Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 145

Văn bản gốc(Tây Tạng)

Trang 11 / 22 (50.000 ký tự/trang)
ང་བས་ཡང་དག་པའི་ཤེས་པ་ལ་སྦྱར་བར་བྱ་བའི་ཕྱིར་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་གསུངས་སོ། །
གལ་ཏེ་ཡང་བདེ་བའི་ཚོར་བ་རང་བཞིན་ཁོ་ནས་ཡོད་ན་ནི་དེ་ལྟ་ན་བདེ་བ་ཁོ་ན་ལ་བདེ་བའོ་སྙམ་པ་ཡང་དག་པའི་ཤེས་པ་མ་ཡིན་གྱི། སྡུག་བསྔལ་བ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ནི་མ་ཡིན་ནོ། །རེ་ཞིག་མདོ་ལས་བདེ་བའི་ཚོར་བ་མེད་པ་ནི་དེ་ལྟའོ། །དེ་དག་ཧ་ཅང་སྤྱད་པ་ཞེས་བྱ་བ་ནི་
དུས་དེའི་ཚེ་ཁོ་ནས་ཧ་ཅང་སྤྱད་ན་སྡུག་བསྔལ་གྱི་རྒྱུ་དག་ཏུ་འགྱུར་རོ། །དུས་མ་ཡིན་པར་སྤྱད་པ་རྣམས་ཞེས་བྱ་བ་ནི་མ་ཞུ་བ་ནའོ། །བཏུང་བ་དང་བཟའ་བ་ལ་སོགས་པ་དུས་དང་རན་པར་སྤྱད་པ་བདེ་བའི་རྒྱུ་ཡིན་པ་རྣམས་ཧ་ཅང་སྤྱད་པ་དང་དུས་མ་ཡིན་པར་སྤྱད་ན་ཡང་སྡུག་བསྔལ་གྱི་རྒྱུ་དག་ཏུ་འགྱུར་རོ། །
བདེ་བའི་རྒྱུ་འཕེལ་བས་དུས་དེ་ཉིད་ཀྱི་ཚེ་སྡུག་བསྔལ་བསྐྱེད་པར་ནི་རིགས་པ་ཡང་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་འཕེལ་བས་བདེ་བ་བསྐྱེད་པར་ནི་མ་མཐོང་ངོ་། །བདེ་བའི་རྒྱུ་ཉམས་པས་ཀྱང་དུས་དེའི་ཚེ་སྡུག་བསྔལ་བསྐྱེད་པར་རིགས་པ་མ་ཡིན་ཏེ། བརྡེགས་པ་དང་བཅད་པ་ནི་ནམ་ཡང་བདེ་བའི་རྒྱུར་མི་
འགྱུར་རོ། །དང་པོ་ཁོ་ན་ནས་ཞེས་བྱ་བ་ལ། བཟའ་བ་ལ་སོགས་པ་དེ་དག་ནི་དང་པོ་སྤྱད་པ་ཁོ་ན་ནས་སྡུག་བསྔལ་གྱི་རྒྱུ་ཡིན་གྱི། བདེ་བའི་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་དེ་དག་དང་པོ་ཁོ་ན་ནས་སྡུག་བསྔལ་གྱི་རྒྱུ་ཡིན་ན། ཅིའི་ཕྱིར་ཐ་མ་བཞིན་དུ་དང་པོར་ཡང་སྡུག་བསྔལ་མི་འཛིན་ཞེ་ན།

དེའི་ཕྱིར་འཇུག་པ་ནི་སྡུག་བསྔལ་དེ་འཕེལ་བར་འགྱུར་བས་གསལ་བར་འགྱུར་བར་ཟད་དེ་ཞེས་བྱ་བ་སྨོས་སོ། །སྤྱོད་ལམ་གྱི་བྱེ་བྲག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཧ་ཅང་བསྟེན་པ་དང་དུས་མ་ཡིན་པར་བསྟེན་པ་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུ་དག་ཏུ་འགྱུར་རོ་ཞེས་མལ་སྟན་ལ་སོགས་
པ་ལ་ཡང་འདི་ཉིད་བརྗོད་པར་བྱའོ། །སྡུག་བསྔལ་གྱི་གཉེན་པོ་དང་ཞེས་བྱ་བ་ནི་གང་གི་ཚེ་བཀྲེས་པ་དང་། སྐོམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གཙེས་པར་གྱུར་པ་དེའི་ཚེ་བཟའ་བ་དང་བཏུང་བ་ལ་སོགས་པ་སྡུག་བསྔལ་གྱི་གཉེན་པོ་དག་ལ་འདིའི་བདེ་བའི་བློར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ།
དེའི་ཕྱིར་སྡུག་བསྔལ་ལོག་པ་འདི་ཁོ་ན་ལ་བདེ་བའི་བློར་འགྱུར་གྱིས་བདེ་བ་ནི་མེད་དོ་ཞེས་བྱ་བར་ངེས་སོ། །བྱིས་པ་རྣམས་ནི་སྡུག་བསྔལ་གྱི་བྱེ་བྲག་ལ་བདེ་བའི་བློར་སྐྱེད་པར་བྱེད་དེ། དེ་ཉིད་ཀྱི་ཕྱིར་དཔེར་ན་ཕྲག་པ་ནས་ཞེས་བྱ་བ་སྨོས་སོ། །དཔེར་ན་དུབ་པ་ཞིག་ཕྲག་པ་ནས་ཕྲག་པར་ཁུར་སྤོས་པས་
ངལ་སོས་པར་འགྱུར་བ་དེ་བཞིན་དུ་འདི་དག་ཐམས་ཅད་སྡུག་བསྔལ་ཡིན་ཏེ། འཇིག་རྟེན་ལ་སྡུག་བསྔལ་གྱིས་གནོད་པར་འགྱུར་རོ། །དེའི་ཕྱིར་བྱིས་པ་རྣམས་སྡུག་བསྔལ་དག་ལ་ལོག་པ་ལ་བདེ་བའི་བློར་འགྱུར་གྱི་བདེ་བ་ཞེས་བྱ་བ་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཆོས་མངོན་པ་པ་རྣམས་ན་རེ་
ཡོད་པ་ཉིད་དོ་ཞེས་ཟེར་རོ། །འདི་ཉིད་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་ཆོས་མངོན་པ་པའི་ལུགས་ལ་རྗེས་སུ་ཡི་རང་བའོ། །ཚིག་ཙམ་གྱིས་གུས་པར་མི་འགྱུར་བས་འདྲི་བ་ནི་ཇི་ལྟར་བྱས་པས་ཞེས་བྱ་བའོ། །སྡུག་བསྔལ་དང་བདེ་བ་སྐྱེ་བའི་རྒྱུ་ཐ་དད་པའི་ཕྱིར་ཏེ། འབྱུང་བ་མ་སྙོམས་
པ་ལས་ནི་སྡུག་བསྔལ་སྐྱེ་ལ། དེ་སྙོམས་པ་ལས་ནི་བདེ་བ་སྐྱེ་བས་སྡུག་བསྔལ་ལས་བདེ་བ་གཞན་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བཞིན་ནོ། །འདོད་ཆགས་དང་ཞེ་སྡང་གཉིས་བཞིན་དུ་རང་གི་ངོ་བོ་ཐ་དད་པ་དང་། ནུས་པ་ཐ་དད་པ་ལས་ཀྱང་དངོས་པོ་རྣམས་ཐ་དད་པར་མཐོང་ལ་
སྡུག་བསྔལ་དང་བདེ་བའི་རང་གི་ངོ་བོ་དང་ནུས་པ་ཡང་ཐ་དད་པ་ཡིན་ཏེ། དེ་ལྟར་ན་བདེ་བླག་ཏུ་རྟོགས་པར་འགྱུར་བས་དེའི་ཕྱིར། རེ་ཞིག་བདེ་བ་ལ་སྐུར་པ་འདེབས་པ་དེ་ལ་འདི་འདྲི་བར་བྱ་སྟེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་གནོད་པའི་བདག་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་གཟིར་བའི་བདག་

ཉིད་དོ། །གལ་ཏེ་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལུས་དང་སེམས་ལ་གནོད་པར་བྱེད་པ་གང་ཡིན་པ་དེ་གནོད་པའི་བདག་ཉིད་ཡིན་པའོ། །ཕན་པར་བྱེད་པ་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་སྟེ། གང་ཞིག་ལུས་དང་སེམས་དག་ལ་ཕན་འདོགས་པར་འཇུག་པ་དེ་སྡུག་བསྔལ་ལས་
ནུས་པ་ཐ་དད་པའི་ཕྱིར་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་མི་འདོད་པ་ཡིན་ནོ་ཞེས་བྱ་བ་ནི། དེའི་རང་གི་ངོ་བོ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་རོ། །འདོད་པ་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་སྟེ་དེ་ནི་ཡིད་དུ་འོང་བའི་རང་གི་ངོ་བོ་ཅན་ཡིན་པའི་ཕྱིར་འདོད་པ་ཡིན་པས་སྡུག་བསྔལ་དང་བདག་ཉིད་ཐ་དད་པ་ཡིན་པ་
དང་། ཇི་ལྟར་སྡུག་བསྔལ་ཁོ་ན་ཡིན་པར་འགྱུར། མི་གནས་པའི་ཕྱིར་འདི་མཚན་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་འདོད་པ་དེ་ཉིད་ཞེས་རྒྱས་པར་སྨྲས་སོ། །མི་འདོད་པ་ནི་གཞན་དུ་ཡིན་པའི་ཕྱིར་རོ། །ཕན་པར་བྱེད་པ་ལ་ནི་འཁྲུལ་པ་མེད་དེ་འཕགས་པ་རྣམས་ལ་ཡང་དེ་ཕན་པར་བྱེད་
པའི་ཕྱིར་རོ། །རྣམ་པ་གཞན་གྱིས་ཞེས་བྱ་བ་ནི་རང་གི་ངོ་བོ་མ་ཡིན་པའོ་ཇི་ལྟར་བྱས་ནས་ཤེ་ན། འདི་ལ་བག་མེད་པའི་གནས་དང་ཞེས་བྱ་བ་ནི་འདོད་ཆགས་རྒྱས་པའི་ཕྱིར་རོ། །མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ནི། འབད་པ་ཆེན་པོས་བསྒྲུབ་པར་བྱ་བའོ། །རྣམ་པར་འགྱུར་བ་ཅན་
ཞེས་བྱ་བ་ནི་རྒྱུན་གཞན་དུ་འགྱུར་བའི་ཕྱིར་ཏེ། ཞན་པ་ཉིད་ཀྱིས་དེ་མ་ཐག་ཏུ་སྡུག་བསྔལ་འབྱུང་བའི་ཕྱིར་རོ། །མི་རྟག་པར་ཞེས་བྱ་བ་ནི་སྐད་ཅིག་མར་འཇིག་པ་དང་ལྡན་པ་དང་། རྒྱུན་ཆད་པའི་ཕྱིར་རོ། །རང་གི་བདག་ཉིད་ཀྱིས་མི་འདོད་པ་ཡིན་པའི་ཕྱིར་ན་སྡུག་བསྔལ་ལྟར་དེ་ལ་སུ་ཡང་འདོད་པ་སྐྱེ་བར་མི་
འགྱུར་ཏེ། དེའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བའི་ཆེད་དུ་རྣམ་པ་གཞན་གྱིས་ཀྱང་སྐྱོན་ཅན་དུ་ལྟ་བར་མི་འགྱུར་ཏེ། སྡུག་བསྔལ་བཞིན་ནོ། །དེ་ནི་བཅོམ་ལྡན་འདས་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་གཉིས་ཉིད་བསྟན་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ལ་དགོངས་ནས་
འདི་གསུངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་གསུངས་པ་ཡིན་ནོ། །འདུ་བྱེད་མི་རྟག་པ་ཉིད་ནི་སྔ་ན་ཡོད་ན་ཡོད་པ་མ་ཡིན་པ་རྣམས་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཉིད་དང་། སྐད་ཅིག་རེ་རེ་ལ་འཇིག་པ་ཉིད་དོ། །འདུ་བྱེད་རྣམ་པར་འགྱུར་བ་ཉིད་ཅེས་བྱ་བ་ནི་མི་འདྲ་བར་ཡོངས་སུ་འགྱུར་བ་ཡིན་

ཞིང་གཞན་དུ་འགྱུར་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་དེ་མ་ཐག་ཏུ་ཚོར་བ་གཞན་སྐྱེ་བའམ། ཞན་པའོ། །གལ་ཏེ་ཐམས་ཅད་རང་བཞིན་གྱིས་སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེས་ཀྱང་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཚོར་བ་གསུམ་
ཞེས་བཀའ་སྩལ་ཞེས་ཞུས་པར་འགྱུར་ལ། བཅོམ་ལྡན་འདས་ཀྱང་འདི་སྐད་དུ། ཀུན་དགའ་བོ་ཚོར་བ་གང་ཅི་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ངས་འདུ་བྱེད་མི་རྟག་པ་ཉིད་དང་རྣམ་པར་འགྱུར་བ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་ལུང་སྟོན་པར་མི་འགྱུར་བ་ཞིག་གོ། །དེའི་
ཕྱིར་གང་ཅི་ཚོར་ཡང་རུང་དེ་ནི་འདི་སྡུག་བསྔལ་ལོ་ཞེས་བྱ་བའི་གསུང་ནི་དགོངས་པ་ཅན་ཡིན་ནོ། །དེའི་ཕྱིར་དགོངས་ནས་གསུངས་ཤིང་། དགོངས་པ་ཡང་འདུ་བྱེད་དང་། རྣམ་པར་འགྱུར་བ་ཡིན་ནོ་ཞེས་སྔར་བཤད་དོ། །རྣམ་པར་འགྱུར་བ་དང་མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་
རྣམ་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་དང་། རྣམ་པར་འགྱུར་བ་ནི་གཞན་དུ་འགྱུར་བ་ཡིན་ལ། གཞན་དུ་འགྱུར་བ་ནི་དེ་མ་ཐག་ཏུ་སྡུག་བསྔལ་ལམ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་འབྱུང་བའོ། །དེའི་རོ་མྱོང་བར་བྱེད་
པའི་ཕྱིར་ཞེས་བྱ་བ་ནི་བདེ་བའི་ཚོར་བའི་རོ་མྱོང་བར་བྱེད་པའི་ཕྱིར་རོ། །དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེའི་རང་གི་ངོ་བོས་བདེ་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་ལྟར་ཞེས་བྱ་བ་རྒྱས་
པར་འབྱུང་སྟེ། གལ་ཏེ་ཚོར་བ་བདེ་བ་ཡང་རང་གི་ངོ་བོས་མ་ཡིན་ན་ནི། དེས་ན་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ནས་སྡུག་བསྔལ་དུ་སྟོན་པར་འགྱུར་གྱི་འདུ་བྱེད་དང་རྣམ་པར་འགྱུར་བའི་སྡུག་བསྔལ་དག་གིས་སྟོན་པར་མི་འགྱུར་རོ། །འདོད་པའི་ཡོན་ཏན་རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་
ཡུལ་རྣམས་སོ། །སྐྱེ་བ་ལ་ཞེས་བྱ་བ་ནི་བདེར་འགྲོར་རམ། ས་སྲུངས་ཀྱི་བུ་ལ་སོགས་པ་ངན་འགྲོར་སྐྱེ་བ་ལའོ། །སྐྱེ་བ་ལ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ་ཅི་ཞིག་ན། སྡུག་བསྔལ་ནི་མང་བ་ཡིན་ན། གཅིག་ཏུ་བདེ་བར་ལྟ་བ་ནི་ཕྱིན་ཅི་ལོག་པ་ནི་ཡིན་ཏེ་ཞེས་སྐབས་དང་སྦྱར་རོ། །ཡོན་

