Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 145

Văn bản gốc(Tây Tạng)

Trang 2 / 22 (50.000 ký tự/trang)
ིར་དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་ལ་མ་ལྟོས་པར་མི་འབྱུང་ལ། སེམས་ཙམ་གྱིས་སྟོབས་ཀྱིས་སྐྱེ་ན་ནི་འདི་རྒྱུར་བྱས་པའི་གཟུགས་ཡིན་པ་ཉིད་
ལ་འགྱུར་རོ། །རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་ཏེ་ལས་དེ་ལས་ཀྱང་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་དགར་བའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པ་གཉིས་ཏེ། མཉམ་པར་བཞག་པའི་ས་པ་དང་། མཉམ་པར་མ་བཞག་པའི་ས་པའོ། །དེ་ལ་རྣམ་རིག་བྱེད་
མིན་ཐམས་ཅད་ཁོ་ན་ནི། །མ་ཟིན་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡུལ་ན་མི་གནས་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བ་དག་གིས་རྟེན་གྱི་དངོས་པོར་མ་བཟུང་བའི་ཕྱིར་ན་མ་ཟིན་པའོ། །དགེ་བ་དང་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུས་བསྐྱེད་པའི་ཕྱིར་རྒྱུ་མཐུན་པ་ལས་བྱུང་བའོ། །དགེ་བ་

དང་མི་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། རྣམ་སྨིན་ལུང་དུ་མ་བསྟན་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །རྒྱས་པ་ལས་བྱུང་བ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་བསགས་པ་མེད་པའི་ཕྱིར་དང་། དེ་སྐྱེ་བ་རྣམ་པར་ཤེས་པ་ལ་ལྟོས་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་
པ་ཡང་ཡིན་ཏེ། ལུས་དང་ངག་གི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དང་། སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ཕྱིར་རོ། །འདི་ནི་ཁྱད་པར་ཡིན་ཏེ། མཉམ་པར་མ་བཞག་པའི་ས་པ་ནི། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །རྒྱས་པ་ལས་འབྱུང་བའི་འབྱུང་བ་ལས་སྐྱེ་བ་ནི་མ་ཡིན་ཏེ། འདོད་གཏོགས་
རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་ཞེས་འབྱུང་བ་དང་། དེ་ལ་རྣམ་པར་རིག་བྱེད་དང་། དེའི་སྐད་ཅིག་པའི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་འདི་ནི་ལས་ཀྱི་ལམ་དངོས་ཡིན་ནོ་ཞེས་འབྱུང་བས་དེའི་རྟེན་གྱི་འབྱུང་བ་ཆེན་པོ་དག་སྐད་ཅིག་གཅིག་པ་ཡིན་པའི་ཕྱིར་དང་། རྒྱས་པ་ལས་བྱུང་བའི་འབྱུང་བ་
ཆེན་པོ་དག་ནི་རྒྱུན་ཆགས་པར་རྗེས་སུ་འཇུག་པའི་ཕྱིར་རོ། །མ་ཟིན་པའི་འབྱུང་བ་ལས་སྐྱེ་བ་ཡང་མ་ཡིན་ཏེ། དེའི་འབྱུང་བ་ཆེན་པོ་དག་ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་མི་དད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པ་ནི་རྒྱས་པ་ལས་འབྱུང་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱས་པ་ལས་བྱུང་བའི་འབྱུང་བ་
ལས་སྐྱེའི་རྒྱུ་མཐུན་པའི་འབྱུང་བ་ལས་སྐྱེ་བ་ནི་མ་ཡིན་ཏེ། རྒྱས་པ་ལས་འབྱུང་བ་ལས་མ་གཏོགས་པའི་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །མ་ཡིན་པའི་འབྱུང་བ་ལས་སྐྱེས་པ་ཁོ་ན་ཡིན་གྱི། ཟིན་པའི་འབྱུང་བ་ལས་སྐྱེས་པ་ནི་མ་ཡིན་ཏེ། དེའི་འབྱུང་བ་དག་ནི་དབང་པོ་དང་ཐ་དད་པའི་ཕྱིར་དང་། སེམས་ལ་རག་ལས་པའི་
ཕྱིར་རོ། །ཟིན་པ་རྣམས་ནི་སེམས་ལ་ལྟོས་པ་མེད་པར་འབྱུང་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་དག་ན་སེམས་མེད་པར་ཡང་འཇུག་པའི་ཕྱིར་རོ། །ཐ་དད་མིན་ལས་སྐྱེ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་གང་དག་ཁོ་ན་རྒྱུར་བྱས་ནས་སྲོག་གཅོད་པ་སྤོང་བ་སྐྱེ་བ་དེ་དག་ཁོ་ན་ལས་ཚིག་
ཀྱལ་པ་སྤོང་བའི་བར་དུ་སྐྱེའོ་ཞེས་བྱའོ། །སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི། དཔེར་ན་དེ་སྐྱེད་པར་བྱེད་པའི་སེམས་ཐ་མི་དད་དེ། སྲོག་གཅོད་པ་ལ་སོགས་པ་སྤང་བ་ཐམས་ཅད་ཀྱི་སེམས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པས་ཐ་མི་དད་པ་དེ་བཞིན་དུ་སྐྱེད་པར་བྱེད་པའི་འབྱུང་བ་ཆེན་པོ་དག་

