Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 145

Văn bản gốc(Tây Tạng)

Trang 10 / 22 (50.000 ký tự/trang)
དང་། མ་རིག་པ་ཡང་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཞན་ཡང་ཉོན་མོངས་པ་ཐམས་ཅད་པར་མ་གྱུར་ནས་འགག་པ་སྟེ། དེ་ཉིད་ཀྱི་ཕྱིར་རྒྱུན་འཆད་པའི་དུས་ན་ཞེས་བྱ་བ་སྨོས་སོ། །བཏང་སྙོམས་ལ་དགའ་

བ་དང་སྐྱོ་བའི་རྣམ་པ་མེད་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་དགའ་བ་དང་སྐྱོ་བའི་རྣམ་པས་དེ་དང་མཚུངས་པར་ལྡན་ཞེ་ན། དེའི་ཕྱིར་གྲག་གོ་ཞེས་བྱ་བའི་སྒྲ་ནི་མ་རངས་པའི་དོན་དུ་ཡིན་ནོ། །བྱེ་བྲག་ཏུ་སྨྲས་པ་རྣམས་ན་རེ་འགལ་བ་མེད་པའི་ཕྱིར་སྐྱེས་བུ་གཟུ་བོ་བཞིན་ནོ་ཞེས་ཟེར་རོ། །རང་གི་ས་
དག་ན་དབང་པོ་ཇི་སྙེད་ཅིག་ཡོད་པ་ཞེས་བྱ་བ་ལ། ས་གང་ན་དབང་པོ་དུ་ཡོད་ཅེ་ན། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བ་དེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་ཕྱིས་འཆད་པར་འགྱུར་རོ། །དེ་ན་ཡང་ཅི་རིགས་
པར་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་ནི་ཞེས་བྱ་བ་ལ། བསམ་གཏན་དང་པོ་ན་ནི་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་གསུམ་པའི་བདེ་བ་ཡོད་ལ། བཏང་སྙོམས་ཀྱི་དབང་པོ་རྣམ་པར་ཤེས་པའི་ཚོགས་བཞི་པ་དང་། ཡིད་བདེ་བའི་དབང་པོ་ཡིད་ཀྱི་རྣམ་
པར་ཤེས་པ་པོ་ཡོད་དོ། །དེ་ཡན་ཆད་ན་ནི་ཅི་རིགས་པར་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པ་ཐམས་ཅད་ཡོད་དོ། །དེ་ལ་བསམ་གཏན་གཉིས་པ་ན་ནི་ཡིད་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ། །གསུམ་པ་ན་ནི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ། །དེ་ཡན་
ཆད་ན་ནི་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡོད་དོ། །འདི་དག་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་དང་། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་བདེ་བ་དང་སྡུག་བསྔལ་གྱི་དབང་པོ་བསལ་བར་བྱ་བའི་ཕྱིར་ཁྱད་པར་གཉིས་སོ། །དེ་དག་དང་རྒྱགས་པ་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་རྒྱགས་པ་ཡིད་ཀྱི་
ས་པ་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ཞེ་ན། དེའི་ཕྱིར་བསམ་གཏན་གསུམ་པ་ན་ནི་བདེ་བ་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་སྨོས་སོ། །མ་རིག་པ་བཞིན་དུ་ཞེས་བྱ་བ་ལ། ཉོན་མོངས་པའམ་ཉེ་བའི་ཉོན་མོངས་པ་གང་དང་ཡང་མཚུངས་པར་ལྡན་པ་བཀག་པ་མེད་པ་དེ་བཞིན་དུ་བཏང་སྙོམས་
ཀྱང་ཡིན་ནོ་ཞེས་བྱ་བའོ། །མི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི། ངོ་ཚ་མེད་པ་དང་། ཁྲེལ་མེད་པའོ། །ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། རྨུགས་པ་དང་། རྒོད་པ་དང་། རྣམ་པར་ཤེས་པའི་ཚོགས་དྲུག་ལ་ནི་མི་དགེ་བ་དང་ཉོན་མོངས་པ་ཅན་སྲིད་པས་

དེའི་ཕྱིར་དབང་པོ་ལྔ་ཆར་དང་མཚུངས་པར་ལྡན་ཏེ་ཞེས་བྱ་བ་སྨོས་སོ། །མདོ་ལས་འདོད་པ་ལ་འདུན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྒྲིབ་པ་ལྔ་ནི་མི་དགེ་བའི་ཕུང་པོ་ཡིན་ནོ་ཞེས་སྨྲས་པ་དེ་དག་ནི་ཡང་དག་པར་སྨྲ་བ་ན་སྨྲ་བར་
འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ། །ལྔ་གང་ཞེ་ན། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མོ་ཞེས་གསུངས་སོ། །
དེ་ལ་ཅི་རྨུགས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྨུགས་པ་དང་། རྒོད་པ་དང་ཐེ་ཚོམ་ནི་ཁམས་གསུམ་པ་ཡིན་ལ། འདོད་པ་ལ་འདུན་པ་དང་། གནོད་སེམས་དག་ནི་འདོད་པ་ན་སྤྱོད་པ་ཡིན་ན། དེ་ལས་ནི་ཁྱད་པར་མེད་པར་གསུངས་པས། ཅི་རྨུགས་པ་དང་རྒོད་པ་དང་ཐེ་ཚོམ་ཁམས་གསུམ་པ་
གཟུང་ངམ། འོན་ཏེ་འདོད་པ་ལ་འདུན་པ་དང་། གནོད་སེམས་ལྟར་འདོད་པ་དང་ལྡན་པར་གཟུང་ཞེས་མི་ཤེས་པའོ། །འདི་ནི་མི་དགེ་བའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་རྨུགས་པ་དང་རྒོད་པ་དང་ཐེ་ཚོམ་རྣམས་ཁམས་གསུམ་པ་ཉིད་ཡིན་ཡང་འདོད་པར་གཏོགས་པ་དག་ཁོ་ན་སྒྲིབ་པར་བཞེད་
དོ། །དེ་ཉིད་ཀྱི་ཕྱིར་རྨུགས་པ་དང་རྒོད་པ་དང་། གཉིད་དང་འགྱོད་པ་དག་དང་བསྲེས་པར་མཛད་དེ། རྨུགས་པ་དང་རྒོད་པ་འདོད་པ་ན་སྤྱོད་པ་དག་ཁོ་ན་སྒྲིབ་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །གཉིད་དང་འགྱོད་པ་ཉོན་མོངས་པ་ཅན་མ་ཡིན་པ་དག་སྒྲིབ་པའི་ངོ་བོ་ཡིན་པ་དགག་པར་ཡང་མཛད་པ་
ཡང་ཡིན་ཏེ། རྨུགས་པ་དང་། རྒོད་པ་དང་། བསྲེས་པའི་ཕྱིར་དང་། དེ་དག་ཀྱང་གཅིག་ཏུ་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །སྒྲིབ་པ་ཞེས་བྱ་བ་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ཀྱི་སྒྲིབ་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །མི་མཐུན་དང་ཟས་དང་བྱ་བ་གཅིག་
པའི་ཕྱིར། གཉིས་གཅིག་ཅེས་བྱ་བ་ནི་ཇི་ལྟར་འདོད་པ་ལ་འདུན་པའི་ཟས་སྡུག་པའི་མཚན་མ་ཡིན་ལ། ཟས་མ་ཡིན་པ་མི་སྡུག་པ་ཡིན་པ་དང་། གནོད་སེམས་ཀྱི་ཟས་ཁོང་ཁྲོ་བའི་མཚན་མ་ཡིན་ལ། ཟས་མ་ཡིན་པ་བྱམས་པ་ཡིན་པ་དང་། ཐེ་ཚོམ་གྱི་ཟས་དུས་གསུམ་ཡིན་ཏེ། འདས་

པའི་དུས་ལ་ཐེ་ཚོམ་ཟ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བས་སོ། །ཟས་མ་ཡིན་པ་ནི་རྐྱེན་ཉིད་འདི་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོར་རྟོག་པ་ཡིན་པ་ལྟ་བུ་སྟེ། དེ་ལྟར་ན་འདི་དག་ནི་རེ་རེ་ཞིང་སྒྲིབ་པ་ཉིད་ཡིན་ནོ། །རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པའི་ཡང་དེ་བཞིན་དུ་
ཡིན་ནོ། །ཁ་ཟས་ཀྱི་དྲོད་མི་ཟིན་པ་ཞེས་བྱ་བ་ནི་ཏེ་པོར་ཉུང་བའམ་མང་བ་ཟ་ཞེས་བྱ་བའི་དོན་ཏོ། །ཞི་གནས་ནི་ཏིང་ངེ་འཛིན་དང་རྩེ་གཅིག་པ་ཞེས་བྱ་བའི་དོན་ཏོ། །འདོད་པ་ལ་འདུན་པ་དང་གནོད་སེམས་དག་གིས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེ་གཉིས་ཀྱིས་གོ་རིམས་བཞིན་དུ་འདོད་
པ་དང་སྡིག་པ་ལས་དབེན་པ་རིང་དུ་བྱེད་པའི་ཕྱིར་རོ། །རྨུགས་པ་དང་གཉིད་ཀྱིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེ་ལྷག་མཐོང་རིང་དུ་བྱེད་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེས་ཞི་གནས་རིང་དུ་བྱེད་པའི་ཕྱིར་རོ། །རྟོག་པ་འདི་ལྟ་ན་ནི་
ཞེས་བྱ་བ་ནི་གལ་ཏེ་རྨུགས་པ་དང་གཉིད་ཤེས་རབ་ཀྱི་ཕུང་པོ་དང་། འགལ་བ་ཉིད་དུ་རྟོག་ཅིང་། རྒོད་པ་དང་འགྱོད་པ་ཏིང་ངེ་འཛིན་གྱི་ཕུང་པོ་དང་འགལ་བར་རྟོག་ན་ནི། དེ་ལྟ་ཡིན་དང་རྒོད་པ་དང་། འགྱོད་པའི་སྒྲིབ་པ་རྨུགས་པ་དང་གཉིད་ཀྱིས་སྒྲིབ་པའི་སྔར་སྨོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་
ན། འདི་ལྟར་རིམ་པ་གང་གིས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་དག་བསྟན་པའི་རིམ་པ་དེས་དེ་དག་གིས་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་རྣམས་ཀྱི་བསྟན་པར་རིགས་ཏེ། རིམ་པ་ལས་རྒལ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །གྲངས་བཞིན་དུ་ཞེས་བྱ་བ་ནི་
རྨུགས་པ་དང་། གཉིད་ནི་ཏིང་ངེ་འཛིན་གྱི་ཕུང་པོའི་ཉེ་བའི་ཉོན་མོངས་པའོ། །རྒོད་པ་དང་འགྱོད་པ་ནི་ཤེས་རབ་ཀྱི་ཕུང་པོའི་ཉེ་བའི་ཉོན་མོངས་པ་སྟེ། འདི་ལྟར་ཏིང་ངེ་འཛིན་ལ་བརྩོན་པ་ནི་རྨུགས་པ་དང་གཉིད་ཀྱི་འཇིགས་པ་ལ་ཆོས་རབ་ཏུ་འབྱེད་པ་ལ་བརྩོན་པ་ནི་རྒོད་པ་དང་འགྱོད་པས་འཇིགས་སོ། །
རྒྱུ་བར་འགྱུར་བས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཆེད་དུ་འབྱམ་པས་སོ། །གནས་པར་གྱུར་པའི་ཞེས་བྱ་བ་ནི་ནང་དུ་ཡང་དག་འཇོག་པར་འདུག་པའམ་འཆག་པའིའོ། །དེའི་མངོན་དུ་འགྲོ་བ་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་མཚན་མ་མངོན་དུ་འགྲོ་བའོ། །དེའི་འོག་ཏུ་ཏིང་ངེ་འཛིན་དུ་ཞུགས་པས་ཞེས་བྱ་