ཏན་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་གསུངས་པས་ཡོན་ཏན་ཅི་ཞིག་ཐོབ་ཅེས་བྱ་བའོ། །གལ་ཏེ་འཇིག་རྟེན་དང་མཐུན་པར་གསུངས་པ་ཡིན་ནོ་ཞེ་ན་སྟེ། འཇིག་རྟེན་དང་མཐུན་
པར་ཚོར་བ་གསུངས་སོ་སྙམ་པའི་བློ་འདིར་འགྱུར་ནའོ། །དེ་ནི་མ་ཡིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཉིད་ནི་དགོངས་ནས་གསུངས་སོ་ཞེས་བཀའ་སྩལ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཀུན་དགའ་བོ་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ངས་འདུ་བྱེད་མི་རྟག་པ་ཉིད་
དང་། འདུ་བྱེད་རྣམ་པར་འགྱུར་བ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་བྱ་བའོ། །དེའི་ཕྱིར་འཇིག་རྟེན་དང་མཐུན་པར་ཚོར་བ་གསུམ་ཞེས་གསུངས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་གི་མཚན་ཉིད་ཁོ་ནས་ཚོར་བ་གསུམ་ཡོད་དོ། །གཞན་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་གསུངས་པའི་
ཡང་ཕྱིར་ཚོར་བ་གསུམ་དོན་དམ་པ་ཁོ་ནར་ཡོད་ཀྱི་འཇིག་རྟེན་དང་མཐུན་པར་མ་ཡིན་ནོ། །ཡང་ཇི་ལྟར་ཡང་དག་པ་ཇི་ལྟ་བ་གསུངས་ཤེ་ན། བདེ་བའི་དབང་པོ་གང་ཡིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་དཔེར་བརྗོད་པ་ནི་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་
ཞིང་ཞེས་བྱ་བ་འདི་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་ནི་སྒྲོ་མ་བཏགས་པ་དང་སྐུར་པ་མ་བཏབ་པ་ལ་བརྗོད་ན། གལ་ཏེ་སྡུག་བསྔལ་གྱི་ཚོར་བ་ཙམ་ཁོ་ན་ཞིག་ཡིན་ན་ནི་སྡུག་བསྔལ་བདེ་བར་མཐོང་བ་ཡང་དག་པ་ཇི་ལྟ་བ་ཡིན་པར་ཇི་ལྟར་རིགས། འཇིག་རྟེན་ཡང་ཇི་ལྟར་ན་སྡུག་བསྔལ་གྱི་ཚོར་བ་
ལ་རྣམ་པ་གསུམ་དུ་རྟོགས་པར་འགྱུར་ཞེས་བྱ་བ་ནི། གལ་ཏེ་ཚོར་བ་རྣམ་པ་གསུམ་མ་ཡིན་ན་སྙམ་དུ་བསམས་པའོ། །གལ་ཏེ་ཆུང་ངུ་དང་། ཆེན་པོ་དང་། འབྲིང་པོ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་ཆུང་ངུ་ལ་ནི་བདེ་བའི་བློའོ། །ཆེན་པོ་ལ་ནི་སྡུག་བསྔལ་གྱི་བློའོ། །འབྲིང་
ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བློའོ། །བདེ་བ་ལ་རྣམ་པ་གསུམ་ཡོད་པས་ཞེས་བྱ་བ་ལ་ཇི་ལྟར་ཚོར་བ་སྡུག་བསྔལ་རྣམ་པ་གསུམ་དམིགས་པ་དེ་བཞིན་དུ་བདེ་བ་ཡང་དམིགས་པས་བདེ་བ་ལ་ཡང་སྡུག་བསྔལ་གྱི་བློར་འགྱུར་རོ། །ཇི་ལྟར་ཞེ་ན། སྡུག་བསྔལ་ཆུང་ངུ་ལ་སོགས་

པ་ལ་བདེ་བ་ཆེན་པོ་ལ་སོགས་པའི་བློ་སྐྱེ་བར་འགྱུར་རོ། །སྡུག་བསྔལ་ཆུང་ངུ་བདེ་བ་ཆེན་པོའི་བློར་འགྱུར་ལ། འབྲིང་ལ་བདེ་བ་འབྲིང་གི་བློར་འགྱུར་ཞིང་། ཆེན་པོ་ལ་བདེ་བ་ཆུང་ངུའི་བློར་འགྱུར་རོ། །དེ་ལྟར་ན་དེའི་ཆེན་པོ་ཉིད་དང་ཆུང་ངུ་ཉིད་ཀྱང་ཉམས་པར་འགྱུར་ཏེ། དེའི་ཕྱིར་མ་འདྲེས་ཀྱང་
ཆུང་ངུ་ལ་སོགས་པའི་དབྱེ་བས་སོ་སོར་རིགས་རྣམ་པ་གསུམ་ཡོད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་མཇུག་ཐོགས་སུ་བདེ་བ་སོ་སོར་མྱོང་བའི་ཕྱིར་སྡུག་བསྔལ་མ་མཐོང་བས་གང་གི་ཚེ་དྲི་དང་རོ་དང་རེག་བྱའི་ཁྱད་པར་ལས་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོར་བ་འབྲིང་
ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གང་གི་ཚེ་དེའི་མཇུག་ཐོགས་སུ་དྲི་ལ་སོགས་པའི་ཁྱད་པར་ལས་སྐྱེས་པའི་བདེ་བ་སྐྱེ་བ་དེའི་ཚེ་ནི་ཆུང་ངུ་ཡིན་པའི་ཕྱིར་གང་ལ་བདེ་བའི་བློར་འགྱུར་བ་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །མ་སྐྱེས་པ་དང་འགག་པ་ན་ཞེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་ཆུང་ངུ་
ལ་བདེ་བའི་བློར་འགྱུར་ན་ནི་མ་སྐྱེས་པའི་ཚེ་དང་། འགག་པའི་ཚེ་བདེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མ་ལུས་པ་དང་བྲལ་བའི་ཕྱིར་ཏེ། སྔར་དང་ཞིག་ནས་མེད་པའི་གནས་སྐབས་དག་ཏུའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་གནས་སྐབས་སུ་
སྡུག་བསྔལ་ཆུང་ངུ་མ་སྐྱེས་པ་དང་། འགག་པ་ན་བདེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བ་འདི་ནི་མཐོང་བ་ཡང་མ་ཡིན་ནོ། །འདོད་པའི་བདེ་བ་མངོན་སུམ་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། འདོད་ཆགས་ཀྱི་སྡུག་བསྔལ་ཆུང་ངུ་ལ་འདོད་པའི་བདེ་བའི་བློར་འགྱུར་ཞེས་བྱ་བར་
རོ། །འདོད་ཆགས་ཀྱི་སྡུག་བསྔལ་ཆུང་ངུ་དེ་མ་སྐྱེས་པ་དང་། འགག་པ་ན་ཡང་བདེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བར་འགྱུར་ན་འདི་ནི་མཐོང་བ་ཡང་མ་ཡིན་ནོ། །ཚོར་བ་ཆུང་ངུ་ལ་ནི་ཞེས་བྱ་བ་ནི་སྡུག་བསྔལ་ཆུང་ངུ་ལ་ཞེས་བྱ་བའི་ཐ་ཚིག་གོ། །འབྲིང་ལ་ནི་མི་གསལ་བར་ཞེས་བྱ་བ་ནི་བདེ་བ་ཡང་མ་ཡིན་སྡུག་
བསྔལ་ཡང་མ་ཡིན་པའི་མཚན་ཉིད་ཅན་ནོ། །བསམ་གཏན་གསུམ་ན་བདེ་བ་ཡོད་དོ་ཞེས་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་དང་པོ་དང་། གཉིས་པ་དང་། གསུམ་པ་དག་ན་སྟེ། གལ་ཏེ་སྡུག་བསྔལ་ཆུང་ངུ་ལ་ནི་བདེ་བའི་བློར་འགྱུར་ན་སྙམ་དུ་བསམས་པའོ། །གོང་ན་བདེ་བ་ཡང་མ་ཡིན་སྡུག་

བསྔལ་ཡང་མ་ཡིན་པ་ཡོད་དོ་ཞེས་འབྱུང་བས་ཞེས་བྱ་བ་ནི་བསམ་གཏན་བཞི་པ་དང་གཟུགས་མེད་པ་དག་ན་བཏང་སྙོམས་ཡོད་དོ་ཞེས་འབྱུང་བས་སྡུག་བསྔལ་འབྲིང་དུ་ཡང་འགྱུར་ན། སུ་ཞིག་སྡུག་བསྔལ་འབྲིང་ཤེས་ནས་དེ་ཐོབ་པར་བྱ་བའི་ཕྱིར་འོག་མའི་བསམ་གཏན་ལས་འདོད་
ཆགས་དང་བྲལ་བ་ལ་འབད་པ་བྱེད་པར་འགྱུར། མིང་ཆེན་གལ་ཏེ་ཞེས་བྱ་བ་གང་གི་ཕྱིར་གཟུགས་དེ་བདེ་བ་ཡང་ཡོད། བདེ་བ་དང་རྗེས་སུ་འབྲེལ་པ་ཡོད། ཡིད་བདེ་བ་དང་རྗེས་སུ་འབྲེལ་པ་ཡང་ཡོད་པ་དེའི་ཕྱིར་གཟུགས་ཀྱང་འདི་ལྟ་སྟེ། ཀུན་དུ་འདོད་ཆགས་པའི་རྒྱུར་འགྱུར་རོ་ཞེས་བྱ་བའི་
བར་དུ་འབྱུང་བ་ཡིན་ནོ། །གལ་ཏེ་བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་བདེ་བ་མེད་ན། དེ་ལྟར་ན་ནི་འོ་ན་སྡུག་བསྔལ་གྱི་རྒྱུ་རྣམས་ཀྱང་རྣམ་པར་མི་གནས་པས་སྡུག་བསྔལ་ཡང་མེད་པར་འགྱུར་རོ། །ཇི་ལྟར་བདེ་བའི་རྒྱུ་རྣམ་པར་མི་གནས་པ་དེ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ཡང་ཡིན་ཏེ། སྡུག་
བསྔལ་གྱི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་རོ། །ཡུལ་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཙམ་ལས་བདེ་བ་སྐྱེ་བར་ནི་ཁས་མི་ལེན་གྱི། འོ་ན་ཅི་ཞེ་ན། ལུས་འགྱུར་བའི་ཁྱད་པར་ལ་ལྟོས་པའི་ཡུལ་བདེ་བའི་རྒྱུ་འམ་སྡུག་བསྔལ་གྱི་རྒྱུ་ཡིན་གྱི་ཡུལ་འབའ་ཞིག་ནི་མ་ཡིན་ནོ། །འདི་ལྟར་དྲོ་
བའི་རེག་པ་རྟེན་གྱི་འབྱུང་བའི་གནས་སྐབས་གང་ཕྲད་ནས་བདེ་བའི་རྒྱུ་ཡིན་པ་ནི་དེ་ཉིད་དང་ཕྲད་ནས་ཡང་རྒྱུ་མ་ཡིན་པ་མ་ཡིན་ཏེ། གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བསམ་གཏན་དག་ན་ཡང་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་དང་བཅས་པའི་སེམས་ནི་དེ་ན་དེའི་རྒྱུར་རྣམ་པར་གནས་ན་དེ་ན་དུས་ཡུན་
རིང་པོར་སྙོམས་པར་ཞུགས་པ་རྣམས་ལ་སྤྱིར་སྡུག་བསྔལ་གྱི་བློར་འགྱུར་བ་ནི་མ་ཡིན་ནོ། །བསམ་གཏན་ལས་སྐྱེས་པའི་བདེ་བ་ལ་ཡང་གང་གི་གཉེན་པོ་ཡིན་ཞེས་བྱ་བ་ནི་བསམ་གཏན་དག་ན་སྡུག་བསྔལ་མེད་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་འདི་སྐད་དུ། གལ་ཏེ་སྡུག་བསྔལ་གྱི་
གཉེན་པོ་ལ་བདེ་བའི་བློར་འགྱུར་ན། མིང་ཆེན་གལ་ཏེ་གཟུགས་གཅིག་ཏུ་སྡུག་བསྔལ་བ་ཞིག་ཡིན་པར་འགྱུར་ན་ནི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མི་གསུང་བར་འགྱུར་ཞེས་བྱ་བ་ཡང་བརྗོད་པར་བྱའོ། །ལུས་ཀྱི་གནས་སྐབས་དེ་ལྟ་བུ་དེ་ཞེས་བྱ་བ་ནི་བདེ་བ་སྐྱེ་བ་དང་མཐུན་པའོ། །དེ་ལྟ་མ་ཡིན་ན་ཕྱིས་བདེ་

