Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 145
Văn bản gốc(Tây Tạng)
Trang 9 / 22 (50.000 ký tự/trang)
་ཏེ། གང་གི་ཕྱིར་མ་འོངས་པའི་སྐད་ཅིག་མ་དུ་མ་སྤུངས་པའི་རང་བཞིན་རྣམས་ ལས་སྐད་ཅིག་མ་འགའ་ཞིག་སྐྱེ་བ་དེའི་ཕྱིར་དུས་ལས་ཀྱང་སྐྱེ་བའོ་ཞེས་བརྗོད་དོ། །ཞར་ལ་འོངས་པ་ཞེས་བྱ་བ་ནི་ལྷག་མ་ཀུན་གྱིས་ཀུན་དང་ལྡན་ཞེས་བྱ་བ་འདིའི་ཞར་ལ་འོངས་པ་ཡིན་ནོ། །དངོས་པོ་དེ་སྤངས་པ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདིར་སྤངས་པ་ནི་ཐོབ་པ་དང་བྲལ་བ་ལས་མངོན་ པར་འདོད་ལ་བྲལ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ལས་མངོན་པར་འདོད་དོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་ན་དེ་མ་སྤངས་པར་མི་འགྱུར་བས་དེའི་ཕྱིར་རེ་ཞིག་གང་དང་བྲལ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྤངས་ལ་དེ་དང་མ་བྲལ་བ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པ་ འབྱུང་ངོ་། །མཐོང་བའི་ལམ་གྱི་དབང་དུ་བྱས་ནས་སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་དང་པོའི་རྣམ་པ་སྤངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡུག་བསྔལ་ཤེས་པ་ནི་སྐྱེས་ལ་ཞེས་བྱ་བས་ནི་སྡུག་བསྔལ་ལ་ཆོས་ ཤེས་པ་དང་རྗེས་སུ་ཤེས་པ་གཟུང་ངོ་། །ཀུན་འབྱུང་ཤེས་པ་ཡང་དེ་ལྟར་གཉི་ག་གཟུང་ངོ་། །ཀྱང་ཞེས་བྱ་བའི་སྒྲ་ནི་བསྣན་པའི་དོན་ཏོ། །གཞན་དག་ན་རེ་བསྡུ་བའི་དོན་དུའོ་ཞེའོ། །ཆོས་བཅུ་དྲུག་པོ་ཞེས་བྱ་བ་ནི་དམིགས་པ་སྟེ། ཁམས་གསུམ་རེ་རེ་ཞིང་རྣམ་པ་ལྔ་ལྔ་པོ་སྡུག་བསྔལ་དང་ཀུན་འབྱུང་ བ་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པ་ཞེས་བྱ་བ་སྟེ། བཅུ་དྲུག་ཏུ་འགྱུར་རོ། །སེམས་ཀྱང་བཅུ་དྲུག་སྟེ། དེ་དག་ཉིད་དོ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་དང་། ཀུན་དུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པ་གཅིག་ཏུ་བྱས་ཏེ། སྡུག་ བསྔལ་མཐོང་བས་སྤང་བར་བྱ་བར་བཤད་ལ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡང་དེ་དང་འདྲའོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པ་གཅིག་ཏུ་བྱས་ནས་བཤད་དོ། །བསྒོམ་པས་སྤང་བར་བྱ་བ་ཡང་ཉོན་མོངས་པ་ཅན་དང་ ཉོན་མོངས་པ་ཅན་མ་ཡིན་པ་གཅིག་ཏུ་བྱས་ནས་བཤད་དོ། །ཟག་པ་མེད་པ་ཡང་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་གཅིག་ཏུ་བྱས་ནས་བཤད་དོ། །རེ་ཞིག་སྡུག་བསྔལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་གོ་རིམས་བཞིན་དུ་ ཕྲ་རྒྱས་བཅུ་དང་བདུན་དང་། དེ་དག་དང་ལྷན་ཅིག་འབྱུང་བ་དང་དེ་རྣམས་ཀྱི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང་བསྒོམ་པས་སྤང་བར་བྱ་བ་བཞི་དང་། དེ་དག་ལྷན་ཅིག་འབྱུང་བ་དང་དེ་རྣམས་ཀྱི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང་། ཟག་པ་དང་བཅས་ པའི་གཟུགས་ཐམས་ཅད་དང་། ཉོན་མོངས་པ་ཅན་མ་ཡིན་པ་གཞན་དག་གོ། །དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བ་ཕྲ་རྒྱས་བདུན་དང་དེ་དག་དང་ལྷན་ཅིག་འབྱུང་བ་དང་། དེ་རྣམས་ཀྱི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང་། ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དང་། དེ་དང་ལྷན་ཅིག་འབྱུང་བ་དང་། དེ་རྣམས་ཀྱི་འཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་སྟེ། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཡང་ཅི་རིགས་པར་རིག་པར་བྱའོ། །རང་གི་ཁམས་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་ འདོད་པ་ན་སྤྱོད་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རྣམ་པར་ཤེས་པ་འདོད་པ་ན་སྤྱོད་པ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་། མི་ལྕོགས་པ་མེད་པས་བསྡུས་པའམ། བསམ་གཏན་གྱི་དངོས་གཞིས་བསྡུས་པ་མི་སྡུག་པ་ལ་སོགས་པའི་རྣམ་པ་ཅན་ནམ། གཟུགས་ཀྱི་ཁམས་སུ་སྐྱེས་པ་གང་ཞིག་གང་གིས་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་སེམས་ལ་ལྟ་བའམ། འདོད་པའི་ཁམས་སུ་སྐྱེས་པ་དེ་ལ་འདོད་ཆགས་དང་བྲལ་བ་ཞིག །གང་གི་ཚེ་མཐོང་ བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་འཇིག་རྟེན་པའི་ལམ་གྱི་ཁམས་དེ་ཉིད་ལ་དམིགས་པ་ཡང་རུང་སྟེ། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དགེ་བ་གཅིག་དང་། ཟག་པ་མེད་པ་སྟེ། ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་དམིགས་པ་ཡིན་ནོ། །ཀུན་འབྱུང་མཐོང་བས་སྤང་བར་ བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དག་ཀྱང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་སྡུག་བསྔལ་དུ་གཏོགས་པའི་སེམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ལ་དམིགས་སོ། །ཀུན་འབྱུང་དུ་གཏོགས་པ་ཀུན་དུ་ འགྲོ་བ་དང་མཚུངས་པར་ལྡན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་སོ། །བསྒོམ་པས་སྤང་བར་བྱ་བ་ལ་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལ་དམིགས་སོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་ པ་ཅན་མ་ཡིན་པ་ཐམས་ཅད་ནི་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་སོ། །གཟུགས་སུ་གཏོགས་པ་དང་ཟག་པ་མེད་པ་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་སྡུག་བསྔལ་མཐོང་བ་ལ་སོགས་པས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་ནི་སེམས་ལྔ་དང་ལྔ་པོ་རེ་རེའི་དམིགས་པ་ཡིན་ནོ། །རང་གི་ཁམས་ པ་གསུམ་སྟེ་དེ་དག་ཉིད་དང་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པའི་སྒོ་ནས་སྡུག་བསྔལ་ཀུན་འབྱུང་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དག་གོ། །དེས་ན་བསྒོམ་པས་སྤང་བར་བྱ་བ་ནི་ཐོས་པ་ལས་བྱུང་བ་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་དང་། བསྒོམས་པ་ལས་བྱུང་བ་ཞི་བ་ ལ་སོགས་པའི་སེམས་ཡོད་པ་ཡིན་ནོ། །ས་འོག་མ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། དེ་ལ་དམིགས་པ་བསྒོམ་པས་སྤང་བར་བྱ་ བའི་སེམས་ཐོས་པ་དང་བསམས་པ་ལས་བྱུང་བ་དགེ་བའི་ཆོས་ལ་འདུན་པ་དང་མཚུངས་པར་ལྡན་པ་དང་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ཡོད་དོ། །ཁམས་གོང་མ་པ་གཅིག་སྟེ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པ་རགས་པ་ལ་ སོགས་པའི་རྣམ་པ་ཅན་ནོ། །ཟག་པ་མེད་པའི་ཞེས་བྱ་བ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའོ། །ཁམས་གསུམ་པ་རྣམ་པ་གསུམ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་སྐབས་སུ་བབ་པའི་ཕྱིར་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་ བ་རྣམས་དང་སྦྱར་རོ་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པ། སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། འདོད་པར་གཏོགས་པའི་བསྒོམ་པས་སྤང་བར་བྱ་བ་དགེ་བ་དང་མི་དགེ་བ་གཉིས་ཉིད་དང་། རང་གི་ཁམས་ པ་དག་གི་དམིགས་པ་ཡིན་ཏེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་སྡུག་བསྔལ་དུ་གཏོགས་པ་ཀུན་དུ་འགྲོ་བ་དང་། ཀུན་དུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པ་དང་། ཀུན་འབྱུང་དུ་གཏོགས་པ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་ སྤང་བར་བྱ་བ་དགེ་བ་ཞི་བ་དང་རགས་པའི་རྣམ་པ་ཅན་དུ་ཞུགས་པ་ཉིད་ཀྱི་དམིགས་པ་ཡིན་ནོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཀྱང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་འདྲ་བར་རིག་པར་བྱའོ། །བསྒོམ་པས་སྤང་བར་བྱ་བ་དག་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་ བར་བྱ་བ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་གྱི་དམིགས་པ་དག་གོ། །ཟག་པ་མེད་པའི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་འོ། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་ལ། ཀུན་སྨོས་པ་ནི་ འདོད་པ་དང་གཟུགས་དང་གཟུགས་མེད་པར་བསྡུ་བར་བྱ་བའི་ཕྱིར་རོ། །དེ་གླགས་པའི་ཞེས་ཁྱད་པར་མེད་པར་བརྗོད་ཀྱང་། ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པར་མི་གཟུང་སྟེ། དེ་ནི་འགོག་པ་དང་ལམ་ལ་དམིགས་པའི་ཕྱིར་རོ། །སྔར་བཤད་པ་ལྔ་དང་ཞེས་བྱ་བ་ལ། སྡུག་བསྔལ་ དང་ཀུན་འབྱུང་དུ་གཏོགས་པ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང་། བསྒོམ་པས་སྤང་བར་བྱ་བ་དགེ་བ་དང་གཟུགས་སུ་གཏོགས་པ་དགེ་བ་ཁོ་ན་དང་། ཟག་པ་མེད་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་དེ་ཉིད་ཀྱི་དམིགས་པ་ཡིན་ཏེ། དེ་ལྟར་ན་དྲུག་གི་དམིགས་པ་ཡིན་ནོ། །སེམས་དགུ་དང་བཅུ་གཅིག་གི་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ་གཟུགས་ན་སྤྱོད་པ་དག་ནི་དགུ་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་བསྒོམ་པས་སྤང་བར་བྱ་བ་སྟེ། འདོད་པར་གཏོགས་པ་གསུམ་དང་། རང་གི་ཁམས་ས་གསུམ་པ་ཀུན་དུ་འགྲོ་བ་ དང་། མཚུངས་པར་ལྡན་པའི་གཉིས་དང་། བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་མེད་པར་གཏོགས་པ་བསྒོམ་པས་སྤང་བར་བྱ་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པ་དང་། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་དང་། འགོག་པ་མཐོང་བས་ སྤང་བར་བྱ་བ་དེ་ཉིད་ཀྱིས་གླགས་པའི་དམིགས་པའོ། །གཟུགས་མེད་པ་ན་སྤྱོད་པ་དག་བཅུ་གཅིག་གིས་ཏེ། སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་རྣམས་དང་། བསྒོམ་པས་སྤང་བར་བྱ་བ་གཉིས་ཏེ། དྲུག་དང་། རང་གི་ཁམས་པ་གསུམ་པོ་ཀུན་དུ་འགྲོ་བ་དང་། མཚུངས་པར་ལྡན་པ་གཉིས་དང་། བསྒོམ་པས་སྤང་བར་བྱ་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་རང་གི་ས་པས་གླགས་པ་དང་། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་སྟེ། དེ་ལྟར་ན་སེམས་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ལམ་མཐོང་བས་སྤང་བར་བྱ་བ་དག་ཀྱང་ དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་ཞེས་བྱ་བ་ལ། རེ་ཞིག་འགོག་པ་ནི་འགོག་པ་མཐོང་བས་སྤང་བར་བྱ་བ་ལ་ལོག་པར་ལྟ་བ་ལ་སོགས་པ་དག་དང་། བསྒོམ་པས་སྤང་བར་བྱ་བ་དགེ་བ་ཅི་རིགས་པར་ཐོས་པ་དང་བསམ་པ་དང་བསྒོམ་ པས་བསྡུས་པ་དག་གི་དམིགས་པ་ཡིན་ལ་དེ་བཞིན་དུ་ལམ་ཡང་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དག་དང་། བསྒོམ་པས་སྤང་བར་བྱ་བ་ཇི་སྐད་བཤད་པ་དག་གིས་དམིགས་པ་ཡིན་ནོ། །ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གཉིས་ནི་བསྒོམ་པས་ སྤང་བར་བྱ་བ་ཁོ་ནའི་དམིགས་པ་ཡིན་ནོ། །ལམ་དང་སོ་སོར་བརྟགས་པས་འགོག་པ་དག་ནི་ཟག་པ་མེད་པའི་ཡང་ཡིན་ཏེ། དེ་ལྟར་ན་དེ་དག་ནི་མདོར་བསྡུས་ན་སེམས་བཅུར་འགྱུར་རོ། །ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང་། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་ བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་འདོད་པར་གཏོགས་པ་དག་ནི་རེ་རེ་སེམས་ལྔའི་དམིགས་པ་ཡིན་ནོ། །གཟུགས་ན་སྤྱོད་པའི་ཆོས་དེ་དག་ཉིད་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་དག་ནི་སེམས་བཅུའི་དམིགས་པ་ཡིན་ནོ། །ཟག་པ་མེད་པ་དག་ཀྱང་བཅུ་ཁོ་ ན་ཡིན་པར་གོང་དུ་བཤད་པའི་རྗེས་སུ་འབྲངས་ཏེ་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །འགོག་པ་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་འདི་ཡང་གོང་མ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །བདེ་བའི་དབང་པོ་ནི་རྣམ་པ་བདུན་ཏེ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ན་ནི་བདེ་བའི་དབང་པོ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པས་ལུས་ཀྱི་ཁོ་ན་ཡིན་པར་གཞག་ལ་དེ་ཡང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ཉོན་མོངས་ཅན་ མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་ངེས་པའི་ཕྱིར་རོ། །གཟུགས་ན་སྤྱོད་པ་རྣམ་པ་ལྔ། །ཞེས་བྱ་བ་ལ། བསམ་གཏན་དང་པོའི་ས་པའི་རྣམ་པར་ཤེས་པའི་ཚོགས་གསུམ་པ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ལ། བསམ་གཏན་གསུམ་པའི་ས་པ་ཡིད་ཀྱི་ནི་ ཉོན་མོངས་པ་རྣམ་པ་ལྔ་དང་མཚུངས་པར་ལྡན་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཡིན་ཏེ། བསམ་གཏན་དང་པོ་དང་གསུམ་པའི་ས་པའི་བདེ་བའི་དབང་པོ་འདི་ནི་བསྡོམས་ནས་གཟུགས་ན་སྤྱོད་པ་རྣམ་པ་ལྔ་ཞེས་བཤད་དོ། །བསམ་གཏན་གཉིས་པ་དང་ བཞི་པ་དང་གཟུགས་མེད་པ་དག་ན་ནི་བདེ་བའི་དབང་པོ་མེད་པ་ཁོ་ན་ཡིན་ནོ། །ཟག་པ་མེད་པའོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་བརྟེན་པའི་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའོ། །འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང་ཞེས་བྱ་བ་ལ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ཡིན་ལ། དེ་ཉིད་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་དམིགས་པ་ནི་གཟུགས་ ན་སྤྱོད་པ་རྣམ་པ་ལྔ་ཆར་ཡང་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་དམིགས་པ་ནི་བསམ་གཏན་གསུམ་པའི་ས་པའི་བདེ་བའི་དབང་པོའི་ཟག་པ་མེད་པའི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ཡིན་ལ། ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ནི་ཁམས་གོང་མའི་རྣམ་པ་ལྔ་ཆར་ཡང་ཡིན་ནོ། །འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་ཞེས་ བྱ་བ་འབྱུང་སྟེ། དེ་ལ་ཟག་པ་མེད་པ་ལ་དམིགས་པ་གང་ཡིན་པ་དེའི་དམིགས་པ་འགོག་པ་ཁོ་ན་ཡིན་ཞིང་། གང་ཞིག་ཟག་པ་དང་བཅས་པ་ལ་དམིགས་པ་དེའི་དམིགས་པ་ཡང་ལོག་པར་ལྟ་བ་ལ་སོགས་པ་ཡིན་ལ་འདོད་པ་ན་སྤྱོད་པའི་ལོག་པར་ལྟ་བ་ལ་སོགས་པ་དག་ནི། བདེ་བའི་དབང་པོ་དང་མཚུངས་ པར་མི་ལྡན་ཏེ། ལོག་པར་ལྟ་བ་ལ་སོགས་པ་དག་ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་ཡིན་པའི་ཕྱིར་དང་། འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པ་ཡིན་པའི་ཕྱིར་རོ། །གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྟེ། དེ་ལ་འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ནི་འདོད་པའི་ཁམས་རྣམ་པར་སུན་འབྱིན་པའི་ཚེ་གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་ཁོ་ནའི་དམིགས་པ་ཡིན་ནོ། །བསམ་གཏན་དང་པོའི་ས་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་དམིགས་པ་ཡིན་ཏེ། ཀུན་དུ་འགྲོ་བ་རྣམས་ནི་རྣམ་པ་ལྔ་ལ་དམིགས་པའི་ཕྱིར་རོ། །བསམ་གཏན་གསུམ་པའི་ས་པ་རྣམ་པ་ལྔའི་དམིགས་པ་ནི་ཅི་རིགས་པར་དེའི་ས་པ་ལྔ་ཆར་ཡང་ཡིན་པར་རིག་པར་བྱའོ། །གཟུགས་མེད་པ་ན་ སྤྱོད་པ་གཉིས་ཏེ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལམ་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡིན་པ་ནི་གང་གི་ཚེ་ལོག་པར་ལྟ་བ་ལ་སོགས་པ་དག་གི་བསམ་གཏན་གསུམ་པའི་ས་པའི་རྗེས་སུ་མཐུན་པའི་ཕྱོགས་དང་མཐུན་པའི་ལམ་ལ་དམིགས་པ་ནའོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་མ་ཡིན་ པའི་དམིགས་པ་ཡང་བདེ་བའི་དབང་པོ་ཟག་པ་མེད་པ་དེ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ཏེ། གཟུགས་མེད་དངོས་གཞི་དགེ་རྣམས་ནི། །ཟག་བཅས་འོག་མའི་ཡུལ་ཅན་མིན། །ཞེས་འབྱུང་བའི་ཕྱིར་ཏེ། གཟུགས་མེད་པའི་ཁམས་སུ་སྐྱེས་པའི་འཕགས་པ་རྣམས་ནི་གོམས་པའི་དབང་གིས་ དགེ་བ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པས་བསམ་གཏན་གསུམ་པའི་ལམ་ཟག་པ་མེད་པ་ལ་དམིགས་པ་ཡིན་ཏེ། དེ་ནི་དེ་ན་བདེ་བའི་དབང་པོ་ལ་དམིགས་པ་ཡིན་པར་རིག་པར་བྱའོ། །ཟག་པ་མེད་པའི་ཞེས་བྱ་བ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་དམིགས་པ་ནི་གཟུགས་ན་སྤྱོད་ པའི་བདེ་བའི་དབང་པོ་ཡིན་ལ། ཆོས་ཤེས་པའི་ཕྱོགས་ཀྱི་དམིགས་པ་ནི་བདེ་བའི་དབང་པོ་འདོད་པ་ན་སྤྱོད་པ་དང་། ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་ལའོ། ། ཅི་རིགས་པར་ཞེས་བྱ་བ་འབྱུང་སྟེ། དེ་ལ་རེ་ཞིག་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་བདེ་བའི་དབང་པོ་ལ་དམིགས་པ་རྣམ་པ་བཞི་ལ་ནི་འདོད་པ་ན་སྤྱོད་པའི་རིས་བཞི་རྒྱས་པར་འགྱུར་རོ། །ཅི་རིགས་པར་ཞེས་བཤད་པ་དེ་ལ་རིགས་པ་འདི་ཡིན་ཏེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་ བྱ་བ་བཅུ་དང་མཚུངས་པར་ལྡན་པའི་སེམས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་རྣམ་པ་བཅུ་ཁོ་ནར་འགྱུར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ལ་ནི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། འཇིག་ཚོགས་ལ་ལྟ་བ་དང་ མཚུངས་པར་ལྡན་པའི་སེམས་སྔར་སྐྱེས་པ་ནི་འཇིག་ཚོགས་ལ་ལྟ་བ་ཕྱི་མས་དམིགས་པས་དེར་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །མཐར་འཛིན་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ལྷག་མ་དགུ་ལ་ནི། འཇིག་ཚོགས་ལ་ལྟ་བ་དམིགས་པ་ ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་ནི་མ་ཡིན་ཏེ། ཉོན་མོངས་པ་རང་དབང་བ་གཉིས་མཚུངས་པར་ལྡན་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་སེམས་དག་ལ་དམིགས་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་མ་ཡིན་པ་ཡང་དེ་དང་འདྲའོ། །འཇིག་ཚོགས་ལ་ལྟ་བ་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཀུན་དུ་འགྲོ་བ་ལྷག་མ་དག་ཀྱང་བཤད་པར་བྱའོ། །འདོད་ཆགས་ལ་སོགས་པ་ཀུན་དུ་འགྲོ་བ་མ་ཡིན་པ་དག་ནི་གཞན་གྱི་རིས་ལ་རྒྱས་པར་མི་འགྱུར་གྱི། རང་གི་རིས་ལ་ནི་ཇི་ལྟར་ འཇིག་ཚོགས་ལ་ལྟ་བ་བཤད་པ་དེ་ལྟར་བཤད་པར་བྱའོ། །མ་རིག་པ་ནི་རྣམ་པ་བཅུ་ཆར་ལ་ཡང་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དག་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། དམིགས་པའི་ སྒོ་ནས་ནི་མ་ཡིན་ནོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ལ་ཇི་སྐད་བཤད་པ་དེ་བཞིན་དུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ལ་ཡང་བཤད་པར་བྱའོ། །ལམ་མཐོང་བས་སྤང་བར་བྱ་བའི་རིས་ཟག་པ་དང་བཅས་པ་ལ་དམིགས་པ་ནི་ལམ་མཐོང་བས་སྤང་བར་བྱ་བའི་སེམས་ཟག་པ་དང་བཅས་ པ་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་རྒྱས་པར་འགྱུར་ཏེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་བཞིན་ནོ། །ལོག་པར་ལྟ་བ་ལ་སོགས་པ་ལམ་མཐོང་བས་སྤང་བར་བྱ་བའི་རིས་ཟག་པ་མེད་པ་ལ་དམིགས་པ་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་ལམ་མཐོང་བས་ སྤང་བར་བྱ་བ་ལ་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི་རྟག་ཏུ་ལམ་ལ་དམིགས་པའི་ཕྱིར་དམིགས་པའི་སྒོ་ནས་ནི་མ་ཡིན་ཏེ། བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་གོང་དུ་བཤད་ཟིན་ཏོ། །བསྒོམ་པས་སྤང་བར་བྱ་བའི་རིས་ནི་འདོད་ཆགས་ལ་སོགས་པས་ཉེ་བར་ཉོན་མོངས་པ་ ཅན་གྱི་སེམས་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་དམིགས་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་ནི་མ་ཡིན་ནོ། །འདོད་པ་ན་སྤྱོད་པ་རྣམ་པ་བཞི་རྒྱས་པའི་ཚུལ་ ཇི་ལྟར་བཤད་པ་དེ་ལྟར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་ཀྱང་ཅི་རིགས་པར་རིག་པར་བྱའོ། །རྣམ་པ་བཅུ་གཉིས་པོ་དེ་ཉིད་དང་ཞེས་བྱ་བ་ལ་འདོད་པའི་ཁམས་ན་སྐལ་བ་མཉམ་པ་དང་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་སེམས་བདེ་བའི་དབང་པོ་ལ་ དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྔར་སྐྱེས་པ་ལ་ནི། སྡུག་བསྔལ་བ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་ཀུན་དུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པས་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དམིགས་སོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་ པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་བདེ་བའི་དབང་པོ་ལ་དམིགས་པ་ལ་ནི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པས་དམིགས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ལ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པས་དམིགས་ ཏེ། དེ་ལྟར་ན་འདོད་པར་གཏོགས་པའི་སེམས་བཞིས་དམིགས་པ་ཡིན་ནོ། །བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པས་གཟུགས་ན་སྤྱོད་པ་ལྔ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ན་ནི་བདེ་བའི་དབང་པོ་རྣམ་པ་ལྔ་ཡོད་པས་དེ་ལ་དམིགས་པས་དེ་ལ་དམིགས་ པའི་སེམས་ཀྱང་རྣམ་པ་ལྔར་འགྱུར་ཏེ། དེ་ཡང་སྔར་སྐྱེས་པ་ལ་ནི་ཕྱིས་སྐྱེས་པའི་རྣམ་པ་ལྔ་པོ་དེ་ཁོ་ནས་དམིགས་སོ། །གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་བདེ་བའི་དབང་པོ་ལ་དམིགས་པ་དང་། བསྒོམ་པས་སྤང་ བར་བྱ་བ་དགེ་བ་ནི་བཤད་ཟིན་ཏོ། །དེ་ལ་གལ་ཏེ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ལ་འདོད་ཆགས་བསྐྱེད་ན་ནི་དེའི་ཚེ་དེ་དང་མཚུངས་པར་ལྡན་པའི་སེམས་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་ནོ། །དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བ་བདེ་བའི་ དབང་པོ་ལ་དམིགས་པ་ལ་ཡང་། གལ་ཏེ་བསྒོམ་པས་སྤང་བར་བྱ་བ་དགེ་བ་འམ་ཉོན་མོངས་པ་ཅན་གྱིས་དམིགས་ན་ནི་དེ་ཡང་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པས་ཀྱང་དེ་གཉི་ག་ལ་དམིགས་པས་དེ་ ཡང་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་པས་དེའི་ཕྱིར་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་སེམས་བསམ་གཏན་གསུམ་པའི་ཟག་པ་མེད་པའི་བདེ་བའི་དབང་པོ་ལ་དམིགས་པ་སྔར་སྐྱེས་པ་ལ་ཕྱིས་སྐྱེས་པས་དམིགས་པ་དེའི་ཕྱིར་དེ་ཡང་ བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཀུན་དུ་འགྲོ་བ་དང་ཀུན་དུ་འགྲོ་བ་མ་ཡིན་པས་བསྡུས་པ་དག་སྟེ། དེ་ལ་ཀུན་དུ་འགྲོ་བ་མ་ཡིན་པ་ལྷག་པར་འགྱུར་རོ། །ཀུན་དུ་འགྲོ་བ་དག་ནི་སྔར་བཤད་པ་ཁོ་ནའོ། །འགོག་པ་ མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་རིགས་བཞི་སྔ་མ་བཞིན་དུ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་དག་ཀྱང་ཅི་རིགས་པར་དམིགས་པ་དང་མཚུངས་པར་ལྡན་ པའི་སྒོ་ནས་རྒྱས་པར་འགྱུར་བར་རིག་པར་བྱ་ལ། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རིགས་ལྔ་ཅི་རིགས་པར་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བར་རིག་པར་བྱའོ། །ལམ་འདིས་ཞེས་བྱ་བ་ནི་སྲོལ་འདིས་ཏེ། ཕྱོགས་འདིས་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཁོང་ དུ་ཆུད་པར་བྱའོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། སྡུག་བསྔལ་གྱི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་དྲི་བ་འོང་བ་ལ་དཔྱད་པར་བྱ་སྟེ། སྡུག་བསྔལ་གྱི་དབང་པོ་ནི་འདོད་པ་ན་སྤྱོད་པ་རྣམ་པ་གཅིག་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་པ་ཡིན་པའི་ ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་ཤེས་པ་ལྔའི་དམིགས་པ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར། འདོད་པ་ན་སྤྱོད་པ་རྣམ་པ་གསུམ་པོ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང་། བསྒོམ་པས་ སྤང་བར་བྱ་བ་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་མི་ལྕོགས་པ་མེད་པས་བསྡུས་པ་རགས་པ་ལ་སོགས་པའི་རྣམ་པ་ཅན་དང་། ཟག་པ་མེད་པའི་དམིགས་པ་ཡིན་ཏེ། རྣམ་པ་ལྔ་པོ་འདི་དག་ནི་སྡུག་བསྔལ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་རིགས་པར་འདོད་པ་ན་སྤྱོད་ པའི་རིས་གསུམ་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་། ཕྲ་རྒྱས་ཀུན་དུ་འགྲོ་བ་དག་རྒྱས་པར་འགྱུར་རོ། །སྡུག་བསྔལ་གྱི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེ་ན། སྡུག་བསྔལ་གྱི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ ལྔ་པོ་དེ་དག་རྣམ་པར་ཤེས་པ་གང་གི་དམིགས་པ་ཡིན་ཞེ་ན། སྔར་ཤེས་པ་རྣམ་པ་ལྔ་པོ་དེ་ཉིད་ཀྱིས་སྐྱེས་པའི་དམིགས་པ་ཡིན་ནོ། །གང་གི་བདེ་བའི་དབང་པོ་ལ་དམིགས་པ་ཟག་པ་མེད་པའི་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་ལ་དམིགས་པ། འདོད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་ ཟག་པ་མེད་པ་ལ་དམིགས་པ་ལོག་པར་ལྟ་བ་ལ་སོགས་པ་ལྟ་བ་དང་མཚུངས་པར་ལྡན་པ་དང་། གང་གིས་གཟུགས་ན་སྤྱོད་པ་སྡུག་བསྔལ་གྱི་དབང་པོ་ལ་དམིགས་པ་བསྒོམ་པས་སྤང་བར་བྱ་བ་དེ་ལ་དམིགས་ལ། གཟུགས་ན་སྤྱོད་པ་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། གཟུགས་མེད་པ་ན་སྤྱོད་པ་དགེ་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་རགས་ལ་སོགས་པའི་རྣམ་པར་ས་འོག་མའི་བསྒོམ་པས་སྤང་བར་བྱ་བའི་སེམས་ལ་དམིགས་པ་དང་། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །རྣམ་པ་དགུ་པོ་འདི་དག་ནི་སྡུག་བསྔལ་གྱི་དབང་པོ་ལ་ དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་རིགས་པར་འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་རིས་བཞི་རྒྱས་པར་འགྱུར་ཏེ། སྡུག་བསྔལ་གྱི་དབང་པོ་ལ་དམིགས་པའི་ཟག་པ་མེད་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ནི་ལམ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ དག་རྒྱས་པར་འགྱུར་ཏེ། དེ་ལ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རིས་གཉིས་དང་། བསྒོམ་པས་སྤང་བར་བྱ་བའི་རིས་ཀྱང་རྒྱས་པར་འགྱུར་ཏེ། གཟུགས་ན་སྤྱོད་པའི་སེམས་དེ་ནི་བསྒོམ་ པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་གཅིག་སྟེ་བསྒོམ་པས་སྤང་བར་བྱ་བ་རྒྱས་པར་འགྱུར་ཏེ། གཟུགས་མེད་པ་ན་སྤྱོད་པའི་སེམས་དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་ཕྲ་རྒྱས་ཀུན་དུ་འགྲོ་བ་དག་རྒྱས་པར་འགྱུར་རོ་ཞེས་བྱ་བར་ཤེས་ པར་བྱ་སྟེ། འདི་ཕྱོགས་ཙམ་ཞིག་གོ། །འདི་དཔྱད་པར་བྱའོ། །ཕྲ་རྒྱས་གང་དག་གིས་སེམས་གང་ཞིག་ཕྲ་རྒྱས་དང་བཅས་པ་ཞེས་བརྗོད་པ། ཅི་ཕྲ་རྒྱས་དེ་དག་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། འདི་ལ་ངེས་པ་མེད་དེ་མ་སྤངས་པ་རྒྱས་པར་འགྱུར་གྱི། སྤངས་པ་ནི་རྒྱས་པར་མི་འགྱུར་རོ། ། འདི་སྐད་དུ་བསྟན་བཅོས་ལས། རྒྱས་པར་འགྱུར་བ་ཡང་ཡོད། རྒྱས་པར་མི་འགྱུར་བ་ཡོད་དོ། །གང་རྒྱས་པར་འགྱུར་ཞེ་ན། སེམས་དེ་དང་མཚུངས་པར་ལྡན་པ་དང་ཕྲ་རྒྱས་གང་དག་ཡིན་པའོ་ཞེས་གསུངས་སོ། །ཡང་ཕྲ་རྒྱས་དང་བཅས་པའི་སེམས་གང་ཞིག་དེ་ལ་དམིགས་པ་བཞིན་དུ་མ་སྤངས་ པ་ཕྲ་རྒྱས་གང་དག་ཡིན་པའོ། །གང་རྒྱས་པར་མི་འགྱུར་ཞེ་ན། སེམས་དེ་དང་མཚུངས་པར་ལྡན་ཞིང་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ་ཞེས་གསུངས་སོ། །ཡང་ཕྲ་རྒྱས་དང་བཅས་པའི་སེམས་གང་ཞིག་ཡིན་ལ། དེ་དག་ཇི་ལྟར་ཕྲ་རྒྱས་དང་བཅས་པ་ཡིན་ཞེ་ན། རེ་ཞིག་ཟག་པ་དང་བཅས་པ་ནི་ ཇི་སྐད་དུ་བཤད་པའི་ཁམས་གསུམ་པ་རྣམ་པ་བཅོ་ལྔའོ། །རྣམ་པ་གཉིས་ཀྱིས་ནི་ཕྲ་རྒྱས་དང་བཅས་པ་ཞེས་བྱ་སྟེ། རྒྱས་པར་འགྱུར་བའི་ངོ་བོ་དང་ལྷན་ཅིག་པའི་ངོ་བོས་སོ། །ཇི་སྲིད་དུ་ཕྲ་རྒྱས་དེའི་ཐོབ་པ་དག་གི་སེམས་དེའི་རྒྱུད་བཟུང་བར་འགྱུར་ཞིང་། རྒྱུད་དེ་ལ་མ་འོངས་པའི་རྒྱུ་མཐུན་པའི་རྒྱུ་གཞག་ པ་དེ་སྲིད་དུ་ཕྲ་རྒྱས་དེ་སེམས་དེ་ལ་རྒྱས་པར་བརྗོད་དོ། །སྤངས་པ་ནི་གཉེན་པོ་སྐྱེས་ནས་ཐོབ་པའི་འཆིང་བ་དང་བྲལ་བའི་ཕྱིར་རྒྱས་པར་མི་འགྱུར་ཏེ། གང་ཞིག་དེ་དང་ལྷན་ཅིག་རྒྱུ་བ་ཉིད་ཀྱིས་ལྷན་ཅིག་པའི་དངོས་པོ་ཡིན་པ་དེ་ནི་གཉེན་པོས་བསལ་བར་མི་ནུས་པས་སྤངས་ཀྱང་དེས་སེམས་དེ་ཟག་པ་དང་ བཅས་པ་ཁོ་ན་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ནི་འཇིག་ཚོགས་ལ་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་མ་རིག་པས་ལྷན་ཅིག་པའི་དངོས་པོ་དང་། རྒྱས་པར་འགྱུར་བའི་དངོས་པོས་ཕྲ་རྒྱས་དང་བཅས་པ་ཡིན་ལ། རང་གི་རིག་པ་ལྷག་མ་དག་དང་། ཀུན་ འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དག་གིས་ནི་རྒྱས་པར་འགྱུར་བའི་དངོས་པོའི་སྒོ་ནས་སོ། །ལྷག་མ་དག་གིས་ནི་གཉི་གས་ཀྱང་མ་ཡིན་ནོ། །ཉོན་མོངས་པ་གཞན་ཡང་དེ་བཞིན་དུ་ཅི་རིགས་པར་དཔྱད་པར་བྱའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་རང་གི་རིས་པ་དག་དང་། ཀུན་དུ་འགྲོ་ བ་དག་གིས་རྒྱས་པར་འགྱུར་བའི་ངོ་བོ་ཟག་པ་དང་བཅས་པ་ཡིན་ནོ། །མདོར་བསྡུ་བ་ནི་ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས་ཏེ། ཉོན་མོངས་པ་ཅན་སྤངས་པ་དང་། མ་སྤངས་པ་ཐམས་ཅད་ནི་རྒྱས་པར་འགྱུར་བ་དང་། རྒྱས་པར་འགྱུར་བ་མ་ཡིན་པས། ཕྲ་རྒྱས་དང་བཅས་པ་མ་ཡིན་ལ། རྒྱས་པར་འགྱུར་བ་རྣམས་ཀྱིས་ཀྱང་རྣམ་པ་གཉིས་ཀྱིས་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། ལྷན་ཅིག་པའི་དངོས་པོ་དང་། རྒྱས་པར་འགྱུར་བའི་དངོས་པོས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་གང་རྣམས་ཀྱིས་ཡིན་ཞེས་བྱ་བ་མི་ཤེས་པས་དེའི་ཕྱིར་དེ་དང་མཚུངས་པར་ལྡན་པ་དང་དེ་ལ་དམིགས་པའམ་ཞེས་ བྱ་བ་སྨོས་སོ། །ཅི་ཐམས་ཅད་ཀྱི་ཚེ་ན་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མ་སྤངས་པ་ཞེས་བྱ་བ་སྨོས་ཏེ། སེམས་དེ་དང་མཚུངས་པར་ལྡན་པ་དང་། དེ་ལ་དམིགས་པ་ཡང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ལ། ཕྲ་རྒྱས་ དང་བཅས་པ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བྱས་ནས་ཤེ་ན། དེ་དང་མཚུངས་པར་ལྡན་ཞིང་ཞེས་བྱ་བ་སྨོས་སོ། །གལ་ཏེ་སྤངས་ན་ཇི་ལྟར་ཕྲ་རྒྱས་དང་བཅས་པ་ཡིན་ཞེ་ན། དེ་ཉིད་ལ་རྒྱུ་བཤད་པ་ནི་དེ་དང་ལྷན་ཅིག་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གཉེན་པོས་ནི་ནམ་ཡང་ སེམས་ཉོན་མོངས་པ་ལས་ལོགས་ཤིག་ཏུ་བྱ་བར་མི་ནུས་སོ། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་བྱ་བ་ལ། ཕྲ་རྒྱས་དང་བཅས་ཞེས་བྱ་བར་སྦྱར་རོ། །ཕྲ་རྒྱས་མེད་པ་ནི་སྤངས་པ་སྟེ། དེ་ལ་དམིགས་པའི་ཀུན་དུ་འགྲོ་བ་རྣམས་སྔར་སྤངས་ཟིན་པའི་ཕྱིར་དང་། བསྒོམ་པས་སྤང་བར་བྱ་བ་ རྣམས་ཕྱིས་སྤོང་བའི་ཕྱིར་རོ། །ཡང་ཕྲ་རྒྱས་བཅུ་པོ་འདི་དག་ཇི་ལྟར་འཇུག་པར་འགྱུར་ཞེ་ན་ཞེས་བྱ་བ་འབྱུང་ངོ་། །ཐམས་ཅད་ཐམས་ཅད་ཀྱི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་འདི་དག་སྐྱེ་བ་ལ་སྐྱེ་བ་ཐམས་ཅད་ཀྱི་ལ་ནི་རིམ་པ་ངེས་པ་མེད་མོད་ཀྱི། ཕལ་ཆེར་སྐྱེ་བ་དང་མཐུན་པའི་སྒོ་ནས་སྲིད་ཚད་ལ་རིམ་པ་ བསྟན་པའི་དབང་དུ་བྱས་ནས། རེ་ཞིག་དང་པོ་ཁོ་ནར་མ་རིག་པ་དང་ལྡན་པ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡུག་བསྔལ་ཕུང་པོ་བསལ་ནས་ཞེས་བྱ་བ་ནི། འདི་ནི་སྡུག་བསྔལ་མ་ཡིན་ནོ་ཞེས་བྱ་བར་རོ། །བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་ལ། འདིར་བསམ་པ་ནི་སྡུག་བསྔལ་ལ་སོགས་པའི་ རྣམ་པ་དག་ལས་བསལ་བ་སྟེ། དེའི་ཕྱིར་དགྲ་བོའི་རྣམ་པར་འཛིན་པ་ལས་མངོན་པར་ཞེན་པས་དེའི་སྤྱིའི་རྣམ་པ་ལ་ལོག་པར་རྟོག་པར་ཤེས་ཀྱི་ཐམས་ཅད་ལ་སྐུར་པ་བཏབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ཏེ། གཞི་མེད་ན་དེའི་དགྲ་ཟླའི་རྣམ་པ་མི་སྲིད་པའི་ཕྱིར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་སྨོས་པ་ནི། ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་ཁོ་ན་འབྱུང་ངོ་ཞེས་བྱ་བའི་ངེས་པ་མེད་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་རེས་འགའ་མཆོག་གམ་གཙོ་བོར་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་ཡང་དེའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་རོ། །དགྲ་བོར་གྱུར་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ཡང་། དེའི་དགྲ་ བོ་ཡིན་མོད་ཀྱི་དེ་ལ་དམིགས་པའི་ཞེ་སྡང་ནི། མཐོང་བས་སྤང་བར་བྱ་བ་མི་རུང་སྟེ། དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བདག་གཟུགས་ཡིན་ནོ་ཞེས་བྱ་བ་དེ་ལྟར་ལྟ་བའི་དགྲ་བོ་ནི་སེམས་པ་ལ་སོགས་པ་བདག་ཏུ་འཛིན་པའི་ལྟ་བ་ཡིན་ཏེ། ལྟ་བ་གཞན་དང་ལྡན་པའི་ལྟ་བ་གཞན་ ལ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །རང་གི་རྒྱུད་ལ་ཡོད་པའི་ལྟ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་རྣམས་ནི་ཁ་ནང་དུ་བལྟས་ཏེ་འཇུག་པའི་ཕྱིར་རོ། །ཡང་ཇི་ལྟར་ཉོན་མོངས་པ་སྐྱེ་ཞེ་ན། དེ་སྐྱེ་བའི་རྒྱུ་ནི་མང་པོ་ཞིག་མཐོང་སྟེ། རིས་མཐུན་ཕུན་ སུམ་ཚོགས་པ་དང་། ཡུལ་དང་། བདེ་བ་དང་། ཆང་འཐུངས་པ་དང་། གོམས་པའི་ཁྱད་པར་ལ་སོགས་པ་རྒྱུ་དག་ཡིན་མོད་ཀྱི་སྐྱེ་བ་ན་གཙོ་བོའི་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མ་སྤངས་ཤིང་ཞེས་བྱ་བ་ནི་དེའི་ཐོབ་པ་མ་བཅད་པའི་ཕྱིར་རོ། ། ཡོངས་སུ་མ་ཤེས་པ་ཡིན་ཞེས་བྱ་བ་ནི་དེའི་གཉེན་པོ་མ་སྐྱེས་པའི་ཕྱིར་རོ། །འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ཀྱང་སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི། འདི་དག་གི་ཀུན་ནས་དཀྲིས་པས་ན་ཀུན་ནས་དཀྲིས་པ་དང་མཐུན་པ་སྟེ། དཔེར་ན་འདིས་མྱོས་པར་བྱེད་པས་ ན་མྱོས་པར་འགྱུར་བ་བཞིན་ནོ། །འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པ་སྟེ། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་གཟུགས་དང་སྒྲ་ལ་སོགས་ པ་ཡུལ་རྣམས་སོ། །སྣང་བར་གྱུར་པ་ཞིག་ཅེས་བྱ་བ་ནི་ཡུལ་གྱི་དངོས་པོར་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཞེས་བྱ་བ་ནི་སྣང་བར་གྱུར་པའི་ཡུལ་དེ་ལའོ། །ཡིད་ལ་བྱེད་པ་ཕྱིན་ཅི་ལོག་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །མཚུངས་པ་དེ་མ་ ཐག་པའི་རྐྱེན་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དེ་ནི་རྒྱུའི་སྟོབས་སོ། །འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ནི་ཡུལ་གྱི་སྟོབས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་སྟོབས་སོ། །གལ་ཏེ་ཉོན་མོངས་པ་རྒྱུ་གསུམ་གྱིས་སྐྱེ་བར་འདོད་ན་ཇི་ལྟར་དགྲ་ བཅོམ་པ་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་ལ་ཕྲ་རྒྱས་མ་སྤངས་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེས་པ་འདི་ནི་མེད་དེ་རྒྱུ་ཚང་བ་ཁོ་ན་རྒྱུ་གསུམ་གྱིས་སྐྱེ་བར་འདོད་ཀྱི། ཐམས་ཅད་ནི་མ་ཡིན་ནོ། །རེས་འགའ་ཡུལ་གྱི་སྟོབས་ཁོ་ནས་སྐྱེའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲག་གོ་ ཞེས་བྱ་བའི་སྒྲ་ནི་རྒྱུ་མ་ཚང་བའི་འབྲས་བུ་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །སྦྱོར་བ་བཞི་སྟེ་དེ་དག་ཉིད་དོ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ། །ཕྲ་རྒྱས་ཁོ་ན་ཞེས་ངེས་པར་གཟུང་བ་ནི་ཀུན་ དཀྲིས་པ་བསལ་བར་བྱ་བའི་ཕྱིར་རོ། །མ་རིག་པ་ལོགས་ཤིག་ཁོ་ནར་མ་རིག་པའི་ཟག་པར་བཤད་པ་དེའི་ཕྱིར་མ་རིག་པ་མ་གཏོགས་པར་ཞེས་བྱ་བར་སྦྱར་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་འདིར་དེ་མ་སྨོས་ཤེ་ན་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་རྨུགས་པ་རྒོད་པའོ། །རང་དབང་ཅན་མ་ཡིན་པའི་ཕྱིར་རོ་ ཞེས་བྱ་བ་ལ་ཇི་ལྟར་རང་དབང་ཅན་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཇི་ལྟར་ཕྲག་དོག་དང་། སེར་སྣ་དང་། འགྱོད་པ་དང་། ཁྲོ་བ་དང་། འཆབ་པ་རྣམས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རང་དབང་ཅན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །ཁ་ ཆེས་སྨོས་པ་ནི་དེ་ལྟ་ན་འདོད་པའི་ཁམས་ཀྱི་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་རྣམས་ཀྱང་རང་དབང་ཅན་མ་ཡིན་པའི་ཕྱིར་འདོད་པའི་ཟག་པར་བསྡུས་པར་མི་རིགས་སོ་ཞེ་ན། འདིར་རང་གི་འཇུག་པ་ཤས་ཆེ་བ་མི་སྲིད་པའི་ཕྱིར་རང་དབང་ཅན་མ་ཡིན་པ་ཡིན་གྱི་ཉོན་མོངས་ པ་གཞན་དང་མཚུངས་པར་ལྡན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཉི་ག་ཡང་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་གཏོགས་པའི་ལུང་དུ་མ་བསྟན་པ་དག་སྟེ། གོང་མ་ཐམས་ཅད་ལུང་མ་བསྟན་ཞེས་འབྱུང་བའི་ཕྱིར་རོ། །རྒྱུ་གང་གིས་སྲིད་པའི་འདོད་ཆགས་ཞེས་བྱ་བ་ནི། ཁ་ནི་ནང་ དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཞེས་བྱ་བ་དེ་ཉིད་ཀྱིས་སྲིད་པའི་ཟག་པ་ཞེས་བྱའོ། །རྫས་བཅོ་ལྔ་ཞེས་བྱ་བ་ནི་ཁམས་གསུམ་པོ་རེ་རེར་ཡང་མ་རིག་པ་རྣམ་པ་ལྔ་ལྔ་ཡིན་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱི་ཞེས་བྱ་བ་ནི་འདོད་པའི་ཟག་པ་ལ་སོགས་པ་དག་དང་། འཁོར་ བའི་སྟེ། མདོ་ལས་ཀུན་དུ་ཆགས་པར་བྱེད་པའི་རྒྱུ་ནི་མ་རིག་པའོ་ཞེས་རྒྱས་པར་གསུངས་ལ། སླར་ཡང་། འཇིག་རྟེན་འདི་དང་ཕ་རོལ་ན། །འདོད་དང་ཆགས་པས་བསླང་བ་ཡིས། །ངན་འགྲོ་གང་དག་ཅི་ཡོད་པ། །ཐམས་ཅད་མ་རིག་རྩ་བ་ཅན། །ཞེས་གསུངས་སོ། །འཇོག་པ་རྗེས་སུ་མི་མཐུན་ལོ། ། ཞེས་བྱ་བ་ནི་གནས་པའི་རྗེས་སུ་མི་མཐུན་ཞེས་བྱ་བའི་དོན་ཏོ། །ལྟ་བ་རྣམས་འབའ་ཞིག་གཡོ་བའི་ཕྱིར་དང་། གསལ་བའི་ཕྱིར་འཇོག་པའི་རྗེས་སུ་མི་མཐུན་གྱི། ཉོན་མོངས་པ་གཞན་དག་དང་ལྷན་ཅིག་པ་རྣམས་ནི་ཟག་པའི་དོན་འཛིན་པར་བྱེད་པས་འདོད་པ་པ་དང་སྲིད་པའི་ཟག་པའི་ནང་དུ་བཀོད་དེ། དེའི་ཕྱིར་ལོགས་ཤིག་ཏུ་ཟག་པར་མ་བསྟན་ཏོ། །ལོ་ཞེས་བྱ་བའི་སྒྲ་ནི། གལ་ཏེ་ལྟ་བ་རྣམས་གཡོ་བའི་ཕྱིར་དང་། གསལ་བའི་ཕྱིར་ཟག་པ་དག་ཏུ་ལོགས་ཤིག་ཏུ་མ་བཤད་ན། དེས་ན་མ་རིག་པ་ཡང་བསྟན་པའི་ཕྱིར་དང་། མི་གསལ་བའི་ཕྱིར་ཆུ་བོ་དང་སྦྱོར་བ་དག་ཏུ་ལོགས་ཤིག་ཏུ་བསྟན་པར་མི་ བྱའོ་ཞེས་བསྟན་པའི་ཕྱིར་རོ། །ལམ་གྱི་དགྲར་གྱུར་པའི་ཕྱིར་དང་ཞེས་བྱ་བ་ནི། གྲངས་ཅན་གྱི་རྣལ་འབྱོར་ཤེས་པ་ལ་སོགས་པ་དག་གི་ཐར་པ་ཐོབ་པར་ལྟ་བའི་ཕྱིར་རོ། །ཟས་མི་ཟ་བ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨོས་པས་ཆུ་དང་མེར་འཇུག་པ་དག་བསྡུའོ། །ཡུལ་ཡིད་དུ་འོང་བ་ ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་དགའ་བ་སྤོང་བ་སྟེ། ས་ལ་ཉལ་བ་དང་། དྲི་མ་དང་། འདམ་རྫབ་བསྲེལ་བ་དང་། སྒྲེན་མོར་རྒྱུ་བ་དང་། སྐྲ་འབལ་བ་ལ་སོགས་པ་དེ་ལྟ་བུ་ལ་སོགས་པས་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེའི་ཕྱིར་བསྲེས་སོ་ཞེས་གྲག་གོ་ཞེས་བྱ་བ་ལ། གྲག་གོ་ཞེས་བྱ་བའི་སྒྲ་ ནི་འདུན་པའི་འདོད་ཆགས་ཁོ་ན་ཉེ་བར་ལེན་པ་ཡིན་པའི་ཕྱིར་ཉེ་བར་ལེན་པ་ཉིད་དུ་མ་བཤད་ཀྱི། འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་མཐོང་ནས་སྨོས་སོ། །ལྟ་བའི་སྦྱོར་བ་ཡང་དེ་དང་འདྲ་བའི་བར་དུ་ཞེས་བྱ་བ་ལ། ལྟ་བའི་སྦྱོར་བ་གང་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་ པས་ལྟ་བ་རྣམས་ཀྱི་ཀུན་འབྱུང་བ་དང་། ནུབ་པ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་འདིའི་ལྟ་བ་རྣམས་ལ་ལྟ་བ་ལ་འདོད་པ་དང་། ལྟ་བ་ལ་འདུན་པ་དང་། ལྟ་བ་ལ་སྲེད་པ་དང་ཞེས་བྱ་བའི་བར་དུ་རྒྱས་ པར་འབྱུང་སྟེ། སློབ་དཔོན་གྱི་འདོད་པ་ལ་སོགས་པ་དག་འདུན་པའི་འདོད་ཆགས་ཀྱང་འདོད་པའི་སྦྱོར་བ་ལ་སོགས་པ་ལྟར་འདོད་པ་ལ་སོགས་པའི་ཉེ་བར་ལེན་པ་ཡིན་གྱི། ཉོན་མོངས་པ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བཤད་དོ། །གཞན་དག་ན་རེ་འདི་ནི་དེ་ལས་སྦྱོར་བ་དང་། ཉེ་བར་ལེན་པ་དག་གི་ནང་ན་ འདུན་པའི་འདོད་ཆགས་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་འདོད་ཆགས་སྤྱོད་པའི་གདུལ་བ་ལ་དགོངས་ནས་གསུངས་ཏེ། དེའི་ཕྱིར་ཉོན་མོངས་པ་ཐམས་ཅད་སྦྱོར་བ་ལ་སོགས་པའི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །ཡང་ཕྲ་རྒྱས་ཀྱི་དོན་ནི་ཅི་ཡིན་ཞེས་བྱ་བ་ནི། ཕྲ་རྒྱས་ཞེས་བྱ་ བའི་རྗོད་པར་བྱེད་པའི་བརྗོད་བྱ་གང་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཕྲ་བ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །རྒྱུ་ཕྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་འཇུག་པ་ཕྲ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྒྱུ་ཕྲ་བ་ཞེ་ན། དེའི་ཕྱིར་རྟོགས་པར་དཀའ་བས་ཞེས་བྱ་བ་སྨོས་སོ། །རྗེས་སུ་འབྲེལ་པ་ཞེས་བྱ་བ་ ནི་དེ་དག་གི་རྒྱུན་ཏེ། ཐོག་མ་མེད་པའི་དུས་ནས་ཐོབ་པ་དང་རྗེས་སུ་འབྲེལ་པའི་ཐོབ་པ་རྒྱུན་མི་འཆད་པས་སོ། །དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྗེས་སུ་འབྲང་བ་ནི་རིམས་ཉིན་བཞི་པ་དང་། བྱི་བའི་དུག་བཞིན་ནོ། །འཁོར་བར་འཇོག་པར་བྱེད་པས་ ན་ཟག་པ་ཞེས་བྱ་སྟེ། འཇོག་པའི་དོན་ནི་ངེས་ཚིག་གི་ཚུལ་ཡིན་ཏེ། དེ་དང་ལྡན་པ་མི་གཡོ་བའི་ཚུལ་གྱིས་འཁོར་བར་བྱེད་ཅེས་བྱ་བའི་དོན་ཏོ། །འཛག་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་མ་བྲལ་བ་ཡང་སྐྱེ་མཆེད་དྲུག་གི་རྟེན་ནས་མནར་མེད་པའི་ཉོན་མོངས་པ་ ཀུན་དུ་སྤྱོད་པའི་ཕྱིར་རོ། །ཡང་ན་དེར་སྐྱེས་པ་ཡང་དེར་སྐྱེ་བར་རུང་བའི་དབང་དུ་མཛད་ནས་མནར་མེད་པའི་བར་དུ་འཛག་པས་ན་ཞེས་བྱ་བ་སྨོས་སོ། །ཁྱེར་བར་བྱེད་པས་ན་ཆུ་བོ་དག་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་ཚུལ་ལས་ཉམས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ཁམས་དང་སྐྱེ་གནས་དང་འགྲོ་བ་ གཞན་དུ་ཁྱེར་བར་བྱེད་པའི་ཕྱིར་རམ། ཡུལ་དག་ལ་རྣམ་པར་ཤེས་པ་འཇུག་པར་བྱེད་པའི་ཕྱིར་ཁྱེར་བར་བྱེད་པས་ན་ཞེས་བརྗོད་དོ། །འབྱར་བར་བྱེད་པས་ན་སྦྱོར་བ་དག་ཡིན་ནོ་ཞེས་བྱ་བ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པ་དག་ཏུ་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྣམ་ པར་ཤེས་པ་ཡུལ་གཞན་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །ཉེ་བར་འཛིན་པས་ན་ཉེ་བར་ལེན་པ་དག་ཡིན་ནོ་ཞེས་བྱ་བ་ལ། ཅི་ཞིག་ཉེ་བར་འཛིན་ཞེ་ན། ཡང་སྲིད་པ་སྟེ། དེ་དང་དེར་ལུས་འཛིན་པས་ན་ཉེ་བར་ལེན་པ་དག་གོ། །འདི་སྐད་དུ་ཆེས་ལེགས་ཤིང་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི། སློབ་ དཔོན་རང་གི་གཞུང་ལུགས་སྟོན་པ་སྟེ། ཇི་སྐད་དུ་སྔར་བཤད་པ་བཞིན་དུ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། དེ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འདུ་བྱ་བ་ཆེན་པོས་སེམས་ཀྱི་རྒྱུད་ཀྱི་གྲུ་ཟློག་ཕྱོགས་སུ་དཀྲིས་ཤིང་ཡུལ་དག་ལས་བཟློག་པ་དང་། དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱིས་རྒྱུན་ཕྱོགས་སུ་རང་གི་རང་གིས་འཁྱེར་བར་བྱེད་དོ། །དེ་དག་གིས་དེ་དག་དང་ལྡན་པ་ཁྱེར་བར་འགྱུར་རོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན་དེའི་ཕྱིར་དེའི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདོད་ཆགས་ལ་སོགས་པ་དག་གི་རྗེས་སུ་བྱེད་པའི་ཕྱིར་རོ། ། ཆེ་ཐང་དུ་ཀུན་དུ་མི་འབྱུང་བ་རྣམས་ནི་སྦྱོར་བ་དག་ཅེས་བྱ་བ་ནི། ཆེ་ཐང་དུ་མི་འཕེལ་བ་རྣམས་ནི་སྦྱོར་བའོ་ཞེས་བྱ་བའོ། །སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་དག་དང་སྦྱོར་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡང་དང་ཡང་དུ་རྗེས་སུ་ འབྲེལ་བའི་སྒོ་ནས་སོ་ཞེས་བྱ་བ་ནི་སྦྱོར་བ་དག་གོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེའི་ཕྱིར་དེ་ལྟར་ན་ཆུ་བོ་ནི་རེས་འགའ་ཡིན་ལ། སྦྱོར་བ་ནི་ཐམས་ཅད་ཀྱི་ཚེ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་རྣམས་ཡིན་ནོ་ཞེས་བྱ་བ་ལ་གང་གིས་འདོད་པ་ དག་ཉེ་བར་ལེན་པ་དེ་ནི་འདོད་པ་ཉེ་བར་ལེན་པ་སྟེ། འདོད་པ་དག་ལ་འདུན་པ་གང་ཡིན་པའོ། །དེ་བཞིན་དུ་ལྟ་བ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡང་ཅི་རིགས་པར་བྱའོ། །ཕྲ་རྒྱས་དེ་དག་ཉིད་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་ མོངས་པ་དང་། ཀུན་ནས་དཀྲིས་པའི་དབྱེ་བས་ཡང་རྣམ་པ་ལྔར་ཕྱེ་ནས་བཤད་དེ་ཞེས་བྱ་བ་འབྱུང་ངོ་། །དེ་ལ་ཀུན་དུ་སྦྱོར་བ་ནི་དགུ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡུལ་རྣམས་དང་སྐྱེ་བ་དག་ལ་ཀུན་དུ་སྦྱོར་བར་བྱེད་པས་ན་ཀུན་དུ་སྦྱོར་བ་རྣམས་ཏེ། ཇི་སྐད་དུ་མིག་གིས་ནི་གཟུགས་དག་ལ་ཀུན་དུ་སྦྱོར་ བ་མ་ཡིན། གཟུགས་དག་གིས་ཀྱང་མིག་ལ་ཀུན་དུ་སྦྱོར་བ་མ་ཡིན་གྱི། འོན་ཀྱང་འདུན་པའི་འདོད་ཆགས་གང་ཡིན་པ་འདི་འདིར་ཀུན་དུ་སྦྱོར་བ་ཡིན་ནོ་ཞེས་གསུངས་ལ། སླར་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་བཅིངས་བཞིན་དུ་སྐྱེ། བཅིངས་བཞིན་དུ་འཆི། བཅིངས་བཞིན་དུ་ འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོའོ་ཞེས་གསུངས་སོ། །ཡང་འདི་རྣམས་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་དུ་སྦྱོར་བས་ན་ཀུན་དུ་སྦྱོར་བ་རྣམས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དེ་ལ་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ཁམས་ གསུམ་པའི་འདོད་ཆགས་ཏེ། རྟེན་དང་དམིགས་པའི་སྒོ་ནས་དངོས་པོ་འཚོག་ཆས་དང་བཅས་པ་དག་ལ་མངོན་པར་ཞེན་པ་གང་ཡིན་པའོ། །ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། ཁོང་ཁྲོ་བ་དང་། ཕྲག་དོག་དང་། སེར་སྣའི་ཀུན་དུ་སྦྱོར་བ་དག་ནི་འདོད་པ་ན་སྤྱོད་པའོ། །རྗེས་སུ་ཆགས་ པ་དང་། ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་དག་ནི་ཁམས་གསུམ་པའོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གསུམ་མོ་ཞེས་བྱ་བ་ནི། འཇིག་ཚོགས་དང་། མཐར་འཛིན་པ་དང་། ལོག་པར་ལྟ་བ་དག་གོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི་ ལྟ་བ་གཉིས་སོ་ཞེས་བྱ་བ་ནི། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ལྟ་བའི་རང་བཞིན་ཡིན་བཞིན་དུ་ལྟ་བའི་ཀུན་དུ་སྦྱོར་བའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །ལྟ་བ་ དང་མཚུངས་པར་ལྡན་པའི་ཆོས་རྣམས་དང་ཞེས་བྱ་བ་ནི་མཆོག་ཏུ་འཛིན་པའི་ལྟ་བ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་དང་ངོ་། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །ལྟ་བའི་ཀུན་དུ་སྦྱོར་བས་མ་ཡིན་ལ་ཞེས་བྱ་བ་ནི་འཇིག་ཚོགས་དང་མཐར་འཛིན་ པ་དང་ལོག་པར་ལྟ་བ་རྣམས་ལས་གང་ཡང་རུང་བས་མ་ཡིན་པའོ། །དེ་ལ་ལྟ་བའི་ཕྲ་རྒྱས་རྒྱས་པར་མི་འགྱུར་བ་ཡང་མ་ཡིན་པ་ཞེས་བྱ་བ་ནི་དགག་པ་གཉིས་ཀྱིས་རྣལ་མ་གོ་བར་བྱེད་པ་སྟེ། འོ་ན་ཅི་ཞེ་ན། རྒྱས་པར་འགྱུར་བ་ལྟ་ཞེས་བྱ་བར་རོ། །སྨྲས་པ་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲི་བའི་ ལན་འདེབས་པའོ། །ཀུན་འབྱུང་ཤེས་པ་སྐྱེས་ལ་ཞེས་བྱ་བ་འདིས་ནི་ལྟ་བའི་ཀུན་དུ་སྦྱོར་བ་ཀུན་དུ་འགྲོ་བ་སྤངས་པར་སྟོན་ཏོ། །འགོག་པ་ཤེས་པ་མ་སྐྱེས་པའི་ཚེ་ཞེས་བྱ་བ་འདིས་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དང་། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་འགོག་པ་དང་། ལམ་མཐོང་བས་ སྤང་བར་བྱ་བ་མ་སྤངས་པར་བསྟན་ཏོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་དང་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་རང་གི་རིས་པ་དེ་ལ་དམིགས་པས་ལྡན་གྱི། དེ་དང་མཚུངས་པར་ལྡན་པས་ནི་མ་ཡིན་ཏེ། རྩ་བའི་ཉོན་མོངས་པ་རྣམས་ལ་ཕན་ཚུན་ མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་ནི་སྤངས་པའི་ཕྱིར་ལ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བའི་ཀུན་དུ་འགྲོ་བ་ཁོ་ན་ཀུན་དུ་འགྲོ་བ་ཡིན་ལ། དེ་ནི་སྤངས་པ་ཡིན་ནོ། །འོ་ན་དེའི་ལྟ་བའི་ཀུན་དུ་སྦྱོར་བ་ཀུན་དུ་འགྲོ་བ་མ་ཡིན་པ་མ་སྤངས་ཏེ། དེས་ ལྡན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ཀུན་དུ་འགྲོ་བ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་བའི་ཀུན་དུ་སྦྱོར་བ་ཀུན་དུ་འགྲོ་བ་མ་ཡིན་པ་ནི་ལོག་པར་ལྟ་བ་ཡིན་ན། དེ་ནི་འགོག་པ་དང་ལམ་ལ་དམིགས་པ་ཡིན་གྱི། མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་ནི་མ་ཡིན་ལ། ལྟ་བ་གཉིས་ལ་མཚུངས་པར་ལྡན་པའམ། མཚུངས་པར་ལྡན་པ་དག་ལ་དམིགས་པ་ཐ་དད་པ་ཡོད་པ་ཡང་མ་ཡིན་ནོ། །དེ་དག་ལ་ལྟ་བའི་ཕྲ་རྒྱས་ནི་རྒྱས་པར་འགྱུར་ཏེ། གང་ཞེ་ན། མཆོག་ཏུ་འཛིན་པ་དེ་དག་ཁོ་ནའོ། །ཇི་ལྟར་ཞེ་ན་མཚུངས་པར་ལྡན་པའི་སྒོ་ནས་སོ། །ལྟ་བ་གསུམ་ ཡང་རྫས་བཅོ་བརྒྱད་ཡིན་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་ན་ལོག་པར་ལྟ་བ་རྣམ་པ་བཞི་དང་། འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་གཉིས་ཏེ་དྲུག་གོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་ཡང་དེ་དང་འདྲ་བས་བཅོ་བརྒྱད་དུ་འགྱུར་རོ། །མཆོག་ཏུ་འཛིན་པ་གཉིས་ཀྱང་ རྫས་བཅོ་བརྒྱད་ཁོ་ན་ཡིན་ཏེ། ཇི་ལྟར་ཞེ་ན། འདོད་པའི་ཁམས་ན་ལྟ་བ་མཆོག་ཏུ་འཛིན་པ་རྣམ་པ་བཞི་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་ཏེ་དྲུག་ཏུ་འགྱུར་རོ། །གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཡང་དེ་དང་འདྲ་བར་བཅོ་བརྒྱད་དུ་འགྱུར་རོ། །ཡང་རྫས་ འདྲ་བས་དོན་ཅི་ཞིག་རྙེད་ཅེ་ན། ཀུན་དུ་སྦྱར་བའི་དོན་ཉིད་དོ་ཞེས་སྨྲའོ། །འདི་སྐད་བསྟན་པར་འགྱུར་ཏེ། ཇི་ལྟར་འདོད་ཆགས་ལ་སོགས་པ་དག་རེ་རེ་ཀུན་དུ་སྦྱོར་བའི་དོན་འཛིན་པ་དེ་བཞིན་དུ་ལྟ་བ་དག་གསུམ་དུ་གྱུར་ནས་དོན་དེ་འཛིན་ཏོ། །དེ་ལྟ་མ་ཡིན་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་ པའི་ཀུན་དུ་སྦྱོར་བ་ཡང་སྟོན་པར་འགྱུར་རོ། །ལྟ་བ་གསུམ་གྱི་ནུས་པ་ཇི་ལྟ་བ་དེ་བཞིན་དུ་ལྟ་བ་གཉིས་ཀྱི་ནུས་པ་ཡང་འདྲ་བ་ལས་ཡིན་པར་ལྟ་བའོ། །དེའི་ཕྱིར་དེ་དག་ལོགས་སུ་ཀུན་དུ་སྦྱོར་བ་ཉིད་དུ་ཉེ་བར་བསྟན་ཏོ། །གཞན་དག་ན་རེ་རྟགས་དང་རྫས་འདྲ་བ་ལ་ལྟོས་ནས་ ཡིན་ནོ། །གཟུང་བ་དང་འཛིན་པ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ལ་གཟུང་བ་ནི་ལྟ་བ་གསུམ་མོ། །འཛིན་པ་ནི་མཆོག་ཏུ་འཛིན་པ་གཉིས་སོ། །ཇི་ལྟ་ཞེ་ན། གཅིག་གིས་ནི་ལྟ་བ་གང་གིས་བདག་གོ་སྙམ་པ་དང་། རྟག་པའོ་སྙམ་པ་དང་། གང་གིས་མེད་དོ་སྙམ་དུ་སེམས་པ་དེ་མཆོག་ཏུ་འཛིན་ལ། གཞན་གྱིས་ནི་འདག་པར་འཛིན་ཏེ། དེའི་ཕྱིར་མ་འཆོལ་བར་བསྟན་པར་བྱ་བའི་ཕྱིར་ཡིན་ནོ། །གང་ལ་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་ཞེས་བྱ་བ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ནི་གཅིག་ཏུ་མི་དགེ་བ་ཡིན་མོད་ཀྱི་རང་དབང་ཅན་མ་ཡིན་ལ། འགྱོད་པ་ནི་རང་དབང་ཅན་ཡིན་མོད་ ཀྱི། གཅིག་ཏུ་མི་དགེ་བ་ནི་མ་ཡིན་ཏེ། དེ་ནི་དགེ་བ་ཡང་ཡིན་པའི་ཕྱིར་རོ། །གཞན་དག་ནི་གཉི་ག་ཡང་མ་ཡིན་ནོ། །གང་གི་བཅུ་ཡིན་པ་དེ་ནི་ཁྲོ་བ་དང་འཆབ་པ་ཡང་རྣམ་པ་གཉི་ག་ཡིན་པས་ཞེས་བྱ་བ་ནི་གཅིག་ཏུ་མི་དགེ་བ་དག་དང་རང་དབང་ཅན་ཡིན་པའོ། །གཞན་དག་ནི་འདི་ལ་ཤིན་ཏུ་རྣོ་ བ་དང་ཡང་དང་ཡང་དུ་ཀུན་དུ་འབྱུང་བའི་ཕྱིར་དང་། དབང་ཆུང་བར་གྲགས་པ་དང་། ལོངས་སྤྱོད་ཆུང་བ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར། ཀཽ་ཤི་ཀ་ལྷ་དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བ་ཅན་ཡིན་ནོ་ཞེས་གསུངས་ཏེ། དེའི་ཕྱིར་ཕྲག་དོག་དང་སེར་སྣ་ནི་ཀུན་ནས་དཀྲིས་པ་ དག་ལས་ལོགས་ཤིག་ཏུ་ཀུན་དུ་སྦྱོར་བ་ཡིན་ནོ་ཞེས་ལན་འདེབས་སོ། །ཐ་མའི་ཆ་ནི་འདོད་པའི་ཁམས་ཡིན་ལ། །ཞེས་ནི་ཁམས་གསུམ་གྱི་དབང་དུ་བྱས་ནས་ཆ་ཡིན་ལ་ཐ་མ་ནི་ཐ་ཤལ་ཏེ། གཅིག་ཏུ་མཉམ་པར་མ་བཞག་པའི་ཕྱིར་དང་། མི་དགེ་བའི་ཆོས་ཡོད་པའི་ཕྱིར་དང་། ངན་འགྲོའི་འགྲོ་བ་ཡོད་ པའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ཡོད་པའི་ཕྱིར་དང་། ཉོན་མོངས་པ་བར་མཚམས་མེད་པའི་ཕྱིར་རོ། །གཉིས་ཀྱིས་འདོད་ལས་མི་འདའ་ལ། །ཞེས་བྱ་བ་ནི་དེ་དག་མ་སྤངས་ན་འདོད་པའི་ཁམས་ལས་མི་འདའ་བའི་ཕྱིར་རོ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །ཅེས་བྱ་བ་ནི་འཇིག་ ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་གཏུགས་ཏེ་མ་སྤངས་ན། སླར་འདོད་པའི་ཁམས་སུ་བཟློག་པའི་ཕྱིར། འདི་དག་ནི་ཐ་མའི་ཆ་དང་མཐུན་པ་ཡིན་ནོ། །སྒོ་བ་དང་རྗེས་སུ་འབྲང་བ་དང་། ཆོས་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ལ་སྒོ་བས་ནི་ཉེས་པ་ཅན་འབྱུང་བ་ལས་ཟློག་པར་བྱེད་ལ། དབྱུག་པ་ དང་ཞགས་པ་ཅན་ནམ། སྒོ་བའི་རྗེས་སུ་འབྲང་བ་གཞན་གྱིས་ནི་དེ་བག་མེད་པར་གྱུར་པས་ཉེས་པ་ཅན་བྱུང་ཞིང་ཐག་རིང་པོར་ཕྱིན་ཡང་ཕྱིར་ཟློག་པར་བྱེད་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །གསུམ་གྱིས་ནི་སེམས་ཅན་གྱི་ཐ་མ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཐ་མའི་ཆ་ནི་གཉིས་ཏེ། ཁམས་ལས་ ནི་འདོད་པའི་ཁམས་སོ། །སེམས་ཅན་རྣམས་ལས་ནི་སོ་སོའི་སྐྱེ་བོའོ། །དེ་ལ་འཕགས་པའི་ཆོས་ཐོབ་ཀྱང་ཁམས་ཐ་མ་ལས་མི་འདའ་བ་གང་ཡིན་པ་དེ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་ཀྱི་ཀུན་དུ་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །འདོད་པ་དང་གཟུགས་ལས་འདོད་ཆགས་དང་བྲལ་ བ་ཡང་སོ་སོའི་སྐྱེ་བོ་ཉིད་ལས་མི་འདའ་ཞིང་ཕྱིར་ལ་འདོད་པའི་ཁམས་དང་སེམས་ཅན་གྱི་ཐ་མ་ལ་བརྟེན་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །ཐ་མའི་ཆ་དང་མཐུན་པ་ལྔ་བཤད་ཟིན་ཏོ། ། ཀུན་དུ་སྦྱོར་བ་གསུམ་ཡོངས་སུ་གཏུགས་ཏེ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་ལྟ་བ་དང་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་རྣམས་སོ། །གཏུགས་པ་ནི་མ་ལུས་པའོ། །ཉོན་མོངས་པ་དྲུག་སྤངས་པ་ཡིན་ན་ཞེས་བྱ་བ་ནི་ལྟ་བ་ལྔ་དང་ཐེ་ཚོམ་སྟེ། འདི་ལྟར་འཇིག་ཚོགས་དང་། མཐར་འཛིན་པ་དང་། ལོག་པར་ལྟ་བ་གསུམ་ནི་ལྟ་བའི་ཀུན་དུ་སྦྱོར་བ་ཡིན་ལ། མཆོག་ཏུ་འཛིན་པ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ལྟ་བ་གསུམ་བོར་ལ་ཞེས་བྱ་བ་ནི་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པའོ། །གསུམ་ཁོ་ན་གསུངས་ཞེས་བྱ་བ་ནི་ འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །ཅིའི་ཕྱིར་འདོད་ཆགས་ལ་སོགས་པ་དག་བོར་ནས་ཞེས་འདི་ཅི་སྟེ་མ་བརྩད་ཅེ་ན། ཡོངས་སུ་གཏུགས་ཏེ་ཞེས་གསུངས་ལ་ཡོངས་སུ་གཏུགས་པ་ཡང་མ་ལུས་པར་ཟད་པ་ཡིན་ན། དེའི་འདོད་ཆགས་པ་ ལ་སོགས་པ་བསྒོམ་པས་སྤང་བར་བྱ་བ་ནི་ཟད་པ་ཡང་མ་ཡིན་པས་མ་བརྩད་དོ། །དེ་དག་ཐམས་ཅད་བརྗོད་པར་བྱ་བ་ནི་ཡིན་མོད་ཀྱི་ཞེས་བྱ་བ་ནི་ལྟ་བ་གསུམ་མོ། །ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བར་སྦྱར་རོ། །རྣམ་པ་གཅིག་དང་ཞེས་བྱ་བ་ནི་ འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དང་། དེ་དག་ལ་དམིགས་པ་འདོད་ཆགས་ལ་སོགས་པ་དག་གོ། །རྣམ་པ་གཉིས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་དག་གོ། །རྣམ་པ་བཞི་ནི་ལོག་པར་ལྟ་བ་དང་། ལྟ་བ་ མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། དེ་དག་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་དག་གོ། །དེ་དག་གི་སྒོ་ནི་འདི་གསུམ་གྱིས་བསྡུས་སོ་ཞེས་བྱ་བ་ནི། རྣམ་པ་གཅིག་གི་སྒོ་ནི་འཇིག་ཚོགས་ལ་ལྟ་བས་བསྡུས་སོ། །རྣམ་པ་གཉིས་ཀྱི་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ སོ། །རྣམ་པ་བཞིས་ནི་ཐེ་ཚོམ་གྱིས་སོ། །དེའི་ཕྱིར་དེ་དག་སྤངས་པར་གསུངས་པས་དེའི་རྣམ་པ་ཅན་ལྷག་མ་རྣམས་ཀྱང་སྤངས་པར་གསུངས་པར་རིག་པར་བྱ་སྟེ། ཕྱོགས་ཙམ་ཞིག་བསྟན་པའི་ཕྱིར་རོ། །གཞན་ཡང་མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་ལ་ཞེས་བྱ་བ་ནི་བདག་ ཏུ་མངོན་པར་འདོད་པའི་དངོས་པོ་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡང་སྤངས་པར་གསུངས་པར་འགྱུར་ཏེ། རྟག་པ་དང་ཆད་པས་བརྟགས་པའི་གཞི་མེད་པའི་ཕྱིར་རོ། །གཞན་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་འདི་ཉིད་དོ། ། དེ་ལ་འཇིག་ཚོགས་ལྟ་བས་ནི་ཞེས་བྱ་བ་རྒྱས་པར་འབྱུང་ལ། དེར་ངའི་བདག་མེད་པར་འགྱུར་རོ་ཞེས་ཐར་པ་ལ་སྐྲག་པར་འགྱུར་བས་འགྲོ་མི་འདོད་པར་འགྱུར་རོ། །ཇི་ལྟར་ལམ་ནོར་ཞེ་ན། ལམ་གཞན་ལ་ཡང་དག་པར་བརྟེན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་སྨོས་པའི་ ཕྱིར་དོན་གྱིས་གཞན་གྱི་ཆ་དང་མཐུན་པ་ཡང་ཡོད་དོ་ཞེས་བཤད་པར་འགྱུར་བས་དེའི་ཕྱིར། གོང་མའི་ཆ་དང་མཐུན་ལྔ་ཉིད། །ཅེས་བྱ་བ་སྨོས་སོ། །གོང་མའི་ཆ་ནི་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། དེ་དང་མཐུན་པའི་ཕྱིར་ན་གོང་མའི་ཆ་དང་མཐུན་པ་ཞེས་བྱའོ། ། ཇི་ལྟར་འདི་དག་དེ་དང་མཐུན་པ་ཡིན་ཞེ་ན། དེའི་ཕྱིར་དེ་དག་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཀུན་དུ་སྦྱོར་བའི་སྐབས་རྫོགས་སོ་ཞེས་བྱ་བ་ལ། གང་གི་ཚེ་རྒྱུན་དུ་ཞུགས་པས་ཀུན་དུ་སྦྱོར་བ་གསུམ་ཡོངས་སུ་གཏུགས་ཏེ་སྤངས་པའི་ཕྱིར་ཞེས་བྱ་བ་འདི་ནི་ ཞར་ལ་བྱུང་བ་ཡིན་ལ། སྒོ་དང་རྩ་བ་བསྡུས་ཕྱིར་གསུམ། །ཞེས་བྱ་བ་འདི་ནི་རྒྱུ་སྨྲས་པ་ཡིན་ནོ། །དེ་དག་ཀུན་དུ་སྦྱོར་སོགས་ཀྱིས། །དབྱེ་བས་ཡང་རྣམ་པ་ལྔར་བཤད་དོ་ཞེས་བྱ་བ་ལས་ཀུན་དུ་སྦྱོར་བ་དག་བཤད་ཟིན་ཏོ། །འཆིང་བ་རྣམས་གང་ཞེ་ན། འཆིང་བ་ནི་གསུམ་སྟེ་ཞེས་བྱ་བ་ལ། འདི་རྣམས་ཀྱིས་འཆིང་བར་བྱེད་པས་ན་འཆིང་བ་སྟེ། འདོད་ཆགས་དང་བྲལ་བར་འགྲོ་བ་ལ་གེགས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་སྦྱོར་བ་དང་འཆིང་བ་རྣམས་ལས་མཚན་ཉིད་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཚོར་བའི་དབང་གིས་འཆིང་བ་གསུམ་དུ་བཤད་དོ། །འཆིང་བ་ འདོད་ཆགས་ཐམས་ཅད་དང་། །ཞེས་བྱ་བས་ནི་ཁམས་གསུམ་པ་རྣམ་པ་ལྔ་ཆར་ཡང་ངོ་ཞེས་བྱ་བར་བསྟན་ཏོ། །ཞེ་སྡང་དང་གཏི་མུག་ཀྱང་ཅི་རིགས་པར་དེ་དང་འདྲ་བར་རིག་པར་བྱའོ། །སྡུག་བསྔལ་ནི་ཞེ་སྡང་ངོ་། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཏི་མུག་སྟེ་དམིགས་ པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཞེས་ཐམས་ཅད་དུ་ཡང་དབང་དུ་བྱ་བར་སྦྱོར་རོ། །འདོད་ཆགས་དང་ཞེ་སྡང་དག་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི། བདེ་བ་ལ་ཇི་ལྟར་འདོད་ཆགས་རྒྱས་པར་འགྱུར་བ་དེ་ལྟར་ཞེ་སྡང་ལ་མ་ཡིན་ལ། སྡུག་བསྔལ་ལ་ཇི་ལྟར་ཞེ་སྡང་རྒྱས་པར་འགྱུར་བ་དེ་ལྟར་འདོད་ཆགས་ ལ་མ་ཡིན་ཏེ། འདི་ལྟར་དགྲའི་བདེ་བ་དང་སྡུག་བསྔལ་དག་ལ་ཞེ་སྡང་དང་འདོད་ཆགས་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་ནི་མ་ཡིན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་གཏི་མུག་ཇི་ལྟར་རྒྱས་པ་དེ་ལྟར་འདོད་ཆགས་དང་ཞེ་སྡང་དག་མ་ཡིན་ གྱི། རྒྱས་པར་མི་འགྱུར་བ་ནི་མ་ཡིན་ཏེ། གཏི་མུག་ནི་མི་གསལ་བའི་ཕྱིར། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མི་གསལ་བ་ཁོ་ན་ལ་རྒྱས་པར་འགྱུར་ཏེ། རྗེས་སུ་མཐུན་པའི་ཕྱིར་ཏེ། ཐམས་ཅད་བཏང་སྙོམས་དང་མཚུངས་ལྡན། །ཞེས་འཆད་པའི་ཕྱིར་རོ། །ཡང་ན་རང་གི་ རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ་ཞེས་བྱ་བ་ལ། རང་གི་རྒྱུད་ལ་ཡོད་པའི་བདེ་བ་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། གཞན་གྱི་རྒྱུད་ལ་ཡོད་པ་ལ་ནི་དམིགས་པ་ཙམ་གྱི་སྒོ་ནས་སོ། །ཞེ་སྡང་ལ་ཡང་དེ་བཞིན་དུ་བརྗོད་པར་ བྱའོ། །སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཉོན་མོངས་པ་ཅན་ཉིད་དུ་བྱེད་པའི་ཕྱིར་རོ། །རེ་ཞིག་གང་དག་ཉོན་མོངས་པ་ཕྲ་རྒྱས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ཏེ། དེ་དག་ནི་ཉོན་མོངས་པའི་མཚན་ཉིད་ཚང་བ་ཡིན་པའི་ཕྱིར་རོ། ། དེ་དག་ནི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཞེས་བྱ་བ་ཡིན་པས་དེའི་ཕྱིར་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ནོ། །གཞན་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ལས་དོན་གཞན་གྱི་དངོས་པོར་ཤེས་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པ་ ཅན་ཞེས་བྱ་བ་ནི་དགེ་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་བསལ་བར་བྱ་བའི་ཕྱིར་རོ། །སེམས་བྱུང་ཞེས་བྱ་བ་ནི་གཟུགས་དང་མི་ལྡན་པ་བསལ་བར་བྱ་བའི་ཕྱིར་རོ། །འདུ་བྱེད་ཕུང་ཞེས་བྱ་བ་ནི་འདུ་ཤེས་དང་ཚོར་བ་ལ་སོགས་པ་དག་བསལ་བར་བྱ་བའི་ཕྱིར་རོ། །དེ་ལ་ཉེ་བའི་ཉོན་མོངས་ པ་ཁོ་ན་ཡིན་ཞེས་བྱ་བ་ལ། ཉེ་བའི་ཉོན་མོངས་པ་ནི་ཉོན་མོངས་པ་དང་ཉེ་བར་འདུག་པ་དག་གོ། །གཞི་ཕྲན་ཚེགས་ལས་བྱུང་བ་གང་དག་ཡིན་པའོ་ཞེས་བྱ་བ་ནི་མི་དགའ་བ་དང་། གླ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་། རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ལ་སོགས་པ་དག་གོ། །འདིར་ནི་ཀུན་ ནས་དཀྲིས་པ་དང་། ཉོན་མོངས་པའི་དྲི་མས་བསྡུས་པ་ཁོ་ན་ཞེས་བྱ་བ་ནི། ཀུན་ནས་དཀྲིས་པས་བསྡུས་པ་དང་། ཉོན་མོངས་པའི་དྲི་མས་བསྡུས་པའོ། །དེ་ལ་འདི་དག་གིས་སྲིད་པའི་བཙོན་རར་ཀུན་ནས་དཀྲིས་པས་ན་ཀུན་ནས་དཀྲིས་པ་དག་ཡིན་པའམ། འདི་དག་ཡོད་ན་སྤྱོད་པ་ངན་པ་དག་ ལྡང་བས་ན་ཀུན་ནས་དཀྲིས་པ་དག་གོ། །དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་བྱ་བ་ཡིན་ནོ། །སེམས་ཁོང་ནས་འཁྲུག་པའོ་ཞེས་བྱ་བ་ལ། ཁོང་ནས་འཁྲུག་པ་ནི་གཞན་གྱི་ཕུན་སུམ་ཚོགས་ པ་ལ་མི་བཟོད་པ་སྔོན་དུ་འགྲོ་བ་ཅན་གྱི་སེམས་ཀྱི་གདུང་བའོ། །སེར་སྣ་ནི་ཞེས་བྱ་བ་ལ། གང་ལས་བདག་ལས་གཞན་དུ་མ་འགྲོ་ཞིག་སྙམ་པར་གྱུར་པ་དེ་ནི་སེར་སྣ་སྟེ། དེའི་དངོས་པོ་ནི་སེར་སྣ་ཉིད་དོ། །ཆོས་དང་ཟང་ཟིང་དང་མཁས་པ་རབ་ཏུ་འབྱིན་པ་དང་། འགལ་བ་ཅན་ཞེས་བྱ་བ་ནི། ཆོས་ རབ་ཏུ་སྦྱིན་པ་དང་འགལ་བ་ཅན་དང་། ཟང་ཟིང་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་དང་། མཁས་པ་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་དང་། སེམས་ཀྱི་ཀུན་དུ་འཛིན་པ་ཞེས་བྱ་བ་ལ། སེམས་ཀྱི་ཀུན་དུ་འཛིན་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་ཞིང་། དེ་དང་མི་འབྲལ་བར་འདོད་པ་ཉིད་ དོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ་ཞེས་བྱ་བ་ནི། གླུ་དང་གར་དང་སྒེག་པའི་ཆ་ལུགས་དང་། རྒྱན་གྱིས་སེམས་རྣམ་པར་མ་ཞི་བ་དང་། གང་དང་ལྡན་པས་ལམ་གོལ་བར་ཞུགས་པར་འགྱུར་བ་དེ་ནི་རྒོད་པའོ། །འགྱོད་པ་དང་རྨུགས་པ་ནི་བཤད་ཟིན་ཏོ་ཞེས་བྱ་བ་ལ། དེ་ལ་ནི་ མཛོད་ཀྱི་གནས་གཉིས་པ་ལས། ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ་ཞེས་བྱ་བ་ལ་སོགས་པ་དང་། རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ་ཞེས་བཤད་དོ། །གཉིད་ནི་སེམས་མངོན་པར་སྡུད་པའོ་ཞེས་བརྗོད་ན་ནི་སྙོམས་པར་འཇུག་པ་ལ་ཡང་ཐལ་བར་འགྱུར་བས་ དེའི་ཕྱིར་ལུས་ཡང་དག་པར་འཛིན་པར་མི་ནུས་པའོ་ཞེས་བྱ་བ་སྨོས་སོ། །དེ་ནི་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་གྱི། དགེ་བའམ་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །འགྱོད་པ་ཡང་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་གྱི་དགེ་བ་ནི་མ་ཡིན་ནོ། །ཁྲོ་བ་ནི་གནོད་ སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་ཞེས་བྱ་བ་ནི་དེ་དག་ལས་གཞན་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པ་སྟེ། དཔེར་ན་དགེ་སློང་བསླབ་པ་འདོད་པ་ལ་སེམས་འཁྲུག་པ་དང་། ཚེར་མ་ལ་སོགས་པ་དག་ལ་འཁྲུག་པ་ལྟ་བུའོ། །འཆབ་པ་ ནི་ཁ་ན་མ་ཐོ་བ་མཁྱུད་པའོ་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་ནི་སྨད་པར་བྱ་བ་སྟེ། ཚུལ་ཁྲིམས་དང་། སྤྱོད་པ་དང་། འཚོ་བ་རྒུད་པ་དག་ཡིན་ལ། མཁྱུད་པ་ནི་དེ་སྦེད་པར་འདོད་པའི་རྒྱུ་སྟེ། སྡིག་པ་ནང་དུ་གཞག་པའི་ཕྱིར་མི་མངོན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །གོ་རིམས་བཞིན་དུ་ཤེས་ པ་དང་མི་ཤེས་པ་རྣམས་ཀྱིས་ཡིན་ནོ་ཞེས་བྱ་བ་ནི། སྐྱེས་བུ་གང་ཟག་འཆབ་པ་དང་ལྡན་པ་རྣམས་ཀྱི་ཞེས་བྱ་བར་སྦྱར་ཏེ་རྒྱལ་པོ་ལ་སོགས་པས་ཤེས་པ་རྣམས་ཀྱི་ནི་བདག་ལ་རྙེད་པ་དང་། བཀུར་སྟི་མེད་པར་འགྱུར་རོ་སྙམ་དུ་སྲེད་པའི་རྒྱུ་མཐུན་པ་ཡིན་ནོ། །མི་ཤེས་པ་ རྣམས་ཀྱི་ནི་མ་རིག་པའི་རྒྱུ་མཐུན་པ་ཡིན་ཏེ། ལས་བདག་གིར་བྱ་བ་ཉིད་དུ་མ་དད་པ་ནི་ཁ་ན་མ་ཐོ་བ་འཆབ་ཀྱི། གཙང་མར་བྱ་བའི་ཕྱིར་གཞན་གྱི་ཐ་དད་དུ་ཆགས་པར་མི་བྱེད་དོ། །ཁྲེལ་མེད་པར་མ་རིག་པའི་རྒྱུ་མཐུན་པ་ཇི་ལྟར་ཡིན་ཞེ་ན། གང་གིས་ཕྱིར་ཁྲེལ་མེད་པ་འཇིགས་པར་མི་ལྟ་བ་ཡིན་པའི་ ཕྱིར་རོ། །ཐེ་ཚོམ་ལས་འགྱོད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་བརྗོད་པར་འདོད་པའི་ཕྱིར་རོ། །ཉོན་མོངས་དྲི་མ་ཞེས་བྱ་བ་ནི། ཇི་ལྟར་ལུས་དང་དྲི་མ་འབྱུང་བ་དེ་བཞིན་དུ་རྒྱུ་ལ་སོགས་པ་འདི་དག་ཀྱང་ཉོན་མོངས་པ་རྣམས་ལས་འབྱུང་ངོ་། །རྒྱུ་ནི་གཞན་འདྲིད་པའོ་ཞེས་བྱ་བ་ནི་གཞན་འདྲིད་པའི་ བསམ་པ་ཅན་གྱིས་སྲང་ལ་གཡོ་ལ་སོགས་པ་བྱེད་དོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ་ཞེས་བྱ་བ་ལ་གཡོ་ནི་རང་དང་གཞན་གྱི་ནང་གི་བསམ་པ་མཁྱུད་པ་དང་། མི་གསལ་བར་བྱེད་པའི་ཐབས་སུ་གནས་པའི་སེམས་གྱ་གྱུ་བའོ། །རྒྱགས་པ་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི་རྒྱགས་པ་ནི། རང་གི་ ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གདུང་བའོ། །ཞེས་བྱ་བ་ཡིན་ནོ། །ཉོན་མོངས་པ་རྣམ་པ་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏེ། འདི་ལྟར་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་ པར་ལྡན་པའི་ཕྱིར་རོ། །རྨུགས་པ་དང་རྒོད་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཉིད་ནི་ཡིད་ཀྱི་ས་པ་འདོད་པ་ན་སྤྱོད་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་ཅེས་བྱ་བ་འབྱུང་སྟེ། ཀུན་ནས་དཀྲིས་པའི་ཆོས་ཉེ་བའི་ཉོན་མོངས་ པ་གང་ཞིག་བདེན་པ་གང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ནི་བདེན་པ་དེ་མཐོང་བས་སྤང་བར་བྱ་བ་ཡིན་གྱི་གཞན་གྱིས་སྤང་བར་བྱ་བ་ནི་མ་ཡིན་ནོ། །མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་རིག་པ་བསྒོམ་པས་སྤང་བར་བྱ་བ་ཙམ་དང་མཚུངས་ པར་ལྡན་པའི་ཕྱིར་རོ། །མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་རྣམས་རང་དབང་བ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། དེ་དག་འཇུག་པ་ལ་ནི་རང་ཉིད་གཙོ་བོ་ཡིན་གྱི། ཉོན་མོངས་པ་གཞན་ལ་མི་ལྟོས་ལ། མ་རིག་པ་ནི་གླེན་པའི་ཕྱིར་འཇུག་པར་བྱེད་པ་ཉིད་མ་ཡིན་ཏེ། ཉོན་ མོངས་པའི་དྲི་མ་དྲུག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང་། རང་དབང་བར་ཏེ། ཕྲག་དོག་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལྔ་པོ་ཇི་ལྟ་བ་བཞིན་དུའོ། །འདོད་ན་མི་དགེ་ཞེས་བྱ་བ་ལ། རྨུགས་པ་དང་། རྒོད་པ་དང་། གཉིད་མ་གཏོགས་པ་ཀུན་ནས་དཀྲིས་པ་བདུན་དང་ སྒྱུ་ལ་སོགས་པ་དྲུག་ནི་འདོད་པའི་ཁམས་ན་གཅིག་ཏུ་མི་དགེ་བ་ཡིན་ནོ། །རྨུགས་པ་དང་། རྒོད་པ་དང་། གཉིད་རྣམས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ནོ། །གཉིད་ནི་དགེ་བ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཀུན་ནས་དཀྲིས་པའི་སྐབས་ཡིན་པའི་ཕྱིར་དེ་མི་གཟུང་ངོ་། །ཅི་རིགས་ པར་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷག་མ་ཅི་ཙམ་ཞིག་སྲིང་བའོ། །འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་ཞེས་བྱ་བ་འབྱུང་ངོ་། །འདོད་པའི་ཁམས་ཁོ་ན་ན་སྒྱུ་ཡོད་ཀྱི། བསམ་གཏན་དང་པོ་ན་མེད་པ་ཡིན་ནམ་སྒྱུ་ནི་གཞན་འདྲིད་པ་ཡིན་ན། དེ་ན་ནི་ཉོ་ཚོང་མེད་པས་གཞན་འདྲིད་པ་མེད་དོ་ ཞེ་ན། བརྩད་པ་འདི་ནི་མེད་དེ། ཉོ་ཚོང་མ་གཏོགས་པ་ཡང་གཞན་འདྲིད་པ་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚངས་པ་འདྲིད་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྔ་མ་བཞིན་ནོ། །གཡོ་ནི་བཤད་ཟིན་མོད་ཀྱི་ཞེས་བྱ་བ་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཅེས་བྱ་བ་ དང་། གཡོ་དང་སྒྱུ་དང་རྒྱགས་པ་མ་གཏོགས་པ་ཁྲོ་བ་ལ་སོགས་པ་དང་ཞེས་བྱ་བ་དེ་བཤད་དུ་ཟིན་ཀྱང་ཞར་ལ་སྟེ། དེ་ཡན་ཆད་ནི་ལུང་མ་བསྟན་ཞེས་བྱ་བའི་ཞར་ལ་བཤད་དོ། །ལྔ་བོར་ཏེ་ཞེས་བྱ་བ་ནི་སྒྱུ་དང་། གཡོ་དང་། རྨུགས་པ་དང་། རྒོད་པ་དང་། རྒྱགས་པ་དག་གོ། །དེ་དག་ནི་ཐམས་ཅད་ཡིད་ ཀྱི་ས་པ་དག་ཡིན་ནོ་ཞེས་བྱ་བ་ལ་གཉིད་དང་ང་རྒྱལ་དེ་དག་ནི་རྣམ་པ་ལྔ་ཆར་ཡང་ཡིད་ཀྱི་ས་པ་ཡིན་གྱི་འདོད་ཆགས་ལ་སོགས་པ་དག་བཞིན་དུ་རྣམ་པར་ཤེས་པ་དྲུག་དང་། མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །ཉེ་བའི་ཉོན་མོངས་རང་དབང་ཡང་། །ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྲག་དོག་དང་། སེར་སྣ་དང་། འགྱོད་པ་དང་། ཁྲོ་བ་དང་། འཆབ་པ་རྣམས་དང་། ཉོན་མོངས་པའི་དྲི་མ་རྣམས་སོ། །ཉོན་མོངས་པའི་ས་མང་པོ་པ་དག་གི་ནང་དུ་བཤད་པ་གང་དག་ཡིན་པའོ་ཞེས་བྱ་བ་ནི་འདི་ལྟ་སྟེ། བག་མེད་པ་དང་། ལེ་ལོ་དང་། མ་དད་པ་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་ ཤེས་པ་དྲུག་ལ་བརྟེན་པ་རིག་པར་བྱའོ། །མ་རིག་པ་དང་། རྨུགས་པ་དང་། རྒོད་པ་ནི་ཐལ་མ་ཐག་ཏུ་བཤད་ཟིན་པས་ཡང་མི་བརྗོད་དོ། །དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་ཞེས་བྱ་བ་ལ། དགའ་བའི་རྣམ་པ་དང་སྐྱོ་བའི་རྣམ་པ་ནི་དགའ་བ་དང་སྐྱོ་བའི་རྣམ་པ་དག་གོ། །འདོད་ཆགས་ དང་ཞེ་སྡང་དེ་དག་ལ་དེ་དག་ཏུ་འཇུག་པའི་ངང་ཚུལ་ཡོད་པ་དེ་དག་ནི་དགའ་བ་དང་། སྐྱོ་བའི་རྣམ་པར་འཇུག་པ་དང་། དེའི་དངོས་པོ་ནི་དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པ་ཉིད་དེ། དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དེ་དག་བདེ་བ་དང་སྡུག་བསྔལ་དག་དང་མཚུངས་པར་ལྡན་ནོ། །རྣམ་པར་མཚུངས་ པའི་ཕྱིར་དང་། རྣམ་པར་ཤེས་པའི་ཚོགས་དྲུག་པ་ཡིན་པའི་ཕྱིར་འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་ལ། ཞེ་སྡང་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ། །བསོད་ནམས་ཀྱི་ལས་ཅན་དང་། སྡིག་པའི་ལས་ཅན་རྣམས་ཀྱི་དང་ཞེས་བྱ་བ་ལ། བསོད་ནམས་ཀྱི་ ལས་ཅན་རྣམས་ཀྱི་ནི་ཡིད་མི་བདེ་བ་དང་ངོ་། །སྡིག་པའི་ལས་ཅན་རྣམས་ཀྱི་ནི་ཡིད་བདེ་བ་དང་ངོ་། །ལྟ་བ་བཞི་དང་ཞེས་བྱ་བ་ནི་ལོག་པར་ལྟ་བ་མ་གཏོགས་པའོ། །ཇི་ལྟར་ཆད་པར་ལྟ་བ་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཞེ་ན། དེ་མངོན་པར་འདོད་པའི་ཕྱིར་རོ། །འདོད་ལས་སྐྱེས་ཞེས་བྱ་བ་ ནི། དེ་ལས་གཞན་ན་སྡུག་བསྔལ་དང་ཡིད་མི་བདེ་བ་དག་མེད་པའི་ཕྱིར་དང་ཁོང་ཁྲོ་མེད་པའི་ཕྱིར་རོ། །རེ་ཞིག་དེ་ལྟར་ཕྲ་རྒྱས་འདི་དག་དགའ་བ་དང་སྐྱོ་བའི་རྣམ་པའི་དབྱེ་བས་བདེ་བའི་སྡུག་བསྔལ་དག་དང་མཚུངས་པར་ལྡན་པ་སོ་སོར་ངེས་པར་བཤད་ནས། སྤྱིར་སྨྲས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བཏང་སྙོམས་ཀྱི་དབང་པོ་ནི་མ་རིག་པས་རྒྱས་པར་འབྱུང་བའི་ཕྱིར་