བ་འདིར་མ་རིག་པ་ནི་ཞི་གནས་ཀྱི་རྒྱུ་མཚན་དང་ལྷག་མཐོང་གི་རྒྱུ་མཚན་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་འདི་ཡིན་ནོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་རྨུགས་པ་དང་། གཉིད་ནི་ཞི་གནས་ཀྱི་བར་ཆད་བྱེད་ལ། རྒོད་པ་དང་འགྱོད་པ་ནི་ལྷག་མཐོང་གི་བར་ཆད་བྱེད་དེ། རླུང་དམར་
གྱིས་དཀྲུགས་པའི་ཆུ་ལ་གཟུགས་ཀྱི་གཟུགས་བརྙན་མི་སྣང་བ་ལྟར། རྒོད་པ་དང་འགྱོད་པས་དཀྲུགས་པའི་སེམས་ལ་དེ་ཉིད་མཐོང་བ་མེད་དོ། །ཐེ་ཚོམ་གྱིས་ཀྱང་དེ་ཉིད་མཐོང་བར་མི་འགྱུར་རོ། །སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རྣམས་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐལ་
བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རྣམས་ཀྱི་དམིགས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཡིན་ཞིང་། སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ལ། དེ་རྣམས་དེའི་ཚེ་སྤོང་བ་ནི་མ་ཡིན་ཏེ། སྔར་སྤངས་ཟིན་པའི་ཕྱིར་རོ། །
དེ་རྣམས་ནི་སྔར་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པའི་དུས་སུ་སྤངས་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཀྱི་དམིགས་པ་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་ཡིན་ལ། ལོག་པར་
ལྟ་བ་ལ་སོགས་པ་དེ་དག་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་རྗེས་སུ་ཤེས་པའི་བཟོད་པ་དག་གིས་ཡོངས་སུ་ཤེས་ལ། དེ་རྣམས་དེའི་ཚེ་སྤོང་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕྱིས་འགོག་པ་དང་ལམ་ལ་ཆོས་དང་རྗེས་སུ་ཤེས་པ་དག་གིས་
སྤོང་ངོ་། །དེའི་ཚེ་དེ་རྣམས་ཀྱི་དམིགས་པ་ཡོངས་སུ་ཤེས་པ་ཡང་མ་ཡིན་ཏེ། སྔར་ཡོངས་སུ་ཤེས་པར་བྱས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ཇི་ལྟར་སྤོང་བ་བརྗོད་དགོས་སོ་ཞེ་ན། དམིགས་པ་ཡོངས་སུ་ཤེས་པ་དང་། དེ་ལ་དམིགས་པ་ཡང་དག་པར་ཟད་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
རང་གི་ས་ལ་དམིགས་པ་སྨོས་པ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་བསལ་བའི་ཕྱིར་རོ། །ཟག་པ་མེད་པ་ལ་དམིགས་པ་རྣམས་ཞེས་བྱ་བ་ལ། ཅི་ཞེ་ན། དམིགས་པ་ཡོངས་སུ་ཤེས་པས་ཟད་པར་འགྱུར་རོ་ཞེས་བསྟན་ཏོ། །ཟག་པ་མེད་པ་ལ་དམིགས་པ་སྨོས་པ་ནི་ཟག་པ་དང་བཅས་པ་ལ་

དམིགས་པ་བསལ་བར་བྱ་བའི་ཕྱིར་རོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་ཞེས་བྱ་བ་ལ། སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་འདི་དག་ལ་དམིགས་པ་སྐལ་བ་མི་མཉམ་པའི་ཁམས་ཀུན་ནས་འགྲོ་བ་ཡོད་པ་དེ་དག་ནི་དེ་ལ་དམིགས་པའོ། །དེ་ལ་དམིགས་པ་རྣམས་ཡང་དག་པར་
ཟད་པ་ནི་དེ་ལ་དམིགས་པ་ཡང་དག་པར་ཟད་པ་སྟེ། དེ་ལ་དམིགས་པ་ཡང་དག་པར་ཟད་པ་དེ་བས་ན་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རྣམས་ཟད་པར་འགྱུར་ཏེ། ཡུལ་བསྟན་པར་བྱེད་པ་སྤངས་པའི་ཕྱིར་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རྣམས་སྟོང་ངོ་། །ཟག་པ་མེད་པ་ལ་
དམིགས་པ་དེ་དག་ནི་དེ་དག་གི་དམིགས་པ་ཡིན་པས་ཞེས་བྱ་བ་ལ། ལོག་པར་ལྟ་བ་ལ་སོགས་པ་འགོག་པ་དང་ལམ་གྱི་བདེན་པ་ལ་དམིགས་པ་དེ་དག་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་དེ་དག་གི་དམིགས་པ་ཡིན་པས་ཡུལ་སྤངས་པའི་ཕྱིར། ཡུལ་ཅན་སྤངས་པ་
ཡིན་ནོ། །གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཞེས་བྱ་བ་ནི་བདེན་པ་རྣམས་སྔར་ཡོངས་སུ་ཤེས་པར་བྱས་ཟིན་པའི་ཕྱིར་དམིགས་པ་ཡོངས་སུ་ཤེས་པས་མ་ཡིན་ལ། དེ་ལ་དམིགས་པ་ཡང་དག་པར་ཟད་པས་ཀྱང་མ་ཡིན་ཏེ། དེ་དག་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །
དམིགས་པ་སྤངས་པས་ཀྱང་མ་ཡིན་ཏེ། སྔར་དམིགས་པ་སྤོང་བ་དང་དེ་དག་ལ་དམིགས་པ་སྤངས་པ་ཉིད་ཀྱིས། དེ་དག་ལ་དམིགས་པ་སྤངས་པ་ལས་ཕྱིས་འདོད་ཆགས་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །ཆེན་པོའི་ཆེན་པོ་ནི་ཞེས་བྱ་བ་ནི། ཆུང་དང་འབྲིང་དང་ཆེན་པོ་ཡི། །ཆུང་ངུ་ལ་སོགས་དབྱེ་བ་ཡིས། །
ཞེས་འཆད་པར་འགྱུར་རོ། །སྤོང་བའི་གཉེན་པོ་ནི་བར་ཆད་མེད་པའི་ལམ་མོ་ཞེས་བྱ་བ་ནི་གང་གིས་ཉོན་མོངས་པའི་ཐོབ་པ་ཀུན་དུ་གཅོད་པ་སྟེ། དེ་ཡང་བར་ཆད་མེད་པའི་ལམ་ཐམས་ཅད་ཡིན་ནོ། །གཞིའི་གཉེན་པོ་དེ་ཡན་ཆད་ཀྱི་ལམ་གང་ཡིན་པ་སྟེ་ཞེས་བྱ་བ་ནི། འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་
ལ་སོགས་པ་ལྟ་བུའོ། །གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། གང་གིས་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་བཟོད་པ་ལ་སོགས་པ་བར་ཆད་མེད་པའི་ལམ་གྱིས་སྤངས་པ་བྲལ་བའི་ཐོབ་པ་ཀུན་དུ་འཛིན་པའོ། །འདིར་ནི་བར་ཆད་མེད་པའི་ལམ་དང་པོ་མ་གཏོགས་པའི་བར་ཆད་མེད་པའི་ལམ་ཡང་

གཟུང་སྟེ། བར་ཆད་མེད་པའི་ལམ་དང་པོ་ནི་སྤོང་བའི་གཉེན་པོ་ཁོ་ན་ཡིན་གྱི། གཞིའི་གཉེན་པོ་ནི་མ་ཡིན་པའི་ཕྱིར་རོ། །ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་ཞེས་བྱ་བ་ལ། འདིས་ཐག་བསྲིང་བའི་ངོ་བོ་བྱེད་པས་ན། ཐག་བསྲིང་བའི་ངོ་བོ་སྟེ། དེ་ཉིད་གཉེན་པོའོ། །རྣམ་པར་
གྲོལ་བའི་ལམ་ཡན་ཆད་ཀྱི་ལམ་གང་ཡིན་པ་སྟེ་ཞེས་བྱ་བ་ནི། རྣམ་པར་གྲོལ་བའི་ལམ་སྡུག་བསྔལ་ལ་ཆོས་ཤེས་པ་གང་ཡིན་པ་དེའི་གོང་གི་ལམ་གང་ཡིན་པ་སྟེ། དེ་ལྟ་ཡིན་དང་འདིར་རྣམ་པར་གྲོལ་བའི་ལམ་དང་པོ་མ་གཏོགས་པའི་རྣམ་པར་གྲོལ་བའི་ལམ་ཡང་གཟུང་སྟེ། དེ་ནི་གཞིའི་གཉེན་པོ་ཁོ་ན་
ཡིན་གྱི་ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་མ་ཡིན་ནོ། །གཞན་དག་ན་རེ་རྣམ་པར་གྲོལ་བའི་ལམ་ཡང་ཡིན་ཏེ་ཞེས་བྱ་བ་ལ། དེའི་ཕྱིར་དེ་ལྟར་ན་དང་པོ་ཡང་གཟུང་བར་འགྱུར་རོ། །སྔར་ནི་རྣམ་པར་གྲོལ་བའི་ལམ་ཡན་ཆད་ཀྱི་རྣམ་པར་གྲོལ་བའི་ལམ་གཞན་གང་ཡིན་པ་དེ་ཁོ་ན་གཟུང་བར་འགྱུར་རོ། །དེས་
ཀྱང་ཐོབ་པ་དེ་དག་སྲིང་བར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་དང་པོ་སྟེ། བྲལ་བའི་ཐོབ་པ་ཀུན་དུ་འཛིན་པ་འབའ་ཞིག་ཏུ་མ་ཟད་དོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ལམ་གང་གིས་ཁམས་དེ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་དོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་
དམིགས་པའི་ལམ་སྟེ། འདི་ལྟར་དེས་ནི་ཁམས་དེ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་ཏུ་རྣམ་པར་སུན་འབྱིན་པར་བྱེད་ཅིང་། རྣམ་པར་གཏོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་འདི་དག་གི་གོ་རིམས་ཞེས་བྱ་བ་ནི་སློབ་དཔོན་ཡིན་ཏེ། ཐེམ་སྐས་ཀྱི་ཚུལ་ལ་བརྟེན་ནས་ཇི་ལྟར་སྐྱེ་བའི་རིམ་པ་དང་། མཚན་
ཉིད་མ་འཆོལ་བ་ཐུགས་ལ་གཞག་ནས་བཤད་དོ། །སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་སྦྱོར་བའི་ལམ་མོ་ཞེས་བྱ་བ་ལ། འདིར་སྦྱོར་བའི་ལམ་ནི་དྲོ་བར་གྱུར་པ་ལ་སོགས་པ་གཟུང་གི །བར་ཆད་མེད་པའི་ལམ་ལ་སོགས་པ་ནི་མ་ཡིན་ཏེ། སྤོང་བ་ལ་སོགས་པ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །
བར་ཆད་མེད་པའི་ལམ་ཐམས་ཅད་དོ་ཞེས་བྱ་བས་ནི་བདེན་པ་བཞི་ལ་དམིགས་པ་བར་ཆད་མེད་པའི་ལམ་བརྒྱད་ཅུ་རྩ་དགུ་གཟུང་སྟེ། རྣམ་པར་གྲོལ་བའི་ལམ་ནི། དང་པོ་ནས་གཞིའི་གཉེན་པོ་ཁོ་ན་ཡིན་གྱི། ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་མ་ཡིན་ནོ། །ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་ཁྱད་པར་གྱི་

ལམ་མོ་ཞེས་བྱ་བ་ནི། གསུམ་ལས་གཞན་པའི་ལམ་ཐམས་ཅད་ཁྱད་པར་གྱི་ལམ་ཡིན་པའོ། །མཚུངས་པར་ལྡན་པ་ལས་ནི་ཉོན་མོངས་པ་རྣམ་པར་དབྱེ་བར་མི་ནུས་སོ་ཞེས་བྱ་བ་ནི་དེ་ནི་མེད་ན་མི་འབྱུང་བ་ཉིད་དུ་སྐྱེས་པའི་ཕྱིར་སོ་སོར་བྱ་བར་མི་ནུས་སོ། །རེ་ཞིག་མ་འོངས་པ་ནི་དམིགས་པ་ལས་རྣམ་པར་
དབྱེ་བར་ནུས་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་ཡང་དངོས་པོ་དེ་ལ་དམིགས་ནས་མི་སྐྱེ་བས་སོ། །འདས་པ་གོ་ཇི་ལྟར་ནུས་ཏེ། དངོས་པོ་དེ་ལ་དམིགས་ནས་སྐྱེས་ཏེ་འགག་པའི་ཕྱིར་དམིགས་པ་དེ་ལས་རྣམ་པར་དབྱེ་བར་མི་ནུས་སོ། །འོན་ཏེ་འདིའི་དོན་ནི་དམིགས་པ་ཡོངས་སུ་ཤེས་པས་ཞེས་བྱ་བ་ལ་སོགས་པ་
འབྱུང་ངོ་། །རེ་ཞིག་གང་དུ་དམིགས་པའི་སྒྲ་ཡོད་པ་དེར་ནི་དམིགས་པ་ཡོངས་སུ་ཤེས་པའི་རྟོག་པ་ཡོད་པ་ཡིན་པ་ཞིག་ན། གང་དུ་གཉེན་པོ་སྐྱེས་པས་ཞེས་བྱ་བ་དེ་ནི་དམིགས་པའི་སྒྲ་ཡོད་པ་མ་ཡིན་པ་དེར་ནི་ཇི་ལྟར་ཡིན་ཏེ། དེའི་ཕྱིར་དེ་ཡང་མ་ངེས་ཏེ་ཞེས་བྱ་བ་སྨོས་སོ། །རྣམ་པ་གཅིག་ཏུ་དམིགས་པ་ཡོངས་སུ་
ཤེས་པ་འབའ་ཞིག་གིས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། དེ་ལ་དམིགས་པ་ཡང་དག་པར་ཟད་པ་ལ་སོགས་པ་གཞན་རྣམ་པ་གསུམ་གྱིས་ཀྱང་ཡིན་པས་དེའི་ཕྱིར་དེ་ཡང་མ་ངེས་ཏེ་ཞེས་བྱ་བ་སྨོས་སོ། །འདིའི་དོན་ནི་དམིགས་པ་ཡོངས་སུ་ཤེས་པས་སྤང་བར་བྱ་བ་འདི་ཡིན་ནོ་ཞེས་བྱ་བ་མ་
ངེས་ཏེ། འདི་ལྟར་གོང་དུ་ཉོན་མོངས་པ་རྣམས་ནི་རྣམ་པ་བཞིས་ཟད་པར་འགྱུར་ཏེ། དམིགས་པ་ཡོངས་སུ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །དེ་ལྟ་བས་ན་འདི་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་ལན་གདབ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྨྲས་པ། རང་གི་རྒྱུད་ལ་ཡོད་པའི་ཉོན་
མོངས་པ་ནི་ཐོབ་པ་ཆད་པ་དང་། བྲལ་བའི་ཐོབ་པ་སྐྱེས་པས་སྤོང་ངོ་། །གཟུགས་ཐམས་ཅད་དང་ཞེས་བྱ་བ་ནི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། རང་གི་རྒྱུད་ལ་ཡོད་པ་དག་གོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་དགེ་བ་ཟག་པ་དང་བཅས་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་
གཟུགས་ཅན་མ་ཡིན་པའོ། །དེ་དག་ལ་དམིགས་པ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་དང་། གཟུགས་ཐམས་ཅད་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་དེ་དག་ལ་དམིགས་པ་རང་གི་རྒྱུད་ལ་ཡོད་པའི་འདུན་པའི་འདོད་ཆགས་སྤངས་པས་སྤངས་པར་འགྱུར་རོ། །འབྱུང་དང་ཚུལ་

ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ་ཞེས་བྱ་བ་ལ། ལྟ་བུའོ་ཞེས་བྱ་བའི་སྒྲ་ནི་དཔེར་བརྗོད་པར་བྱ་བའི་དོན་དུ་སྟེ། བཞིན་ནོ་ཞེས་བྱ་བའི་དོན་དུ་བལྟ་བར་བྱའོ། །མཚན་ཉིད་ཀྱིས་རིང་བ་ཉིད་ནི་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། དཔེར་ན་འབྱུང་བའི་མཚན་ཉིད་མི་མཐུན་
པ་རྣམས་ལས་སའི་ཁམས་ལས་ཆུའི་ཁམས་རིང་བ་ལ་སོགས་པ་བཞིན་ནོ། །གཉེན་པོས་རིང་བ་ཉིད་ནི་གཉེན་པོ་ཡིན་པའི་ཕྱིར་ཏེ། དཔེར་ན་འཆལ་བའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་བཞིན་ནོ། །ཡུལ་གྱིས་རིང་བ་ཉིད་ནི་ཡུལ་རྣམ་པར་འཆད་པ་སྟེ། དཔེར་ན་ཤར་གྱི་རྒྱ་མཚོ་ལས་ནུབ་ཀྱི་རྒྱ་མཚོའི་
ཕྱོགས་བཞིན་ནོ། །དུས་ཀྱིས་རིང་བ་ཉིད་ནི་དཔེར་ན་འདས་པ་དང་། མ་འོངས་པ་རིང་བར་བརྗོད་པ་ལྟ་བུའོ་ཞེས་བྱ་བ་ལ་གང་ནས་བརྗོད་ཅེ་ན། ཆོས་མངོན་པ་ལས་ཏེ། འདི་སྐད་དུ། ཆོས་རིང་བ་གང་དག་ཅེ་ན། འདས་པ་དང་མ་འོངས་པའི་ཆོས་རྣམས་སོ། །ཆོས་ཉེ་བ་གང་དག་ཅེ་ན། ད་ལྟར་བྱུང་
བའི་ཆོས་རྣམས་དང་། འདུས་མ་བྱས་སོ་ཞེས་འབྱུང་ངོ་། །ཡུན་རིང་པོ་ཞིག་ན་བྱུང་བ་དང་། འབྱུང་བ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུན་རིང་མོ་ཞིག་ན་བྱུང་བ་ཉིད་ཀྱིས་འདས་པ་མ་ཡིན་ལ། ཡུན་རིང་མོ་ཞིག་ན་འབྱུང་བ་ཉིད་ཀྱིས་མ་འོངས་པ་མ་ཡིན་པའོ། །ད་ལྟར་ཡང་དེ་བཞིན་དུ་རིང་བར་འགྱུར་རོ་
ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ཉིད་ཀྱིས་དུས་ཐ་དད་པ་ཉིད་ཀྱིས་ན་ད་ལྟར་བྱུང་བ་ཡང་རིང་བར་འགྱུར་རོ། །དཔེར་ན་འདས་པ་དང་། མ་འོངས་པ་གཉིས་རིང་བ་ལྟ་བུའོ། །འོ་ན་ནི་བྱེད་པ་ལས་རིང་བ་མ་ཡིན་ནོ་ཞེས་བྱ་བ་ནི་བྱེད་པ་ཞིག་པ་ནི་འདས་པ་ལ་མ་ཡིན་ལ། བྱེད་པ་མ་ཐོབ་པ་ནི་མ་འོངས་པ་ཡིན་པས་
སོ། །བསྟན་བཅོས་ལས་ཆོས་ཉེ་བ་དག་གང་ཞེ་ན། ད་ལྟར་བྱུང་བའི་ཆོས་རྣམས་དང་། འདུས་མ་བྱས་སོ་ཞེས་གསུངས་པ་དེ་ལ་འདུས་མ་བྱས་ལ་བྱེད་པ་མེད་པའི་ཕྱིར་ཇི་ལྟར་ཉེ་བ་ཉིད་ཡིན། དེ་ཐམས་ཅད་དུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་ཐམས་ཅད་དུ་སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་
བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དག་ལས་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི། དེ་ནི་ཐོབ་པ་ཡང་ཡོད་པས་སོ། །ཇི་ལྟར་ཞེ་ན། དགེ་བ་ལ་སོགས་པའི་ཆོས་འདས་པ་དང་། མ་འོངས་པ་རྣམས་ནི་ཡུལ་ཐམས་ཅད་ན་དེ་དག་གིས་ཐོབ་པ་དང་ལྡན་པའི་ཕྱིར་རོ། །

གང་ལ་ཐོབ་པ་ཉིད་ཡོད་པ་མ་ཡིན་པའི་ནམ་མཁའ་ཡང་ཇི་ལྟར་ན་ཉེ་བར་གྲུབ། དེ་ལྟ་ན་འོ་ན་ཞེས་བྱ་བ་ན་རྣམ་གྲངས་གཞན་སྨྲས་པའོ། །འདུས་མ་བྱས་ཀྱང་ཆོད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། དེ་ནི་དུས་ཀྱིས་མ་བསྡུས་པས་དེའི་ཕྱིར་ད་ལྟར་བས་ཆོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་རྟོག་
པ་དེ་ལྟ་ན་ཡང་གལ་ཏེ་ད་ལྟ་བ་གཉིས་ཀ་དང་། ཉེ་བའི་ཕྱིར་ཉེ་བ་ཡིན་ན། འདས་པ་དང་མ་འོངས་པ་དང་ད་ལྟར་དང་ཉེ་བའི་ཕྱིར་རིང་བ་དང་ཉེ་བ་གཉིས་ཀར་འགྱུར་རོ། །འདི་སྐད་དུ་རིག་པར་འགྱུར་རོ་ཞེས་བྱ་བ་ནི་སློབ་དཔོན་ཡིན་ནོ། །མ་འོངས་པ་ནི་ཆོས་ཀྱི་རང་གི་མཚན་ཉིད་ལས་རིང་བ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། མ་ཐོབ་པའི་ཕྱིར་རོ། །འདས་པ་ཞེས་བྱ་བ་ལ་ཅི་ཞེ་ན། ཞིག་པའི་ཕྱིར་ཆོས་ཀྱི་རང་གི་མཚན་ཉིད་ལས་རིང་ངོ་། །གཉེན་པོ་སྐྱེས་པས་ཞེས་བཤད་པའི་ཕྱིར་ཅི་ལམ་ཁྱད་པར་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འདི་དཔྱད་པར་བྱའོ། །གང་ལས་ཐེ་ཚོམ་ཟ་ཞེ་ན། གང་གི་ཕྱིར་མདོ་ལས་འདི་སྐད་དུ་
ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་པས་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཕྱིར་མི་འོང་བར་འགྱུར་རོ་ཞེས་རྒྱས་པར་གསུངས་པས་ཐེ་ཚོམ་ཟའོ། །དེ་ནི་མེད་དེ་འོ་ན་ཅི་ཞེ་ན། ཉོན་མོངས་པ་ཐམས་ཅད་ནི་ལན་
ཅིག་ཏུ་ཟད་དེ་ཐོབ་པ་འཆད་དོ། །འདིར་ནི་གཉེན་པོ་རྣམ་པར་གྲོལ་བའི་ལམ་ཡིན་པས་བསམས་པའོ་ཞེས་བྱ་བ་ནི་དེ་ནི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཏེ། བར་ཆད་མེད་པའི་ལམ་ནི་མ་ཡིན་ན་ཞེས་བསྟན་ཏོ། །འཆད་པར་འགྱུར་བའི་འབྲས་བུ་བརྒྱད་ཅུ་རྩ་དགུ་དང་། སྐྱེས་བུ་བྱེད་པ་དང་།
བདག་པོའི་འབྲས་བུ་ལ་སོགས་པར་བཤད་ཟིན་པ་ལྔ་པོ་དེ་དག་གཟུང་བར་འགྱུར་དུ་འོང་བས་དེའི་ཕྱིར་འབྲས་བུ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་དབང་པོ་འཕེལ་བར་འགྱུར་ཞེ་ན། དེའི་ཕྱིར་དབང་པོ་འཕོ་བའོ་ཞེས་བྱ་བ་སྨོས་སོ། །དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ཡང་
སྟེ་བྲལ་བའི་ཐོབ་པ་ནི་ཅི་རིགས་པར་ཏེ། ཇི་ལྟར་སྲིད་ཚད་དུ་ཉོན་མོངས་པ་ཁ་ཅིག་གི་ནི་དུས་དྲུག་ཏུའོ། །ཁ་ཅིག་གི་ནི་ལྔར་རོ། །ཁ་ཅིག་གི་ནི་བཞིར་རོ། །ཁ་ཅིག་གི་ནི་གསུམ་དུའོ། །ཁ་ཅིག་ནི་གཉིས་སུའོ། །དེ་ལ་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་དང་། གཟུགས་དང་གཟུགས་མེད་

པ་ན་སྤྱོད་པ་བདེན་པ་གསུམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་དུས་དྲུག་ཏུ་བྲལ་བ་ཐོབ་བོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་དུས་ལྔར་ཏེ། དེ་དག་གི་ནི་འབྲས་བུ་འཐོབ་པ་ཁོ་ན་གཉེན་པོ་སྐྱེས་པ་ཡིན་པའི་ཕྱིར་རོ། །འདོད་
པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམ་པ་ལྔའི་ཡང་ལྔ་ཁོ་ནར་རོ། །དྲུག་པ་ནི་བཞིར་ཏེ། དེའི་གཉེན་པོ་སྐྱེ་བ་དང་འབྲས་བུ་ཐོབ་པའི་དུས་ནི་གཅིག་ཡིན་པའི་ཕྱིར་རོ། །རྣམ་པ་བདུན་པ་དང་བརྒྱད་པ་དག་གི་ནི་བཞི་ཁོ་ནར་རོ། །རྣམ་པ་དགུ་པའི་དུས་གསུམ་དུ་སྟེ། དུས་དེར་གཉེན་པོ་དང་འབྲས་
བུ་ཐོབ་པ་ཡང་ཡོད་པས་གཉིས་ལས་གང་ཡང་རུང་བ་གཅིག་གཟུང་ངོ་། །སྲིད་པའི་རྩེ་མོའི་རྣམ་པ་ཐ་མ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་གསུམ་ཁོ་ནར་རོ། །སྲིད་པའི་རྩེ་མོའི་རྣམ་པ་ཐ་མའི་ནི་གཉིས་སུ་སྟེ། དེའི་གཉེན་པོ་སྐྱེ་བ་དང་།
འབྲས་བུ་ཐོབ་པའི་དུས་གཅིག་ཡིན་པའི་ཕྱིར་རོ། །ངེས་པ་འདི་ནི་དབང་པོ་རྟུལ་པོ་མཐར་གྱིས་པའི་ཡིན་གྱི། དབང་པོ་རྣོན་པོའི་ནི་ཉོན་མོངས་པ་ཁ་ཅིག་གི་ནི་དུས་ལྔར་ཡིན་པ་ནས། ཁ་ཅིག་ནི་གཅིག་གི་བར་དུ་ཡིན་ཏེ། སྔ་མ་ཁོ་ན་ལྟར་རིག་པར་བྱའོ། །ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་དང་འདོད་
ཆགས་དང་བྲལ་བ་མ་ཡིན་པ་ཡང་ཅི་རིགས་པར་དེ་དང་འདྲ་བར་སྦྱར་བར་བྱའོ། །ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་ཐོབ་པོ་ཞེས་བྱ་བ་ནི། བསྟན་བཅོས་ལས་བྲལ་བ་ལ་ཡོངས་སུ་ཤེས་པ་ཉིད་དུ་བསྙད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་ཡེ་ཤེས་ནི་འདིས་ཡོངས་སུ་ཤེས་ན་ཞེས་བྱ་བས་ཡོངས་སུ་ཤེས་པ་ཉིད་
དུ་རིགས་ན། ཡང་སྤོང་བ་གོ་ཇི་ལྟར་ཞེ་ན། འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སྤངས་པ་ནི་ཡེ་ཤེས་ཀྱི་ཡོངས་སུ་ཤེས་པའི་འབྲས་བུ་ཡིན་པས། འབྲས་བུ་དེ་ལ་རྒྱུ་བཏགས་ནས་འདི་སྐད་དུ་སྤངས་པའི་ཡོངས་སུ་ཤེས་པ་ཞེས་བཤད་དེ། བྲལ་བས་ན་བྲལ་བའོ་ཞེས་བྱ་བ་ནི་མ་ཡིན་
གྱི། འོ་ན་ཅི་ཞེ་ན། འདི་ཡོད་ན་བྲལ་བས་སོ། །ཡང་གང་ནས་སྤངས་པ་ཡོངས་སུ་ཤེས་པའི་སྒྲར་བསྟན་ཅེ་ན། མདོ་ལས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་དང་ཞེས་བྱ་བ་ནས་ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ་