བའི་བློ་ཇེ་མང་དུ་ཞེས་བྱ་བ་ནི། ཕྲག་ཁུར་སྤོས་ནས་ཡུན་རིང་དུ་ལོན་པ་ལ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། གལ་ཏེ་ཚོར་བ་འདི་ཁུར་སྤོས་པ་ཙམ་ལས་སྐྱེས་པ་ཡིན་ན་ནི་སྤོས་ནས་ཡུན་རིང་དུ་ལོན་པའི་ཕྱིར་བདེ་བའི་བློ་མང་དུ་སྐྱེ་བར་འགྱུར་རོ། །ངལ་བའི་སྤྱོད་ལམ་གྱི་རྣམ་པ་དག་ལ་ཡང་དེ་བཞིན་དུ་རིག་
པར་བྱའོ་ཞེས་བྱ་བ་ནི་དེར་གནས་སྐབས་གཞན་ལས་སྐྱེས་པའི་བདེ་བ་ཁོ་ན་སྐྱེའོ་ཞེས་རྒྱས་པར་བརྗོད་པར་བྱའོ། །མངར་བ་མཇུག་ཏུ་སྐྱུར་པོར་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཆང་དང་འོ་མ་དང་བུར་ཤིང་གི་ཁུ་བ་རྣམས་མངར་བའི་གནས་སྐབས་ལས་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྔར་ཡོད་པ་མ་
ཡིན་པའི་རོར་འགྱུར་བ་དེ་བཞིན་དུ་བདེ་བའི་ཚོར་བའི་གནས་སྐབས་ལས་ལུས་ཀྱི་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྔར་ཡོད་པ་མ་ཡིན་པའི་སྡུག་བསྔལ་སྐྱེའོ། །ཀུན་འབྱུང་གི་བདེན་པ་གང་ཡིན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་གྱི། ཀུན་འབྱུང་གི་བདེན་པ་
ནི་མ་ཡིན་ནོ། །རྒྱུར་གྱུར་པ་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ་ཞེས་བྱ་བ་འབྱུང་བ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་གསུངས་པ་དང་། དེ་ཉིད་ཀྱི་ཕྱིར་འདི་ཉིད་ནི་རྒྱུ་དང་འབྲས་བུར་གྱུར་པས་མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི། རྫས་སུ་ནི་མ་
ཡིན་ནོ་ཞེས་གསུངས་པ་ཡང་ཡིན་ཏེ། འདི་ནི་མདོ་ལས་ཐལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོ་ལས་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཀུན་འབྱུང་གི་བདེན་པ་གང་ཞེ་ན། གང་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་སྟེ། དེ་དང་དེ་ལ་མངོན་
པར་དགའ་བ་ཅན་ཡིན་ནོ་ཞེས་གཞན་དུ་བཤད་པའི་ཕྱིར་རོ། །གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཤེས་ཤེ་ན། གཞན་ལས་གཞན་ཡང་ཡིན་པར་གསུངས་པའི་ཕྱིར་ཏེ། མདོ་གཞན་ལས་ལས་ལ་སོགས་པ་གཞན་ཡང་གསུངས་པའི་ཕྱིར་ཏེ། ལས་དང་སྲེད་པ་དང་ནི་ཞེས་བྱ་བ་
རྒྱས་པར་འབྱུང་ངོ་། །ཕྱི་མའི་ཚེ་ལ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུའོ། །ཡང་ས་བོན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལྟར་དགེ་སློང་དག་ས་བོན་གྱི་རྣམ་པ་ལྔ་མ་གྲུགས་མ་སྨས་མ་རུལ་ལ། རླུང་དང་ཉི་མས་མ་ཉམས་ཤིང་དྲུང་པོ་ལེགས་པར་གནས་ལ། སའི་ཁམས་དང་ཆུའི་ཁམས་ཀྱང་ཡོད་

ན། དེ་ལྟ་ན་ས་བོན་དེ་དག་འཕེལ་ཞིང་རྒྱས་པ་དང་མཆེད་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དཔེ་འདི་བསྟན་པ་ཡིན་ཏེ། འདིར་དོན་ནི་འདི་ཡིན་པར་བལྟ་བར་བྱའོ། །དགེ་སློང་དག་ས་བོན་གྱི་རིམ་པ་ལྔ་ཞེས་བྱ་བ་འདི་ནི་ཉེ་བར་ལེན་པ་དང་
བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་ནོ། །སའི་ཁམས་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་གནས་པ་བཞིའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ས་བོན་ནི་རྒྱུ་ཡིན་ནོ། །རྒྱུ་གང་ཡིན་པ་དེ་ཀུན་འབྱུང་བ་ཡིན་ནོ། །དེ་ལྟར་ན་དེའི་ཚེ་རྣམ་པར་ཤེས་པ་ཀུན་འབྱུང་བ་ཉིད་དུ་
བསྟན་ལ། རྣམ་པར་ཤེས་པ་གནས་པ་དག་ཀྱང་རྟེན་གྱི་རྒྱུར་བསྟན་པས་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དག་ཀྱང་ཀུན་འབྱུང་བ་ཉིད་དུ་གསུངས་སོ། །ཚིགས་སུ་བཅད་པ་ལས། ལས་ལ་སོགས་པ་རྣམས་ཀྱང་རྒྱུར་གསུངས་པས་ཀུན་འབྱུང་བ་ཉིད་དུ་གྲུབ་བོ། །དེའི་ཕྱིར་མདོ་ལས་
བསྟན་པ་ནི་དགོངས་པ་ཅན་ཡིན་ཏེ། སྲེད་པ་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གདུལ་བའི་ཁྱད་པར་ལ་ལྟོས་པའི་ཕྱིར་སྲེད་པ་ལྷག་པའི་གང་ཟག་གི་དབང་དུ་མཛད་ན་བསྟན་པ་ཡིན་ནོ། །ཆོས་མངོན་པ་ལས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཀུན་འབྱུང་བ་ཡིན་ནོ་ཞེས་བསྟན་པ་ནི་
མཚན་ཉིད་པ་ཡིན་ནོ། །ད་ནི་བྱེ་བྲག་ཏུ་སྨྲ་བའི་མདོ་ལས་བསྟན་པ་དགོངས་པ་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར་གཞན་ཡང་མངོན་པར་གྲུབ་པའི་རྒྱུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མངོན་པར་འགྲུབ་པའི་རྒྱུ་ནི་བདག་ཉིད་རྙེད་པ་ཙམ་གྱི་རྒྱུ་སྟེ། འདི་ལྟར་སྲེད་པ་ནི་བདག་ཉིད་རྙེད་པ་ཐམས་ཅད་
ལ་ཁྱད་པར་མེད་པར་རྐྱེན་ཡིན་ནོ། །སྐྱེ་བ་དང་མངོན་པར་འགྲུབ་པའི་རྒྱུ་དང་བཅས་པར་ཞེས་བྱ་བ་ལ་འགྲོ་བ་ལ་སོགས་པའི་བྱེ་བྲག་གིས་བདག་ཉིད་རྙེད་པ་ནི་སྐྱེ་བ་ཡིན་ལ། དེར་སྐྱེ་བའི་རྒྱུ་ནི་ལས་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པའོ། །ཡང་ཚིགས་སུ་བཅད་པ་ལས་སྐྱེ་བའི་རྒྱུ་
ལས་ཡིན་པ་དང་། མངོན་པར་འགྲུབ་པའི་རྒྱུ་སྲེད་པ་ཡིན་པར་བཤད་དོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་མདོ་ལས་ལས་ནི་སྐྱེ་བའི་རྒྱུ་ཡིན་ལ་སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་ན་མདོ་ལས་རྒྱུ་དང་བཅས་རྐྱེན་དང་བཅས། གཞི་

དང་བཅས་ཞེས་འབྱུང་བའི་རིམ་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཡང་ན་ཚིགས་སུ་བཅད་པ་ལས་རྒྱུའི་བརྒྱུད་པའི་རིག་པ་འདིས་ལས་དང་སྲེད་པ་དང་མ་རིག་པ་ཕྱི་མའི་ཚེ་ལ་འདུ་བྱེད་མིག་ལ་སོགས་པ་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལས་རིམ་པ་ཇི་ལྟར་འབྱུང་ཞེ་ན། དགེ་སློང་དག་མིག་ནི་རྒྱུ་དང་
བཅས་རྐྱེན་དང་བཅས་གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་མིག་གི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན་གཞི་ནི་གང་ཡིན་ཞེ་ན། དགེ་སློང་དག་མིག་གི་རྒྱུ་ནི་ལས་ཡིན་ནོ། །རྐྱེན་ནི་ལས་ཡིན་ནོ། །གཞི་ནི་ལས་ཡིན་ནོ་ཞེས་འབྱུང་སྟེ། ལས་ཀྱི་རྒྱུ་སྲེད་པ་ཡིན་པ་དང་། སྲེད་པའི་རྒྱུ་མ་རིག་པ་
ཡིན་པ་དང་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པ་ཡང་དེ་དང་འདྲའོ། །ས་བོན་དང་ཞིང་གི་དངོས་པོར་ཞེས་བྱ་བ་ལ་སོགས་པ་ལ་སྲེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་དག་ཀྱང་ཀུན་འབྱུང་དུ་གསུངས་སོ། །དེའི་ཕྱིར་མདོ་ལས་བསྟན་པ་དགོངས་པ་ཅན་
ཡིན་པར་བསྒྲུབས་པ་ཡིན་ནོ། །སྐྱེ་གནས་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་པ་དང་། སྐྱེས་པ་དང་བུད་མེད་ལ་སོགས་པའི་རྣམ་པར་བསྡུ་སྟེ། འདིར་ནི་ལས་ཀྱང་སྲེད་པ་སྲིད་པར་ཉིང་མཚམས་སྦྱོར་བ་ལ་བྱེ་བྲག་དང་ཐུན་མོང་གི་རྐྱེན་ཉིད་
ཡིན་པར་བསྟན་ཏོ། །དཔེར་ན་ས་བོན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སཱ་ལུའི་ས་བོན་ནི་སཱ་ལུའི་མྱུ་གུ་སྐྱེ་བའི་རྒྱུ་ཡིན་ལ། ནས་ཀྱི་ས་བོན་ནི་ནས་ཀྱི་མྱུ་གུ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཆུ་ནི་བྱེ་བྲག་མེད་པར་སཱ་ལུའི་མྱུ་གུ་སྐྱེ་བའི་རྒྱུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ནས་ཀྱི་མྱུ་གུ་ལ་
སོགས་པའི་ཡང་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་དེ་དག་ནི་མྱུ་གུ་ཐམས་ཅད་སྐྱེ་བ་ཙམ་གྱི་རྒྱུ་ཡིན་ནོ། །སྲེད་པ་དང་བྲལ་བ་སྐྱེ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་སྲེད་པ་དང་བྲལ་བ་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་ཡོད་ན་ཡོད་ལ། མེད་ན་མེད་པས་སྲེད་པ་སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡིན་
ནོ་ཞེས་བྱ་བར་རྟོགས་སོ། །དེ་ཉིད་རབ་ཏུ་དབྱེ་བར་བྱ་བའི་ཕྱིར་གཉི་ག་འཆི་བ་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཟུགས་ལ་སོགས་པའི་ཡུལ་གང་ལ་སྲེད་པ་དང་ལྷན་ཅིག་ཡིན་པས་སྲེད་པ་དང་བཅས་པ་དེར་སེམས་ཀྱི་རྒྱུན་ཡང་དང་ཡང་དུ་གཞོལ་ཞིང་འཇུག་པར་མཐོང་ངོ་། །ཡང་སྲིད་པ་ལ་

ཡང་དེ་དང་འདྲའོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བ་ནི་འཆི་བ་ན་ཡང་སྲིད་པའི་ཕུང་པོ་དག་ལ་སྲེད་པ་དང་བཅས་པས་སྲེད་པའི་སྟོབས་ཀྱིས་ཡང་སྲིད་པར་ཡང་དེའི་སེམས་ཀྱི་རྒྱུད་འཇུག་གོ་ཞེས་བྱ་བར་ངེས་སོ། །དེ་ལྟར་ནི་གང་གིས་ཀྱང་ལུས་ཀུན་དུ་མ་བཟུང་སྟེ་ཞེས་བྱ་བ་འདིས་ནི་ལུས་
སྲེད་པའི་དབང་དུ་གྱུར་པ་ཉིད་དུ་སྟོན་ཏོ། །རྒྱུ་གཞན་ནི་ཞེས་བྱ་བ་འདིས་ནི་ལུས་ལ་སྲེད་པ་རྟག་ཏུ་རྗེས་སུ་འབྲེལ་པར་སྟོན་པའོ། །འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུ་བསྐམས་པས་ལུས་བཟུང་བ་བཞིན་ཞེས་བྱ་བ་ལ་སྲན་ཆུང་གི་ཕྱེ་མ་ལས་བྱས་པའི་འདག་པའི་ཆལ་ནི་སྲན་ཆུང་གི་ཕྱེ་མའི་
འདག་གུའོ། །དེས་བསྐུས་པ་ནི་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུས་བསྐུས་པའོ། །དེ་ལུས་གང་དུ་བསྐམས་པ་ནི་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུས་བསྐུས་པ་བསྐམས་པའི་ལུས་སོ། །འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུས་བསྐུས་པ་བསྐམས་པའི་ལུས་ལྟ་
བུ་ནི་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུས་བསྐུས་པ་བསྐམས་པའི་ལུས་བཞིན་ཏེ། ཇི་ལྟར་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུས་བསྐུས་པ་བསྐམས་པས་ལུས་བཟུང་བ་དེ་བཞིན་དུ་སྲེད་པས་ལུས་བཟུང་ངོ་ཞེས་བསྟན་པར་འགྱུར་རོ། །བདེན་པའི་ཞར་ལ་འདི་བརྗོད་པར་
བྱའོ། །གང་ལ་བཅོམ་དང་ཞེས་བྱ་བ་འདི་ལ་དཔེ་གཉིས་ཉེ་བར་བཀོད་པ་ཡིན་ཏེ། འཇིག་པ་གཉིས་ཉེ་བར་བསྟན་པའི་ཕྱིར་རོ། །འཇོམས་པས་འཇིག་པ་ནི་བུམ་པ་ལ་སོགས་པ་དག་གོ། །བློས་འཇིག་པ་ནི་ཆུ་ལ་སོགས་པ་དག་སྟེ། བཅོམ་པས་རོ་ལ་སོགས་པ་བསལ་བར་མི་འཐད་
པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཀུན་རྫོབ་ནི་རྣམ་པ་གཉིས་ཏེ་དབྱིབས་ཀྱི་ཀུན་རྫོབ་བུམ་པ་ལ་སོགས་པ་དང་། ཚོགས་པའི་ཀུན་རྫོབ་ཆུ་ལ་སོགས་པ་སྟེ། དེའི་ཕྱིར་གཉིས་སྨོས་སོ། །ཡང་ན་བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཞེས་དཔེ་གཉིས་བཀོད་པ་ནི་ཀུན་རྫོབ་གཉིས་བསྟན་པའི་ཕྱིར་
ཏེ། བུམ་པ་ལ་སོགས་པ་ཡོད་པ་རྣམས་ནི་གྱོ་མོ་ལ་སོགས་པ་དག་ལ་བརྟེན་ནས་ཡོད་པས་ཀུན་རྫོབ་གཞན་ལ་བརྟེན་པའི་ཀུན་རྫོབ་ཡིན་ལ། ཆུ་ལ་སོགས་པ་རྣམས་ནི་གཟུགས་ལ་སོགས་པ་ལ་བརྟེན་ནས་ཡོད་པས་རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་ཡིན་ནོ། །ཚོར་བ་ལ་སོགས་པ་ལ་ཡང་དེ་

བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་དག་ཀྱང་ཚོགས་པ་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། ཚོར་བ་ལ་སོགས་པ་རེ་རེ་ནི་རྫས་སུ་ཡོད་པ་ཁོ་ནར་བལྟའོ། །ཇི་ལྟར་ཞེ་ན། ཚོར་བ་ལ་སོགས་པ་ནི་བློས་བསལ་ནས་ཀྱང་ཚོར་བའི་རང་བཞིན་གྱིས་བློར་འགྱུར་བས་ཚོར་
བ་རྫས་སུ་ཡོད་པ་ཡིན་ནོ། །སེམས་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་བྱ་བ་ལ་དམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེའི་དོན་དུ་ཡུལ་ནི་དོན་དམ་པའོ་ཇི་ལྟར་འཇིག་རྟེན་པ་གཞན་གྱི་འཛིན་པ་དེ་ལྟར་ནི་ཀུན་རྫོབ་
ཀྱི་བདེན་པ་ཡིན་ནོ། །ཀུན་རྫོབ་དང་ཐ་སྙད་དུ་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་བ་ལ། ཚུལ་ནི་ཚུལ་ཁྲིམས་ཏེ། དེ་ནི་མི་གཡེང་བའི་རྒྱུ་དང་། རྟེན་གྱི་རྒྱུ་ཡིན་ནོ། །ཐོས་པ་ནི་མི་རྨོངས་པའི་རྒྱུའོ། །བསམ་
པ་ནི་གཏན་ལ་ཕེབས་པའི་རྒྱུའོ། །བསྒོམ་པ་ནི་བྲལ་བའི་རྒྱུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་བརྟུན་ཅིང་རྟག་འགྲུས་པ། །ཚུལ་ཁྲིམས་ཡང་དག་བླངས་བྱས་ནས། །སེམས་དང་ཤེས་རབ་སྒོམ་བྱེད་པས། །སྡུག་བསྔལ་ཟད་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །
དེ་སྐད་དུ་ཡང་ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་ཏེ་ཆོས་གཉིས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། དེས་ན་ཐོག་མ་ཁོ་ནར་ཚུལ་ཁྲིམས་དག་ལ་ཤིན་ཏུ་གུས་པར་བྱེད་པར་བྱ་དགོས་སོ་འདིར་ནི་སོ་སོར་ཐར་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་མངོན་པར་འདོད་ཀྱི་བསམ་གཏན་དང་ཟག་པ་
མེད་པའི་བདག་ཉིད་ནི་མ་ཡིན་ནོ། །དེའི་འོག་ཏུ་བདེན་པ་མཐོང་བ་དང་། མཐུན་པའི་ཐོས་པ་ནི་འཛིན་པ་ཞེས་བྱ་བ་ལ། ཐོས་པ་དང་ལྡན་པའི་བསྒོམ་པ་རྫོགས་པར་འགྱུར་ཏེ། ཐོས་ནས་ཆོས་རྣམས་ཤེས་འགྱུར་ཞིང་། །ཐོས་ནས་སྡིག་པ་ལྡོག་པར་འགྱུར། །ཐོས་ནས་དུས་མིན་གཏོང་
བ་སྟེ། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཅེས་ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར་རོ། །ཐམས་ཅད་ཐོས་པ་དང་ལྡན་ཞེས་ཏེ། བསྒོམ་པ་ལ་སྦྱོར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཕགས་པའི་བདེན་པ་དང་མཐུན་པའི་ཆོས་མང་དུ་ཐོས་པ་གང་ཡིན་པའོ། །དེ་སྐད་དུ་ཡང་བཙུན་པ་དགེ་

སློང་མང་དུ་ཐོས་པ་ཞེས་བགྱི་ན། ཇི་ལྟར་ན་དགེ་སློང་མང་དུ་ཐོས་པ་ལགས། ཇི་ཙམ་གྱིས་ན་དེ་བཞིན་གཤེགས་པས་དགེ་སློང་མང་དུ་ཐོས་པར་འདོགས་ཤིང་འདོགས་པར་མཛད། དགེ་སློང་དགེ་སློང་གི་གཟུགས་ལ་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་འགོག་པར་བྱ་
བའི་ཕྱིར་ཆོས་ཐོས་པར་གྱུར་ཅིང་། དགེ་སློང་དགེ་སློང་གི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་། འགོག་པར་བྱ་བའི་ཕྱིར་ཆོས་ཐོས་པར་འགྱུར་ན། དགེ་སློང་མང་དུ་ཐོས་པ་ཞེས་བརྗོད་པར་ནུས་སོ། །དགེ་སློང་དེ་ཙམ་གྱིས་དགེ་སློང་
མང་དུ་ཐོས་པར་འགྱུར། དེ་ཙམ་གྱིས་དེ་བཞིན་གཤེགས་པས་དགེ་སློང་མང་དུ་ཐོས་པར་འདོགས་ཤིང་། འདོགས་པར་མཛད་དོ་ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་གྱིས་ཀྱང་དེའི་འོག་ཏུ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པའམ། དོན་ཉན་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་
གཞུང་འཛིན་པར་མི་ནུས་ན་སྙམ་དུ་དགོངས་པའོ། །བསམས་པ་ལས་བྱུང་བ་ཇི་ལྟར་གཉི་ག་ལ་དམིགས་པ་ཡིན་པ་བསྟན་པའི་ཕྱིར་རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། འདིར་ཡི་གེ་ནི་མིང་ལ་མངོན་པར་འདོད་དོ། །དེ་བཞིན་དུ་རེས་འགའ་ནི་དོན་གྱིས་ཡི་གེ་འདྲེན་
པར་བྱེད་དོ་ཞེས་བྱ་བ་ནི་མིང་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡི་གེ་ལ་མི་ལྟོས་པར་ཞེས་བྱ་བ་ནི་མིང་ལ་ལྟོས་པར་ཞེས་བྱ་བའི་དོན་གང་ཡིན་པའོ། །ཡི་གེ་དང་ལྷན་ཅིག་སྤྱོད་པས་མིང་ལ་ཡི་གེ་བཏགས་པའམ་འདིས་དོན་གསལ་བར་བྱེད་པས་ན་མིང་ལ་ཡི་གེ་ཞེས་བྱའོ། །སློབ་དཔོན་གྱིས་འདི་ལ་ནི་
ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམས་པ་ལས་བྱུང་བའི་ཤེས་རབ་འགྲུབ་པར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། ཐོས་པ་དང་བསྒོམས་པ་ལས་བྱུང་བའོ། །ཡིད་ཆེས་པའི་ལུང་ཞེས་བྱ་བ་ནི་ཉེས་པ་ཟད་པའི་ཚིག་སྟེ། གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་ལས་སྐྱེས་པའི་ཤེས་རབ་གང་
ཡིན་པ་དེ་ནི་ཐོས་པ་ལས་བྱུང་བའོ། །རིགས་པས་ངེས་པར་བརྟག་པ་ནི་ངེས་པར་བརྟག་པ་སྟེ། དེ་ལས་སྐྱེས་པ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་བོ། །བསྒོམས་པ་ལས་བྱུང་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ནོ། །བསྲིངས་གཉིས་ལྡན་ཞེས་བྱ་བ་ནི་གང་ལ་བསྲིངས་ཤིང་དབེན་པ་མི་

ལྡན་པ་གཉིས་ཡོད་པ་དེ་ནི་བསྲིངས་པ་གཉིས་དང་ལྡན་པ་སྟེ། བསྲིངས་པ་གཉིས་དང་ལྡན་པ་དེའོ། །ཅི་ཞེ་ན། དེའི་ཕྱིར་གལ་ཏེ་འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཟླ་མེད་པར་གནས་པ་ཉིད་ཀྱིས་ལུས་བསྲིངས་པ་ཡིན་ལ་དྲན་པ་ལེགས་པར་
གནས་པས་གནས་པ་ཉིད་ཀྱིས་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པའི་ཕྱིར་སེམས་ཀྱིས་བསྲིངས་པའོ། །མི་དགེ་བའི་རྣམ་པར་རྟོག་པ་ནི་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྟེ། དེ་དག་ལ་མངོན་དུ་མི་ཕྱོགས་པ་ནི་ཐག་བསྲིངས་པའོ། །གྱ་ནོམ་པ་མ་ཡིན་པ་དང་
མང་པོ་མ་ཡིན་པ་རྙེད་པས་ཡིད་མི་བདེ་བ་ནི་ཞེས་བྱ་བ་ནི་ཡིད་མི་བདེ་བ་སྟེ། དེས་ཡི་མུག་ཅིང་ཉམས་པར་བྱས་ཞེས་བྱ་བའི་ཐ་ཚིག་སྟེ། གྱ་ནོམ་པ་མ་ཡིན་པའི་ཕྱིར་རམ་མང་པོ་མ་ཡིན་པའི་ཕྱིར་རྙེད་པ་དེས་ཡིད་མི་བདེ་བ་ནི་མཆོག་མི་ཤེས་པ་ཡིན་ལ་གྱ་ནོམ་པ་དང་མང་པོ་མ་རྙེད་པ་འདོད་ཅིང་མངོན་པར་འདོད་པ་
ནི་འདོད་ཆེན་ཅན་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ལུགས་སོ། །འདི་གཉིས་ཁམས་གསུམ་གཏོགས་དྲི་མེད། །ཅེས་བྱ་བ་ནི་མ་ཆགས་པའི་དགེ་བའི་རྩ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ནི་འདོད་པ་ན་སྤྱོད་པ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཆགས་པ་ནི་མི་དགེ་བའི་རྩ་བའི་
རང་བཞིན་ཡིན་པའི་ཕྱིར་རོ། །འཕགས་པའི་རིགས་ཉེ་བར་འགོད་པའི་འབྲེལ་པ་གང་ཡིན་ཞེ་ན། འདི་ལྟར་སྦྱངས་པའི་ཡོན་ཏན་ལ་གནས་པའི་བསྒོམ་པ་རྫོགས་པར་འགྱུར་ལ། སྦྱངས་པའི་ཡོན་ཏན་རྣམས་ཀྱང་འཕགས་པའི་རིགས་ཀྱིས་བསྡུས་པས་སོ། །གཞན་ཡང་འདོད་ཆེན་ཆུང་བ་དང་། ཆོག་
ཤེས་པ་ནི་སྦྱངས་པའི་ཡོན་ཏན་ལ་གནས་པ་ཁོ་ན་ལ་ཡོད་ཀྱི། གཞན་ལ་མ་ཡིན་པས་དེ་གཉིས་ཀྱི་རབ་ཏུ་དབྱེ་བ་འཕགས་པའི་རིགས་དག་གི་སྒོ་ནས་བསྟན་ཏོ། །སྤོང་བ་དང་བསྒོམ་པ་ལ་དགའ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སྤོང་བ་དང་བསྒོམ་པ་ནི་སྤོང་བ་དང་བསྒོམ་པའོ། །དེ་ལ་དགའ་བ་ནི་སྤོང་བ་དང་བསྒོམ་
པ་ལ་དགའ་བའོ། །འདི་ལ་དགའ་བས་ན་དགའ་བ་སྟེ། དེའི་དངོས་པོ་ནི་སྤོང་བ་དང་བསྒོམ་པ་ལ་དགའ་བ་ཉིད་དོ། །སྤོང་བ་དང་བསྒོམ་པ་ཞེས་བྱ་བ་ནི་བྲལ་བ་དང་ལམ་མོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྤོང་བའི་ཆེད་དུ་བསྒོམ་པ་ནི་སྤོང་བའི་བསྒོམ་པ་ཡིན་ལ། སྤོང་བའི་བསྒོམ་པ་ལ་དགའ་བ་ནི་སྤོང་

