བཞིན་དུ་མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་དག་གི་དཔེར་བརྗོད་པར་འདོད་ དོ། །མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ལ་ནི་འཆི་བ་དཔེར་བརྗོད་པ་ཡིན་ནོ། །ཉོན་མོངས་དང་བཅས་པ་རྣམས་ནི་སྐྱེ་བར་འགྱུར་གྱི། ཉོན་མོངས་པ་མེད་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་ཕྱེ་སྟེ། ལུང་བསྟན་པར་བྱ་བ་ལ་དཔེར་བརྗོད་པའོ། །གང་ལ་ལྟོས་ཏེ་འདྲི་ཞེས་བྱ་བ་ནི་དྲིས་ནས་ལུང་ བསྟན་པར་བྱ་བ་ལ་ཁྱད་པར་དུ་འཕགས་པ་ཉིད་དཔེར་བརྗོད་པའོ། །ཅི་ཕུང་པོ་རྣམས་ལས་སེམས་ཅན་གཞན་ནམ་ཞེས་བྱ་བ་ནི་གཞག་པར་བྱ་བ་ལ། བདག་གཞན་གཉིས་དཔེར་བརྗོད་པ་ཡིན་ནོ། །གཞན་དག་ན་རེ་ཞེས་བྱ་བ་ནི་བཙུན་པར་མ་འོ། །སེམས་ཅན་ཐམས་ཅད་འཆི་བར་འགྱུར་རོ་ཞེས་བྱ་བ་ འདི་འབའ་ཞིག་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་པར་མ་ཟད་ཀྱི། ཐམས་ཅད་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཡང་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་གང་ཞིག་ཅི་ཞེས་བྱ་བ་རྒྱས་པར་ལན་འདེབས་སོ། །གང་ཞིག་ཅི་གང་དག་འཆི་བར་འགྱུར་བ་དེ་དག་ཐམས་ ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་བ་དེ་ལ་ནི་ཐམས་ཅད་ནི་སྐྱེ་བར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། ཉོན་མོངས་པ་དང་བཅས་པ་སྐྱེ་བར་འགྱུར་གྱི། ཉོན་མོངས་པ་མེད་པ་ནི་མ་ཡིན་ནོ་ཞེས་རྣམ་པར་ཕྱེ་སྟེ། ལུང་བསྟན་པར་བྱ་བ་ཡིན་ནོ། །དེའི་ཕྱིར་འདི་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་ནོ། ། བཙུན་པར་མ་དེ་ཉིད་ཀྱིས་མི་ལ་ཡང་གཉི་ག་ཡོད་དེ་ཞེས་བྱ་བ་སྨྲས་ཏེ། དམན་པ་ཉིད་དང་། ཁྱད་པར་དུ་འཕགས་པ་ཉིད་དོ། །དཔེར་ན་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ནི་དེ་ཉིད་ལ་དཔེ་སྨྲས་པའོ། །རྒྱུ་ཡང་ཡིན་འབྲས་བུ་ཡང་ཡིན་ཞེས་བྱ་བ་ལ། རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུ་ལ་ལྟོས་ནས་རྒྱུ་ ཡང་ཡིན་འབྲས་བུ་ཡང་ཡིན་པར་ལུང་སྟོན་པར་བྱེད་དོ། །སློབ་དཔོན་གྱིས་གཅིག་ཏུ་འདྲི་བ་ལ་ཞེས་བྱ་བ་སྨོས་ཏེ། ཁྱད་པར་དུ་འཕགས་པ་ཁོ་ན་ཞིག་གམ། དམན་པ་ཁོ་ན་ཞིག་ཅེས་བྱ་བ་ལ། དམན་པའོ་ཞེ་འམ་ཁྱད་པར་འཕགས་པའོ་ཞེས་གཅིག་ཏུ་ལུང་དུ་མ་བསྟན་པས་དེའི་ཕྱིར་མགོ་ གཅིག་ཏུ་ལུང་བསྟན་པར་བྱ་བ་ནི་མི་རིགས་པར་སྨྲས་པ་བཞིན་ནོ། །དེ་ཉིད་ཀྱི་ཕུང་པོ་རྣམས་ལས་སེམས་ཅན་གཞན་ནམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སློབ་དཔོན་གྱིས་གཞག་པར་བྱ་བའི་དྲི་བ་གང་ཡིན་པ་ཞེས་བྱ་བས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་གཞུང་འཛུགས་པར་བྱེད་དོ། །གཞག་པར་བྱ་བ་ ཉིད་དུ་ལུང་སྟོན་པ་ཞེས་བྱ་བ་ནི་གཞག་པར་འོས་པས་ན་གཞག་པར་བྱ་བ་སྟེ། དེ་ཇི་ལྟར་ན་ལུང་དུ་མ་བསྟན་པར་འགྱུར། ཆོས་མངོན་པ་པའི་ལུགས་ཀྱི་དྲི་བ་རྣམ་པ་བཞིའི་དཔེར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། འཕགས་པའི་བདེན་པ་བཞི་ གདགས་པའི་བར་ནི་མདོ་ཇི་ལྟ་བ་བཞིན་མགོ་གཅིག་ཏུ་ལུང་བསྟན་པར་བྱའོ། །དོན་དང་ལྡན་པའི་ཕྱིར་ཞེས་བྱ་བ་དོན་ཡང་དག་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཡོན་ཅན་གྱི་ཞེས་བྱ་བ་ལ་རྣམ་པར་ཕྱེ་སྟེ། ལུང་བསྟན་པར་བྱ་བའི་འདྲི་བའི་ཚིག་འདི་ནི་གཡོན་ཅན་ཏེ། རྣམ་པར་ཐོ་འཚམས་ པའི་བསམ་པ་ཅན་ལ་དྲིས་ནས་ལུང་བསྟན་པ་ཡང་ཡིན་པར་རིག་པར་བྱའོ། །རྣམ་པར་དབྱེ་བར་ནི་མི་བྱ་སྟེ་ཞེས་བྱ་བ་ནི་འདས་པ་དག་དང་། མ་འོངས་པ་དག་དང་། ད་ལྟར་བྱུང་བ་དག་དང་ཞེས་བྱ་བ་ལ་སོགས་པར་ཏེ། ཆོས་མང་པོ་ཞིག་ཡོད་ན་ཞེས་བྱ་བ་དེ་ཙམ་ཞིག་ནི་བརྗོད་པར་བྱའོ། །གང་གི་ ཚེ་དེ་གཉིས་ཅུང་ཟད་ཀྱང་མི་འདྲིའི་ཞེས་བྱ་བ་ནི་བཙུན་པར་མའི་འོ། །དེ་གཉིས་ཞེས་བྱ་བ་ནི་གང་ཞིག་ཆོས་དག་སྨྲོས་ཤིག་ཅེས་སྨྲས་པ་དང་། གང་ཞིག་གཡོན་ཅན་ཡིན་པའོ། །གང་གི་ཚེ་གཉིས་ཅུང་ཟད་ཀྱང་མི་འདྲི་བར་ཆོས་དག་སྨྲོས་ཤིག་ཅེས་གསོལ་བ་འདེབས་པ་འབའ་ཞིག་ཏུ་ཟད་ལ། ཆོས་ ནི་གཟུགས་ལ་སོགས་པ་རབ་ཏུ་དབྱེ་བ་དང་བཅས་པ་རྒྱས་པ་འདི་དག་ཡིན་ནོ་ཞེས་བྱ་བར་དེ་དག་ལ་ཅུང་ཟད་ཀྱང་ལུང་མི་སྟོན་གྱི། འདས་པ་དག་དང་མ་འོངས་པ་དག་དང་ད་ལྟར་བྱུང་བ་དག་དང་། ཆོས་མང་པོ་ཞིག་ཡོད་ན་ཞེས་བྱ་བ་རྒྱས་པར་འདྲི་བ་འབའ་ཞིག་ཏུ་ཟད་ན་དེ་ཇི་ལྟར་དེ་གཉིས་ཀྱི་དྲི་བ་ཡིན། ཇི་ལྟར་ ན་ལུང་དུ་བསྟན་པ་ཡིན་སློབ་དཔོན་གྱིས་གང་ཞིག་ཅེས་བྱ་བས་ཆོས་མངོན་པ་པའི་ཕྱོགས་གཞུང་འཛུགས་པར་བྱེད་དོ། །དེ་མི་ཤེས་པ་གང་ཞིག་ལམ་སྨྲོས་ཤིག་ཅེས་ཟེར་ན་ཅི་དེ་ལམ་མ་དྲིས་པ་ཡིན་ནམ། དྲི་བ་ཉིད་ཀྱིས་དེ་ལུང་བསྟན་པའི་ཕྱིར་ཞེས་བྱ་བ་ལ། འདིར་ཆོས་ཀྱི་རྣམ་པར་དབྱེ་བ་མཐར་ཕྱིན་ན་འདྲི་ བ་པོའི་མངོན་པར་འདོད་པའི་དོན་ཁོང་དུ་ཆུད་པས་དེ་ལུང་བསྟན་པར་འགྱུར་རོ། །ཇི་ལྟར་ཞེ་ན། དཔེར་ན་ལམ་སྨྲོས་ཤིག་ཅེས་སྨྲས་པས་ལམ་གང་ཡིན་ཞེས་སྨྲས་པར་འགྱུར་བ་དེ་བཞིན་དུ་ཆོས་དག་སྨྲོས་ཤིག་ཅེས་སྨྲས་པས་ཆོས་གང་ཡིན་ཞེས་སྨྲས་པར་འགྱུར་རོ། །དྲི་བ་ཉིད་ཀྱིས་དེ་ལུང་བསྟན་པའི་ཕྱིར་ ཞེས་བྱ་ལ། ཆོས་མང་པོ་ཞིག་ཡོད་ན་གང་དག་སྨྲ་བར་བྱ་ཞེས་དྲི་བ་ཉིད་ཀྱིས་དེའམ་ཆོས་དེ་རྣམས་ལུང་བསྟན་པའི་ཕྱིར་ཏེ། ཆོས་མང་པོ་ཉིད་དུ་ལུང་བསྟན་པའི་ཕྱིར་རོ། །ཇི་ལྟར་ན་དྲིས་ནས་ལུང་བསྟན་པ་མ་ཡིན་ཞེས་བྱ་བ་ནི་དྲིས་ནས་ལུང་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཆེད་དུ་བསམ་ པར་བྱ་བའི་ལས་བྱས་ནས་ཅི་ཞིག་སོ་སོར་ཡང་དག་པར་མྱོང་བར་འགྱུར་ཞེས་བྱ་བ་ནི། ཅི་བདེ་བའམ། སྡུག་བསྔལ་ལམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞིག་ཅེས་བྱ་བའོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་སྟེ། ཆེད་དུ་བསམ་པར་བྱ་བའི་ལས་ནི་རྣམ་པ་གསུམ་ཡིན་པའི་ཕྱིར་རོ། །བསམ་ གཏན་གསུམ་པའི་བར་གྱི་ཆེད་དུ་བསམ་པར་བྱ་བའི་ལས་དགེ་བ་ཟག་པ་དང་བཅས་པ་བྱས་ནས་ནི་བདེ་བ་ཁོ་ན་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ། །གཞན་དག་ན་རེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཡང་ངོ་ཞེའོ། །བསམ་གཏན་བཞི་པ་ལ་སོགས་པའི་ཆེད་དུ་བསམ་པར་བྱ་བའི་ལས་ བྱས་ནས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཆེད་དུ་བསམ་པར་བྱ་བའི་ལས་མི་དགེ་བ་བྱས་ནས་ནི་སྡུག་བསྔལ་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ། །གལ་ཏེ་འདི་སྐད་དུ་བདག་རགས་པ་དག་ཅེས་བྱ་བ་ནི་གཟུགས་ཅན་ཞེས་བྱ་བའི་དོན་ཏེ། གཟུགས་དང་འདུ་ཤེས་དག་ནི་དོན་གཞན་གྱི་ དངོས་པོར་མི་འགལ་ལོ། །དེ་ལྟ་ཡིན་ན་འདུ་ཤེས་གཞན་ཡིན་ནོ་ཞེས་སྨྲ་བས་ཁས་བླངས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་གཟུགས་ལ་འདུ་ཤེས་དོན་གཞན་དུ་གྱུར་པའི་ཕྱིར་དང་། གཞན་གྱི་གཟུགས་ལ་བདག་ཏུ་བཏགས་པའི་ཕྱིར་དང་གཞན་གྱི་ལུགས་ཡིན་པའི་ཕྱིར་རོ། །དེ་ནི་དེ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ ལ། དངོས་པོ་རྣམ་པ་དུ་མ་ཡོད་མོད་ཀྱི། འདིར་ནི་ལྡན་པའི་དངོས་པོ་ཁོ་ན་མངོན་པར་འདོད་དོ། །དེ་ཡང་རྣམ་པ་གཉིས་ཏེ་རྟེན་དང་དམིགས་པ་ངེས་པ་དང་། རྣམ་པར་ངེས་པས་སོ། །དེ་ལ་རེ་ཞིག་རྟེན་དང་དམིགས་པ་ངེས་པ་ནི། མིག་གི་རྣམ་པར་ཤེས་པའི་ཕྲ་རྒྱས་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་ གཟུགས་དག་དང་ལྡན་པར་བྱེད་ལ་དེ་དང་མཚུངས་པར་ལྡན་པ་དག་དང་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཕྲ་རྒྱས་རྣམས་ཀྱིས་ནི། དམིགས་པའི་སྒོ་ནས་རེག་བྱ་དང་ལྡན་པར་བྱེད་ལ། དེ་དང་མཚུངས་པར་ལྡན་པ་དག་དང་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་ པའི་བར་དུ་ཡང་དེ་དང་འདྲའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཕྲ་རྒྱས་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་སྐྱེ་མཆེད་བཅུ་གཉིས་དང་ལྡན་པར་བྱེད་ལ་དེ་དང་མཚུངས་པར་ལྡན་པ་དག་དང་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །རྟེན་དང་དམིགས་པ་ངེས་པ་ནི་དེ་ལྟ་བུའོ། །རྣམ་ པར་ངེས་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཀུན་དུ་འགྲོ་བ་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་རིས་ལྔ་དང་ལྡན་པར་བྱེད་དོ། །དེ་དང་མཚུངས་པར་ལྡན་པ་དག་དང་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །ཀུན་དུ་འགྲོ་བ་མ་ཡིན་པ་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་ནི་རང་གི་ས་པ་དག་དང་ ལྡན་པར་བྱེད་དོ། །དེ་དང་མཚུངས་པར་ལྡན་པ་དག་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་ལ་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བའི་ངེས་པས་འདས་པས་ནི་གང་དང་ལྡན་ཞེས་བྱ་བ་ནས་ད་ལྟར་བྱུང་བས་ནི་གང་དང་ལྡན་ཞེས་བྱ་བའི་ བར་དེ་བརྗོད་པར་བྱ་སྟེ། རང་གི་མཚན་ཉིད་པའི་ཉོན་མོངས་པ་ཞེས་བྱ་བ་ལ། འདོད་ཆགས་ནི་བདེ་བ་མྱོང་བར་འགྱུར་བའི་རང་གི་མཚན་ཉིད་ལ་དམིགས་པ་ཡིན་ཏེ། དེའི་ཕྱིར་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཞེས་བརྗོད་དོ། །ཁོང་ཁྲོ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་རང་གི་མཚན་ཉིད་ལ་དམིགས་ པ་ཡིན་ལ། ང་རྒྱལ་ཡང་བདེ་བ་མྱོང་བར་འགྱུར་བའི་རང་གི་མཚན་ཉིད་ལ་དམིགས་པ་ཡིན་ནོ། །ཉོན་མོངས་པ་སྤྱི་པ་ཞེས་བྱ་བ་ལ། བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་དངོས་པོ་ལ་དམིགས་པར་འགྱུར་བའི་ཕྱིར་ན་ཉོན་མོངས་པ་སྤྱི་པ་ཞེས་བྱའོ། ། ཡང་ན་རིས་ཀྱི་རང་གི་མཚན་ཉིད་ལས་ཏེ་ཇི་ལྟར་ཞེ་ན། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་རྣམས་ཀྱི་དམིགས་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ལ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་པའི་བར་དུ་ཡང་དེ་དང་ འདྲའོ། །ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་རྣམས་ཀྱི་དམིགས་པ་ནི་རིས་ལྔ་ཆར་ཡིན་ཏེ། དེའི་ཕྱིར་དེ་དག་ལ་ཉོན་མོངས་པ་སྤྱི་པ་ཞེས་བྱའོ། །འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་རྣམས་ཞེས་ཁྱད་པར་མེད་པར་བརྗོད་པས་ཅི་རིགས་པར་རྣམ་པར་ཤེས་པའི་ཚོགས་དྲུག་ པ་དག་ཡིན་པར་ཤེས་པར་བྱའོ། །དངོས་པོ་གང་ལ་ཞེས་བྱ་བས་སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དུས་གསུམ་པ་དང་། བསྒོམ་པས་སྤང་བར་བྱ་བའི་དངོས་པོ་ལ་ཞེས་སྟོན་ཏོ། །དངོས་པོ་དེ་དང་ཞེས་བྱ་བ་ནི་བཤད་མ་ཐག་པའི་དངོས་པོ་ཁོ་ན་དང་སྦྱར་ཏེ། དེ་དག་ནི་ རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར། ཐམས་ཅད་ཀྱི་ཐམས་ཅད་ལ་གདོན་མི་ཟ་བར་མི་སྐྱེ་བས་གང་ལ་སྐྱེས་པ་ཞེས་ཁྱད་པར་དུ་བྱས་སོ། །ཡིད་ཀྱི་དེ་དག་མ་འོངས་པས་ཀུན་དང་། །ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདོད་ཆགས་ལ་སོགས་པ་ དག་ནི་ཅི་རིགས་པར་ཁ་ཅིག་ནི་འདས་པ་ལ་དམིགས་པ་ཡིན་ལ། ཁ་ཅིག་ནི་ད་ལྟར་བ་ལ་དམིགས་པ་ཡིན་ལ། ཁ་ཅིག་མ་འོངས་པ་ལ་དམིགས་པ་ཡིན་ཏེ། ཡིད་ཀྱི་ཡུལ་ནི་དུས་གསུམ་ཡིན་པའི་ཕྱིར་རོ། །གཞན་གྱིས་རང་དུས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་ལྔ་པའི་འདོད་ཆགས་ལ་ སོགས་པ་དག་ནི་རང་གི་དུས་པ་ཁོ་ན་ལ་དམིགས་པས་སྐྱེ་སྟེ། དེའི་ཕྱིར་མ་འོངས་པ་དེ་དག་གི་དམིགས་པ་ནི་མ་འོངས་པ་ཁོ་ནའོ། །ད་ལྟར་བ་རྣམས་ཀྱི་ནི་ད་ལྟར་བ་ཡིན་ལ། འདས་པ་རྣམས་ཀྱི་ནི་འདས་པ་ཡིན་པས། དེ་དག་གིས་རང་གི་ས་པའི་དམིགས་པ་ཁོ་ན་དང་ལྡན་ནོ། །མི་སྐྱེ་རྣམས་ཀྱི་ཐམས་ཅད་དང་། ། ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་ལྔ་པའི་འདོད་ཆགས་ལ་སོགས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ནི་ཁ་ཅིག་གི་དམིགས་པ་ནི་འདས་པ་ཡིན་ལ། ཁ་ཅིག་ནི་ད་ལྟར་བ་ཡིན་ཞིང་། ཁ་ཅིག་གི་ནི་མ་འོངས་པ་ཡིན་ནོ། །དེ་དག་གི་ཡུལ་ནི་འཕོ་བར་འགྱུར་ཏེ། མི་སྐྱེ་བའི་ཆོས་ཅན་གྱི་ཉོན་མོངས་པ་ནི་ལྕམ་པ་ བཞིན་དུ་ཡུལ་མངོན་པར་ཕྱོགས་པ་ཁོ་ནར་གནས་ཏེ། དེའི་ཕྱིར་དེ་དག་ནི་ཐམས་ཅད་ལྡན་པར་བརྗོད་དོ། །ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ཞེས་བྱ་བ་ལ། འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་ཀྱིས་སོ། །ཀུན་དང་ལྡན་ཞེས་བྱ་བ་ནི་དངོས་པོ་དུས་གསུམ་པ་རྣམ་པ་ལྔ་ཆར་དང་ཡང་ངོ་། །དེ་ཉིད་ལ་ རྒྱུ་སྨྲས་པ་ནི། ཉོན་མོངས་པ་སྤྱི་པ་ཡིན་པའི་ཕྱིར་ཞེས་བྱ་བའོ་དེ་དག་ནི་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ལས་སྐྱེ་སྟེ། དེས་ན་འདས་པ་རྣམས་ཀྱིས་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟ་བའི་དངོས་པོ་དང་ལྡན་ནོ། །དེ་བཞིན་དུ་མ་འོངས་པ་རྣམས་དང་། ད་ལྟར་བྱུང་བ་རྣམས་ཀྱིས་ཀྱང་འདས་པ་དང་མ་འོངས་པ་དང་། ད་ལྟ་བའི་དངོས་པོ་དང་ལྡན་ནོ། །ཅི་འདས་པ་དང་མ་འོངས་པ་འདི་རྫས་སུ་ཡོད་དམ་ཞེས་བྱ་བ་ནི་ད་ལྟར་བ་དང་འདྲ་བར་རང་གི་ངོ་བོ་དང་རང་གི་མཚན་ཉིད་ཀྱིས་ཡོད་དམ། འོན་ཏེ་མེད་ཅེས་བྱ་བ་ནི་ད་ལྟ་བ་ལྟར་རང་གི་ངོ་བོས་མེད་ཅེས་བྱ་བའོ། །དུས་ཐམས་ཅད་དུ་ཡོད་པའི་ཕྱིར་ཞེས་བྱ་བ་ ནི། ད་ལྟར་བ་དང་འདྲ་བར་འདས་པ་དང་མ་འོངས་པའི་གནས་སྐབས་དག་ཏུ་ཡང་རང་གི་ངོ་བོས་ཡོད་པའི་ཕྱིར་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཇི་ལྟར་དེ་དང་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་དངོས་པོ་དང་ངོ་། །ངེས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་ཉོན་མོངས་པས་སོ། །ལྡན་པའམ་བྲལ་ བ་ཡིན་ཞེས་བྱ་བ་ལ། མེད་པ་ནི་མེད་པ་དང་ལྡན་པའམ་བྲལ་བར་མི་རུང་སྟེ། གཉི་ག་ཡང་ཅི་ཡང་མེད་པའི་ཕྱིར་རོ། །འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་མི་འཆའི་ཞེས་བྱ་བ་ལས་འདུས་བྱས་ཀྱི་ཆོས་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་སྒོ་ནས་དུས་སུ་འཕོ་བར་འཇུག་ པ་ཡིན་ལ། དུས་དག་ལ་འཇུག་པ་རྣམས་ནི་རྟག་པ་ཉིད་དུ་ཡང་མི་རུང་ངོ་། །འདས་པ་ལ་སོགས་པར་བསྙད་པའི་ཕྱིར་ཡང་འདུ་ཤེས་རྣམས་རྟག་པ་ཉིད་མ་ཡིན་ནོ། །གལ་ཏེ་རྟག་པར་འགྱུར་ན་ནི་དངོས་པོ་ལ་སོགས་པའི་ཐ་སྙད་ཉིད་དུ་མི་རུང་སྟེ། ནམ་མཁའ་ལ་སོགས་པ་བཞིན་ནོ། །གསལ་བར་དམ་འཆའོ་ ཞེས་བྱ་བ་ནི་ད་ལྟར་བ་ལྟར་རང་གི་ངོ་བོས་ཡོད་པ་ཉིད་དུའོ། །ཅིའི་ཕྱིར་དེ་རྣམས་ཀྱིས་དེ་དེ་ལྟར་དམ་འཆའ་སྟེ། ཅི་ལུང་ངམ་རིགས་པའམ། གཉི་ག་ལ་བརྟེན་ནས་ཡིན་ཞེས་བྱ་བ་ནི་འདྲི་བའི་བསམ་པའོ། །གསུངས་ཕྱིར་ཞེས་བྱ་བས་རེ་ཞིག་ལུང་སྟོན་པ་སྟེ། གང་གི་ཕྱིར་འདས་པའི་གཟུགས་ཡོད་ཅིང་མ་འོངས་ པའི་གཟུགས་ཡོད་པ་ཞེས་མགུར་ནས་འདས་པ་མ་འོངས་པ་ཡོད་པ་ཉིད་དུ་གསུངས་སོ། །ད་ལྟར་བྱུང་བ་ནི་ཉེ་བར་མ་བཀོད་དེ། གཉི་ག་ལ་མི་མཐུན་པར་སྨྲ་བ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་དོན་གྱིས་ གསུངས་སོ་ཞེས་བྱ་བ་ནི་སྔར་དངོས་སུ་གསུངས་པ་ལས་ཁྱད་པར་ཡིན་ནོ། །འདིར་ནི་མིག་དང་གཟུགས་ལ་བརྟེན་པ་ནས་ཡིད་དང་ཆོས་ཀྱི་བར་ལ་བརྟེན་ནས་རྣམ་པར་ཤེས་པ་དྲུག་གི་རྟེན་དང་དམིགས་པ་ངེས་པར་བརྗོད་ན། གལ་ཏེ་ཁྱད་པར་མེད་པར་བརྗོད་ཀྱང་ཡུལ་མེད་པར་ཡང་རྣམ་པར་ཤེས་པ་སྐྱེ་བར་རྟོག་ ན་ནི། དེ་ལྟར་ན་ལོང་བ་ལ་སོགས་པ་རྣམས་ལ་རྟེན་མེད་པར་ཡང་རྣམ་པར་ཤེས་པ་སྐྱེ་བར་ཅི་སྟེ་མི་རྟོག །ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་ཡུལ་དྲུག་གི་ཁོངས་སུ་མ་འདུས་པས་དངོས་པོ་མེད་པའི་ཡུལ་ཅན་གྱི་བློ་ཡོད་པ་མ་ཡིན་ནོ། །དེ་བས་ན་དམིགས་པ་མེད་པའི་ཕྱིར་རྣམ་ པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་དངོས་པོ་སོ་སོར་རྣམ་པར་རིག་པ་ཡིན་ན་རྣམ་པར་ཤེས་པར་བྱ་བ་མེད་ན་ནི་འདིས་ཅུང་ཟད་ཀྱང་རྣམ་པར་མི་ཤེས་པས་དེས་ན་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ། །རང་དང་སྤྱིའི་མཚན་ཉིད་མེད་ན་དེས་ཅི་ཞིག་ཁོངས་སུ་ཆུད་པར་བྱ་ཞིང་རྣམ་པར་ ཤེས་པར་བྱ་བ་ཡིན། འབྲས་བུ་སྐྱེ་བའི་ཚེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགེ་བ་དང་མི་དགེ་བའི་ལས་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་འགག་ན་ནི་ཡོད་པ་མ་ཡིན་ལ། དེ་ལྟ་ཡིན་ན་རྒྱུ་མེད་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མི་སྐྱེ་བ་ཞིག་གོ། །རྒྱུ་མེད་པ་ནི་སྐྱེ་བར་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་ བའི་ཕྱིར་རོ། །གདོན་མི་ཟ་བར་འདི་ཁས་བླང་བར་བྱ་དགོས་སོ་ཞེས་གྲག་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བའི་སྒྲ་ནི་བྱ་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བ་ཞེས་བྱ་བ་སྨོས་སོ། །དུས་གསུམ་ལ་ཐམས་ཅད་ཀྱི་ སྒྲ་ངེས་པར་བཀོད་པའི་ཕྱིར་ཐམས་ཅད་ཀྱི་སྒྲ་དུས་གསུམ་བརྗོད་དོ། །བདེ་བ་གཞན་འབྲས་བུ་མ་སྐྱེས་པ་ཡོད་པ་ཉིད་སྨྲ་བ་རྣམས་ནི་རྣམ་པར་ཕྱེ་སྟེ་སྨྲ་བའོ། །མདོ་སྡེ་པ་རྣམས་ནི་ད་ལྟར་བྱང་བ་ཙམ་སྨྲ་བའོ། །ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་དུ་འགྱུར་གྱི་ཞེས་བྱ་བ་ནི་མ་འོངས་པ་ལ་སོགས་པའི་དངོས་པོ་གཞན་ དུ་འགྱུར་བ་སྟེ། འདི་ལྟར་མ་འོངས་པའི་དངོས་པོ་འདོར་ཞིང་ད་ལྟར་བྱུང་བའི་དངོས་པོར་འགྱུར་ལ། ད་ལྟར་བྱུང་བའི་དངོས་པོ་འདོར་ཞིང་། འདས་པའི་དངོས་པོར་འགྱུར་རོ། །རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྫས་ཀྱི་རང་གི་མཚན་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་པ་སྟེ། དངོས་པོ་དུས་རྣམས་སུ་ འཇུག་པ་ནི་རང་བཞིན་འཁྲུལ་པ་མེད་པའི་ཕྱིར་རོ། །ཡང་མ་འོངས་པ་ལ་སོགས་པའི་དངོས་པོ་འདི་ཅི་ཞིག་ཅེ་ན། གང་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་ཤེས་པ་དང་བརྗོད་པ་འཇུག་པའི་ཡོན་ཏན་གྱི་ཁྱད་པར་རོ། །དཔེར་ན་གསེར་གྱི་སྣོད་ཅེས་བྱ་བ་ནི་དེ་ཉིད་ལ་དཔེ་གཉིས་པོ་གསེར་དང་འོ་མ་སྟེ། ཁ་དོག་ལ་སོགས་པའི་ཚོགས་པའི་ཡོན་ཏན་དབྱིབས་དང་རོ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་རོ། །འདི་ལྟར་གཉི་ག་ཡང་ཁ་དོག་ལ་སོགས་པ་ཚོགས་པའི་བདག་ཉིད་ཡིན་ལ། དེ་ལ་ཡང་དཔུང་རྒྱན་དང་གདུ་བུ་ལ་སོགས་པ་བརྗོད་པའི་རྒྱུ་མཚན་ཡོན་ཏན་དབྱིབས་ཀྱི་བདག་ཉིད་ ཙམ་ཁོ་ན་ཞིག་གཞན་དུ་འགྱུར་བ་ཉིད་ཡིན་གྱི། ཁ་དོག་ནི་མ་ཡིན་ནོ། །དེ་བཞིན་དུ་འོ་མ་དང་། ཞོ་དང་དར་བ་ལ་སོགས་པའི་བརྗོད་པའི་རྒྱུ་མཚན་རོ་དང་ནུས་པ་དང་སྨིན་པར་བྱེད་པ་དང་། མཐུ་རྣམས་གཞན་དུ་འགྱུར་བ་ཉིད་ཡིན་གྱི། ཁ་དོག་ནི་མ་ཡིན་ནོ། །མཚན་ཉིད་གཞན་དུ་འགྱུར་བ་པ་ནི་མཚན་ཉིད་ འཇུག་པ་ཐོབ་པ་ལ་ལྟོས་ནས་ཐ་སྙད་འདོགས་ཏེ། དེ་ཉིད་ཀྱི་ཕྱིར་དཔེར་ན་སྐྱེས་བུ་བུད་མེད་ཅིག་ལ་ཆགས་པ་ལྷག་མ་རྣམས་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། བུད་མེད་ཅིག་ལ་འདོད་ཆགས་ཀྱི་ལྷག་པར་ཞེན་པར་འགྱུར་ལ། བུད་མེད་ལྷག་མ་རྣམས་ལ་འདོད་ཆགས་ཀྱི་ཐོབ་ པ་ཁོ་ན་ཡོད་ཀྱི་ཀུན་དུ་འབྱུང་བ་ནི་མ་ཡིན་པ་ལྟ་བུའོ། །གནས་སྐབས་གཞན་དུ་གྱུར་པ་པ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། གནས་སྐབས་ལ་ལྟོས་ནས་ཐ་སྙད་འདོགས་ཏེ་ཆོས་དེ་གནས་སྐབས་གང་ན་བྱ་བ་མི་བྱེད་པ་དེ་ན་ནི་མ་འོངས་པ་ཞེས་བྱ་བ་ལ། གང་ན་བྱེད་པ་དེ་ན་ནི་ད་ལྟར་ཞེས་བྱའོ། །གང་ན་བྱས་ནས་ འགགས་པ་དེ་ན་ནི་འདས་པ་ཞེས་བྱའོ། །རྫས་གཞན་གྱི་སྒོ་ནས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རྫས་ནི་དུས་གསུམ་ཆར་དུ་ཡང་ཐ་མི་དད་པའི་ཕྱིར་རོ། །འདི་གནས་སྐབས་ལ་ལྟོས་ནས་ཐ་སྙད་བརྗོད་དེ། དེ་ཉིད་ཀྱི་ཕྱིར་དཔེར་ན་རི་ལུ་གཅིག་ཅེས་བྱ་བ་སྨོས་ཏེ། སའི་རི་ལུའོ། །གཅིག་གི་ཤོད་མིག་ཏུ་ཞེས་བྱ་བ་ནི་ གཅིག་གི་གནས་སུའོ། །བརྒྱའི་ཤོད་མིག་ཏུ་ཞེས་བྱ་བ་ནི་བརྒྱའི་གནས་སུའོ། །སྟོང་གི་ཤོད་མིག་ཏུ་ཞེས་བྱ་བ་ནི་སྟོང་གི་གནས་སོ། །དེ་རང་བཞིན་གཞན་དུ་འགྱུར་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། གནས་ཀྱི་ཁྱད་པར་དང་འབྲེལ་པ་ལས་གྲངས་སྟོན་པར་བྱེད་པའི་མིང་གཞན་དུ་འབྱུང་ངོ་། །གཞན་དང་ གཞན་དུ་འགྱུར་བ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་ཞེས་བརྗོད་ཀྱི། རང་བཞིན་གཞན་དུ་འགྱུར་བ་མ་ཡིན་ཞིང་། རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། འདས་པ་དང་ད་ལྟར་བ་ལ་ལྟོས་ནས་ཕྱི་མ་མ་འོངས་པ་ཞེས་བྱ་བ་ལ། ད་ལྟར་བ་དང་མ་འོངས་པ་ལ་ལྟོས་ ནས་སྔ་མ་འདས་པ་ཞེས་བྱ་ཞིང་། སྔ་མ་དང་ཕྱི་མ་སྟེ་འདས་པ་དང་མ་འོངས་པ་ལ་ལྟོས་ནས་ད་ལྟར་བ་ཞེས་བྱའོ། །འདི་ནི་སྔ་མ་དང་ཕྱི་མ་ལ་ལྟོས་ནས་ཐ་སྙད་བརྗོད་དེ། གང་ལ་སྔ་མ་ཁོ་ན་ཡོད་ཀྱི། ཕྱི་མ་མེད་པ་དེ་ནི་མ་འོངས་པ་ཡིན་ལ། གང་ལ་ཕྱི་མ་ཁོ་ན་ཡོད་ཀྱི་སྔ་མ་མེད་པ་དེ་ནི་འདས་པ་ཡིན་ཞིང་། གང་ ལ་སྔ་མ་དང་ཕྱི་མ་ཡོད་པ་དེ་ནི་ད་ལྟར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བུད་མེད་ཅིག་ལ་མ་ཞེས་ཀྱང་བྱ། བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ་ཞེས་བྱ་བ་བརྗོད་དེ། སྔ་མ་དང་ཕྱི་མ་ལ་ལྟོས་ནས་ཡིན་གྱི། རྫས་ནི་གཞན་མ་ཡིན་ནོ། །ཡོངས་སུ་འགྱུར་བར་སྨྲ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། གྲངས་ ཅན་གྱི་གྲུབ་པའི་མཐའ་ནི་ཆོས་ཅན་རྫས་གནས་བཞིན་དུ་འོ་མའི་ཆོས་མངར་བ་ལ་སོགས་པ་ཡོངས་སུ་བཏང་ནས་ཞོའི་ཆོས་ཀྱི་བདག་ཉིད་དུ་རྣམ་པར་གནས་པར་འགྱུར་ལ། ཞོའི་ཆོས་ཡོངས་སུ་བཏང་ནས། དར་བ་ལ་སོགས་པའི་བདག་ཉིད་དུ་ཡོངས་སུ་འགྱུར་རོ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདིའི་ ཡང་རྫས་ནི་མ་འོངས་པའི་དངོས་པོ་ཡོངས་སུ་དོར་ནས། ད་ལྟར་བའི་དངོས་པོར་འགྱུར་ལ། ད་ལྟར་བའི་དངོས་པོ་ཡོངས་སུ་དོར་ནས་ཀྱང་འདས་པའི་དངོས་པོར་འགྱུར་ཞིང་། མ་འོངས་པ་ལ་སོགས་པའི་དངོས་པོ་རྣམས་རྫས་ལས་དོན་གཞན་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གྲངས་ཅན་གྱི་ཕྱོགས་ ལ་གླན་པར་བྱའོ་ཞེས་བྱ་བ་ནི་དེའི་དགག་པ་གང་ཡིན་པ་དེ་ནི་འདིའི་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ལ། གྲངས་ཅན་གྱི་ཕྱོགས་ནི་སྔར་མཛོད་ཀྱི་གནས་གསུམ་པར་བཀག་ཟིན་ཏོ། །གཉིས་པའི་ཡང་ཞེས་བྱ་བ་ནི་བཙུན་པ་དབྱངས་སྒྲོགས་ཀྱིའོ། །དུས་འཆོལ་བར་འགྱུར་ཏེ་ཞེས་བྱ་བ་ནི་གང་ ཞིག་འདས་པའི་དུས་སུ་མ་འོངས་པར་འདོད་པ་དེ་ནི་མ་འོངས་པར་ཡང་འགྱུར་རོ། །ཇི་ལྟར་ཞེ་ན། འདས་པའི་མཚན་ཉིད་དང་ལྡན་ལ། མ་འོངས་པ་དང་ད་ལྟར་བའི་མཚན་ཉིད་དག་དང་མི་ལྡན་པ་མ་ཡིན་པ་སྟེ། ལྡན་ཞེས་བྱ་བའི་ཐ་ཚིག་གོ། །མ་འོངས་པ་དང་ད་ལྟར་བྱུང་བ་ཡང་དེ་དང་འདྲ་བར་བརྗོད་ པར་བྱ་སྟེ། རེ་རེ་ཡང་དུས་གསུམ་དང་ལྡན་པའི་ཕྱིར་རོ། །སྐྱེས་བུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་བུད་མེད་ཀྱི་གོང་བུ་གཞན་ལ་འདོད་ཆགས་ཀུན་དུ་འབྱུང་ཞིང་ཤས་ཆེ་བ་ནི་བུད་མེད་ལ་ཆགས་པ་ཞེས་བྱ་བ་ལ། ལྡན་པའི་སྒོ་ནས་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་ན། ཆོས་ལ་ནི་མཚན་ཉིད་ ཀུན་དུ་འབྱུང་བ་འམ་མཚན་ཉིད་དང་མི་ལྡན་པ་མེད་དེ། ཆོས་རྣམས་ཀྱི་མཚན་ཉིད་དག་ནི་དུས་རྣམས་སུ་འཁྲུལ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་དཔེ་ལ་དངོས་དང་མཚུངས་པ་ཅི་ཞིག་ཡོད། བཞི་པའི་སྟེ། བཙུན་པ་སངས་རྒྱས་ལྷའི་ཡང་དུས་གཅིག་ལ་སྔ་མ་དང་ཕྱི་ མའི་སྐད་ཅིག་མ་ཡོད་དེ། དེ་ལ་སྔ་མ་དང་ཕྱི་མའི་སྐད་ཅིག་མ་དག་ནི་འདས་པ་དང་མ་འོངས་པ་ཡིན་ལ། དབུས་ཀྱི་ནི་ད་ལྟར་བྱུང་བ་ཡིན་པས་འདས་པའི་དུས་ལ་ཡང་དུས་གསུམ་ཡོད་པར་འགྱུར་རོ། །དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱི་ནང་ན་གསུམ་པ་བཟང་སྟེ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཇི་ལྟར་ བཟང་ཞེ་ན། གང་གི་ཕྱིར་དེ་ནི་བྱ་བ་ཡིས། དུས་རྣམས་རྣམ་གཞག་ཅེས་བྱ་བ་སྨོས་སོ། །གང་གི་ཚེ་ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་ནི་མ་འོངས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། བྱ་བ་ཡང་མིག་ལ་སོགས་པ་རྣམས་ཀྱི་ནི་ལྟ་བ་ལ་སོགས་པའོ། །རྣམ་པར་ཤེས་པའི་རྣམ་པར་ཤེས་པའོ། ། གཟུགས་ལ་སོགས་པ་རྣམས་ཀྱི་ནི་རང་གི་དབང་པོའི་སྤྱོད་ཡུལ་ཉིད་དོ། །སློབ་དཔོན་གྱི་དེ་ཐམས་ཅད་ནི་གོ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་འདས་པ་ཡང་རྫས་སུ་ཡོད་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདས་པ་དང་མ་འོངས་པ་ད་ལྟར་བ་བཞིན་དུ་རང་གི་ངོ་བོ་ཁོ་ནས་ཡོད་ན་ནི། ད་ལྟར་བ་དང་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པས་དེའི་འདས་པ་དང་མ་འོངས་པ་ཉིད་ཉམས་པར་འགྱུར་རོ་སྙམ་དུ་དགོངས་སོ། །ཡོད་ཀྱང་ད་ལྟར་ལས་ཁྱད་པར་ཡོད་པར་བསྟན་པའི་ཕྱིར་བྱ་བ་ཡིས། དུས་རྣམས་རྣམ་གཞག་ཅེས་བཤད་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་དེ་ལྟར་ ན་ད་ལྟར་བྱུང་བའི་ཞེས་བྱ་བ་ལ་སོགས་པ་ལ་མིག་གི་བྱ་བ་ནི་ལྟ་བ་ཡིན་ན། དེ་ཡང་དེ་དང་མཚུངས་པར་བྱེད་པ་མ་ཡིན་པས་དེའི་ཚེ་ད་ལྟར་བ་ཡང་མ་འོངས་པར་འགྱུར་བའི་ཕྱིར་བྱ་བའི་དུས་རྣམ་པར་གཞག་པ་མི་རིགས་སོ་ཞེས་བྱ་བ་ནི་དྲི་བའི་བསམ་པའོ། །འབྲས་བུ་འབྱིན་པ་དང་འཛིན་པ་ཡིན་ནོ་ཞེས་ བྱ་བས་ནི། འདི་སྐད་དུ། ལྟ་བ་ལ་སོགས་པའི་བྱ་བས་ནི་དུས་རྣམ་པར་གཞག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འབྲས་བུ་འབྱིན་པ་དང་འཛིན་པའི་བདག་ཉིད་ཀྱིས་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་ཏེ། ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ ཡིན་ལ། དེ་མ་ཐག་ཏུ་འབྱུང་བའི་མིག་གི་དབང་པོ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དེ་ཡིན་ཞིང་། འབྲས་བུ་དེ་ཡང་འབྱིན་པ་དང་འཛིན་པ་ན་ད་ལྟར་བ་ཞེས་བྱའོ། །འོ་ན་ནི་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་ཞེས་བྱ་བ་ནི། སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བ་ དང་། རྣམ་པར་སྨིན་པའི་རྒྱུ་རྣམས་སོ། །འབྲས་བུ་འབྱིན་པའི་ཕྱིར་དང་ཞེས་བྱ་བ་ལ་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་འབྱིན་པའི་ཕྱིར་བྱ་བ་ཡོད་པར་ཐལ་བར་འགྱུར་ལ། དེའི་ཕྱིར་འདས་པ་ཡང་ད་ལྟར་བ་ཉིད་དུ་ཐལ་བར་འགྱུར་རོ། །བྱ་བ་ཕྱེད་དུ་ཞེས་བྱ་བ་ལ་གལ་ཏེ་འབྲས་བུ་ འབྱིན་པ་དང་འཛིན་པ་བསྡུས་པར་བྱ་བ་འདོད་ན། དེ་ལྟ་ན་ཡང་ཕྱེད་ད་ལྟར་བ་ཉིད་དུ་ཐལ་བར་འགྱུར་རོ། །ཐམས་ཅད་ཀྱི་ཚེ་བྱ་བ་བྱེད་པ་ལ་གེགས་མི་སྲིད་དོ་སྙམ་སྟེ། འདྲི་བ་ནི་འདི་ཡང་བརྗོད་པར་བྱ་དགོས་ཏེ་ཞེས་བྱ་བའོ། །དེའི་བདག་ཉིད་ཁོ་ནར་ཡོད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ད་ལྟར་བའི་རང་ བཞིན་དེ་ཁོ་ནར་ཡོད་ཅིང་བདོག་ན་རྟག་ཏུ་བྱ་བ་བྱེད་པ་ལ་གེགས་སུ་ཞིག་བྱེད་དེ། གང་གིས་ན་རེས་འགའ་ཞིག་བྱ་བ་མི་བྱེད་པར་འགྱུར་བ། སུ་ཞིག་གེགས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྐྱེན་རྣམས་མ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ་དང་མཚུངས་པ་དེ་མ་ཐག་པ་ལ་སོགས་པ་རྣམས་མ་ཚོགས་པ་ ཡིན་ཏེ། དེའི་ཕྱིར་ཐམས་ཅད་ཀྱི་ཚེ་བྱ་བ་བྱེད་པར་མི་འགྱུར་རོ་ཞེ་ན། རྟག་ཏུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པའི་རྐྱེན་དེ་རྣམས་དུས་ཐམས་ཅད་དུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རྐྱེན་མ་ཚོགས་པར་བརྟག་པར་མི་རིགས་སོ། །བྱ་བ་འདས་པ་དང་ཞེས་བྱ་བ་རྒྱས་པར་ འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། གལ་ཏེ་བྱ་བ་ལ་བྱ་བ་གཞན་ཞིག་མེད་པར་ཡང་བྱ་བ་ཡིན་པར་འདོད་ན་ནི་དངོས་པོ་རྣམས་ཀྱང་དེ་ལྟར་མ་འོངས་པ་ལ་སོགས་པར་འགྱུར་ཏེ། བྱ་བ་བརྟག་པས་ཅི་ཞིག་བྱ། ཇི་སྟེ་འཁྲུལ་པའི་སྐྱོན་དུ་འགྱུར་དུ་འོང་བས་བྱ་བ་ལ་ཡང་། བྱ་བ་གཞན་འདོད་ན་ ནི་དེ་ལྟ་ན་ཡང་ཐུག་པ་མེད་པས་ཐལ་བར་འགྱུར་རོ། །འོན་ཏེ་དེ་ནི་འདས་པ་ཡང་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེའི་ཚེ་མ་འོངས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ་ཞེས་བྱ་བ་ལ། དེ་འདུས་མ་བྱས་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཚེ་ན་ཡོད་པར་ཐལ་བར་འགྱུར་རོ། །སྐྱོན་དེར་ཡང་འགྱུར་ བ་ཞིག་ན་ཞེས་བྱ་བ་ནི་བྱ་བ་ལ་ཡང་བྱ་བ་ཡོད་པར་ཐལ་བ་དང་། འདུས་མ་བྱས་ཉིད་དོ། །གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་ཞེས་བྱ་བ་ལ། ཆོས་ལས་གཞན་མ་ཡིན་པའི་ཕྱིར་ན་ནི་བྱ་བ་ཆོས་བཞིན་དུ་འདུས་མ་བྱས་མ་ཡིན་ལ། ཆོས་ལྟར་དེ་ལ་བྱ་བ་གཞན་ཡོད་པ་མ་ ཡིན་པས་ཐུག་པ་མེད་པ་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན། དུས་སུ་མི་རུང་བ་དེ་ཉིད་དུ་འགྱུར་ཏེ་དེ་ཉིད་ནི་དེ་ཉིད་ཀྱི་དུས་རྣམ་པར་གཞག་པའི་རྒྱུར་མི་རུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་ཆོས་ཁོ་ན་བྱ་བ་ཡིན་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །མི་འགྲུབ་པ་ཅི་ཞིག་ཡོད་ཅེས་བྱ་བ་འབྱུང་སྟེ། དངོས་ པོའི་རང་གི་ངོ་བོ་ཉིད་ནི་དུས་རྣམ་པར་གཞག་པའི་རྒྱུ་ཉིད་དུ་མི་འདོད་དེ། འོ་ན་ཅི་ཞེ་ན། སྐྱེས་པ་དང་མ་སྐྱེས་པ་དང་ཞི་བའི་གནས་སྐབས་དག་ཏུ་དུས་རྣམ་པར་གཞག་པའི་རྒྱུ་ཉིད་དུ་ཁས་ལེན་ནོ། །དེའི་ཚེ་ཡང་དུས་ཀྱི་རྣམ་པར་གཞག་པ་མི་འགྲུབ་བོ། །ཅི་ཞིག་མི་འབྱུང་བར་འགྱུར་ཞེས་བྱ་བ་ལ། གང་ཞིག་མ་སྐྱེས་པས་མ་སྐྱེས་པ་ཞེས་བྱ་བ་གཟུགས་ལ་སོགས་པ་སྐྱེས་པ་ནི་སྔོན་མ་འོངས་པའི་གནས་སྐབས་སུ་ཅི་ཞིག་མ་བྱུང་བར་གྱུར། བྱ་བ་མ་བྱུང་བར་གྱུར་ཏོ་ཞེས་བྱ་བར་འདོད་ན། དེ་ལྟ་ཡིན་ན་ཆོས་ཁོ་ན་མ་བྱུང་བར་གྱུར་ཏོ་ཞེས་བྱ་བར་སྨྲས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོས་ ལས་བྱ་བ་གཞན་མ་ཡིན་པའི་ཕྱིར་རོ། །གང་ཞིག་མེད་པས་ཞིག་པ་ཞེས་བྱ་བ་ཕྱིས་ཞེས་བྱ་བ་སྟེ། འདས་པའི་གནས་སྐབས་ནི་ཅི་ཞིག་མེད། གལ་ཏེ་བྱ་བ་མེད་དོ་ཞེ་ན། ཕྱིས་ཆོས་ཁོ་ན་མེད་དོ་ཞེས་སྨྲས་པར་འགྱུར་ཏེ། ཆོས་ལས་བྱ་བ་གཞན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མ་བྱུང་བ་ ལ་བྱུང་བ་ཞེས་བྱ་བ་མི་འདོད་ཕན་ཆད་དེ། ཅིར་འགྱུར་ཞེ་ན། ད་ལྟར་བྱུང་བ་མི་འགྲུབ་པོ། །བྱུང་ནས་ཀྱང་ཡང་མི་འབྱུང་བར་མི་འདོད་ཕན་ཆད་ནི་འདས་པའི་དུས་མི་འགྲུབ་པོ། །མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་མ་བྱུང་ངོ་ཞེས་དེ་ལྟར་འདོད་ན་ནི་དུས་གསུམ་འགྲུབ་སྟེ། གཞན་ དུ་ནི་མ་ཡིན་ནོ། །སྐྱེ་བ་དང་འཇིག་པ་དག་མི་རུང་བའི་ཕྱིར་ཞེས་བྱ་བ་ལ། འདས་པ་དང་མ་འོངས་པ་གཉིས་རང་གི་ངོ་བོས་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་ཇི་ལྟར་སྐྱེ་བ་དང་འཇིག་པ་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་འདས་པ་དང་མ་འོངས་པ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པར་མི་རུང་ངོ་། །ཚིག་གི་ ཚུལ་འདི་ནི་སྔོན་མ་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ། ཚིག་གི་ཚུལ་འདི་ནི་སྔ་ཕྱི་འགལ་བ་ཞིག་སྟེ། ཐམས་ཅད་ཀྱི་ཚེ་ཡང་ཡོད་ལ་སྐྱེ་བ་དང་འཇིག་པ་དག་དང་ཡང་ལྡན་ནོ་ཞེས་བྱ་བ་འདིས་ནི་འགལ་བ་ཞིག་གོ། །དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་ནི། རང་བཞིན་ཡང་ནི་རྟག་ཏུ་ཡོད། །ཅེས་ བྱ་བ་སྟེ། གཟུགས་ལ་སོགས་པའི་རང་གི་མཚན་ཉིད་གང་ཡིན་པ་དེ་ནི་དུས་ཐམས་ཅད་ན་ཡོད་པར་འདོད་དོ། །དེ་ལྟ་ན་འོ་ན་གཟུགས་ཡོད་པའི་དངོས་པོ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་རྟག་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་སྨྲས་པ། དངོས་པོ་ཡང་ནི་རྟག་མི་འདོད། །དེ་ལྟ་ན་ཡང་རང་ བཞིན་ལས་དངོས་པོ་གཞན་དུ་ཐལ་ལོ་ཞེ་ན། དེའི་ཕྱིར། རང་བཞིན་ལས་ཀྱང་དངོས་མིན་གཞན། །ཞེས་བྱ་བ་སྨྲས་སོ། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་བྱ་བ་ནི། འཇིག་རྟེན་ན་རིགས་པ་ལ་མི་ལྟོས་པར་འདོད་རྒྱལ་ཙམ་དུ་ཟད་པའི་ཕྱིར་རོ། །དུས་རྣམས་ཀུན་དུ་ཡོད་ཉིད་འདོད། ། ཞིག་ཀྱང་མ་སྐྱེས་ཀྱང་མི་འདོད། །ཡོད་ཀྱི་གསུམ་པའང་ཡོད་མ་ཡིན། །ཁྱབ་འཇུག་སྒྱུ་འཕྲུལ་ཅི་སྟེ་མིན། །ཞེས་མདོ་སྡེ་པ་རྣམས་ལ་ཡང་ཉེས་པ་ཉིད་དུ་འགྱུར་རོ། །སློབ་དཔོན་འདུས་བཟངས་ཀྱིས་འདས་པ་དང་། མ་འོངས་པ་རྣམ་པར་གཏན་ལ་དབབ་པ་ལ་མང་དུ་བརྗོད་མོད་ཀྱི། གཞུང་མངས་ པའི་འཇིགས་པས་དེ་འདིར་མ་སྨྲས་སོ། །གང་ཡང་གསུངས་ཕྱིར་ཞེས་བྱ་བ་འབྱུང་ངོ་། །སློབ་དཔོན་གྱིས་ཁོ་བོ་ཅག་ཀྱང་ཞེས་བྱ་བ་སྨྲས་ཏེ། སྔོན་བྱུང་བ་གང་ཡིན་པ་དེ་ནི་འདས་པ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་གནས་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །རྐྱེན་ཡོད་ན་འབྱུང་བར་འགྱུར་བ་ནི་མ་ འོངས་པ་སྟེ། ཡོད་པ་མ་ཡིན་པ་ཡང་སྙམ་དུ་བསམས་པའོ། །དེ་ལྟར་བྱས་ནས་ཡོད་དོ་ཞེས་བྱ་བའི་ཞེས་བྱ་བ་ནི་སྔོན་བྱུང་བ་དང་། འབྱུང་བར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྐད་དུས་སུ་ཟེར་ཞེའོ། །སློབ་དཔོན་གྱིས་གཞན་དུ་ན་ཇི་ལྟར་ཡོད་ཅེས་སྨོས་སོ། །འདས་པ་དང་མ་འོངས་ པའི་བདག་ཉིད་དུ་ཡོད་མོད་ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཏེ། འདས་པ་དང་མ་འོངས་པའི་རང་བཞིན་དུ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་དགག་པའི་ཕྱིར་ཞེས་བྱ་བ་ལ་རྒྱུ་ལ་སྐུར་པ་འདེབས་པའི་ལྟ་བ་དགག་པའི་ཕྱིར་འདས་པ་ཡོད་དོ་ཞེས་བྱ་བར་ གསུངས་ལ། འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་དགག་པའི་ཕྱིར་མ་འོངས་པ་ཡོད་དོ་ཞེས་གསུངས་སོ། །འདས་པ་ནི་བྱུང་བར་གྱུར་ཏོ། །མ་འོངས་པ་ནི་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱ་ན། ཡོད་དོ་ཞེས་ཅི་སྟེ། རྫས་ཀྱི་ཚོགས་སུ་འགྱུར་ཞེ་ན། དེའི་ཕྱིར་ཡོད་ཅེས་ བྱ་བའི་སྒྲ་ནི་ཚིག་གི་ཕྲད་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། ཚིག་གི་ཕྲད་སྨོས་པ་ནི་བརྗོད་པའི་ངོ་བོ་དགག་པའི་ཕྱིར་ཏེ། དུས་གསུམ་གྱི་ཡུལ་ཅན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་འདི་བརྗོད་པ་ཡིན་ན་ནི་འདིར་འདིའི་འདས་པ་ཡོད་དོ། །མ་འོངས་པ་ཡོད་དོ་ཞེས་བྱ་བའི་སྦྱོར་བ་ཉིད་དུ་མི་ འགྱུར་ཏེ། ད་ལྟར་གྱི་དུས་ཡིན་པའི་ཕྱིར་རོ། །མར་མེ་སྔ་ན་མེད་པ་ཡོད་དོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མར་མེའི་སྔ་ན་མེད་པ་རྫས་སུ་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཡོད་པར་སྨྲའོ། །དཔེར་ན་མར་མེ་དེ་ཤི་བ་ཡོད་མོད་ཀྱི། ཁོ་བོས་ནི་མ་བསད་དོ་ཞེས་བྱ་བ་ལ་སྨྲ་བ་པོ་ཡོད་ཀྱི། ཡོད་དོ་ ཞེས་བྱ་བའི་སྒྲ་སྦྱར་བས་ཤི་བ་དེ་ཡང་ཡོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་འདས་པ་དང་མ་འོངས་པ་ཡང་རྫས་ཉིད་དུ་མེད་ཀྱང་ཡོད་དོ་ཞེས་གསུངས་སོ། །དེའི་ཕྱིར་ཡོད་དོ་ཞེས་བྱ་བའི་སྒྲ་ནི་དོན་ཡོད་པ་ཅན་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བར་རྟོགས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་གལ་ཏེ་བྱུང་ བ་ནི་འདས་པ་ཡིན་ལ། རྐྱེན་ཡོད་ན་འབྱུང་བར་འགྱུར་བ་མ་འོངས་པ་ཡིན་ཞེས་བྱ་བ་དེ་ལྟར་ཡོད་པའི་སྒྲ་བརྗོད་པར་མི་འདོད་པར་གྱུར་ནའོ། །དེ་ཉིད་ཀྱི་ཕྱིར་འདས་པ་དང་མ་འོངས་པ་མི་འགྲུབ་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །ད་ལྟར་བ་བཞིན་དུ་ཐམས་ཅད་ཀྱི་ཚེ་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཕྱིར་རོ། ། འོ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་མདོ་ལས་ཤཱ་རིའི་བུ་གང་དག་གིས་ལས་འདས་པ་དང་ཟད་པ་དང་། འགག་པ་དང་བྲལ་བ་དང་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་མེད་དོ་ཞེས་དེ་སྐད་དུ་སྨྲས་པའི་ཚིག་དེའི་རང་བཞིན་མ་ཡིན་པ་ནི་བྱིས་པ་བླུན་པ་མི་གསལ་བ་མི་དགེ་བ་ རྣམས་ཇི་ལྟ་བ་བཞིན་དུ་ཀུན་དུ་རྒྱུ་དབྱུག་ཐོགས་ཐོར་ཚུགས་ཅན་རྣམས་ཀྱིས་བབ་ཆོལ་དུ་སོ་སོར་མ་བརྟགས་པར་སྨྲས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ལས་འདས་པ་དང་ཟག་པ་དང་འགགས་པ་དང་བྲལ་བ་དང་། རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཡོད་དོ་ ཞེས་གསུངས་ན། ཅི་དེ་དག་ལས་དེ་སྔོན་བྱུང་བ་ཉིད་དུ་མི་འདོད་པར་གྱུར་ཏམ། དེ་དག་གིས་ནི་ལས་དེ་སྔོན་དུ་བྱུང་བ་ཉིད་དུ་རྟོགས་པ་ཁོ་ན་ཡིན་གྱི། དེའི་རྣམ་པར་སྨིན་པས་འཇིག་པས་འགགས་པ་ནི་རྫས་སུ་ཡོད་པ་ཉིད་དུ་མ་གཏོགས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡོད་པ་ཉིད་དུ་བསྟན་པའི་ ཕྱིར་དེ་ནི་ཡོད་དོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་བསྟན་པ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བའི་མདོའི་དོན་བསྟན་པའོ། །སློབ་དཔོན་གྱིས་རྣམ་པ་གཞན་དུ་བསྟན་པའི་ཕྱིར་དེ་ལས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལས་ནི་ཞེས་བྱ་བ་ནི་མདོ་ལས་སོ། །རྒྱུད་དེ་ལས་ ཞེས་བྱ་བ་ནི་ལས་དེ་རྒྱུད་གང་དུ་གཏོགས་པའོ། །དེས་ཀུན་དུ་དྲངས་པ་ནི་ལས་དེས་ཀུན་དུ་དྲངས་ཤིང་བསྐྱེད་པའོ། །དེ་ཡང་གང་ཞེ་ན། འབྲས་བུ་བསྐྱེད་པའི་མཐུ་ཡོད་པའོ། །འདི་ལྟར་ལས་དེས་རྒྱུད་འབྲས་བུ་ཁྱད་པར་ཅན་བསྐྱེད་པར་ནུས་པར་བྱེད་དེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལས་དེ་འགགས་ ཀྱང་དེས་ཀུན་དུ་དྲངས་པ་འབྲས་བུ་བསྐྱེད་པའི་མཐུ་ཡོད་པ་ཉིད་བསྟན་པའི་ཕྱིར་དེ་ནི་ཡོད་དོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་འདས་པ་ཡོད་པ་ཉིད་དུ་སྟོན་ནའོ། །རང་གི་ངོ་བོ་ཁོ་ནར་ཡོད་ན་ཞེས་བྱ་བ་ལ་སོགས་པ་ལ། ལས་དེ་རང་གི་མཚན་ཉིད་ཀྱིས་ཡོད་ན་ནི་ད་ལྟར་བྱུང་བ་ཇི་ལྟ་བ་ བཞིན་ཡིན་པས་འདས་པ་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་འདི་ལས་དོན་དུ་བཞེད་ཀྱི་སྔ་མ་ནི་མ་ཡིན་ནོ། །དེ་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཞེས་བྱ་བ་ལ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་མགུར་ཉིད་ནས་འདས་པ་དང་། མ་འོངས་པ་མེད་དོ་ཞེས་གསུངས་པ་དེའི་ཕྱིར་མདོ་འདིའི་དོན་ནི་འདི་ཁོ་ན་ ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ད་ལྟར་གྱི་དུས་སུ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་སུ་ད་ལྟར་གྱི་དངོས་པོ་མ་བྱུང་བ་ལས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །མི་རུང་སྟེ་དུས་ནི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་མ་ཡིན་ཏེ། ད་ལྟར་བྱུང་བའི་དུས་ནི་དངོས་པོ་མིག་ལ་སོགས་པའི་ མིང་ཅན་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། རྫས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་གྱི་དུས་གང་ཡིན་པ་ཉིད་དངོས་པོ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་ད་ལྟར་བ་དེ་ཉིད་རང་གི་བདག་ཉིད་ལས་མ་བྱུང་བ་ལས་འབྱུང་བར་འགྱུར། དེ་སྐད་དུ། དེ་དག་ཉིད་དུས་གཏམ་བཞི་དང་ ཞེས་བཤད་དོ། །མ་འོངས་པའི་མིག་མེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་རང་གི་བདག་ཉིད་ལ་མ་བྱུང་བ་ལས་བྱུང་བ་ན་ནི་དེ་ལྟ་ན་མིག་མ་བྱུང་བ་ལས་བྱུང་ངོ་ཞེས་བྱ་བར་འགྱུར་ལ། དེའི་ཕྱིར་མ་འོངས་པའི་མིག་མེད་དོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །རེ་ཞིག་འདིར་ ཞེས་བྱ་བར་རྒྱས་པར་འབྱུང་ངོ་། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ཡུལ་ད་ལྟར་བ་ཡིན་པའི་ཕྱིར་རྟེན་ལྟར་དམིགས་པ་ཡང་སྐྱེད་པར་བྱེད་པ་ཉིད་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཉེ་བར་བཀོད་དོ། །ཡིད་ད་ལྟར་བ་ཁོ་ན་དེའི་རྐྱེན་ཉིད་དུ་གནས་པས་སྐྱེད་པར་བྱེད་པའི་རྐྱེན་ཡིན་པ་ལྟར་ ཆོས་རྣམས་ཀྱང་དེ་དང་འདྲ་འམ། གལ་ཏེ་ཆོས་རྣམས་སྐྱེད་པར་བྱེད་པའི་རྐྱེན་ཡིན་ནོ་ཞེ་ན་ནི། འོ་ན་མ་འོངས་པ་བསྐལ་པ་སྟོང་ན་འབྱུང་བ་ཞེས་བྱ་བ་ནི་མ་འོངས་པ་ཉེ་བ་ཡང་སྐྱེད་པར་བྱེད་པའི་རྐྱེན་དུ་མི་འདོད་ན། ཤིན་ཏུ་བསྐལ་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་ཏེ། འབྲས་བུ་སྔ་ལ་རྒྱུ་འཕྱིའོ་སྙམ་ དུ་རྟོག་པ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་མེད་ན་ཇི་ལྟར་དམིགས་པ་ཡིན་ཞེས་བྱ་བ་ལ། སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ནི་མ་འོངས་པ་རྫས་སུ་འདོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དམིགས་པ་ཡིན་པའི་ཕྱིར་ཡིན་ན། ཡོད་པ་མ་ཡིན་པར་བརྗོད་དུ་མེད་པ་ནི་དམིགས་པའི་ངོ་བོར་མི་རུང་ ངོ་ཞེ་ན། ད་ནི་འདིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁོ་བོ་ཅག་ནི་དེ་ཇི་ལྟར་དམིགས་པ་ཡིན་པ་དེ་ལྟར་མེད་དོ་ཞེས་ནི་མི་སྨྲའི། འོ་ན་ཅི་ཞེ་ན་ཇི་ལྟར་ཁྱེད་ཀྱིས་རྫས་སུ་བཏགས་པ་དེ་ལྟར་མེད་དོ་ཞེས་སྨྲའོ། །བྱུང་བར་གྱུར་པ་ཞེས་བྱ་བ་ནི་འདས་པའི་དམིགས་པ་ཡིན་ལ། དེ་ནི་དེ་ལྟར་ཡོད་པ་ཉིད་དོ། ། འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མ་འོངས་པའི་དམིགས་པ་ཡིན་ལ། དེ་ཡང་དེ་ལྟར་ཡོད་པ་ཉིད་དོ། །བྱུང་བར་གྱུར་པ་དང་འབྱུང་བར་འགྱུར་རོ་ཞེས་དེ་དག་དམིགས་ཀྱིས་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་འདས་པའི་གཟུགས་སམ་ཞེས་བྱ་བ་རྒྱས་པར་སྨོས་ཤིང་། མིག་ གི་རྣམ་པར་ཤེས་པ་དང་། ཉམས་སུ་མྱོང་བའི་ཤེས་པའི་སྟོབས་ཀྱིས་གཟུགས་དེ་ཇི་ལྟར་མཐོང་བ་དང་། ཚོར་བ་ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་བྱུང་བར་གྱུར་ཏོ་ཞེས་དེ་ལྟར་དྲན་པར་འགྱུར་གྱི་ཇི་ལྟར་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱིས། གཟུགས་ལ་སོགས་པ་ད་ ལྟར་བ་ཉམས་སུ་མྱོང་བ་དེ་ལྟར་འདས་པ་དྲན་ནོ་ཞེས་འདི་ཉིད་ལ་གཏན་ཚིགས་ལྷག་སྨོས་ཏེ། དེ་ནི་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དེའི་བདག་ཉིད་དུ་འདས་པ་ཡིན་པས་བྱུང་བར་གྱུར་ཏོ་ཞེས་འཛིན་ལ། ཉམས་སུ་མྱོང་བ་དང་མཐུན་པར་དྲན་ནོ། །མ་འོངས་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སངས་ རྒྱས་རྣམས་ཀྱིས་མཁྱེན་ཏེ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མངའ་བའི་ཕྱིར་རོ། །གཞན་གྱིས་ནི་མ་ཡིན་ཏེ་གཞན་གྱིས་ནི་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་འཛིན་གྱི་ཇི་ལྟར་ད་ལྟར་འགྱུར་བ་ལྟར་ནི་མ་ཡིན་ནོ། །གལ་ཏེ་གང་འདས་པ་དང་མ་འོངས་པ་ཇི་ལྟར་ཉམས་སུ་མྱོང་བ་དང་། ཇི་ལྟར་འབྱུང་བར་འགྱུར་ བ་དེ་ཁོ་ན་བཞིན་དུ་ཡོད་ན་ནི་ད་ལྟར་དུ་འགྱུར་གྱི་འདས་པ་དང་། མ་འོངས་པ་ནི་མ་ཡིན་ཏེ། ད་ལྟར་བ་དང་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་ཇི་ལྟར་ཉམས་སུ་མྱོང་བ་དང་། ཇི་ལྟར་འབྱུང་བར་འགྱུར་བ་དེ་ལྟར་མེད་ན་ནི་དེ་ལྟར་ན་བཏང་བ་དང་བླངས་པའི་རང་བཞིན་ཡིན་པའི་ཕྱིར་འདས་པ་དང་མ་འོངས་པའི་ངོ་བོ་ ནི་མེད་པ་ཡིན་པས་མེད་པ་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ཉིད་སིལ་བུ་ནི་དེ་ཡིན་ནོ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་སྦྱར་ཏེ། ད་ལྟར་བ་གང་ཡིན་པ་དེ་ཉིད་སིལ་བུ་ནི་འདས་པ་དང་མ་འོངས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་སིལ་བུར་མི་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ དག་སིལ་བུ་ཡིན་པར་གྱུར་ན་ནི་སིལ་བུ་ཉིད་དུ་འཛིན་པ་འམ། དྲན་པར་འགྱུར་གྱི། ད་ལྟར་ཉམས་སུ་མྱོང་བ་ལྟར་བྱུང་བར་གྱུར་ཏོ་ཞེས་གོང་བུར་གྱུར་པ་དྲན་པར་མི་འགྱུར་བ་ཞིག་གོ། །གལ་ཏེ་ཡང་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདས་པ་དང་མ་འོངས་པ་དེ་དག་ གཟུགས་ཡིན་མོད་ཀྱི་དེ་རྡུལ་ཕྲ་རབ་ཏུ་གྱེས་པ་ན་འདས་པ་དང་མ་འོངས་པ་ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་ཀྱི། ཆོས་འགའ་ཞིག་སྐྱེ་བའམ་འཇིག་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི་རྡུལ་ཕྲ་རབ་རྣམས་དུས་གསུམ་དུ་ཡང་རྣམ་པར་མི་འགྱུར་བའི་རང་གི་ངོ་བོ་ཡིན་པའི་ཕྱིར་རྟག་པར་འགྱུར་ལ། རྡུལ་ཕྲ་རབ་བསགས་པ་དང་གྱེས་པ་ཙམ་དུ་ཡང་འགྱུར་ཏེ། ད་ལྟར་བྱུང་བའི་གནས་སྐབས་ན་རྡུལ་ཕྲ་རབ་བསགས་པ་གང་ཡིན་པ་དེ་བྱ་བ་ཙམ་ཞིག་འདས་པ་དང་མ་འོངས་པར་འགྱུར་རོ། །དེ་ལྟར་ན་རྡུལ་ཕྲ་རབ་རྣམས་རྟག་པར་འགྱུར་ཞིང་རྡུལ་ཕྲ་རབ་རྣམས་བསགས་པ་ཙམ་ཉིད་ད་ལྟར་ཡིན་པས་ཅུང་ ཟད་ཀྱང་སྐྱེ་བ་ཡང་མེད་ལ་དེ་རྣམས་གྱེས་པ་ཙམ་ཞིག་འདས་པ་ཡིན་པས་ཅུང་ཟད་ཀྱང་འགག་པ་མེད་དོ། །དེ་ལྟར་ན་ཡང་འཚོ་བྱེད་ཀྱི་རྩོད་པ་བླངས་པ་ཡིན་ཏེ། དེ་དག་ཀྱང་དེ་སྐད་སྨྲ་བའི་ཕྱིར་རོ། །མདོ་ཡང་བོར་བར་འགྱུར་རོ་ཞེས་བྱ་བ་ནི་འགལ་བར་བྱས་པར་འགྱུར་རོ། །ཇི་ ལྟར་འགལ་བར་བྱས་པར་འགྱུར་ཞེ་ན། མིག་ནི་སྐྱེ་བ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མིག་གི་དབང་པོའི་རྡུལ་ཕྲ་རབ་མ་འོངས་པའི་དུས་ན་སིལ་བུ་ཡིན་པ་རྣམས་ད་ལྟར་བྱུང་བའི་དུས་སུ་བསགས་པར་འགྱུར་རོ་ཞེས་བྱ་བས་ནི་མིག་ནི་སྐྱེ་བ་ན་གང་ནས་ཀྱང་མི་འོང་ངོ་ཞེས་བྱ་བ་འདི་ལ་གནོད་པར་ འགྱུར་རོ། །དེ་བཞིན་དུ་མིག་གི་དབང་པོའི་རྡུལ་ཕྲ་རབ་བསགས་པ་རྣམས་བྱེ་བ་ཙམ་དུ་ཁས་བླངས་པའི་ཕྱིར་འགག་པ་ན་ཡང་གང་དུ་ཡང་སོགས་པར་མི་འགྱུར་རོ་ཞེས་བྱ་བ་འདི་དང་འགལ་བར་བྱས་པ་ཡིན་ནོ། །རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་རྣམས་ཀྱང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཀྱིས་ མ་བསགས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་སིལ་བུ་ཉིད་ཅེས་བྱ་བ་ནི་ཡུལ་ན་མི་གནས་པའི་ཕྱིར་སིལ་བུ་ཉིད་ཡོད་པ་མ་ཡིན་ནོ་ཞེས་དགོངས་སོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་དག་སྟེ། ཇི་ལྟར་འབྱུང་ཞིང་ཉམས་སུ་མྱོང་བ་དྲན་ནོ། །སྐྱེ་མཆེད་བཅུ་གསུམ་པ་ཡང་དམིགས་པར་ འགྱུར་རོ་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་མེད་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཡིན་ན་ནི་དེ་ལྟ་ན་སྐྱེ་མཆེད་བཅུ་གསུམ་པ་ཡང་མེད་པས་འདས་པ་དང་མ་འོངས་པ་ལྟར་དེ་ཡང་དམིགས་པར་འགྱུར་ན་དམིགས་པ་དེ་ཡང་མ་ཡིན་ཏེ། དེའི་ཕྱིར་མེད་པ་ལ་དམིགས་པའི་རྣམ་པར་ཤེས་པ་མེད་ དོ་ཞེས་བྱ་བར་ངེས་སོ། །འོ་ན་སྐྱེ་མཆེད་བཅུ་གསུམ་པ་མེད་དོ་སྙམ་པའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེ་མཆེད་བཅུ་གསུམ་པ་མེད་དོ་སྙམ་པའི་ཤེས་པའི་དམིགས་པ་ནི་དངོས་པོ་ཡིན་པར་མི་རུང་སྟེ། མིག་ལ་སོགས་པ་བཞིན་དུ་སྐྱེ་མཆེད་བཅུ་གསུམ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིའི་ དམིགས་པ་ནི་དངོས་པོ་མེད་པ་ལས་མ་གཏོགས་པ་གང་ཞིག་ཡོད་པ་བརྗོད་པར་བྱ་དགོས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མིང་དེ་ཉིད་དམིགས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བཅུ་གསུམ་པ་ཞེས་གྲངས་ཀྱི་མིང་གང་ཡིན་དེ་ཉིད་དམིགས་པ་ཡིན་ཏེ། དེའི་ཕྱིར་འདི་ཡང་ཡོད་པ་ལ་དམིགས་ པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་མིང་ཉིད་མེད་དོ་ཞེས་བྱ་བར་རྟོག་པར་འགྱུར་གྱི་བརྗོད་བྱ་སྐྱེ་མཆེད་ནི་མ་ཡིན་ནོ། །གཞན་ཡང་སྒྲའི་སྔ་ན་མེད་པ་ལ་དམིགས་པ་ནི་དེའི་དམིགས་པ་ཡང་ཅི་ཞིག་ཡིན་ཞེས་བྱ་བ་ནི་སྐྱེ་བ་བཀག་པ་ལས་མ་གཏོགས་པ་སྒྲའི་མི་སྐྱེ་བ་གཞན་མེད་དོ་སྙམ་དུ་དགོངས་སོ། །སྒྲ་ཁོ་ ན་ཡིན་ནོ་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དུས་གསུམ་དུ་སྒྲའི་རང་གི་ངོ་བོ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྒྲའི་སྔ་ན་མེད་པ་ལ་དམིགས་པ་དེས་སྒྲ་ཁོ་ན་ལ་དམིགས་པ་ཡིན་གྱི་བདག་ཉིད་དུ་རེད་པ་བཀག་པ་ཙམ་མ་ཡིན་ན། དེ་ལྟ་ན་གང་ཞིག་སྒྲ་མེད་པ་དོན་དུ་གཉེར་བ་དེ་ལ་སྒྲ་དབྱུང་དགོས་པ་ཁོ་ནར་འགྱུར་ཏེ། དེས་ནི་སྒྲ་དོན་དུ་གཉེར་བར་འགྱུར་གྱི། སྒྲ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་མ་འོངས་པའི་གནས་སྐབས་ཡིན་ནོ་ཞེས་འབྱུང་ངོ་། །འདི་སྙམ་དུ་དེར་མེད་དོ་སྙམ་པའི་བློ་ནི་ད་ལྟར་བ་དེ་མེད་དོ་སྙམ་པ་དེ་ལྟར་འདུག་གོ་ སྙམ་ན་དེའི་ཕྱིར་མ་ཡིན་ཏེ། གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མ་འོངས་པ་གང་ཡིན་པ་དེ་ཉིད་ད་ལྟར་ཡིན་ནོ། །ཇི་ལྟར་ད་ལྟར་མེད་ཅེས་བྱ། གཞན་ཡང་ད་ལྟ་ཡང་མ་འོངས་པ་མེད་པས་དེར་ཡང་མེད་དོ་སྙམ་པའི་བློ་ཡོད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཡང་ན་བྱེ་བྲག་གང་ ཡིན་པ་ཞེས་བྱ་བ་ནི་ད་ལྟར་བའི་གནས་སྐབས་ན་མཉམ་པར་བྱ་བ་ཡིན་པ་སྟེ། དེ་མེད་པས་ད་ལྟར་མེད་པ་ཡིན་ནོ་ཞེས་བྱའོ་ཞེ་ན། དེ་མ་བྱུང་བ་ལས་བྱུང་བ་གྲུབ་སྟེ་ཞེས་བྱ་བ་ནས། མ་འོངས་པའི་གནས་སྐབས་སུ་མ་བྱུང་བ་ལས་ད་ལྟར་བའི་གནས་སྐབས་སུ་བྱུང་བའི་ཕྱིར་རོ། །ཡོད་པ་དང་མེད་པ་ པ་གཉི་ག་ཞེས་བྱ་བ་ལ། ད་ལྟར་བྱུང་བའི་གནས་སྐབས་ན་ནི་ཡོད་པ་དམིགས་པ་ཡིན་ལ། མ་འོངས་པའི་གནས་སྐབས་ན་ནི་མེད་པ་དམིགས་པ་ཡིན་ནོ། །གལ་ཏེ་མེད་པ་དམིགས་པ་ཡིན་ན་འོ་ན་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ་ཇི་ལྟར་དྲང་། གང་འཇིག་རྟེན་ན་མེད་པ་གང་ཡིན་པ་ ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལས་ནི་དེའི་དམིགས་པ་མེད་པ་ཉིད་ཡིན་པ་བཀག་པ་ཡིན་ནོ། །མངོན་པའི་ང་རྒྱལ་ཅན་གཞན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་མདོའི་དགོངས་པ་ནི་ཏིང་ངེ་འཛིན་ཡོངས་སུ་དག་པ་རྣམས་སྣང་བ་མེད་བཞིན་དུ་སྟེ། སྦྱོར་བའི་གནས་སྐབས་ན་ལྷའི་མིག་གི་ སྣང་བ་མེད་བཞིན་དུ་ཡོད་པར་ལྟའི་བདག་ཉིད་ལྷའི་མིག་གི་སྣང་བ་གསལ་བའི་ངོ་བོར་ཡོད་པ་ཁོ་ན་ཡོད་པར་ལྟའི་ཞེས་བྱ་བ་འདི་ཡིན་ནོ། །རྟོག་པར་ཡང་ག་ལ་འགྱུར་ཞེས་བྱ་བ་ནི་ཡོད་དམ་མེད་ཅེས་ཐེ་ཚོམ་དུ་སྟེ། བློ་རྣམས་ཡོད་པ་དང་མེད་པའི་ཡུལ་ཅན་ཉིད་ཡིན་ ན་ནི། དེ་གཉི་ག་ལ་ལྟ་བའི་དགོས་པ་འགྲུབ་ཀྱི་ཡོད་པའི་ཡུལ་ཅན་ཉིད་ནི་མི་འགྲུབ་བོ་ཡང་ན་ཁྱད་པར་ཡང་ཅི་ཞིག་ཡོད་ཅེས་བྱ་བ་ལ། གལ་ཏེ་དེ་དག་ཀྱང་ཡོད་པའི་སྣང་བ་ཁོ་ན་ལྟའི་མེད་པ་མ་ཡིན་ན་ནི་གཞན་དག་ལས་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་ཅི་ཞིག་ཡོད། དེ་ནི་གདོན་མི་ཟ་བར་དེ་ ལྟ་བུ་ཡིན་པར་ཞེས་བྱ་བ་ལ། ཅི་ཞེ་ན། བློ་མེད་པ་ལ་དམིགས་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །འདི་ཡོད་པ་དང་མེད་པ་གཉིས་བློའི་ཡུལ་ཡིན་པ་ཉིད་ལ་དཔེར་བརྗོད་པ་ནི་ཡོད་པ་ལ་ཡང་ཡོད་པར་ཤེས་ལ། མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཕྱིར་རྣམ་པར་ ཤེས་པ་ནི་ཡོད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་གཏན་ཚིགས་སུ་མི་རུང་ངོ་། །འོ་ན་ཇི་ལྟ་བུ་ཞེ་ན། དེ་སྔོན་དུ་འགྲོ་བའི་རྒྱུད་ཀྱི་ཁྱད་པར་ལས་ཏེ་ཞེས་བྱ་བ་ནི་ལས་སྔོན་དུ་འགྲོ་བའི་སེམས་ཀྱི་རྒྱུད་ཀྱི་ཁྱད་པར་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྔོན་དུ་འགྲོ་བའི་རྒྱུད་ནི་རྒྱུ་མཐུན་པའི་འབྲས་ བུ་དང་རྗེས་སུ་མཐུན་པ་ཡང་ཡོད་པས་དེའི་ཕྱིར་ཁྱད་པར་སྨོས་ཏེ། རྣམ་པར་སྨིན་པའི་འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུད་བརྟན་པར་བྱ་བའི་ཕྱིར་རོ། །བདག་ཏུ་སྨྲ་བ་དགག་པ་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། ས་བོན་དང་འབྲས་བུ་བཞིན་ནོ་ ཞེས་བྱ་བ་ལ་སོགས་པས་སོ། །གང་གི་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པ་ནི་བཏགས་པར་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་འབྲས་བུ་ལའོ། །དེ་མེད་པར་དེ་ཡོད་པ་མེད་པའི་ཕྱིར་འབྲས་བུའི་ཡོད་པ་སྐྱེ་བར་བྱ་བ་ལ་རྒྱུའི་ནུས་པ་ཡིན་པས་མ་བྱུང་བ་ལས་བྱུང་བ་ཞེས་བྱ་བ་གྲུབ་པ་ཡིན་ནོ། ། གལ་ཏེ་འབྲས་བུ་རྟག་ཏུ་ཡོད་ན་ནི་དེ་ལ་ལས་ཀྱི་ནུས་པ་མེད་དེ། དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་དོན་མེད་པར་ཐལ་བར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སྐྱེད་པར་ནུས་སོ་ཞེའོ། །གང་གི་ཞེ་ན་ལས་ཀྱིའོ། །འོ་ན་ནི་སྐྱེ་བ་མ་བྱུང་བ་ལས་བྱུང་བ་ཞེས་བྱ་བར་གྲུབ་པ་ཡིན་ཏེ། ཁྱད་པར་དེ་སྔར་ མེད་པའི་ཕྱིར་རོ། །ཡང་ཐམས་ཅད་དུ་ཡོད་པ་ཁོ་ན་ཡིན་ཞེས་བྱ་བ་ནི། ལས་དེ་དང་འབྲས་བུ་དང་སྐྱེ་བའོ། །ད་ནི་གང་ལ་ཞེས་བྱ་བ་སྟེ་སྐྱེ་བའམ་འབྲས་བུ་ལ་ལས་སམ་གཞན་ཡང་རུང་སྟེ་རྒྱུ་གང་ཞིག་ནུས་ཏེ། ཐམས་ཅད་ཀྱི་ཚེ་རྫས་སུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ད་ལྟར་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ ལས་དང་འབྲས་བུ་ཡོད་བཞིན་དུའོ། །ཡུལ་གཞན་དུ་འདྲེན་པ་ཡིན་ནོ་ཞེས་བྱ་བ་ནི་མ་འོངས་པ་ཡུལ་ན་མི་གནས་པས་ཞེས་བྱ་བའི་བསམ་པ་འདིས་སྨྲས་པའོ། །རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་འདྲེན་པའི་རྐྱེན་རྣམས་རྟག་ཏུ་ཉེ་བའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་སྟེ་ཚོར་བ་ལ་སོགས་ པ་རྣམས་ལ་དེ་ཇི་ལྟར་ཏེ། འདྲེན་ཞེས་བྱ་བ་དང་སྦྱར་ཏེ། དེ་རྣམས་ནི་རྟག་ཏུ་ཡུལ་ན་མི་གནས་པས་དྲིས་པ་ཡིན་ནོ། །འབྲས་བུའི་འདྲེན་པ་བྱ་བའི་མིང་ཅན་གང་ཡིན་པ་དེ་ཡང་མ་བྱུང་བ་ལས་བྱུང་བ་ཡིན་ཏེ། དེ་ནི་སྔར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོའི་ཁྱད་པར་ཞིག་ཅེས་བྱ་བ་ ལ་ད་ལྟར་བ་བྱེད་པས་དེ་ལ་ལས་ཀྱི་ནུས་པ་ཡོད་པ་ཡིན་ནོ་ཞེ་ན། ཁྱད་པར་དེ་སྔར་མེད་པས་མ་བྱུང་བ་ལས་བྱུང་བ་གྲུབ་པ་ཡིན་ནོ། །ཇི་ལྟར་སྔར་ཡོད་པ་ཉིད་དོ་ཞེ་ན། ད་ལྟར་བར་བྱས་པས་འདི་ལ་ཁྱད་པར་ཡོད་པ་མ་ཡིན་པས་ལས་ཀྱི་ནུས་པ་མེད་པས་སོ་ན་འདུག་པ་ཉིད་དོ། །གལ་ཏེ་སྐྱེ་མཆེད་ བཅུ་གཉིས་ཡོད་ཀྱི། འདས་པ་དང་མ་འོངས་པ་མེད་ན། ཡིད་ཀྱི་སྐྱེ་མཆེད་འདས་པ་ཇི་ལྟར་གཞག་ཅེ་ན། སྨྲས་པ། རྣམ་པར་ཤེས་པ་ད་ལྟར་བ་ཁོ་ན་རྣམ་པར་ཤེས་པ་གཞན་གྱི་རྟེན་གྱི་དངོས་པོར་རྣམ་པར་གནས་ཀྱི། འདས་པ་ནི་མ་ཡིན་པས་སྐྱོན་འདི་མེད་དོ། །ཡང་ན་དུས་གསུམ་སྟེ། ཅི་ཞེ་ན། ཐམས་ཅད་ཡོད་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །གལ་ཏེ་དུས་གསུམ་ཡོད་དོ་ཞེས་བརྗོད་ན། འོ་ན་ནི་འདས་པ་དང་མ་འོངས་པ་གྲུབ་བོ་ཞེ་ན། དེའི་ཕྱིར་ཇི་ལྟར་ཡོད་པ་དེ་བཞིན་དུ་ནི་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་སོ། །སྔོན་བྱུང་བ་གང་ཡིན་པ་དེ་ནི་འདས་པ་ཡིན་ནོ། །རྒྱུ་ཡོད་ན་འབྱུང་བར་འགྱུར་བ་གང་ ཡིན་པ་དེ་ནི་མ་འོངས་པ་ཡིན་ནོ། །བྱུང་ནས་མ་ཞིག་པ་གང་ཡིན་པ་དེ་ནི་ད་ལྟར་བ་ཡིན་ནོ་ཞེས་བྱ་བར་རོ། །ཇི་ལྟར་ན་དེས་དར་ལྡན་པ་ཡིན་ཞེས་བྱ་བ་ནི། ཇི་ལྟར་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དེས་སམ་འདས་པ་དང་མ་འོངས་པའི་དངོས་པོ་དེར་ལྡན་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེ་ལས་སྐྱེས་པ་དེའི་རྒྱུའི་ ཕྲ་རྒྱས་ཡོད་པའི་ཕྱིར་ཉོན་མོངས་པ་དེས་ཞེས་བྱ་བ་ལ་འདས་པའི་ཉོན་མོངས་པ་དེ་ལས་སྐྱེས་པ་ནི་དེ་ལས་སྐྱེས་པའོ། །མ་འོངས་པའི་ཕྲ་རྒྱས་དེའི་རྒྱུ་ནི་དེའི་རྒྱུའོ། །དེ་ནི་དེ་ལས་སྐྱེས་པ་ཡང་ཡིན་ལ། དེའི་རྒྱུ་ཡང་ཡིན་པས་དེ་ལས་སྐྱེས་པ་དེའི་རྒྱུའོ། །དེ་ལས་སྐྱེས་པ་དེའི་ རྒྱུ་ཉིད་ཕྲ་རྒྱས་ཡིན་པ་ནི་དེའི་རྒྱུ་དེ་ལས་སྐྱེས་པའི་ཕྲ་རྒྱས་སོ། །དེ་ཡོད་པ་ནི་དེ་ལས་སྐྱེས་པའི་དེའི་རྒྱུ་ཕྲ་རྒྱས་ཡོད་པ་སྟེ། དེ་ལས་སྐྱེས་པ་དེའི་རྒྱུ་ཕྲ་རྒྱས་ཡོད་པ་དེའི་ཕྱིར་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དེས་ལྡན་པར་འགྱུར་རོ། །དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པས་དངོས་ པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་དམིགས་པ་ཡང་ཡིན་ལ། ཉོན་མོངས་པ་ཡང་ཡིན་པས་དེ་ལ་དམིགས་པའི་ཉོན་མོངས་པ་སྟེ། དེ་ལ་ཞེས་བྱ་བ་འདི་ནི་འདས་པ་དང་མ་འོངས་པ་དང་སྦྱར་རོ། །དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ནི་དེ་ལ་དེ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་སོ། ། དེ་ཡང་གང་ཞིག་ཅེ་ན། ཉོན་མོངས་པའི་བག་ཆགས་ཏེ། ཉོན་མོངས་པའི་ས་བོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པ་ནི། དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པ་སྟེ། དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པས་དངོས་པོ་དང་སྟེ། གཟུགས་ ལ་སོགས་པ་འདས་པ་དང་མ་འོངས་པ་དང་ལྡན་པ་ཡིན་ནོ། །ཆོས་ཉིད་དག་ནི་ཟབ་པ་ཡིན། །ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་ངོ་བོ་ནི་ཟབ་པ་སྟེ། དེ་གདོན་མི་ཟ་བར་རྟོགས་པས་བསྒྲུབ་པ་མ་ཡིན་ནོ། །འདས་པ་ལ་སོགས་པའི་དུས་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར། རྣམ་གྲངས་ཀྱང་ཡོད་དེ་ཞེས་ བྱ་བ་སྨྲས་ཏེ། ཚུལ་ཡོད་ཅེས་བྱ་བའི་དོན་ཏོ། །གཟུགས་སྐྱེ་ལ་གཟུགས་འགག་གོ་ཞེས་བྱ་བའི་དོན་ནི་དེ་ཉིད་ད་ལྟར་བར་གྱུར་ནས་འདས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མ་འོངས་པ་སྐྱེ་ལ། འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་ད་ལྟར་གྱི་འགག་གོ། །དུས་ཀྱང་སྐྱེ་ སྟེ་ཞེས་བྱ་བ་ནི་དེ་དག་ཉིད་དུས་གཏམ་གཞི་དང་ཞེས་འབྱུང་བའི་ཕྱིར་རོ། །དུས་ལས་ཀྱང་སྟེ་ཞེས་བྱ་བ་ནི་འབྱུང་ཁུངས་ཀྱི་ངོ་བོ་ལས་ཆོས་སྐྱེ་བའོ། །ཅིའི་ཕྱིར་ཞེ་ན། མ་འོངས་པའི་ཆོས་སྐད་ཅིག་མ་དུ་མ་པའི་ཕྱིར་རོ་ཞེས་བྱ་བ་སྨོས