ཞེས་བྱ་བ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་གང་ཡིན་པ་སྟེ། འདི་ནི་ཡོངས་སུ་ཤེས་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་ན་དང་པོའི་རྣམ་གཉིས་ཟད་ལ་གཅིག་ཅེས་བྱ་བ་ནི། བྲལ་བའི་ཐོབ་པ་ཟག་མེད་དང་། །སྲིད་རྩེ་ཉམས་པར་བྱས་པ་དང་། །རྒྱུ་གཉིས་
ཀུན་དུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཁམས་ལས་འདས་པ་ལས། །ཞེས་བྱ་བ་དེར་རིགས་པ་འཆད་པར་འགྱུར་རོ། །བསྒོམ་པའི་ལམ་ལ་བཤད་པ་ནི། །ཡོངས་སུ་ཤེས་པ་གཞན་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །ཐ་མའི་ཆ་དང་མཐུན་པ་སྤངས་པ་ཡང་ཡོངས་སུ་ཤེས་པ་གཅིག་ཡིན་ནོ་
ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་ཟག་པ་ཟད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་ཟག་པ་ཟད་པ་ཡང་གཅིག་ཡིན་ཏེ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །ང་རྒྱལ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཟུགས་ན་སྤྱོད་པ་གཞན་དག་ཀྱང་
ཡོད་མོད་ཀྱི་འདིའི་ཡོངས་སུ་ཤེས་པར་རྣམ་པར་གཞག་པ་ནི་དེ་ན་གཟུགས་ཀྱི་ཡུལ་ཅན་ཀུན་དུ་སྦྱོར་བ་གོང་མའི་ཆ་དང་མཐུན་པ་འདོད་ཆགས་གཙོ་བོ་ཡིན་པའི་ཕྱིར། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་ཞེས་བཤད་དོ། །ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་
པའོ་ཞེས་བྱ་བ་ནི། ཟག་པ་ཐམས་ཅད་ཟད་པའི་ཡོངས་སུ་ཤེས་པ་ཞེས་བྱ་བའི་དོན་ཏོ། །མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་མ་ཡིན་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་བསྒོམ་པས་སྤང་བར་བྱ་བའི་ཡོངས་སུ་ཤེས་པ་ད་ལྟར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱིས་ཡོངས་སུ་
ཤེས་པ་ཐ་དད་པ་མ་ཡིན། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ཡང་ཡོངས་སུ་ཤེས་པ་གསུམ་ཡིན་ཏེ་ཞེས་སྨྲས་པའི་ཕྱིར་རོ་ཞེས་བྱ་བའོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མི་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་གཟུགས་དང་གཟུགས་
མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་ས་དང་ས་ལ་རྣམ་པ་དགུ་ཡིན་པ་རྣམས་ཀྱི་གཉེན་པོ་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་མི་འདྲ་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་གཅིག་པོ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་

སོགས་པ་ནི་འདྲ་བ་ཡིན་ནོ། །ལྷག་མ་རྣམས་ནི་ཤེས་པ་ཡི། །ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་བཟོད་པ་རྣམས་མེད་པའི་ཕྱིར་རོ། །ཐ་མའི་ཆ་དང་མཐུན་པ་སྤངས་པ་ལ་སོགས་པའི་ཡོངས་སུ་ཤེས་པ་སྟེ། བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཐ་མའི་ཆ་དང་
མཚུངས་པའི་ཡོངས་སུ་ཤེས་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །དྲུག་བཟོད་འབྲས་ཞེས་བཤད་པ་དེ་ལ་ཇི་ལྟར་ཡོངས་སུ་ཤེས་པ་བཟོད་པའི་འབྲས་བུ་ཡིན་ཞེ་ན་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་མ་
ཡིན་འདི་ལྟར་སྤངས་པའི་ཡོངས་སུ་ཤེས་པ་ནི་སྤངས་པ་ཁོ་ན་སྟེ། འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་ཡོངས་སུ་ཤེས་པའི་འབྲས་བུ་ལ་ཡོངས་སུ་ཤེས་པ་ཞེས་པ་བཤད་ན། བཟོད་པ་དག་ནི་ཡོངས་སུ་ཤེས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཡོངས་སུ་ཤེས་པས་ནི་ཡོངས་སུ་ཤེས་པའོ་ཞེས་
ཤེས་པ་ཡིན་ཏེ། ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་ནི་ཟག་པ་མེད་པའི་ཤེས་པའོ་ཞེས་འབྱུང་བའི་ཕྱིར་རོ། །བཟོད་པ་དང་ཤེས་པ་དག་གཅིག་པ་ཡང་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་རོ་ཞེ་ན། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་བཟོད་པ་རྣམས་ཤེས་པ་འདིའི་འཁོར་ཡིན་
པས་ན་བཟོད་པ་འདི་དག་ཤེས་པའི་འཁོར་ཡིན་ཏེ། ཕལ་པ་ལ་འཁོར་གྱི་སྒྲར་བསྟན་པའི་ཕྱིར་དང་། སྤངས་པ་ཡང་བཟོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་དཔེ་ནི་རྒྱལ་པོའི་འཁོར་ལ་རྒྱལ་པོ་ཉེ་བར་བཏགས་པ་དེ་བཞིན་པ་དང་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་རྒྱལ་བ་དང་། འཕམ་པར་བྱ་བའི་ཕྱིར་
གཡུལ་འགྱེད་པ་དག་ལ་རྒྱལ་པོའི་སྒྲ་འདོགས་པ་དེའི་ཚེ་རྒྱལ་པོའི་འཁོར་ལ་རྒྱལ་པོ་ཉེ་བར་བཏགས་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །ཤེས་པ་དང་། འབྲས་བུ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་ལ་ཅི་ཞེ་ན། ཡོངས་སུ་ཤེས་པ་བཟོད་པའི་འབྲས་བུ་ཡིན་ནོ། །མི་ལྕོགས་མེད་འབྲས་ཐམས་ཅད་དོ། །ཞེས་བྱ་
བ་ནི་རེ་ཞིག་མཐོང་བའི་ལམ་ནི་མི་ལྕོགས་པ་མེད་པའི་ས་པ་ཡིན་ནོ། །བསྒོམ་ལམ་ཡང་ཡིན་ཏེ། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལ་ནི་འདོད་ཆགས་བྲལ། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་དངོས་གཞིའི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་སྟེ་ཞེས་བྱ་བ་ལ་བསམ་གཏན་གྱི་

དངོས་གཞིའི་ས་པའི་ལམ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོ་མ་ཡིན་ཏེ། འཕགས་བརྒྱད་ཀྱིས་རང་གོང་ས་ལས་རྒྱལ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤང་བའི་རང་བཞིན་གང་ཡིན་པའོ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་
རྣམས་སྤངས་པའི་ཡོངས་སུ་ཤེས་པ་གསུམ་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་སྟེ་ལྔ་ཡིན་ནོ། །ཡང་ཇི་ལྟར་
འདི་དག་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཡིན་ཞེ་ན། གལ་ཏེ་འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ཅིང་ངེས་པ་ལ་འཇུག་ནའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྤངས་པ་སྟེ།
འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་གྱི་དངོས་གཞི་ལ་མི་འཇུག་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་འཇིག་རྟེན་པའི་བསྒོམ་པའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་བྱས་ཟིན་པ་མཐོང་བའི་ལམ་གྱི་འབྲས་བུར་འདོད་པ་དེ་ལྟར་ན་ནི་ཐ་མའི་ཆ་
དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་མ་གཏོགས་པ་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཡོངས་སུ་ཤེས་པ་གསུམ་བསྣན་ནས་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཡོངས་སུ་ཤེས་པ་བརྒྱད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་
པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །བྲལ་བའི་ཐོབ་པ་ཟག་པ་མེད་པ་རྙེད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དེ་རྣམས་ཀྱི་བྲལ་བའི་ཐོབ་པ་ཟག་པ་མེད་པ་ཡང་རྙེད་པར་འགྱུར་ཏེ། དེའི་ཕྱིར་བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་འདོད་པ་ན་སྤྱོད་པ་དང་
པོའི་རྣམ་པ་གཉིས་སྤངས་པ་གཅིག་ཡིན་པ་ལ་སོགས་པ་ཐམས་ཅད་དེ་བརྒྱད་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟར། བསམ་གཏན་རྣམས་ཀྱི་ལྔ་འམ་བརྒྱད། །ཅེས་བཤད་པ་དེ་བཞིན་དུ་བསམ་གཏན་ཁྱད་པར་ཅན་གྱི་འབྲས་བུ་ཡང་ཡོངས་སུ་

ཤེས་པ་ལྔའམ་བརྒྱད་ཡིན་ནོ། །ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། །ཞེས་བྱ་བ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ན་ནི་མཐོང་བའི་ལམ་མེད་ལ། དེ་ནི་རང་གི་ས་དང་གོང་མ་འམ་འདོད་པའི་ཁམས་ཀྱི་གཉེན་པོ་ཡང་མ་ཡིན་ནོ། །གཟུགས་མེད་དངོས་
གཞི་གསུམ་གྱི་ཡང་། །ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་མ་གཏོགས་པ་སྟེ། ས་འོག་མ་ལས་འདོད་ཆགས་དང་མ་བྲལ་བ་ནི་གཟུགས་མེད་པའི་དངོས་གཞིར་འཇུག་པ་མ་ཡིན་ནོ། །སྲིད་རྩེར་འཕགས་པས་ཅི་ཡང་མེད། །མངོན་དུ་བྱས་ནས་ཟག་པ་ཟད། །ཅེས་འབྱུང་བའི་ཕྱིར་ན་སྲིད་པའི་རྩེ་མོ་མ་གཏོགས་པ་
ཡིན་ནོ། །ཐམས་ཅད་འཕགས་པའི་ལམ་གྱི་ཡིན། །ཞེས་བྱ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱིས་བསྡུས་པ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ལ་སོགས་པས་ཕྱེ་བའིའོ། །འཇིག་རྟེན་པའི་གཉིས་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ།
འཇིག་རྟེན་པའི་འབྲས་བུ་མ་ཡིན་ཞེ་ན། འདི་ལྟར་སྲིད་པའི་རྩེ་མོའི་གཉེན་པོར་གྱུར་པའི་འཇིག་རྟེན་པའི་ལམ་མེད་པའི་ཕྱིར་རོ། །རྗེས་ཀྱི་ཡང་ཞེས་བྱ་བ་ནི་བསྒོམ་ལམ་གྱིས་བསྡུས་པའི་ཡང་ངོ་། །འབྲས་བུ་ཡོངས་སུ་ཤེས་པ་གཉིས་ཏེ། ཐ་མ་དག་གོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་
སུ་ཤེས་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་གཏུགས་པའི་ཡོངས་སུ་ཤེས་པའོ། །ཆོས་ཤེས་པ་ནི་གསུམ་ཡིན་ནོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་བསྡུས་པས་ཏེ། བསྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འབྱུང་བའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུས་པའི་བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་མ་ཡིན་ན་ཆོས་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཐ་མའི་ཆ་དང་མཐུན་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་
གཏུགས་པའི་ཡོངས་སུ་ཤེས་པ་གསུམ་ཆོས་ཤེས་པའི་འབྲས་བུ་ཇི་ལྟར་རུང་། དེ་ཕྱོགས་མཐུན་གྱི་དྲུག་དང་ལྔ། །ཞེས་བྱ་བ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་དྲུག་ཡིན་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལྔ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་