བའི་བསྒོམ་པ་ལ་དགའ་བ་སྟེ། ཉོན་མོངས་པའི་འགོག་པ་མངོན་སུམ་དུ་བྱ་བའི་ཐབས་ལ་གོམས་པ་ལྷུར་ལེན་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་། འདོད་པའི་འདོད་
ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཞེས་བྱ་བ་ནི་རང་གི་ཚུལ་ཡོངས་སུ་སྤངས་པ་དང་། རང་གི་ལས་ཀྱི་མཐའ་ཡོངས་སུ་སྤངས་པའོ། །དེ་ལ་གང་གིས་འཚོ་བ་དེ་ནི་ཚུལ་ཏེ། ཟས་དང་། སྐོམ་དང་བགོ་བ་ལ་སོགས་པའོ། །ལས་ཀྱི་མཐའ་ནི་དེའི་
ཆེད་ཀྱི་བཟོ་ལ་སོགས་པའི་བྱ་བའོ། །རྣམ་པ་གཅིག་ཏུ་ན་ཚུལ་ནི་རྒྱལ་པོ་ལ་བརྟེན་པ་ལ་སོགས་པ་ཡིན་ལ། ལས་ཀྱི་མཐའ་ནི་རྨོ་བརྐོ་ལ་སོགས་པའོ། །དེ་དག་ཇི་ལྟར་རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་པ་ཡིན་ཞེ་ན། ཁྱིམ་པའི་ཕྱོགས་ཀྱིས་བསྡུས་པའི་རང་གི་ཚུལ་དང་། ལས་
ཀྱི་མཐའི་དབང་དུ་བྱས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་འབྱུང་བ་དང་འཇིག་པའི་ཕྱིར་ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྣམ་པ་དུ་མ་བརྗོད་པ་སྟེ། འབྱུང་བ་རྣམ་པ་དུ་མ་དེ་ལ། ཀྱེ་མ་བདག་དབང་པོར་གྱུར་ཀྱང་ཅི་མ་རུང་། འཁོར་ལོས་སྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དེ་ལྟ་བུ་ལ་
སོགས་པར་སྲེད་པའོ། །འཇིག་པའི་སྲེད་པ་ནི་རྣམ་པར་འཇིག་པ་ལ་སྲེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཀྱེ་མ་བདག་ཤི་ཕན་ཆད་རྒྱུན་ཆད་ཀྱང་ཅི་མ་རུང་། བརླག་ཀྱང་ཅི་མ་རུང་། མ་བྱུང་ཡང་ཅི་མ་རུང་སྙམ་པ་ལ་སོགས་པའོ། །འཇུག་པ་ཡིན་ཞེས་བྱ་བ་ནི་མཐུན་པར་འཇུག་པ་ཡིན་ཞེས་བྱ་
བའི་ཐ་ཚིག་གོ། །དྲན་པ་ཉིད་དྲན་པ་ཡིན་ནོ་ཞེས་བྱ་བས་ནི་དངོས་པོ་ལ་བརྗོད་པར་སྟོན་ཏོ། །དབུགས་རྔུབ་འབྱུང་བ་དྲན་པས་ཞེས་བརྗོད་པར་བྱ་བ་ལས། དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །ཞེས་བརྗོད་པ་ནི་དེ་ལྟ་བུའི་མཚན་ཉིད་ཀྱང་གྲགས་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དྲན་པ་ཉིད་དྲན་པ་
ཡིན་ནོ་ཞེས་བྱ་བ་སྨོས་སོ། །སྣ་ཚོགས་ལ་མི་དམིགས་པའི་ཕྱིར་ཞེས་བྱ་བ་རླུང་ལ་ཁ་དོག་དང་དབྱིབས་མེད་པའི་ཕྱིར་རོ། །ཡང་ན་རེག་བྱ་ཙམ་ལ་དམིགས་པའི་ཕྱིར་ཏེ། རླུང་ལ་ཁ་དོག་ལ་སོགས་པ་དག་མེད་པའི་ཕྱིར་རོ། །མི་སྡུག་པ་བསྒོམ་པ་ནི་རུས་པ་ནི་ཀེང་རུས་ལ་སོགས་པ་ལ་དམིགས་

པའི་ཕྱིར་ཁ་དོག་དང་དབྱིབས་ལ་དམིགས་པའོ། །ཁ་ཕྱིར་མ་བལྟས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཅོད་པར་བྱེད་པ་ཡིན་གྱི་ཞེས་བྱ་བར་སྐབས་དང་སྦྱར་རོ། །མི་སྡུག་པ་ནི་ཡིད་ཀྱི་ས་པ་ཡིན་ཡང་མིག་གི་རྣམ་པར་ཤེས་པ་བཞིན་དུ་ཁ་ཕྱིར་བལྟས་པ་ཡིན་ཏེ། གང་ལས་ཤེ་ན། དེའི་ཡུལ་ལ་
ཉེ་བར་རྟོག་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པའི་ཡུལ་ལ་ངེས་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཡིན་གྱི་དེ་དང་མཚུངས་པར་ལྡན་པའི་ཕྱིར་ནི་མ་ཡིན་ནོ། །རྣམ་པར་འབུས་གཞིག་པ་ཞེས་བྱ་བ་ལ། རྣམ་པར་འབུས་གཞིག་པ་ཞེས་བྱ་བ་ནི་འབུས་གློངས་པའོ། །འབུས་ཞེས་བྱ་བ་ནི་འབུ་སྲིན་ལ་བྱ་སྟེ།
རྣམ་པ་སྣ་ཚོགས་པའི་འབུས་གཞིག་པ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་དོ། །མོས་པ་དང་ཉི་ཚེ་བ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་དང་། ཉི་ཚེ་ཡིད་ལ་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་མོས་པ་གཙོར་ཡིད་ལ་བྱེད་པ་ཡིན་གྱི། དེ་ཁོ་ན་ཉིད་ཡིད་ལ་བྱེད་
པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཉོན་མོངས་པ་སྤོང་བར་རིགས་སོ། །ཡིད་ལ་བྱེད་པ་དེ་ནི་ཉི་ཚེ་བ་ཡིན་ཞིང་མ་ཁྱབ་པ་ཡང་ཡིན་ཏེ། མི་སྡུག་པ་ནི་ཕུང་པོ་ལྔ་ལ་དམིགས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ལ་དམིགས་པ་ཡིན་ནོ། །མི་རྟག་པ་ལ་
སོགས་པ་ཁྱབ་པས་ན་ཉོན་མོངས་པ་སྤོང་བ་ཡིན་ནོ། །མི་སྡུག་པས་འདོད་ཆགས་རྣམ་པར་གནོན་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དགེ་སློང་སློབ་པ་གཞོན་པའི་རབས། །སེམས་མ་བྱུང་བ་གང་ཞིག་ནི། །གལ་ཏེ་འདོད་ཆགས་འཇོམས་འདོད་ན། །དེ་ནི་དུར་ཁྲོད་འགྲོ་བར་འགྱུར། །དེ་ནས་རྣམ་
པར་བསྡོས་པར་ལྟ། །དེ་ནས་རྣམ་པར་རྣག་པར་ལྟ། །དེ་ནས་པགས་པ་རུས་པ་ཡི། །རུས་གོང་ལ་སོགས་ལྟ་བར་བྱེད། །ཅེས་འབྱུང་བའི་ཕྱིར་རོ། །རང་གི་ཡན་ལག་ལ་སེམས་གཏོད་པར་བྱེད་ཅེས་བྱ་བ་ནི་ཡུལ་དུ་བྱེད་ཅེས་བྱ་བ་ནི་ཡུལ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྐང་པའི་མཐེ་བོ་གཅིག་
པུ་ལ་སེམས་གཏད་ནས་རྐང་པའི་མཐེ་བོ་མྱགས་ཤིང་ཤ་དང་བྲལ་བར་ལྟ་བ་ནས་དེ་བཞིན་དུ་ལུས་ཐམས་ཅད་རུས་པའི་རུས་གོང་དུ་མོས་ཏེ་རྒྱ་མཚོའི་མཐའ་ཀླས་པའི་བར་གྱི་ས་གཞི་རུས་པའི་ཀེང་རུས་ཀྱིས་གང་བར་མོས་པར་བྱེད་དོ། །ཡོངས་སུ་སྦྱང་བ་བྱས་པ་ནི་དེ་ཁོ་ན་ལྟར་ཐོད་པའི་ཕྱེད་ཀྱི་བར་དུའོ། །

ཡིད་ལ་བྱེད་པར་རྫོགས་པ་ནི་དེ་ཁོ་ན་ལྟར་སྨིན་མའི་བར་དུ་སེམས་འཛིན་པར་བྱེད་པའི་བར་དུ་ཡིན་ནོ། །དེ་ལྟར་བྱས་ན་མུ་བཞིའི་དྲི་བ་འབྱུང་ངོ་། །ཡིད་ལ་བྱེད་པ་སྦྱང་བ་བྱས་པ་དང་། སྦྱང་བ་མ་བྱས་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་མི་སྡུག་པ་
རང་གི་ལུས་ལ་དམིགས་པ་ནི་དམིགས་པ་ཆུང་བས་ཆུང་བ་ཡིན་གྱི། དབང་ཆུང་བས་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་རྒྱ་མཚོའི་མཐས་ཀླས་པའི་བར་ལ་དམིགས་པ་ནི་དབང་ཆུང་བས་ཆུང་བ་ཡིན་གྱི། དམིགས་པ་ཆུང་བས་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་རང་གི་ལུས་
ལ་དམིགས་པ་ནི་དམིགས་པ་ཆུང་བས་ཀྱང་ཆུང་ལ་དབང་ཆུང་བས་ཀྱང་ཆུང་བ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་རྒྱ་མཚོའི་མཐས་ཀླས་པའི་བར་ལ་དམིགས་པ་ནི་དམིགས་པ་ཆུང་བས་ཆུང་བ་ཡང་མ་ཡིན་ནོ། །ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དང་བཅས་པ་ཞེས་བྱ་བ་ནི་ཉེར་བསྡོགས་
དང་བསམ་གཏན་ཁྱད་པར་ཅན་དང་ལྷན་ཅིག་གནས་པ་ནི་ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དང་བཅས་པ་དག་སྟེ། བསམ་གཏན་བཞིའོ། །དེ་ལྟར་ན་ཉེར་བསྡོགས་བཞི་དང་། བསམ་གཏན་བཞི་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ཁམས་ཏེ་ས་བཅུར་འགྱུར་རོ། །གཟུགས་
མེད་པ་ན་སྤྱོད་པའི་སེམས་ལ་ཡོད་པ་ནི་མ་ཡིན་ཏེ། འདོད་པའི་སྣང་བ་དམིགས་པ་ཡིན་པའི་ཕྱིར་ཏེ། གཟུགས་མེད་པ་དག་ནི་འདོད་པའི་ཁམས་ལ་དམིགས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །དེ་ལྟ་ཡིན་དང་དེ་ནི་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་ས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །
དེ་ཉིད་ཀྱི་ཕྱིར་དོན་ལ་དམིགས་པ་ཞེས་བྱ་བ་ལ་གང་ལ་ཞེ་ན། འདོད་པ་ན་སྤྱོད་པའི་སྣང་བ་ལ་དམིགས་པའི་ཕྱིར་རོ། །མི་རྣམས་ཀྱི་ནང་ཁོ་ནར་སྐྱེད་ཀྱི་འགྲོ་བ་གཞན་དུ་ཡང་མ་ཡིན་ན། ཁམས་གཞན་དུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འཕགས་པའི་ལམ་གྱི་རྒྱུ་ཡིན་པའི་ཕྱིར་འདི་ཁོ་ན་ངེས་པ་ལ་འཇུག་པ་ཡོད་
པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་ཁོ་ནར་སྐྱེད་ཀྱི་ཞེས་སྤྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བའོ། །བྱང་གི་སྒྲ་མི་སྙན་དུ་མ་ཡིན་པ་ནི་དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དང་། དེ་ཡང་འདོད་ཆགས་དང་བྲལ་བའི་ཐབས་ཡིན་པའི་ཕྱིར་རོ། །ཐོག་མ་མི་

རྣམས་ཀྱི་ནང་ཁོ་ནར་སྐྱེད་ལ། སྔར་བསྐྱེད་པ་ནི་ལྷ་རྣམས་ཀྱི་ནང་དུ་མངོན་དུ་བྱེད་པ་ཡིན་ནོ། །དུས་གང་ཡིན་པའི་དེའི་དུས་ལ་དམིགས་སོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་འདས་པའི་དམིགས་པ་ནི་འདས་པ་ཡིན་པ་ནས་དེ་བཞིན་དུ་ད་ལྟར་བྱུང་བའི་དམིགས་པ་ད་ལྟར་བྱུང་བའི་བར་དུ་ཡིན་ནོ། །
མ་སྐྱེ་བའི་ཆོས་ཅན་གྱི་ཡུལ་ནི་དུས་གསུམ་ཡིན་ནོ། །མ་འོངས་པ་ནི་གདོན་མི་ཟ་བར་འབྱུང་བ་མ་ཡིན་ལ། ངེས་པར་ཡོད་པ་ཡང་མ་ཡིན་ནོ། །དེ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་དམིགས་པ་ལ་ངེས་པ་ཡིན་གྱི། རྫས་དང་དུས་ཀྱི་སྐད་ཅིག་ལ་ངེས་པ་མ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཟག་
པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི། ཟག་པ་མེད་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་ནོ། །འདྲིས་པ་དང་མ་འདྲིས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་འདྲིས་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །མ་འདྲིས་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ། །སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་
བ་ན་འདྲིས་པའི་ཕྱིར་འདོད་ཆགས་དང་བྲལ་བས་འཐོབ་པའོ། །འཕགས་པའི་རྒྱུད་ལ་ཡོད་པ་ནི་མ་འདྲིས་པའི་ཕྱིར་སྦྱོར་བ་ལས་བྱུང་བའོ། །དབུགས་རྔུབ་དབུགས་འབྱུང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་གཉིས་ཞེས་བྱ་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གཉིས་སོ། །དེ་དག་ལ་དམིགས་པའི་
དྲན་པ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པའོ། །དྲན་པ་ཉེ་བར་གཞག་པ་བཞིན་ཏེ་ཞེས་བྱ་བ་ལ་ཇི་ལྟར་ཤེས་རབ་ཀྱི་རང་བཞིན་ཡིན་བཞིན་དུ་དྲན་པའི་སྟོབས་སྐྱེད་པར་འཇུག་པའི་ཕྱིར་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་དག་ཏུ་བརྗོད་པ་དེ་བཞིན་དུ་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ཤེས་རབ་ཀྱི་རང་
བཞིན་ཡིན་བཞིན་དུ་དྲན་པའི་སྟོབས་སྐྱེད་པས་འཇུག་པའི་ཕྱིར་དབུགས་རྔུབ་དང་འབྱུང་བ་དྲན་པ་ཞེས་བྱའོ། །ཤེས་རབ་ཀྱིས་ནི་ཆོས་རྣམས་སྡོམ་པར་བྱེད་པ་ཡིན་ནོ། །ཉེར་བསྡོགས་གསུམ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ཉེར་བསྡོགས་དག་གོ། །ཅིའི་ཕྱིར་དངོས་གཞི་
དག་ན་མ་ཡིན་ཞེ་ན། བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདི་ལྟར་བསམ་གཏན་དང་པོའི་ཉེར་བསྡོགས་ལ་སོགས་པ་དག་ན་ཚོར་བ་བཏང་སྙོམས་ཡོད་ལ། བསམ་གཏན་བཞི་པའི་ཉེར་བསྡོགས་ན་དབུགས་རྔུབ་པ་དང་། འབྱུང་བ་ཡོད་པ་མ་ཡིན་པ་ཉིད་དོ། །ཡང་ཅིའི་ཕྱིར་

འདི་ལྟར་བཏང་སྙོམས་དང་མཚུངས་པར་ལྡན་པ་ཉིད་ཁོ་ནར་ངེས་པར་གཟུང་ཞེ་ན་དེའི་ཕྱིར། རྣམ་པར་རྟོག་པ་དང་མཐུན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་གཉེན་པོ་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཉེན་པོ་དབུགས་རྔུབ་པ་འབྱུང་བ་དྲན་པའི་མཚན་ཉིད་དོ། །
དེ་དག་དང་མཚུངས་པར་མི་ལྡན་ནོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དག་དང་ངོ་། །བསམ་གཏན་གཉིས་པའི་ཡིད་བདེ་བ་དང་། བསམ་གཏན་གསུམ་པའི་བདེ་བ་རྟོགས་པ་མེད་པ་དང་མཚུངས་པར་ལྡན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བདེ་བ་དང་ཡིད་བདེ་བ་དག་ཀྱང་གཏོད་པ་ལ་བར་ཆད་བྱེད་པའི་
ཕྱིར་ཞེས་བྱ་བ་སྨོས་ཏེ། །གཟོ་བའི་དགྲ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་དང་། དབུགས་རྔུབ་པ་དང་འབྱུང་བ་དེ་ཡང་གཏོད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། གཟོ་བས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ནི་གཟོ་བས་བསྒྲུབ་པར་
བྱ་བ་ཡིན་ལ། དབུགས་རྔུབ་པ་དང་འབྱུང་བ་བསྡོམས་པ་དང་། གཏོད་པ་དང་། གཟོ་བ་དང་། ལྷུར་ལེན་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་དག་གི་ལྟར་ན་ས་བརྒྱད་པ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་གསུམ་གྱི་ས་པ་གཟུང་སྟེ། ཡན་ཆད་ནི་དབུགས་རྔུབ་པ་དང་། འབྱུང་བའི་ས་མ་ཡིན་པའི་
ཕྱིར་རོ། །འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ཏེ་ཞེས་བྱ་བ་ནི་དེ་ན་རྟོག་པ་མང་བའི་ཕྱིར་རོ། །སྦྱོར་བ་ལས་འབྱུང་བ་ནི་སྦྱོར་བས་ཐོབ་པ་ཡིན་ལ། འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི་ཞེས་བྱ་བ་ནི་སངས་རྒྱས་པ་རྣམས་
ཁོ་ནའི་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ལ་ཆོས་འདི་ཡོད་པ་དེ་དག་ནི་ཆོས་འདི་པ་ཡིན་ནོ། །ཕྱི་པའི་ནི་མ་ཡིན་ཏེ། བདག་ཏུ་འཛིན་པ་དང་འགལ་བའི་ཕྱིར་དང་། ཟབ་པའི་ཕྱིར་རོ། །བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་ཞེས་བྱ་བ་ལ་ཟབ་པ་ཉིད་ནི་རྒྱུ་དྲུག་དང་ལྡན་པའི་ཕྱིར་
རོ། །ལུང་མེད་པར་ནི་བགྲང་བ་ཙམ་ཡང་མི་ཤེས་ན། རྗེས་སུ་འགྲོ་བ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས། ལུས་དང་སེམས་རྣལ་དུ་བཞག་སྟེ་ཞེས་བྱ་བ་ནི་ལུས་དང་སེམས་མངོན་པར་འདུ་མི་བྱེད་པ་སྟེ། ལུས་གློད་པ་དང་སེམས་གློད་པ་ཡིན་ནོ། །སྔར་འཇུག་པ་བགྲང་བར་བྱ་ལ། ཕྱིས་འབྱུང་

བ་བགྲང་བར་བྱ་སྟེ། སྐྱེ་བ་ལ་སྔར་འཇུག་ལ། འཆི་བ་ལ་ཕྱིས་འབྱུང་ངོ་ཞེས་དེ་ལྟར་སྐྱེ་བ་དང་། འཆི་བ་རྟོགས་པ་ལས་མི་རྟག་པ་ལ་འདྲིས་པར་བྱས་པར་འགྱུར་རོ། །རླུང་གི་དཀྱིལ་འཁོར་དང་ཞེས་བྱ་བ་ནི་འོག་ཏུ་རྗེས་སུ་འགྲོ་བའོ། །འཐོར་བྱེད་ཀྱི་རླུང་གི་བར་ཞེས་བྱ་བ་ནི་གྱེན་དུ་རྗེས་སུ་འགྲོ་བའོ། །དེ་ཁོ་
ན་ཡིད་ལ་བྱེད་པའི་ཕྱིར་མི་རིགས་སོ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་བྱ་བ་སྟེ། དབུགས་རྔུབ་པ་དང་འབྱུང་བ་ནི་དེ་ལྟར་རིང་བར་མི་རྒྱུ་བའི་ཕྱིར་རོ། །ཅི་ཕན་འདོགས་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་དག་ཅིག་ཅེས་བྱ་བ་
འབྱུང་ངོ་། །དེ་དག་ལ་བརྟེན་ལ་སེམས་དང་སེམས་ལས་བྱུང་བ་དག་ཅེས་བྱ་བ་ནི་དེ་ལ་རག་སྟེ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་མཆོག་གི་བར་དུ་ཞེས་བྱ་བས་ནི་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ་ཞེས་སྟོན་ཏོ། །མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ་ཞེས་བྱ་བ་ལ་སོགས་པ་ཞེས་
བྱ་བ་སྨོས་པ་ནི་བསྒོམ་པ་དང་མི་སློབ་པའི་ལམ་གཟུང་བར་བྱ་བའི་ཕྱིར་རོ། །རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ལ་འདིར་ཡང་སོགས་པ་ཞེས་བྱ་བ་སྨོས་པས་མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་གཟུང་སྟེ། གོས་དྲི་མ་དང་འབྲེལ་པ་ལྟར་དག་པ་མེད་པས་ལྷག་མ་
དང་བཅས་པ་ནི་དག་པ་ཡིན་པར་མི་འོས་པའི་ཕྱིར་རོ། །ལུས་ས་གང་བ་ཡིན་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་གསུམ་པའི་ས་པའི་བར་ཏེ། དབུགས་རྔུབ་པ་དང་འབྱུང་བ་ནི་དེ་དག་གི་ས་པ་ཁོ་ན་ཡིན་ཏེ། གཞན་གྱི་ས་པ་ནི་སྙོམས་པར་ཞུགས་པའི་དམིགས་པ་མ་ཡིན་ནོ། །ལུས་ཀྱི་
ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རང་གི་ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བར་བསམས་པ་སྟེ། འདི་ལྟར་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་ནི་རང་གི་ལུས་ཀྱི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་དམིགས་པ་ཡིན་གྱི། གཞན་གྱི་ལུས་ཀྱི་དབུགས་རྔུབ་པ་དང་དབུགས་འབྱུང་
བ་ལ་དམིགས་པ་ནི་མ་ཡིན་ནོ། །ལུས་དང་སེམས་ཁྱད་པར་ཅན་ལ་བརྟེན་ནས་ཞེས་བྱ་བ་འབྱུང་ངོ་། །གཟུགས་མེད་པ་ན་ནུར་ནུར་པོ་ལ་སོགས་པར་གྱུར་པ་རྣམས་ལ་མེད་པའི་ཕྱིར་ཞེས་བྱ་བ་ལ་གཟུགས་མེད་པ་རྣམས་ལ་ནི་རེ་ཞིག་གཟུགས་ཉིད་ཡོད་པ་མ་ཡིན་པས་ལུས་ལ་བརྟེན་པ་སྨོས་སོ། །ནུར་ནུར་པོ་ལ་སོགས་

པར་གྱུར་པ་རྣམས་ལ་ལུས་ཡོད་མོད་ཀྱི། སྦུབས་ཅན་མ་ཡིན་པས་ལུས་ཁྱད་པར་ཅན་ལ་བརྟེན་པ་སྨོས་སོ། །སེམས་མེད་པའི་སྙོམས་པར་འཇུག་པའི་ས་ལ་སྙོམས་པར་ཞུགས་པ་རྣམས་ལ། སེམས་ཉིད་ཡོད་པ་མ་ཡིན་པ་སེམས་ལ་བརྟེན་པ་སྨོས་སོ། །བསམ་གཏན་
བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་སེམས་ཡོད་མོད་ཀྱི། དབུགས་རྔུབ་པ་དང་འབྱུང་བའི་རྟེན་མ་ཡིན་པས་སེམས་ཁྱད་པར་ཅན་ལ་བརྟེན་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་གལ་ཏེ་ལུས་ཀྱང་སྦུབས་ཡོད་པ་ཡིན་ལ། དབུགས་རྔུབ་པ་དང་དབུགས་འབྱུང་བའི་ས་པའི་སེམས་ཀྱང་མངོན་སུམ་དུ་གྱུར་ན།
དེ་ལྟར་ན་འཇུག་གོ་ཞེས་བྱ་བ་སྨོས་སོ། །སྐྱེ་བ་ཞེས་བྱ་བ་ནི་མངལ་ནས་འབྱུང་བའོ། །སེམས་ཅན་ཞེས་བྱ་བ་ནི་ཐོབ་པ་དང་མ་ཐོབ་པ་དང་ལྡན་པའི་ཕྱིར་དང་། རྒྱུད་དུ་སྒྲོ་བཏགས་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུས་བསྐྱེད་ཅེས་བྱ་བའི་དོན་ཏོ། །ལུས་རྒྱས་པར་
འགྲིབ་པར་འགྱུར་བའི་ཕྱིར་རྒྱས་པ་ལས་བྱུང་བ་མ་ཡིན་ལ། ཆད་ནས་ཉིང་མཚམས་སྦྱོར་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །རྣམ་པར་སྨིན་པའི་གཟུགས་ལ་ནི་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ནི་བཅད་ནས་ཡང་ཉིང་མཚམས་འབྱོར་པའོ། །འོག་མའི་ཡིད་ཀྱིས་དེ་ཉིད་མི་རྟོགས་སོ་ཞེས་བྱ་
བ་ལ་འདོད་པའི་ཁམས་སུ་སྐྱེས་པ་ནི་སེམས་བཞིས་རྟོགས་ལ། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ས་པ་རྣམས་ནི་གོ་རིམས་བཞིན་དུ་སེམས་གསུམ་དང་གཉིས་དང་གཅིག་གིས་རྟོགས་སོ། །ས་འོག་མའི་སྤྲུལ་པའི་སེམས་ནི་བསམ་གཏན་དང་པོར་སྐྱེས་པ་ལ་སོགས་པས་མངོན་དུ་བྱེད་ལ་སྤྱོད་
ལམ་པའི་སེམས་ནི་བསམ་གཏན་གཉིས་པར་སྐྱེས་པས་མངོན་དུ་བྱེད་པས་དེའི་ཕྱིར་འོག་མའི་སྤྱོད་ལམ་པ་དང་། སྤྲུལ་པའི་སེམས་ཀྱིས་མི་རྟོགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡིན་དང་རེ་ཞིག་སྤྲུལ་པ་དང་སྤྱོད་ལམ་པའི་སེམས་འོག་མ་པས་གོང་མར་སྐྱེས་པས་མངོན་དུ་བྱེད་པ་གང་ཡིན་པ་དེས་ཀྱང་མི་རྟོགས་ན་
དགེ་བ་དང་ཉོན་མོངས་པ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། འཇུག་པའི་སྒོ་གཉིས་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །ཞེས་བྱ་བའོ། །དེ་གཉིས་ཀྱི་ཏིང་ངེ་འཛིན་ཐོབ་ནས་ཞེས་བྱ་བ་ནི། མི་སྡུག་པ་དང་། དབུགས་རྔུབ་པ་དང་འབྱུང་

བས་ཏིང་ངེ་འཛིན་ཐོབ་ནས་སོ། །ཞི་གནས་གྲུབ་པར་གྱུར་པ་ཡིས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྲུབ་པའོ། །ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི། ཤེས་རབ་བསྒྲུབ་པར་བྱ་བའི་ཕྱིར། །ཞེས་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་སྐྱེས་ཀྱང་ཤེས་རབ་མེད་པར་ཉོན་མོངས་པ་སྤོང་བ་མ་ཡིན་ཏེ། ཉོན་
མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བསྒོམས་པས་ལྷག་མཐོང་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་ག་ལས་ཤེ་ན། མདོ་ལས་ཏེ། དགེ་སློང་དག་བགྲོད་པ་གཅིག་པའི་ལམ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་
སོ། །དགེ་བའི་ཕུང་པོ་མ་འདྲེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞིའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ་ཞེས་བྱ་བ་ལ་དེ་དག་གི་རང་གི་མཚན་ཉིད་ནི་ཞེས་བྱ་བ་ནི་ལུས་ལ་སོགས་པ་དེ་དག་གི་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དང་།
ཉམས་སུ་མྱོང་བ་ཉིད་ལ་སོགས་པའོ། །ལུས་ཀྱི་སྒྲ་ནི་དབང་པོ་ལ་སོགས་པ་དག་པ་ལ་ཡང་འཇུག་པས་དེའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །གསུམ་ལས་གཞན་པ་དག་ནི་ཆོས་སོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་རྣམས་ལས་གཞན་པའི་འདུ་བྱེད་དང་འདུ་ཤེས་ལ་སོགས་
པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །རྡུལ་ཕྲ་རབ་དང་ཞེས་བྱ་བ་ལ། ཐམས་ཅད་ལ་དེར་མཐོང་བ་ཡོད་པ་མ་ཡིན་པས་གྲག་གོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཤེས་རབ་ཀྱི་འགྲེལ་པ་དང་དམིགས་པའི་དངོས་པོ་ལ་མི་ལྟོས་པར་རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་
ཡིན་པར་བརྗོད་དོ། །ཐོས་སོགས་ལས་བྱུང་བའོ་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་རྣམས་སྦྱོར་བ་ལས་བྱུང་བ་ཡིན་པའི་ཕྱིར། སྐྱེ་བས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་ཤེས་རབ་རྣམ་པ་གསུམ་དྲན་པ་ཉེ་བར་གཞག་པ་ཡིན་ཞེ་ན། དྲན་པ་ཉེ་བར་གཞག་པ་ཡང་གསུམ་སྟེ་ཞེས་བྱ་བ་སྨོས་སོ། །གཞན་ནི་འབྲེལ་
དང་དམིགས་པ་ལས། །ཞེས་བྱ་བ་ལ་ཅི་ཞེ་ན། དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། འབྲེལ་པ་ལས་དང་། དམིགས་པ་ལས་སོ། །ཇི་ལྟ་ཞེ་ན། གཞན་དེ་དང་ལྷན་ཅིག་འབྱུང་བ་ཞེས་བྱ་བ་སྨོས་ཏེ། ཤེས་རབ་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་པ་རྣམས་སོ། །སེམས་དང་ཚོར་བ་ལ་སོགས་པ་