གང་དག་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི། དྲུག་བཟོད་འབྲས་ཞེས་བྱ་བ་དེར་ཆོས་ཤེས་པའི་བཟོད་པ་བཞིའི་འབྲས་བུ་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་སྤངས་པས་བསྡུས་པ་གསུམ་བཤད་པ་སྟེ། འདི་ལྟར་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་རྣམས་མངོན་པར་བསྡུས་ནས་འབྲས་བུ་ཡོངས་སུ་ཤེས་པ་
དྲུག་ཡིན་གྱི་རེ་རེའི་ནི་མ་ཡིན་ནོ། །བསྒོམ་པའི་ལམ་གྱིས་བསྡུས་པས་འགོག་པ་དང་ལམ་ལ་ཆོས་ཤེས་པ་གཉིས་ཀྱི་གསུམ་སྟེ། ཐ་མའི་ཆ་དང་མཐུན་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །རྗེས་ཀྱི་བཟོད་པ་དང་། ཤེས་
པ་རྣམས་ཀྱི་འབྲས་བུ་གང་དག་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་རྗེས་ཀྱི་བཟོད་པ་རྣམས་དང་། རྗེས་ཀྱི་ཤེས་པ་རྣམས་ཀྱི་སྟེ། དེ་དག་ཀྱང་དྲུག་བཟོད་འབྲས་ཞེས་བྱ་བ་དེར་རྗེས་སུ་ཤེས་པའི་བཟོད་པ་བཞིའི་འབྲས་བུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་སྤངས་པས་བསྡུས་པ་གསུམ་
བཤད་པ་གང་དག་ཡིན་པ་དང་། རྗེས་ཀྱི་ཡང་ཞེས་བྱ་བ་འདིས་རྗེས་སུ་ཤེས་པའི་འབྲས་བུ་གཉིས་བཤད་པའོ། །ཕྱོགས་དང་མཐུན་པ་སྨོས་པས་ནི་བཟོད་པ་དང་ཤེས་པ་རྣམས་གཟུང་ངོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དེ་ཕྱོགས་མཐུན་གྱི་དྲུག་ཅེས་བཤད་པ་དེའི་ཞེས་བྱ་བ་འདིས་ནི་བཤད་མ་ཐག་པའི་ཆོས་དང་རྗེས་
སུ་ཤེས་པ་དག་གཟུང་ངོ་། །ཕྱོགས་དང་མཐུན་པ་སྨོས་པས་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་རྣམས་གཟུང་ངོ་། །སོ་སོའི་སྐྱེ་བོ་རྒྱུ་གཉིས་ཀུན་དུ་བཅོམ་པ་ཡོད་ཀྱི། བྲལ་བའི་ཐོབ་པ་ཟག་པ་མེད་པ་ནི་མེད་དོ། །སྲིད་པའི་རྩེ་མོ་ཉམས་པར་བྱས་པ་ཞེས་བྱ་བ་ལ་ཅི་ཞེ་ན། སོ་སོའི་སྐྱེ་བོ་ལ་ཡོད་པ་མ་ཡིན་ཏེ།
སྲིད་པའི་རྩེ་མོའི་གཉེན་པོར་འགྱུར་བའི་འཇིག་རྟེན་པའི་ལམ་ནི་མེད་པའི་ཕྱིར་རོ། །འཕགས་པ་ལ་ཡང་ཇི་སྲིད་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་གནས་པ་དེ་སྲིད་དུ་བྲལ་བའི་ཐོབ་པ་ཟག་པ་མེད་པ་ཡོད་མོད་ཀྱི། སྲིད་པའི་རྩེ་མོའི་ཉམས་པར་བྱས་པ་ནི་མ་ཡིན་ཏེ། འགག་པར་འགྱུར་བའི་ལམ་གྱི་ནི། །
དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །ཞེས་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་གཉི་ག་ཡོད་མོད་ཀྱི་ཞེས་བྱ་བ་ནི་བྲལ་བའི་ཐོབ་པ་ཟག་པ་མེད་པ་དང་། སྲིད་པའི་རྩེ་མོ་ཉམས་པར་བྱས་པ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་

འགྲོ་བ་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་རྒྱུ་གཉིས་ཀུན་དུ་བཅོམ་པའི་རྒྱུ་ཞེས་བྱ་བའི་རྒྱུ་ནི། རྒྱུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་།
ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བའོ། །ཆོས་དང་རྗེས་སུ་ཤེས་པ་གཞན་དག་ལ་ནི་ཞེས་བྱ་བ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་འོག་རོལ་ཀུན་འབྱུང་ལ་ཆོས་ཤེས་པ་ལ་སོགས་པ་ཟད་པ་ཤེས་པ་ལ་ཐུག་པ་དག་ལའོ། །གསུམ་པོ་ཐམས་ཅད་ཡོད་པར་ཞེས་བྱ་བ་ནི་བྲལ་བའི་
ཐོབ་པ་ཟག་པ་མེད་པ་དང་། སྲིད་པའི་རྩེ་མོ་ཉམས་པར་བྱས་པ་དང་། རྒྱུ་གཉིས་ཀུན་དུ་བཅོམ་པ་དང་། །ཤེས་པའི་འབྲས་བུ་སྤངས་པ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རེ་ཞིག་བཟོད་པའི་འབྲས་བུ་སྤངས་པ་ནི་དེ་ལྟར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། བྲལ་བའི་ཐོབ་པ་ཟག་མེད་དང་། །ཞེས་བྱ་
བ་དེ་ལྟ་བུ་ལ་སོགས་པར་རོ། །ཤེས་པའི་འབྲས་བུ་སྤངས་པ་ནི་བཟོད་པའི་འབྲས་བུ་མ་ཡིན་པས་དེའི་ཕྱིར་ཇི་སྐད་བཤད་པའི་རྒྱུ་གསུམ་དང་བཞི་པ་ཁམས་ལས་ཡང་དག་པར་འདས་པ་ལ། ཡོངས་སུ་ཤེས་པའི་མིང་འཐོབ་སྟེ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་ནི། ཐ་མའི་ཆ་དང་མཐུན་
པ་སྤངས་པའི་ཡོངས་སུ་ཤེས་པའོ། །གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ལ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་ནི། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །གལ་ཏེ་
ཁམས་ལས་འདས་པ་ལ་མ་བརྟེན་ན་ནི་ཁམས་གསུམ་གྱིས་བསྒོམ་པར་སྤང་བར་བྱ་བའི་རྣམ་པ་སྤངས་པ་རེ་རེས་ཡོངས་སུ་ཤེས་པའི་མིང་འཐོབ་པར་འགྱུར་ལ། དེ་ལྟ་ཡིན་དང་ཡོངས་སུ་ཤེས་པ་མང་པོར་འགྱུར་གྱི། དགུ་ཁོ་ནར་ནི་མ་ཡིན་ནོ། །ཡང་ཇི་ལྟར་ཁམས་ལས་ཡང་དག་པར་འདས་པ་ལས་ཡིན་ཞེ་ན།
ཁམས་མཐའ་དག་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཁམས་དེ་ལས་མ་ལུས་པར་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་ཀུན་དུ་སྦྱོར་བ་དང་བྲལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་ཉོན་མོངས་པའི་

མཚན་ཉིད་གཉིས་སྦྱོར་བ་ཡིན་ཞིང་། དེ་དང་བྲལ་བ་དེ་རྒྱུ་ལྔ་པ་སྨྲས་ཏེ། རྒྱུ་འདིས་ཀྱང་སྤངས་པ་ལ་ཡོངས་སུ་ཤེས་པ་ཞེས་བྱའོ། །བྲལ་བ་དེ་ཉིད་སྟོན་པར་བྱེད་དེ། རྣམ་པ་གང་ཞིག་སྤངས་ལ་ཞེས་བྱ་བ་ནི། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར་བྱ་བ་དང་།
བསྒོམ་པས་སྤང་བར་བྱ་བའི་བར་རོ། །རྣམ་པ་སྤངས་ལ་དེ་ལ་དམིགས་པའི་ཉོན་མོངས་པ་གཞན་ཏེ། རྣམ་པ་སྤངས་པ་གང་ཡིན་པ། དེ་ལ་དམིགས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་དང་བྲལ་བར་གྱུར་ནའོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཉིས་
ཀུན་དུ་སྦྱོར་བ་དེ་ནི་རྒྱུ་གཉི་ག་ཡང་དག་པར་བཅོམ་པ་དང་། ཁམས་ལས་ཡང་དག་པར་འདས་པ་ལས་གཞན་མ་ཡིན་ཏེ། འདི་ལྟར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་སྤངས་ཀྱང་ཇི་སྲིད་དུ་དེ་ལ་དམིགས་པ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཀུན་དུ་འགྲོ་བའི་རྒྱུ་སྤངས་པར་མ་གྱུར་པ་དེ་སྲིད་
དུ་རྒྱུ་གཉི་ག་ཡང་དག་པར་བཅོམ་པ་མེད་ལ། བསྒོམ་པས་སྤང་བར་བྱ་བ་དག་ཀྱང་རྣམ་པ་བརྒྱད་སྤངས་ཀྱང་། ཇི་སྲིད་དེ་ལ་དམིགས་པ་རྣམ་པ་དགུ་པ་མ་སྤངས་པ་དེ་སྲིད་དུ་ཁམས་ལས་ཡང་དག་པར་འདའ་བ་མེད་པའི་ཕྱིར་རོ། །གཅིག་མིན་ཞེས་བྱ་བ་ལ། རེ་ཞིག་ཁ་ཅིག་ནི་གང་དང་ཡང་མི་ལྡན་ནོ། །ཁ་ཅིག་
ནི་ཁོ་ན་དང་ལྡན་ནོ། །ཁ་ཅིག་ནི་གཉིས་དང་ལྡན་ནོ། །ལྔའི་བར་དང་ཞེས་བྱ་བ་ནི། འདོད་པ་ན་དང་པོ་རྣམ་གཉིས་ཟད་ལ་གཅིག་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་རིག་པར་བྱའོ། །མཐོང་བའི་ལམ་གྱི་སྐབས་ཡིན་པས་ལམ་ལ་ཆོས་ཤེས་པ་ནི་དྲུག་དང་ལྡན་ནོ་ཞེས་མ་བཤད་དེ། དེ་ནི་བསྒོམ་པའི་ལམ་ཡིན་
པའི་ཕྱིར་ཏེ། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བསྒོམ་ལ་གནས་པ་དྲུག་གམ་ནི། །ཞེས་བྱ་བ་སྨོས་ཏེ། ལམ་ལ་རྗེས་སུ་ཤེས་པའི་གནས་སྐབས་ལ་གནས་པ་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་དེ་སྲིད་དུ་
ཡོངས་སུ་ཤེས་པ་དྲུག་དང་ལྡན་ནོ། །དེ་ལས་ཡོངས་སུ་ཉམས་པ་ནི། །ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་ན་དེ་དག་བསྡོམ་པར་འགྱུར་ཏེ། ཁམས་ལས་འདས་པ་ལས་ཀྱང་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །སྔོན་ནས་ཕྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་ཞེས་བྱ་བ་

ལ། གང་གི་སྔོན་ཅེ་ན། མཐོང་བའི་ལམ་གྱིའོ། །ཇི་ལྟར་ཞེ་ན། སྔོན་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་ནི། ལམ་ལ་རྗེས་སུ་ཤེས་པ་སྐྱེས་པས་ཐ་མའི་ཆ་དང་མཐུན་པ་སྤངས་པ་ཡོངས་སུ་ཤེས་པ་གཅིག་པོ་དང་ལྡན་ནོ། །བདེན་པ་མངོན་པར་རྟོགས་
པའི་ཕྱིས་མཐར་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་ཁོ་ན་དང་ལྡན་ནོ། །དགྲ་བཅོམ་པ་ཐོབ་པ་ནི་ཞེས་བྱ་བ་ནི་དེའི་ཚེ་ཡོངས་སུ་ཤེས་པ་རྣམས་བསྡོམས་པའི་ཕྱིར་ཟག་པ་ཐམས་ཅད་ཟད་པའི་ཡོངས་སུ་ཤེས་པ་གཅིག་དང་ལྡན་
ནོ། །ཡོངས་སུ་ཉམས་ན་ཡང་ཞེས་བྱ་བ་ནི་དགྲ་བཅོམ་པ་དེ་ཉིད་གཟུགས་ན་སྤྱོད་པའི་ཉོན་མོངས་པས་དགྲ་བཅོམ་པ་ཉིད་ལས་ཉམས་པ་སྟེ། འདོད་པའི་ཁམས་ལས་ཡོངས་སུ་མ་ཉམས་པའི་ཕྱིར་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་ཁོ་ན་དང་ལྡན་ནོ། །གཟུགས་ཀྱི་འདོད་
ཆགས་དང་བྲལ་བ་ཐོབ་པ་ནི་ཞེས་བྱ་བ་ནི་ཕྱིར་མི་འོང་བ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཁམས་ལས་འདོད་ཆགས་དང་བྲལ་ན་ཇི་ལྟར་སྡོམ་པ་མ་ཡིན་ཞེ་ན། སྔོན་མེད་པའི་འབྲས་བུ་ཐོབ་པ་མེད་པས་སོ། །སྡོམ་པའི་རྒྱུ་ནི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་།
འབྲས་བུ་ཐོབ་པ་གཉིས་ཡིན་ཏེ། །ཁམས་ལས་འདོད་ཆགས་བྲལ་བ་དང་། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་འབྱུང་བའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པའི་ཀུན་ནས་དཀྲིས་པའི་ཡོངས་སུ་ཉམས་པ་ཡང་ཞེས་བྱ་བ་ནི་དགྲ་བཅོམ་པ་སྟེ། དེ་ནི་གཟུགས་མེད་པའི་ཁམས་ལས་
འདོད་ཆགས་དང་བྲལ་བ་ཁོ་ན་ལས་ཡོངས་སུ་ཉམས་པའི་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་ནི་ཡོངས་སུ་ཉམས་པ་མ་ཡིན་ནོ། །ཅིའི་ཕྱིར་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་གིས་ཡོངས་སུ་ཤེས་པ་གཅིག་ཁོ་ནར་རྣམ་པར་གཞག་ཅེས་བྱ་བ་ནི་ཕྱིར་མི་འོང་བ་འདོད་པ་ལས་འདོད་ཆགས་
དང་བྲལ་བའི་དབང་དུ་བྱས་ནས་སྨྲས་ཀྱི། ཁམས་གཉིས་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ཏེ། ཡོངས་སུ་ཤེས་པ་གཉིས་དང་ལྡན་པར་བཤད་པའི་ཕྱིར་རོ། །མང་དུ་ནི་མ་ཡིན་ཞེས་བྱ་བ་ནི་དྲུག་བཟོད་འབྲས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པའི་ཚུལ་དུ་ཕྱིས་འདི་གཉིས་ལ་ཡོངས་སུ་ཤེས་པ་མང་པོ་ཡང་