རྣམས་སོ་ཞེས་ཅི་སྟེ་མ་སྨྲས་ཤེ་ན། སེམས་དང་ཚོར་བ་གཉིས་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པས་བསྡུས་པའི་ཕྱིར་རོ། །ཇི་ལྟར་གཞན་དག་ལ་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་བརྗོད་ཅེ་ན། མདོ་ལས་ཏེ། དགེ་སློང་དག་ཆོས་ཐམས་ཅད་ཅེས་བྱ་བ་འདི་ནི་དྲན་པ་
ཉེ་བར་གཞག་པ་བཞིའི་ཚིག་བླ་དགས་སོ་ཞེས་འབྱུང་བའི་ཕྱིར་རོ། །འབྲེལ་པས་དྲན་པ་ཉེ་བར་གཞག་པ་ནི་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་སྟེ། རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་དང་འབྲེལ་པའི་ཕྱིར་རོ། །དེ་དག་གི་དམིགས་པ་ནི་ཞེས་བྱ་བ་ལ། ཤེས་རབ་དང་དེ་དང་ལྷན་ཅིག་འབྱུང་བ་དེ་དག་གི་
དམིགས་པ་ལུས་ལ་སོགས་པ་དག་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པའོ་ཞེས་གྲག་གོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་ལྟ་བ་ཉིད་དྲན་པ་ཉེ་བར་གཞག་པ་ཡིན་པས། རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པའོ། །དེས་དེ་དང་ལྡན་པ་རྗེས་སུ་ལྟ་བར་བྱེད་དོ་ཞེས་བྱ་
བ་ནི་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་རྗེས་སུ་ལྟ་བར་བྱེད་པ་ན་རྗེས་སུ་ལྟ་བ་ཞེས་བྱ་བའོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་རྗེས་སུ་ལྟ་བ་སྟེ། ལྟ་བ་ཤེས་རབ་ཡོད་པས་ན་རྗེས་སུ་ལྟ་བ་ལ་སོགས་པ་སྟེ། འདི་ནི་མདོ་ལས་འདོན་པ་
གཞན་བསྟན་པའོ། །དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། སྟོབས་བསྐྱེད་པ་ནི་སྟོབས་བསྐྱེད་པའོ། །དྲན་པའི་སྟོབས་བསྐྱེད་པ་ནི་དྲན་པའི་སྟོབས་བསྐྱེད་པའོ། །ཤེས་རབ་འདི་ལ་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཡོད་པས་ན། དེ་དྲན་པའི་སྟོབས་བསྐྱེད་པས་འཇུག་པའོ། །
དེའི་དངོས་པོ་ནི་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཉིད་དེ་དེའི་ཕྱིར་རོ། །ཤིང་གཤེགས་པ་ཁྱེའུས་འཛིན་པ་ལྟར་ཞེས་བྱ་བ་ནི། དཔེར་ན་ཤིང་གཤེགས་པའི་ཁྱེའུས་འཛིན་པ་བཞིན་ནོ་ཞེས་བྱ་བའོ། །གལ་ཏེ་དྲན་པས་དམིགས་པ་བཟུང་ན་དེ་ལྟ་ན་ཤེས་རབ་ཀྱིས་རབ་ཏུ་ཤེས་ཏེ། དེའི་དེ་ལྟ་ན་དྲན་པ་
ཉེ་བར་གནས་པས་ཤེས་རབ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །འདི་ལྟར་ན་རུང་སྟེ་ཞེས་བྱ་བ་ནི་བྱེད་པར་བསྒྲུབ་པའི་དབང་དུ་བྱས་པ་སྟེ་དེ་ཉིད་ཀྱི་ཕྱིར་འདིས་དྲན་པ་ཉེ་བར་འཇོག་པས་ན་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཤེས་རབ་ཀྱིས་དྲན་པ་ཉེ་བར་འཇོག་ཅེ་ན། དེའི་ཕྱིར་ཇི་ལྟར་མཐོང་བ་མངོན་པར་བརྗོད་པའི་ཕྱིར་རོ་ཞེས་

བྱ་བ་སྨོས་ཏེ་བསམ་པ་ནི་དྲན་པ་ཉིད་ཤེས་རབ་ཀྱི་སྟོབས་བསྐྱེད་པས་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །མངོན་པར་བརྗོད་པ་ནི་དེ་ལྟར་དྲན་པའོ། །ཡང་གང་དུ་ཉེ་བར་གནས་ཤེ་ན། ལུས་ནས་ཆོས་ཀྱི་བར་དག་ལའོ། །དེ་ཉིད་ཀྱི་ཕྱིར་ཚིག་རྣམ་པར་སྦྱར་བ་ནི་ལུས་ལ་དྲན་པ་ཉེ་བར་གཞག་པ་ནི་ལུས་དྲན་
པ་ཉེ་བར་གཞག་པའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བྱེད་པ་བྱེད་པ་པོར་བྱས་ནས་དྲན་པ་ཉེ་བར་གཞག་པའི་དོན་མདོའི་ནང་ནས་འབྱུང་བ་བཤད་ཟིན་ཏོ། །གང་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཟས་ཀུན་འབྱུང་བས་ནི་ལུས་དྲན་པ་ཉེ་བར་གཞག་པ་ཀུན་འབྱུང་བ་ཡིན་ལ། ཟས་འགགས་པས་ནི་ལུས་དྲན་པ་ཉེ་
བར་གཞག་པ་ནུབ་པ་ཡིན་ནོ། །རེག་པ་ཀུན་འབྱུང་བས་ནི་ཚོར་བ་ཀུན་འབྱུང་བ་ཡིན་ལ། རེག་པ་འགགས་པས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ནུབ་པ་ཡིན་ནོ། །མིང་དང་གཟུགས་ཀུན་འབྱུང་བས་ནི་སེམས་དྲན་པ་ཉེ་བར་གཞག་པ་ཀུན་འབྱུང་བ་ཡིན་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡིད་ལ་བྱེད་པ་ཀུན་འབྱུང་བས་ནི་ཆོས་དྲན་པ་ཉེ་བར་
གཞག་པ་ཀུན་འབྱུང་བ་ཡིན་ལ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཡང་ཇི་ལྟར་འདི་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་ཞེ་ན། འདི་ལ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལ་ཉེ་བར་གནས་པས་ན་ཉེ་བར་གཞག་པའོ། །གལ་ཏེ་མདོ་དེ་ལས་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་པར་བཞེད་པར་
མ་གྱུར་ན་ནི། དགེ་སློང་དག་ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་ནས་རྒྱས་པར་ཟས་ཀུན་འབྱུང་བས་ནི་ཞེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་གསུང་བར་འགྱུར་ཏེ། ལུས་ལ་སོགས་པ་ནི་ཤེས་རབ་ཀྱི་རང་བཞིན་མ་ཡིན་ལ། འདུ་ཤེས་ལ་སོགས་པའི་རང་བཞིན་ཡང་མ་ཡིན་ནོ། །འདི་དག་གི་མིང་ནི་དམིགས་
པ་ཇི་ལྟ་བ་བཞིན་ཡིན་ནོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་དེ་དག་གི་དམིགས་པ་ནི་ལུས་ལ་སོགས་པ་ཡིན་ཏེ། །དེའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཞེས་བྱའོ། །འདི་དག་རང་དང་གཞན་གཉི་གའི་རྒྱུད་ལ་དམིགས་པའི་ཕྱིར་རེ་རེ་ཞིང་རྣམ་པ་གསུམ་གསུམ་ཡིན་ནོ་ཞེས་བྱ་བ་ནི། རང་གི་རྒྱུད་ལ་
དམིགས་པའི་ཕྱིར་དང་གཞན་གྱི་རྒྱུད་ལ་དམིགས་པའི་ཕྱིར་དང་། གཉི་གའི་རྒྱུད་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། བརྟུན་པ་དང་ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམས་སྤངས་ཏེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་

དང་། དེ་བཞིན་དུ་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་སྔ་མ་བཞིན་ཏེ། དེ་ལྟར་ན་ཚུལ་འདིས་རྣམ་པ་གསུམ་ཡིན་ནོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ལ་ཡང་
དེ་བཞིན་དུ་སྦྱར་བར་བྱའོ། །སྔར་རགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ་ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རགས་པས་དེ་སྔར་མཐོང་ངོ་། །དེ་ནས་ཚོར་བ་སྟེ་རྒྱུ་བ་རགས་པའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་ནི་སེམས་ཡིན་ཏེ། ཆོས་རྣམ་པས་སོ་སོ་རྣམ་པར་རིག་པའི་རྣམ་པར་མཚོན་སླ་
བའི་ཕྱིར་རོ། །ཆོས་ནི་འདུས་བྱས་དང་འདུས་མ་བྱས་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་སོགས་པའི་དབྱེ་བས་ཤིན་ཏུ་ཕྲ་བ་ཡིན་ནོ། །ཡང་ན་འདི་ལྟར་འདོད་པ་ལ་འདོད་ཆགས་པའི་རྟེན་ནི་ལུས་ཡིན་ལ་ཞེས་བྱ་བ་ནི་དམིགས་པ་ལུས་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། དགེ་སློང་དག་བུད་མེད་ཀྱི་
གཟུགས་ལ་ཆགས་ཤིང་འདོད་ཆགས་ལ་བཅིངས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཡང་ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་པའོ། །དེ་ཡང་སེམས་ཞེས་བྱ་བ་ནི་ཚོར་བ་མངོན་པར་འདོད་པ་དེའོ། །སེམས་མ་ཞི་བ་ནི་ཉོན་མོངས་པ་མ་སྤངས་པའི་ཕྱིར་ཏེ། ཉོན་མོངས་པ་རྣམས་ཆོས་ཀྱི་སྐྱེ་མཆེད་ཀྱི་ཁོངས་
སུ་འདུ་བའི་ཕྱིར་རོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ནི་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་བསྟན་ཏེ། ལུས་ནི་ཕྱི་ས་དང་འདྲ་བར་མི་གཙང་བའི་བདག་ཉིད་ཡིན་ནོ། །ཆོས་ལྷག་མ་རྣམས་ནི་དེ་འབྲེལ་པས་མི་གཙང་བ་ཡིན་ཏེ། ཕྱི་ས་དང་འབྱར་བའི་ཕྱག་དར་བཞིན་ནོ། །ཚོར་བ་དྲན་པ་
ཉེ་བར་གཞག་པ་ནི་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་འབྱུང་བས་སོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། སེམས་ནི་མྱུར་དུ་འགྱུར་བའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་བདག་ཏུ་ཕྱིན་ཅི་ལོག་པའི་
གཉེན་པོར་བསྟན་ཏོ། །ཆོས་རྣམས་རིལ་པོར་རྣམ་པར་དབྱེ་བའི་སྒོ་ནས་འདི་ནི་ཆོས་ཙམ་དུ་ཟད་ཀྱི། འདི་ནི་བདག་མ་ཡིན་ནོ་ཞེས་བདག་ཏུ་འདུ་ཤེས་པ་ཕྱིན་ཅི་ལོག་གི་གཉེན་པོ་ཡིན་ནོ། །གསུམ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་ལུས་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་ནི་ལུས་ཁོ་ན་ལ་དམིགས་

པ་ནས། སེམས་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་ནི་སེམས་ཁོ་ན་ལ་དམིགས་པའི་བར་ཡིན་ཏེ། སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་རོ། །བཞི་པ་ནི་གཉི་ག་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་སྟེ་འདྲེས་པ་ལ་དམིགས་པ་ནི་སྤྱི་ལ་དམིགས་པ་སྟེ། འདྲེས་མ་ལ་དམིགས་ཞེས་བྱ་བའི་དོན་
ཏོ། །མ་འདྲེས་པ་ལ་དམིགས་པ་ནི་འདྲེས་པ་མ་ཡིན་པ་ལ་དམིགས་པའོ། །སྤྱི་ལ་དམིགས་པ་ལ་གནས་ཏེ་ཞེས་བྱ་བ་ནི་ལུས་ལ་སོགས་པ་ཐམས་ཅད་སྤྱིར་བསྡུས་ཏེ། མི་རྟག་པ་ལ་དམིགས་པའི་རྣམ་པར་ལྟ་བའོ། །དེ་ལས་དྲོ་བར་གྱུར་པ་འབྱུང་། །ཞེས་བྱ་བ་ལ་ཆོས་རྗེས་སུ་དྲན་པའི་མཇུག་ཐོགས་སུ་འདུ་
བྱེད་སྐད་ཅིག་མར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྐྱེ་བ་དང་འཇིག་པ་ལ་དཔྱོད་དོ། །འདུ་བྱེད་རྣམས་སྐད་ཅིག་མ་ཡིན་ན་ཇི་ལྟར་འདུ་བྱེད་རྗེས་སུ་འཇུག །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དཔྱོད་དོ། །གང་གི་ཚེ་ཟག་པ་དང་བཅས་པའི་ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པ་དེའི་ཚེ། དེའི་
མཇུག་ཐོགས་སུ་ཆོས་ཐམས་ཅད་ལ་དམིགས་པའི་སྒོ་ནས་བདག་མེད་པའི་རྣམ་པའོ། །དེའི་མཇུག་ཐོགས་སུ་ཕུང་པོ་དང་ཁམས་དང་སྐྱེད་མཆེད་དེ། དོན་རྣམ་པ་གསུམ་ལ་དཔྱོད་ཅིང་གནས་བདུན་ལ་མཁས་པ་སྟེ། དེ་ལྟར་ན་ཆོས་དྲན་པ་ཉེ་བར་གཞག་པ་སྤྱི་ལ་དམིགས་པ་ལས་དྲོ་བར་གྱུར་པའི་དགེ་བའི་
རྩ་བ་འབྱུང་ངོ་ཞེས་བྱ་བ་འདི་ནི་གོ་རིམས་སོམོ། །སློབ་དཔོན་གྱིས་ནི་ཅུང་ཟད་དཔེར་བརྗོད་པ་ཙམ་ཞིག་བཤད་དོ། །དྲོ་བར་གྱུར་པ་ཞེས་བྱ་བ་ནི་དྲོ་བའི་རྣམ་པའི་དགེ་བའི་རྩ་བའོ། །དྲོ་བར་གྱུར་པ་དང་འདྲ་བས་ན་དྲོ་བར་གྱུར་པ་སྟེ། འཕགས་པའི་ལམ་གྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་གཙུབ་
ཤིང་སྟེང་འོག་གཙུབས་པ་ལས་མེའི་སྔ་ལྟས་འབྱུང་བ་དེ་བཞིན་དུ་ཤེས་པ་དང་ཤེས་བྱའི་གཙུབ་ཤིང་གཙུབས་པ་ལས་འཕགས་པའི་ལམ་གྱི་མེའི་དྲོད་འབྱུང་ལ་དྲོད་ལ་ནི་བརྩོན་འགྲུས་ཀྱིས་ཡང་དང་ཡང་དུ་མངོན་པར་གཙུབས་པའི་རིམ་གྱིས་སྲིད་པའི་བུད་ཤིང་སྐམ་པོ་སྲེག་པ་ལས་འཇེབས་པ་ཟག་པ་མེད་པའི་ཡེ་
ཤེས་ཀྱི་མེ་འབྱུང་སྟེ། དེའི་ཕྱིར་དྲོ་བར་འགྱུར་བའི་དགེ་བའི་རྩ་བ་ཞེས་བྱའོ། །རྒྱུན་ཆགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱུན་འབྲེལ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཏེ་དམིགས་པ་རྣམ་པར་ཆད་པའི་དབང་དུ་བྱས་ཏེ་སྐད་ཅིག་མ་ཉིད་ཡིན་ན་ནི་བདེན་པ་བཞི་ལ་དམིགས་པར་ཡང་མི་འགྱུར་ན་