མི་སྲིད་དོ་ཞེས་བྱ་བའོ། །ཡང་བསྡོམས་པ་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། གཅིག་ཏུ་རྣམ་པར་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་དེ་གཉིས་ན་ཞེས་བྱ་བ་ནི། ཕྱིར་མི་འོང་བ་དང་དགྲ་བཅོམ་པའི་གནས་སྐབས་དེ་གཉིས་ན་དེ་གཉི་ག་སྲིད་པ་ཡིན་ནོ། །དགྲ་བཅོམ་པ་ཉིད་དམ་འདོད་པ་
ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ནས་གཅིག་གཏོང་ངོ་ཞེས་བྱ་བ་ལ། དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཐ་མ་གཏོང་ངོ་། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་འདུན་པ་དང་
ཐ་མའི་ཆ་དང་མཐུན་པའི་ཡོངས་སུ་ཤེས་པ་གཏོང་ངོ་། །ཕྱིར་མི་འོང་བ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཡོངས་སུ་ཤེས་པ་གཉིས་གཏོང་ངོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་། ཐ་མའི་ཆ་དང་
མཐུན་པ་སྤངས་པའི་ཡོངས་སུ་ཤེས་པའོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་སྨོས་པ་ནི། འདོད་པའི་འདོད་ཆགས་དང་བྲལ་བ་བསལ་བར་བྱ་བའི་ཕྱིར་ཏེ། དེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་ཁོ་ན་གཏོང་བ་ཡིན་ནོ། །
འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་ནི་ལྔ་གཏོང་སྟེ་ཞེས་བྱ་བ་ནི་སྤངས་པ་བསྡོམས་པ་ལས་ཏེ། དེ་ལ་ནི་ཁམས་ལས་འདོད་ཆགས་དང་བྲལ་བ་སྔར་བྱས་ཟིན་པ་དང་ལམ་ལ་རྗེས་སུ་ཤེས་པའི་ཚེ་འབྲས་བུ་ཐོབ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྐད་ཅིག་མ་བཅོ་ལྔར་ཐོབ་
པའི་ཡོངས་སུ་ཤེས་པ་སྔ་མ་ལྔ་པོ་ཁོ་ན་གཏོང་གི །དྲུག་པ་ནི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་། འབྲས་བུ་ཐོབ་ཕྱིར་ཞེས་བྱ་བས་དེར་བསྡོམས་པའི་ཕྱིར་མི་གཏོང་ངོ་། །དྲུག་གཏོང་ངོ་ཞེས་བྱ་བ་ནི་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་རང་བཞིན་རྣམས་སོ། །
འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པས་ཞེས་བྱ་བ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་པས་ཞེས་བྱ་བའི་དོན་ཏོ། །དེ་ནི་དེའི་ཚེ་ཡོངས་སུ་ཤེས་པ་བསྡོམས་པའི་ཕྱིར་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་འཐོབ་ཅིང་། སྔར་གྱི་དྲུག་གཏོང་བ་ཡིན་ནོ། །གང་ལ་ལ་ཞིག་

གིས་སྔོན་མེད་པ་ཞེས་བྱ་བ་ནི་འཕགས་པ་མཐོང་བའི་ལམ་ལ་གནས་པའམ། བསྒོམ་པའི་ལམ་ལ་གནས་པ་ཞིག་གིས་ཡོངས་སུ་ཤེས་པ་དགུ་ལས་སྔར་ཐོབ་པ་གང་ཡིན་པའོ། །གང་ཞིག་གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་འབའ་ཞིག་ལས་ཡོངས་སུ་
ཉམས་པའོ་ཞེས་བྱ་བ་ལ། དེ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་། ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་འཐོབ་པའོ། །འབའ་ཞིག་ཅེས་བྱ་བ་སྨོས་པ་ནི་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་བསལ་བར་བྱ་བའི་ཕྱིར་
ཏེ། གཟུགས་ཀྱི་ཁམས་ལས་ཡོངས་སུ་ཉམས་པ་ལས་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་ཁོ་ན་འཐོབ་བོ། །གང་ཞིག་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པའོ་ཞེས་བྱ་བ་ནི་དེ་ནི་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་རང་བཞིན་གྱི་
ཡོངས་སུ་ཤེས་པ་དྲུག་འཐོབ་པོ། །ལན་ཅིག་ཕྱིར་འོང་བ་ལ་ནི་གང་ཞིག་གཏོང་བ་དང་འཐོབ་པར་འགྱུར་བ་དེ་ལས་གཞན་པའི་ཡོངས་སུ་ཤེས་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་ཐོབ་པ་ནི་དེ་ལ་ཡོད་པ་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། དེའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བསྡོམས་པ་མེད་དོ། །ལྔ་
ཐོབ་པ་ནི་འགའ་ཡང་མེད་པ་ཉིད་དོ་ཞེས་བྱ་བ་ནི་གནས་སྐབས་དེ་ན་གནས་པའི་ཕྱིར་མི་འོང་བ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་ཡོངས་སུ་ཉམས་པ་མེད་དེ། དེའི་འདོད་ཆགས་དང་བྲལ་བ་ལ་ནི་ལམ་གཉིས་ཀྱིས་འཐོབ་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ཡང་ཡོངས་སུ་
ཉམས་པར་འགྱུར་བ་ན་ནི་དེས་ཅིག་ཅར་ཡོངས་སུ་ཤེས་པ་ལྔ་ཐོབ་པར་འགྱུར་བ་ཞིག་གོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་ལྔ་པའི་འགྲེལ་བཤད་དོ།། །།
མཛོད་ཀྱི་གནས་དྲུག་པའི་འགྲེལ་བྱ་བའི་ཕྱིར་ཇི་སྐད་དུ་སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་བཤད་པ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། ཡོངས་སུ་ཤེས་པའི་འབྲས་བུ་ནི་ཡོངས་སུ་ཤེས་པའོ་ཞེས་འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ། །བཤད་པ་ཞེས་སྨོས་པ་ནི་དབང་དུ་བྱ་བའི་ཕྱིར་ཏེ། དེ་ཉིད་

ཀྱི་ཕྱིར། བདེན་པ་མཐོང་དང་བསྒོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བྱ་བ་སྨོས་སོ། །བདེན་པ་རྣམས་མཐོང་བ་ནི་བདེན་པ་མཐོང་བའོ། །བདེན་པ་མཐོང་བ་དང་བསྒོམས་པ་ནི། བདེན་པ་མཐོང་དང་བསྒོམས་པ་སྟེ། བདེན་པ་མཐོང་བ་དང་བསྒོམས་པ་དེ་ལས་སོ། །མཐོང་བས་སྤང་བར་བྱ་བ་
དང་། བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་བཤད་ཅེ་ན། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་བྱ་བ་དང་། བཞི་ནི་བསྒོམ་པས་སྤང་བྱ་ཡིན། །
ཞེས་བྱ་བར་རོ། །ད་ནི་མཐོང་བ་དང་བསྒོམ་པའི་ལམ་དེ་དག་ཅི་ཟག་པ་མེད་པ་འམ། ཟག་པ་དང་བཅས་པ་ཞིག་ཅེ་ན། བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་བྱ་བ་དེ་ལ་རྒྱུ་སྨྲས་པ་ནི། ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་
དང་ཞེས་བྱ་བ་སྟེ། མཐོང་བའི་ལམ་འཇིག་རྟེན་པ་ཉིད་ཡིན་ན་ནི་སྲིད་པའི་རྩེ་མོའི་གཉེན་པོར་མི་འགྱུར་རོ། །གཞན་ཡང་མཐོང་བས་སྤང་བར་བྱ་བ་རྣམ་པ་དགུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསྒོམ་པའི་ལམ་ནི་བཟློག་པ་ཡིན་ནོ། །འཇིག་རྟེན་པ་ལ་ནི་དེ་འདྲ་བའི་མཐུ་མེད་དོ་ཞེས་བྱ་བ་ནི་རྣམ་པ་དགུ་ཅིག་
ཅར་དུ་སྤོང་བའི་མཐུ་མེད་པའོ། །འོ་ན་ནི་བསྒོམ་པའི་ལམ་འཇིག་རྟེན་ལས་འདས་པས་ཀྱང་དེའི་སྤང་བར་བྱ་བ་རྣམ་པ་དགུ་ཅིག་ཅར་དུ་སྤོང་བར་ཐལ་བར་འགྱུར་རོ་ཞེ་ན། འཇིག་རྟེན་ལས་འདས་པ་ཁོ་ནས་ཅིག་ཅར་སྤོང་ངོ་ཞེས་ངེས་པར་གཟུང་གི །འཇིག་རྟེན་ལས་འདས་པས་ཅིག་ཅར་དུ་སྤོང་བ་ཁོ་ན་ཡིན་
ནོ་ཞེས་བྱ་བར་ནི་མ་ཡིན་པས་ཐལ་བར་ནི་མི་འགྱུར་རོ། །རང་གི་ངོ་བོ་ནི་སྔར་ཇི་སྐད་བཤད་པ་དེ་ཁོ་ན་བཞིན་ནོ་ཞེས་བྱ་བ་ལ། སྔར་ཇི་ལྟར་བཤད་ཅེ་ན། སྡུག་བསྔལ་གྱི་བདེན་པ་ནི་ལམ་མ་གཏོགས་པའི་འདུས་བྱས་འབྲས་བུར་གྱུར་པའི་འདུ་བྱེད་རྣམས་སོ། །འགོག་པའི་བདེན་པ་ནི་སོ་སོར་བརྟགས་པས་
འགོག་པའོ། །ལམ་གྱི་བདེན་པ་ནི་སློབ་པ་དང་མི་སློབ་པའི་ཆོས་རྣམས་སོ་ཞེས་བྱ་བར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་བདེན་པ་རྣམས་ཇི་ལྟར་མངོན་པར་རྟོགས་པ་བཞིན་བསྟན་པར་བཞེད་པ་མ་ཡིན་པ་ཞིག་ཏུ་གྱུར་ན་ནི་དེ་ལྟར་ཡིན་དང་སྔར་རྒྱུ་སྟོན་པར་འགྱུར་ཞིང་ཕྱིས་འབྲས་བུ་སྟོན་པར་འགྱུར་ཏེ་

འབྲས་བུའི་སྔོན་དུ་རྒྱུ་འགྲོ་བའི་ཕྱིར་སྡུག་བསྔལ་གྱི་བདེན་པའི་སྔ་རོལ་དུ་ཀུན་འབྱུང་གི་བདེན་པ་བསྟན་པ་དང་། འགོག་པའི་བདེན་པའི་སྔ་རོལ་དུ་ལམ་གྱི་བདེན་པ་བསྟན་པར་རིག་པར་འགྱུར་རོ། །མངོན་པར་རྟོགས་པ་དང་མཐུན་པར་བསྟན་པ། བྱེ་བྲག་ཏུ་རྟོགས་པར་བྱ་བ་འདོད་པས། ཁ་ཅིག་ནི་
སྐྱེ་བ་དང་མཐུན་པར་བསྟན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དྲན་པ་ཉེ་བར་གཞག་པ་དང་བསམ་གཏན་ལ་སོགས་པ་རྣམས་ནི་ཅི་རིགས་པར་ཇི་ལྟར་རིགས་པ་བཞིན་དུ་དམིགས་པ་དང་། རྒྱུ་བ་ཕྲ་བ་དང་རགས་པའི་དབྱེ་བ་དང་། སྔ་མ་དང་ཕྱི་མ་རྒྱུ་དང་འབྲས་བུར་གྱུར་པའི་སྒོ་ནས་སྐྱེ་བ་དང་མཐུན་པར་བསྟན་ཏོ། །
སོགས་པ་ཞེས་བྱ་བ་སྨོས་པ་ནི། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་རྣམས་ལ་བསྒྲེ་བ་སྟེ། དེ་རྣམས་སྐྱེ་བ་དང་མཐུན་པར་བསྟན་ཏོ། །ཁ་ཅིག་ནི་རབ་ཏུ་བརྟགས་པ་དང་མཐུན་པར་བསྟན་ཏེ་ཞེས་བྱ་བ་ནི་རྟོགས་པ་དང་མཐུན་པར་བསྟན་ཞེས་
བྱ་བའི་དོན་ཏེ། རྟོགས་པ་དང་རབ་ཏུ་རྟོགས་པ་དང་ངེས་པར་རྟོགས་པ་ནི་རྣམ་གྲངས་སོ། །དཔེར་ན་ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བ་ནི། དཀར་པོ་དང་ནག་པོའི་ཕྱོགས་དག་ལ་སོ་སོར་སྐྱེས་པ་དང་། མ་སྐྱེས་པའི་བྱེ་བྲག་གི་སྒོ་ནས་བསྟན་པ་ལྟ་བུ་སྟེ། སྐྱེས་པ་རྟོགས་པར་བླའི་མ་སྐྱེས་པ་ནི་མ་ཡིན་ཏེ།
དེའི་སྟོབས་ཀྱིས་རྟོགས་པའི་ཕྱིར་རོ། །གཞན་དག་ན་རེ་རབ་ཏུ་བརྟག་པ་དང་མཐུན་པ་ནི་རྣམ་པར་བཞག་པ་དང་མཐུན་པ་སྟེ། བཤད་པ་དང་མཐུན་ཞེས་བྱ་བའི་དོན་ཏོ། །ཆོས་སྐྱེས་པ་རྣམས་ནི་ཆོས་ཤེས་པར་བླའི། མ་སྐྱེས་པ་རྣམས་ནི་མ་ཡིན་པས་དེ་རྣམས་ནི་དེ་དང་མཐུན་པར་བསྟན་ཏོ་ཞེས་ཟེར་རོ། །གང་
སྔར་ནི་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ལ་ཞེས་རྒྱས་པར་འབྱུང་སྟེ། གང་དང་པོ་ནི་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་འབད་པར་བྱའི། མ་སྐྱེས་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ནི་མེད་དོ། །བདེན་པ་རྣམས་ནི་མངོན་པར་རྟོགས་པ་དང་མཐུན་པར་བསྟན་
པ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །དེའི་ཕྱིར་དེ་ལྟར་ན་དགོངས་པ་དེ་དང་དེས་བསྟན་པ་དེ་དང་དེ་དག་འབྱུང་བས་སྔར་རྒྱུ་བསྟན་ལ་ཕྱི་ནས་འབྲས་བུ་བསྟན་ནོ་ཞེས་བྱ་བའི་ངེས་པ་འདི་མེད་དོ། །གང་ལ་ཆགས་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ལའོ། །གང་གིས་གནོད་