རྣམ་པ་བཅུ་དྲུག་ལྟ་སྨོས་ཀྱང་ཅི་དགོས་འདི་དག་གི་བྱེ་བྲག་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་མཛོད་ཀྱི་གནས་བདུན་པ་ནས་རྫས་སུ་རྣམ་པ་བཅུ་དྲུག་གོ་ཞེས་བྱ་བ་འདི་ནས་སོ། །གལ་ཏེ་དེ་དག་ཀྱང་དེ་དང་འདྲ་བ་ཡིན་ན། འོ་ན་ཅིའི་ཕྱིར་ལོགས་ཤིག་ཏུ་བསྟན་ཅེ་ན། དེའི་ཕྱིར་ཆོས་
མཆོག་ཏུ་གྱུར་པའི་ཕྱིར་མིང་གཞན་དུ་བཏགས་སོ་ཞེས་བྱ་བ་སྨོས་སོ། །མིང་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྩེ་མོ་ཞེས་བྱ་བའི་སྒྲ་འདི་ནི་མཆོག་གི་ཚིག་ཡིན་ཏེ། འདི་ལྟར་སྨྲ་བ་པོ་དག་འདིའི་དཔལ་རྩེ་མོར་ཕྱིན་ཏོ་ཞེས་ཟེར་རོ། །དྲོད་དང་རྩེ་
མོ་ནི་དགེ་བའི་རྩ་བ་གཡོ་བ་གཉིས་ཡིན་ཏེ། ཡོངས་སུ་ཉམས་པའི་ཕྱིར་རོ། །དེ་དག་ལས་ལྟུང་བ་དང་འདའ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྩེ་མོ་དག་ལས་སོ། །ལྟུང་བ་ནི་ཡོངས་སུ་ཉམས་པ་ལས་སོ། །འདའ་བ་ནི་བཟོད་པ་མངོན་དུ་བྱས་པ་ལས་སོ། །དེ་ལྟར་ན་འདི་ནི་ཆེས་མཆོག་ཏུ་བྱུང་བའི་ཕྱིར་རྩེ་མོ་ཡིན་ནོ་
ཞེས་བསྟན་ཏེ། དྲོད་དག་ལས་ནི་འདའ་བ་མེད་དོ། །དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པ་དག་འགོད་པའོ་ཞེས་བྱ་བ་འདི་ཅི་ཞིག་བདེན་པ་རྣམས་ལ་རྣམ་པ་དག་འཇོག་པར་བྱེད་པ་སྟེ། དེ་དག་ལ་དམིགས་པ་རྣམས་འཇུག་པར་བྱེད་པའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །གཞན་དག་གིས་ཀྱང་འཕེལ་བར་བྱེད་ཅེས་བྱ་
བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཆོས་དྲན་པ་ཉེ་བར་གཞག་པས་ཀྱང་ཡིན་པ་སྟེ། འཕེལ་བར་བྱེད་པ་ནི་བྱང་བར་བྱེད་པའོ། །སྔོན་ཐོབ་པ་རྣམས་མངོན་དུ་མི་བྱེད་དོ། །སྔར་ཐོབ་པར་དམན་པ་རྣམས་ལ་དགའ་བ་མེད་པའི་ཕྱིར་རོ། །རྣམ་པ་ལྔར་ཐོབ་པ་རྣམས་ནི་དམན་པའི་ཕྱིར་དེ་རྣམས་དགའ་བ་ཆེན་པོ་མེད་དེ། དེའི་
ཕྱིར་དེའི་རིགས་ཅན་ཁྱད་དུ་འཕགས་པ་གཞན་དག་མངོན་དུ་བྱེད་དོ། །རྩེ་མོ་དེ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་མངོན་པར་འཕེལ་བ་དག་ལས་ཡང་བཟོད་པ་སྐྱེའོ། །མིང་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་བདེན་པ་ལ་ཆེར་བཟོད་ཅེ་ན།
དེའི་ཕྱིར་ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། བཟོད་པ་དག་ལས་ནི་ཡོངས་སུ་ཉམས་པ་མེད་དོ། །དྲོ་བར་འགྱུར་བའི་གནས་སྐབས་ན་ནི་བདེན་པ་དག་ལ་ཆུང་ངུ་བཟོད་པ་ཡིན་ནོ། །རྩེ་མོའི་གནས་སྐབས་ན་ནི་འབྲིང་དུ་བཟོད་ལ། བཟོད་པའི་གནས་སྐབས་ན་ནི་ཆེར་བཟོད་དོ་ཞེས་བཤད་པར་

འགྱུར་རོ། །རྣམ་གཉིས་དེ་བཞིན་ཞེས་བྱ་བ་ནི་བཟོད་པ་ཆུང་ངུ་དང་འབྲིང་སྟེ། རྩེ་མོ་རྣམས་ཇི་སྐད་བཤད་པ་བཞིན་ནོ། །དེ་ཁོ་ན་བཞིན་དུ་རྣམ་པ་གཏོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པས་བདེན་པ་རྣམས་ལ་རྣམ་པ་གཏོད་པའི་ཕྱིར་ཏེ། དེ་ཁོ་ན་བཞིན་དུ་རྣམ་པ་འགོད་པའི་ཕྱིར་རོ་ཞེས་བྱ་བའི་
ཐ་ཚིག་གོ། །བཟོད་པ་ནི། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཅེས་བྱ་བ་ནི་རང་བཞིན་གྱིས་དྲན་པ་ཉེ་བར་གཞག་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཆོས་ཀྱི་མཆོག་རྣམས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཉིད་ནི་དེའི་
མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བའི་ཕྱིར་རོ། །ཆོས་ཀྱི་མཆོག་དང་ཉེ་བ་ནི་དེ་དང་འདྲ་བའོ། །ངེས་པ་མ་སྨོས་པའི་ཕྱིར་ཞེས་བྱ་བ་ནི་བཟོད་པ་ཆེན་པོ་ལྟར་དྲོ་བར་གྱུར་པ་ལ་སོགས་པ་རྣམས་ཀྱི་དམིགས་པ་ངེས་པ་མ་སྨོས་པའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པ་འདི་དག་ཁམས་གསུམ་གྱི་སྡུག་བསྔལ་ལ་སོགས་
པ་ལ་དམིགས་པ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཇི་ལྟར་བཟོད་པ་ཆེན་པོ་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ཞེ་ན། གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པ་བདེན་པའི་རྣམ་པ་དང་དམིགས་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་འབྱུང་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་
གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་འགོག་པ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་བདེན་པ་རྣམས་བསྡུ་ཞིང་། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོ་དང་། འགོག་པ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་བདེན་པ་རྣམས་བསྡུའོ། །དེ་དག་གི་བདེན་པའི་རྣམ་
པ་རེ་རེ་ཕྲི་བ་དང་། དམིགས་པ་རེ་རེ་ཕྲི་ནས་སོ། །ཇི་ལྟར་ཞེ་ན། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་དེ་ལ་ནི་རྣམ་བཞིར་རྣམ་པ་གཏོད་པར་བྱེད་དོ། །དེ་ནས་གསུམ་དུའོ། །དེ་ནས་གཉིས་སུའོ། །དེ་ནས་གཅིག་ཏུ་སྟེ། རེ་ཞིག་བདེན་པའི་རྣམ་པ་རེ་རེ་ཕྲི་བ་ནི་དེ་ལྟའོ། །དེ་ནས་གཅིག་ཏུ་ཡང་རྣམ་པ་གཏོད་
པར་མི་བྱེད་དེ། དམིགས་པ་ཕྲི་བ་ནི་དེ་ལྟ་བུའོ། །རིམ་པ་འདིས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་ཅན་སྐད་ཅིག་མ་གཉིས་ཁོ་ནར་ཡིད་ལ་བྱེད་པའི་བར་དེར་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ཡང་རྣམ་པ་གཉིས་ཏེ། ལྟ་བ་སྤྱད་པ་དང་། སྲེད་

པ་སྤྱད་པའོ། །ལྟ་བ་སྤྱད་པ་ཡང་རྣམ་པ་གཉིས་ཏེ། བདག་ཏུ་ལྟ་བ་སྤྱད་པ་དང་། བདག་གིར་ལྟ་བ་སྤྱད་པའོ། །བདག་ཏུ་ལྟ་བ་སྤྱད་པ་གང་ཡིན་པ་དེ་ནི་བདག་མེད་པའི་རྣམ་པས་ངེས་པ་ལ་འཇུག་གོ། །བདག་གིར་ལྟ་བ་སྤྱད་པ་གང་ཡིན་པ་དེ་ནི་སྟོང་པའི་རྣམ་པས་སོ། །སྲེད་པ་སྤྱད་པ་
ཡང་རྣམ་པ་གཉིས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་དང་། ལེ་ལོ་ལྷག་པ་ཅན་ནོ། །དེ་ལ་ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་གང་ཡིན་པ་དེ་ནི་མི་རྟག་པའི་རྣམ་པས་ངེས་པ་ལ་འཇུག་གོ། །ལེ་ལོ་ལྷག་པ་ཅན་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་རྣམ་པས་སོ། །གང་ཞིག་སྐད་ཅིག་མ་ཁོ་ན་ཡིན་པ་དེ་
ནི་ཆེན་པོ་ཡིན་ཏེ། དེ་ནི་གང་ཟག་གི་སྤྱད་པ་ཇི་ལྟ་བ་བཞིན་དུ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པའམ། སྟོང་པའི་རྣམ་པ་དང་། བདག་མེད་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །བཟོད་པ་ཆེན་པོ་དེ་ནི་སྐད་ཅིག་གཅིག་སྟེ། རྒྱུན་འབྲེལ་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་པའི་
ཆོས་ཀྱི་མཆོག་རྣམས་ཏེ་ཞེས་བྱ་བ་འབྱུང་ངོ་། །སྐལ་བ་མཉམ་པའི་རྒྱུ་མེད་པར་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཉིད་ཡིན་ནོ་ཞེས་སྟོན་ཏོ། །སྔོན་ཟག་པ་མེད་པ་མེད་པའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྩལ་གྱིས་ལམ་གྱི་བདེན་པ་འདྲེན་པར་བྱེད་པའི་
ཕྱིར་ཆོས་ཀྱི་མཆོག་རྣམས་ནི་འཇིག་རྟེན་པ་ཀུན་གྱི་མཆོག་ཉིད་ཡིན་པར་ཤེས་སོ། །ཐམས་ཅད་ཕུང་པོ་ལྔ་འཁོར་དང་བཅས་ཏེ་སྨོས་པའི་ཕྱིར་རོ་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ལ་སོགས་པ་རྣམས་ནི་མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར། གཟུགས་ཀྱི་ཕུང་པོ་ཡང་ཡོད་དོ། །ཐོབ་པ་མ་གཏོགས་ཞེས་
བྱ་བ་ལ་དེའི་ཐོབ་པ་རྣམས་ནི་ངེས་པར་འབྱེད་པའི་དུས་ན་ཡང་མངོན་དུ་འགྱུར་བ་ཞིག་ན་ངེས་པར་འབྱེད་པ་སྐྱེས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །འབྲས་བུ་ཐོབ་པ་ནི་སྦྱོར་བའི་ལམ་མངོན་དུ་གྱུར་པར་བྱེད་པར་མི་རིགས་ཏེ། དོན་བྱས་ཟིན་པའི་
ཕྱིར་རོ། །དེའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ཐོབ་པ་རྣམས་ནི་དྲོ་བར་གྱུར་པས་མ་བསྡུས་པ་ཡིན་ནོ། །རྣམ་པ་གཞན་བརྗོད་པར་འདོད་པས་དེ་ལ་བདེན་པ་གསུམ་ལ་དམིགས་པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ་ནི་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་ལམ་ལ་དམིགས་པའི་རྣམ་པ་ལའོ། །

འགོག་པ་དམིགས་པ་ནི་འོག་ནས་འཆད་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ལ་ཞེས་བྱ་བ་འབྱུང་སྟེ་སྡུག་བསྔལ་ལ་སོགས་པ་རྣམས་ཕུང་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ནོ། །མ་འོངས་པ་ནི་བཞི་ཆར་ཐོབ་བོ་
ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་གོ། །ལུས་དང་ཚོར་བ་ལ་སོགས་པ་རྣམས་སྡུག་བསྔལ་ལ་སོགས་པའི་ཁོངས་སུ་འདུ་བའི་ཕྱིར་དེ་དག་ལ་དམིགས་པ་མ་འོངས་པ་བཞི་ཆར་འཐོབ་སྟེ། ཆེར་སྦྱངས་པ་རྣམས་