པ་བྱེད་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་གནོད་པར་བྱེད་པའོ། །གང་ལས་ཐར་པ་དོན་དུ་གཉེར་བ་ཞེས་བྱ་བ་ནི། དེ་ཁོ་ན་ལས་ཐར་པ་དོན་དུ་གཉེར་བའོ། །དེ་ཉིད་ལ་དང་པོ་རྣམ་པར་དཔྱོད་པའི་གནས་སྐབས་ན་ཞེས་བྱ་བ་ལ། རྣམ་པར་དཔྱོད་པའི་གནས་སྐབས་གང་ཡིན་ཞེ་ན། གནས་བདུན་
ལ་མཁས་པ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་སྒོ་ནས་དོན་རྣམ་པ་གསུམ་པ་ལ་ཉེ་བར་ཡོངས་སུ་རྟོག་པ་ནས་ཉེ་བར་བཟུང་ནས་དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་བར་འདི་ནི་རྣམ་པར་དཔྱོད་པའི་གནས་སྐབས་སོ། །བདེན་པ་གཉིས་ཀྱི་
དཔེ་འདི་ནི་མདོ་ལས་ཀྱང་བསྟན་ཏོ་ཞེས་བྱ་བ་ལ། གང་ཞིག་ཡིན་ཞེ་ན། ཐལ་མ་ཐག་ཏུ་ནད་མཐོང་ནས། །ཞེས་བྱ་བ་རྒྱས་པར་འབྱུང་བ་གང་ཡིན་པའོ། །ཇི་སྐད་དུ་ཞེ་ན། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ནི་རྒྱལ་པོའི་འོས་ཡིན་ཞིང་རྒྱལ་པོའི་སྤུ་ལ་བབ་པ་ཡིན་ལ། རྒྱལ་པོའི་
ཡན་ལག་ཉིད་ཀྱི་གྲངས་སུ་ཡང་འགྲོའོ། །བཞི་པོ་གང་དག་ཅེ་ན། ནད་ལ་མཁས་པ་ཡིན། ནད་ཀྱི་གཞི་ལ་མཁས་པ་ཡིན། ནད་སྤངས་པ་ལ་མཁས་པ་ཡིན། ནད་སྤངས་ནས་ཕྱིས་མི་སྐྱེ་བ་ལ་མཁས་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །བཞི་པོ་གང་དག་ཅེ་ན། དགེ་སློང་དག་འདི་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་
ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་འབྱུང་བ་ཡིན་ནོ། །སྔར་འཕངས་པའི་ཕྱིར་ཞེས་བྱ་བ་ནི་སྔར་གྱི་འཕེན་པས་ཞེས་བྱ་བའི་དོན་ཏོ། །དཀྱུས་ས་བསྟན་
པའི་རྟ་ཐགས་ཐོགས་མེད་པར་བརྒྱུག་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དཀྱུས་ས་བསྟན་པར་འགྱུར་བ་མེད་པར་བརྒྱུག་པ་དེ་བཞིན་དུ་རྣམ་པར་དཔྱོད་པའི་གནས་སྐབས་ན་བདེན་པ་རྣམས་ཇི་ལྟར་མཐོང་བ་དེ་ཁོ་ན་ལྟར་རྣམ་པར་རྟོག་པ་གཞན་པོ་དེ་དག་གིས་གེགས་མེད་པར་མངོན་པར་རྟོགས་སོ། །མངོན་

པར་རྟོགས་པ་ཞེས་བྱ་བ་འདི་ནི་མངོན་པར་ཡང་དག་པར་རྟོགས་པའོ། །ཡང་ཅིའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་གྱི་ཞེས་བྱ་བ་ལ་ཇི་ལྟར་འདི་ཟག་པ་མེད་པ་ཉིད་དུ་དམ་བཅས་ཤེ་ན། མཐོང་ཞེས་བྱ་བ་ཟག་པ་མེད། །ཅེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ནི་མྱ་ངན་ལས་
འདས་པ་ལ་མངོན་དུ་ཕྱོགས་པར་ཡང་དག་པར་རྟོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །མངོན་པར་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་སྟོན་ལ། ཡང་དག་པར་ཞེས་བྱ་བ་འདིས་ནི་དེ་ཁོ་ན་ཉིད་ཀྱི་དོན་སྟོན་ཅིང་། རྟོགས་པ་ཞེས་བྱ་བ་འདིས་ནི་ཁོང་དུ་ཆུད་པ་སྟོན་ཏོ། །དེ་
ཉིད་ཀྱི་ཕྱིར་དེ་ནི་མྱ་ངན་ལས་འདས་པ་མངོན་དུ་ཕྱོགས་པ་ཡང་དག་པར་རྟོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་མངོན་པར་རྟོགས་པ་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་ཤིང་དེ་ཁོ་ན་ཉིད་རྟོགས་པའོ་ཞེས་བསྟན་པར་འགྱུར་ཏེ། མཐོང་བའི་ལམ་ནི་མྱ་ངན་ལས་འདས་པ་ཐོབ་པ་ལ་མི་
འཁྲུལ་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའོ། །དེ་སྐད་དུ་ཡང་། རྫོགས་པའི་བྱང་ཆུབ་ལ་ངེས་པར་འབབ་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་རྣམས་ནི་ཞེས་བྱ་བ་ནི། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་རྣམ་པར་མ་
ཕྱེ་བ་རྣམ་པར་དབྱེ་བར་བྱ་བའི་དོན་དུ་རྩོམ་པའོ། །འདི་ལས་ཀུན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེས་ཞེས་བྱ་བའི་དོན་ཏོ། །མིག་གི་སྒོ་ནས་བྱེ་བྲག་ཡོད་ཀྱི། རྫས་སུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་གཅིག་ལ་གནས་སྐབས་ཐ་དད་པའི་སྒོ་ནས་བདེན་པ་གཉིས་རྣམ་པར་གཞག་པས་དངོས་པོ་ཐ་དད་པ་
མེད་ཀྱང་། གཉིས་ཉིད་དུ་བསྟན་པ་འགལ་བ་མེད་དེ། ཤེས་པ་དང་མཐོང་བའི་མངོན་པར་རྟོགས་པར་རྣམ་པར་གཞག་པ་སོ་སོ་ཉིད་དུ་བསྟན་པ་བཞིན་ནོ། །འགོག་པ་དང་ལམ་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་འགོག་པ་དང་ལམ་ཞེས་མིང་གི་སྒོ་ནས་ཀྱང་བྱེ་བྲག་
ཡོད་དོ་ཞེས་བྱ་བའོ། །འདི་དག་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཐམས་ཅད་ལ་བདེན་ན་ཞེས་བྱ་བ་ནི་གང་གི་ཕྱིར་གང་སྡུག་བསྔལ་བ་ཡིན་དེ་ནི་འཕགས་པ་རྣམས་ལ་ཡིན་ལ་གཞན་དག་ནི་ཕྱིན་ཅི་ལོག་པར་སྡུག་བསྔལ་བ་སྟེ་ལམ་གྱི་བར་ཡང་དེ་དང་འདྲའོ། །འཕགས་པ་རྣམས་ཀྱིས་ནི་འདི་དག་ཇི་ལྟ་

བ་དེ་ཁོ་ན་བཞིན་དུ་གཟིགས་ཀྱི་ཞེས་བྱ་བ་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པ་དེ་དང་དེ་དག་ཏུ་སྟེ། དེའི་ཕྱིར་དེ་དག་ནི་འཕགས་པ་རྣམས་ཁོ་ནའི་བདེན་པ་ཞེས་བྱའི་འཕགས་པ་མ་ཡིན་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་ཏུ་མཐོང་
བའི་ཕྱིར་ཏེ། དེ་དག་གིས་ནི་སྡུག་བསྔལ་བདེན་པར་མཐོང་ལ། ཀུན་འབྱུང་རྒྱུ་མ་ཡིན་པ་དང་། འགོག་པ་མ་ཞི་བ་དང་། ལམ་ལམ་མ་ཡིན་པར་མཐོང་ངོ་། །ཇི་ལྟར་ཞེ་ན། འཕགས་པས་བདེ་བར་གང་གསུངས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླང་བར་བྱ་བ་དང་དོར་བར་བྱ་བ་དག་
ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་གྱི། དེ་དག་འཕགས་པ་ནི་མ་ཡིན་ཏེ། ཟག་པ་དང་བཅས་པའི་ཕྱིར་རོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ནི་དགེ་བའི་འཕགས་པ་དང་། ཟག་པ་མེད་པའི་འཕགས་
པ་ཉིད་ཀྱི་སྒོ་ནས་འཕགས་པ་ཡིན་ཏེ། དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ། །གལ་ཏེ་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཞེས་བྱ་བ་ནི། ཚོར་བའི་ཕུང་པོའི་ཕྱོགས་གཅིག་སྡུག་བསྔལ་དང་ཡིད་མི་བདེ་བའི་མཚན་ཉིད་ཡིན་ན། ཡང་ཅིའི་ཕྱིར་གཟུགས་ལ་སོགས་
པ་རྣམས་དེའི་རང་བཞིན་མ་ཡིན་ཡང་། ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བརྗོད་སྙམ་དུ་བསམས་པའོ། །སྡུག་བསྔལ་ཉིད་ནི་གསུམ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སྡུག་བསྔལ་ཁོ་ན་སྡུག་བསྔལ་ཉིད་ཡིན་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དེ། རང་གི་ངོ་བོ་ཁོ་ནས་སྡུག་
བསྔལ་ཞེས་བྱ་བའི་ཐ་ཚིག་གོ། །འགྱུར་བས་སྡུག་བསྔལ་བ་ཉིད་ནི་འགྱུར་བའི་སྡུག་བསྔལ་ཉིད་དེ། རང་གི་ངོ་བོས་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་ཀྱི་སྡུག་བསྔལ་བ་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། སྐྱེ་བས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་
བསྔལ་གྱིས་ཞེས་བྱ་བ་ནི། དེ་དང་བྲལ་བས་འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་ངེས་པར་མྱ་ངན་ལ་སོགས་པ་སྐྱེ་བས་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཉིད་དོ། །ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཞེས་བྱ་བ་ནི་དེ་རྣམས་ནི་སྡུག་བསྔལ་གྱི་རང་བཞིན་

དང་སྡུག་བསྔལ་དང་མཐུན་པ་ཉིད་ཀྱིས་སྡུག་བསྔལ་བ་ཉིད་དོ། །མངོན་སུམ་དུ་གྱུར་པས་ལུས་དང་སེམས་དག་ལ་གནོད་པ་འབྱུང་བའི་ཕྱིར་རོ། །དེ་དག་ལས་གཞན་པ་རྣམས་ནི་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དག་ལས་གཞན་པ་ཡིད་དུ་འོང་བ་
ཡང་མ་ཡིན། ཡིད་དུ་འོང་བ་མ་ཡིན་པ་ཡང་མ་ཡིན་པ་གང་དག་ཡིན་པ་སྟེ། དེ་དག་ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ་བྱས་པ་ཉིད་ཀྱིས་སྡུག་བསྔལ་ལོ། །ཚོར་བ་རྣམས་ཁོ་ན་ཕན་པ་དང་གནོད་པ་དང་དེ་གཉི་ག་དང་བྲལ་བའི་བདག་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བ་ལ་སོགས་པ་ཉིད་དུ་གྲུབ་
ན། གཟུགས་ལ་སོགས་པ་རྣམས་ཇི་ལྟར་ཡིན་ཞེས་འདྲི་བ་ནི། ཡིད་དུ་འོང་བ་ནི་གང་དག་ནི་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེའི་དབང་གིས་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་ཚོར་བའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་གཟུགས་ལ་སོགས་པ་རྣམས་ཀྱིས་ཀྱང་
ཡིད་དུ་འོང་བ་ལ་སོགས་པའི་མིང་ཐོབ་པོ། །ཇི་ལྟར་ཞེ་ན། བདེ་བ་ལ་སོགས་པའི་ཚོགས་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་ཁུངས་སུ་མདོ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བདེ་བའི་ཚོར་བ་ནི་སྐྱེ་བ་ན་ཡང་བདེ། གནས་པ་ན་ཡང་བདེ་ཞེས་བྱ་བ་འདི་ནི་དེའི་རང་བཞིན་ནོ། །འགྱུར་ན་སྡུག་
བསྔལ་ལོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་ནི་མྱོང་བར་འགྱུར་བའི་བདེ་བ་ལ་མངོན་པར་འདོད་པའི་ཕྱིར་དེ་འགྱུར་ན་མྱ་ངན་ལ་སོགས་པ་སྐྱེས་པས་དེ་འགྱུར་ན་སྡུག་བསྔལ་ལོ་ཞེས་བརྗོད་དོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་ཉིད་ཡིན་གྱི།
འགྱུར་བས་ནི་མ་ཡིན་ནོ། །དེ་ཉིད་ལ་ཁུངས་སུ་མདོ་ལས་སྡུག་བསྔལ་གྱི་ཚོར་བ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐྱེ་བ་ན་ཡང་སྡུག་བསྔལ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འགྱུར་བ་ན་ནི་བདེ་སྟེ། གང་གི་ཕྱིར་དེ་གྱུར་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་
མ་ཡིན་པ་ཡང་བདེ་བ་སྐྱེས་པ་ལྟར་སྣང་ངོ་། །འདིར་འགྱུར་བའི་སྡུག་བསྔལ་ནི་བདེ་བ་རྒྱུན་ཆད་པ་ཡིན་ལ་རྒྱུན་ཆད་པ་ཡང་འདོད་པའི་ཁམས་ན་དུས་ཉུང་ཟད་པ་ཡིན་ལ། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་ཕུལ་དུ་བྱུང་བར་ཡོད་ཅིང་ཉེས་པ་ཟད་པ་རྣམས་ལ་ནི་གཏན་དུ་

བའོ། །འདུ་བྱེད་ཁོ་ནས་སྡུག་བསྔལ་བ་ཉིད་དེ་ཞེས་བྱ་བ་ནི་སྐྱེ་བ་ཁོ་ནས་སྡུག་བསྔལ་བ་ཉིད་དོ། །དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ཀྱང་ཚོར་བ་དང་འདྲ་བར་བརྗོད་པར་བྱའོ་ཞེས་བྱ་བ་ལ། བདེ་བ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་རང་བཞིན་གྱིས་ཚོར་བ་ལྟར་
འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དེ། གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ནི་རང་གི་ངོ་བོ་ཁོ་ནས་མི་མཐུན་པ་ཡིན་གྱི། འགྱུར་བས་མ་ཡིན་ལ་བདེ་བ་ཡང་འགྱུར་བས་མི་མཐུན་པ་ཡིན་
གྱི། རང་གི་ངོ་བོས་ནི་མ་ཡིན་ཏེ། དེའི་ཕྱིར་འགྱུར་བ་དང་སྡུག་བསྔལ་གྱི་སྡུག་བསྔལ་དག་ནི་བདེ་བ་དང་སྡུག་བསྔལ་རྣམས་ཀྱི་ཐུན་མོང་མ་ཡིན་ནོ། །འདུ་བྱེད་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཞེས་བྱ་བ་ནི་ཡིད་དུ་འོང་བ་ལ་སོགས་པ་འདུ་བྱེད་ཐམས་ཅད་ནི་འདུས་བྱས་ཡིན་
པ་ཉིད་ཀྱིས་མི་མཐུན་པ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་བྱའོ། །དེ་ལྟ་ན་འོ་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་འདུ་བྱེད་ལ་ཁྱབ་པའི་ཕྱིར་ཐམས་ཅད་སྲིད་པ་ཐམས་ཅད་དང་མི་མཐུན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དག་ཀྱང་འཕགས་པ་རྣམས་ཁོ་
ནས་གཟིགས་སོ་ཞེས་བྱ་བ་སྨོས་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་དག་གོ། །བྱིས་པ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་རྩུབ་པར་བྱས་པ་རྣམས་ཀྱིས་ནི་དེ་དག་མི་རྟོགས་ཏེ། དེའི་ཕྱིར་ཐམས་ཅད་སྲིད་པ་ཐམས་ཅད་དང་མི་མཐུན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །སྡུག་བསྔལ་ཐམས་ཅད་
ཟད་པར་འདྲེན་པའི་ཕྱིར་ཞེས་བྱ་བ་ལ། འཇིག་རྟེན་པའི་ལམ་གྱིས་ཀྱང་སྡུག་བསྔལ་ཟད་པར་འདྲེན་མོད་ཀྱི། སྡུག་བསྔལ་ཐམས་ཅད་ཟད་པར་འདྲེན་པ་མ་ཡིན་ཏེ། དེས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ལམ་སྡུག་བསྔལ་མ་ཡིན་ན། འོ་ན་ཇི་
ལྟར་དེ་དག་གིས་འདུས་བྱས་ཐམས་ཅད་འགག་པ་ལ་ཞི་བར་མཐོང་ཞེ་ན། དེའི་ཕྱིར་གང་གི་ཚེ་དེ་དག་མྱ་ངན་ལས་འདས་པ་ལ་ཞི་བར་ལྟ་བ་དེའི་ཚེ་ཡང་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་དུ་མཐོང་བ་འགགས་པ་ལ་ཞི་བའི་བློ་རུང་གི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའོ། །སྡུག་བསྔལ་དུ་མཐོང་བ་

གང་ཡིན་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་སྟེ། དེ་ཁོ་ན་འགགས་པ་ལ་ཞི་བར་ལྟའི་ལམ་ནི་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །མོན་སྲན་སྡེའུ་ལ་སོགས་པ་ཡོད་བཞིན་དུ་མོན་སྲན་གྲེའུ་ཕུང་པོ་ཞེས་སྟོན་པ་བཞིན་ཏེ་ཞེས་བྱ་བ་འཇིག་རྟེན་ན་མོན་སྲན་
གྲེའུའི་ཕུང་པོ་ནི་ནང་ན་མོན་སྲན་སྡེའུ་དང་། སྲན་ཆུང་དང་། སྲན་མ་ལ་སོགས་པ་ཡོད་བཞིན་དུ་ཡང་ཉུང་བའི་ཕྱིར། མོན་སྲན་སྡེའུ་ལ་སོགས་པ་ལ་མོན་སྲན་གྲེའུའི་ཕུང་པོ་ཞེས་ཐ་སྙད་འདོགས་པ་སྣང་བ་དེ་དང་འདྲའོ། །ཆུས་བཏབ་པའི་བདེ་བ་ཆུང་ངུས་ཞེས་བྱ་བ་ནི་ཆུས་བཏབ་པའི་
བདེ་བ་ཉུང་ཟད་ཀྱིས་སོ། །ཡང་སྨྲས་པ་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཉིད་དོ། །སྡུག་བསྔལ་གྱི་ནི་རྒྱུ་ཕྱིར་དང་། །ཞེས་བྱ་བ་ནི་གང་གི་ཕྱིར་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དང་མཚུངས་པར་ལྡན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུའོ། །སྡུག་བསྔལ་མང་པོ་བསྐྱེད་ཕྱིར་དང་། །ཞེས་
བྱ་བ་ནི་ཡུལ་ཚོལ་བའི་ངལ་བའི་སྡུག་བསྔལ་དག་གིས་སོ། །སྡུག་བསྔལ་ཡོད་ན་དེ་འདོད་ཕྱིར། །ཞེས་བྱ་བ་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་ཡོད་ན་སྟེ། ཟས་དང་སྐོམ་ལ་སོགས་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་རྟོགས་སོ། །འཕགས་པ་རྣམས་ཀྱིས་
སྡུག་བསྔལ་དུ་གཟིགས་ཏེ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་སྡུག་བསྔལ་དུ་རོ་གཅིག་པས་ཞེས་འབྱུང་སྟེ། འདུ་བྱེད་ལ་སོགས་པ་ཡོད་ན་སྟེ། ཟས་དང་སྐོམ་གྱི་སྡུག་བསྔལ་དུ་རྣམ་པ་གཅིག་པས་ཞེས་བྱ་བའི་ཐ་ཚིག་གོ། །མི་རྟག་པའི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་མི་རྟག་པའི་
རྣམ་པས་མི་མཐུན་པའི་ཕྱིར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་གཟུགས་དང་འདུ་ཤེས་ལ་སོགས་པ་ལ་ཡང་ཞེས་བྱ་བ་ནི་དཔེར་ན་གཟུགས་དང་འདུ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་མི་རྟག་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་སྡུག་བསྔལ་དུ་ལྟ་བ་དེ་བཞིན་དུ་བདེ་བའི་ཚོར་བ་ཡང་
ཡིན་ནོ། །དེ་དག་ཇི་ལྟར་སྡུག་བསྔལ་གྱི་ཚོར་བ་བཞིན་དུ་སྡུག་བསྔལ་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མི་རྟག་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་སྡུག་བསྔལ་དུ་ལྟ་བ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི་སློབ་དཔོན་གནས་བརྟན་གཞོན་ནུ་ལེན་ལ་སྨྲས་པའོ། །དེའི་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་གྱི།

སྡུག་བསྔལ་གྱི་རྣམ་པ་ནི་མ་ཡིན་ཏེ། དེ་ནི་ཀུན་འབྱུང་གི་བདེན་པ་ཁོ་ན་ཡིན་གྱི། སྡུག་བསྔལ་གྱི་བདེན་པ་ནི་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པར་སྐྱེས་པ་དག་གིས་འཕགས་པ་རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་
གྱི་འདུ་ཤེས་འཇུག་ན། མཚན་ཉིད་འདི་མ་ཁྱབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་ཞེས་བྱ་བ་སྨོས་ཏེ། ཕྱིར་མི་འོང་བའི་གཟུགས་དང་གཟུགས་མེད་པར་སྐྱེས་པ་དག་གིས་ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཕུང་པོ་རྣམས་
དམྱལ་བ་ལ་སོགས་པའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་དེ་དག་སྡུག་བསྔལ་གྱི་བློ་མི་འཇུག་པ་ཞིག་ན་དེ་ནི་འདོད་པ་སྤང་བ་ཡིན་ཏེ། འཕགས་པ་རྣམས་ཀྱིས་ཁམས་གསུམ་པའི་ཕུང་པོ་རྣམས་ཀྱང་སྡུག་བསྔལ་དུ་མི་གཟིགས་སོ། །མདོ་ལས། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱང་
ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཡང་སྡུག་བསྔལ་ལྟ་བུའི་མི་རྟག་པ་ཉིད་ཀྱི་ཕྱིར་མ་ཡིན་ན། དེ་ལྟ་ན་ནི་འོ་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་བསྟན་པ་དོན་མེད་དོ། །སྡུག་བསྔལ་གྱི་རྒྱུ་ཡིན་པར་སྨྲ་བ་དེ་ཉིད་ཀྱིས། གལ་ཏེ་མི་རྟག་པའི་ཕྱིར་
ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་མི་རྟག་པའི་ཕྱིར་སྡུག་བསྔལ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་མ་ཡིན་ན། འོ་ན་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་ཅི་ཡོད་དེ་ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་བསམས་པའོ། །འདི་ལ་སློབ་དཔོན་གྱིས་སྐྱེ་ཞིང་འཇིག་པའི་ཆོས་
ཅན་ཡིན་པའི་ཕྱིར་མི་རྟག་པར་ལྟ་ལ་ཞེས་བྱ་བ་སྨོས་ཏེ། རྟག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་དུ་ཞེས་བྱ་བ་འདི་མི་འདོད་པ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར།
མི་རྟག་པར་མཐོང་ན་མི་མཐུན་པར་གྱུར་པས་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། མི་རྟག་པ་ཉིད་ཀྱིས་མི་མཐུན་པ་ཡིན་པའི་ཕྱིར་དེ་སྐད་དུ་བཤད་ཀྱི། མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་མེད་པའི་ཕྱིར་ནི་མ་ཡིན་ནོ། །ལམ་གྱི་

བདེན་པ་ལ་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་ཇི་ལྟར་མི་འདྲེན་ཅེ་ན། འདི་ལྟར་སྡུག་བསྔལ་གྱི་བདེན་པ་ཁོ་ན་མི་རྟག་པའི་རྣམ་པས་སུན་འབྱིན་པར་བྱེད་ཀྱི་ལམ་གྱི་བདེན་པས་ནི་མ་ཡིན་ནོ། །སུན་འབྱིན་པར་མི་བྱེད་པར་ག་ལས་ཤེ་ན། ཡོན་ཏན་དུ་མཐོང་བའི་ཕྱིར་
རོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ལ་སོགས་པ་དག་གོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གང་ཅི་ཚོར་བ་ཡང་རུང་ཞེས་བྱ་བ་ནི། ཚོར་བ་མ་ལུས་པ་གཟུང་བས་ཚོར་བ་ཐམས་ཅད་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གལ་ཏེ་ཡང་བདེ་བའི་
ཚོར་བ་དོན་དམ་པ་ཉིད་ཡོད་ན་ནི་བཅོམ་ལྡན་འདས་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་ཇི་ལྟར་ལོག་པའི་ཤེས་པ་ལ་སྦྱོར་བ་མཛད། དེ་ནི་སྡུག་བསྔལ་ཁོ་ན་ཡིན་བཞིན་དུ་བྱིས་པ་རྣམས་ཀྱིས་བདེ་བར་གཟུ