ཀྱང་སྤོང་བ་ཐམས་ཅད་ལ་ཐ་མི་དད་པ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་ནི་གཞན་དག་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་རིག་བྱེད་ནི་རྒྱུ་མཐུན་པ་ལས་བྱུང་བ་སྟེ་ཞེས་བྱ་བ་འབྱུང་ངོ་། །ལུས་ཀྱི་ནི་ཟིན་པ་ཡིན་ནོ་ཞེས་བྱ་བས་ནི་ངག་གི་ནི་མ་ཟིན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་
རོ། །རྣམ་པར་རིག་བྱེད་སྐྱེད་པར་བྱེད་པའི་འབྱུང་བ་དག་ཀྱང་རྒྱུ་མཐུན་པ་ལས་འབྱུང་བ་དང་། སེམས་ཅན་དུ་སྟོན་པ་ཡིན་ནོ། །ཡང་ཅི་རྣམ་པར་རིག་བྱེད་འདི་སྐྱེ་བ་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཅི་ཚིག་བྱེད་པ་ལས་སྐྱེ་བ་ལྟར་སྔར་གྱི་དབྱིབས་བཤིག་ནས་སྐྱེ་བ་འམ། འོན་ཏེ་ལྷའི་མིག་ལྟར་མ་
བཤིག་པར་ཡིན། ཇི་ལྟར་འབྱུང་བའི་ཚོགས་གཅིག་ལ་དབྱིབས་གཉིས་འགྲུབ་པར་འགྱུར་ཞེས་བྱ་བ་ལ། ཇི་ལྟར་མི་འགྲུབ་ཅེ་ན། ཐོགས་པ་དང་བཅས་པའི་ཕྱིར་རོ། །རྣམ་པར་རིག་བྱེད་དེ་ནི་སྔར་གྱི་དབྱིབས་ཀྱི་རྒྱུན་མ་བཤིག་པར་རྒྱུ་མཐུན་པ་ལས་བྱུང་བའི་འབྱུང་བ་ཆེན་པོ་གཞན་དག་ཁོ་ན་རྒྱུར་
བྱས་ནས་སྐྱེ་སྟེ་ལྷའི་མིག་བཞིན་ནོ། །ཁ་ཅིག་ན་རེ་རྣམ་པར་རིག་བྱེད་ཀྱི་དབྱིབས་ཀྱི་འབྱུང་བ་ཆེན་པོ་དག་ནི་ཕྲ་བའི་ཕྱིར་མི་དམིགས་ཏེ། ཡན་ལག་གི་མཚོན་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ལུས་གསེ་བ་ཡོད་པའི་ཕྱིར་ཏེ། ངག་གི་གོ་སྐབས་ཡོད་དོ་ཞེས་ཟེར་རོ། །དེ་ལྟར་རྣམ་པར་སྨིན་པའི་
གཟུགས་ཆད་པ་ཡང་རྒྱུན་ཆགས་པའི་ཉེས་པ་ཡང་མེད་ལ། འབྱུང་བའི་ཚོགས་གཅིག་ལ་དབྱིབས་གཉིས་དང་གང་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཆེན་པོར་འགྱུར་བ་དང་། ཡན་ལག་དག་གིས་རྣམ་པར་རིག་པར་བྱེད་པ་ཡང་མ་ཡིན་ནོ། །ཡང་ལས་དེ་རྣམ་གྲངས་ཀྱིས་རྣམ་པ་གཉིས་དང་རྣམ་པ་གསུམ་རྣམ་
པ་ལྔར་བཤད་པ་ཞེས་བྱ་བ་འབྱུང་སྟེ། དེའི་སེམས་པ་དང་དེས་བྱས་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་བཤད་པ་ཡིན་ནོ། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་བྱ་བས་ནི་རྣམ་པ་གསུམ་དུ་བཤད་པ་ཡིན་ལ། ཡང་ན་སེམས་པ་དང་རྣམ་པར་རིག་བྱེད་དང་། རྣམ་པར་
རིག་བྱེད་མ་ཡིན་པ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ལྔ་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་རེ་རེ་ལ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པར་ཕྱེ་ལ། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་བྱ་བ་དང་རྣམ་པ་ལྔར་བཤད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ལས་རྣམ་པ་ལྔ་ལས་སོ། །རྣམ་རིག་མིན་ལུང་བསྟན་

མིན་མེད། །ཅིའི་ཕྱིར་ཞེ་ན། དེ་སྐྱེ་བ་ནི་ཀུན་ནས་སློང་བར་བྱེད་པ་སྟོབས་དང་ལྡན་པ་ལ་ལྟོས་པའི་ཕྱིར་དང་། ལུང་དུ་མ་བསྟན་པའི་སེམས་ནི་སྟོབས་ཆུང་བ་ཡིན་ནོ། །གང་དེ་འགག་ཀྱང་རྗེས་སུ་འབྲེལ་པར་འགྱུར་བ་ཞེས་བྱ་བ་ལ། དེ་སློང་བར་བྱེད་པ་ལུང་དུ་མ་བསྟན་པའི་དེའོ། །རྣམ་པར་
རིག་བྱེད་མ་ཡིན་པ་ནི་དེའི་སྐད་ཅིག་གཅིག་པ་ཡོད་པ་ཡང་མ་ཡིན་ཏེ། དགེ་དང་མི་དགེའི་རྗེས་འབྲང་གང་། །ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་རིག་བྱེད་དང་སེམས་པའོ་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་ཅེས་བྱ་བས་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་བསྡུའོ། །མི་དགེ་ནི་འདོད་ནའོ་ཞེས་བྱ་བ་ནི། །དེ་ལས་
འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཅེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གཞན་ན་ནི་མེད་དེ་ཞེས་བྱ་བ་སྨོས་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ནའོ། །མི་དགེ་བའི་རྩ་བ་རྣམས་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཡང་དག་སྤངས་པའི་ཕྱིར་རོ་ཞེས་
བྱ་བ་ནི། ངོ་བོ་ཉིད་ཀྱིས་མི་དགེ་བ་མེད་པ་མཚུངས་པར་ལྡན་པ་དང་། ཀུན་ནས་སློང་བས་མི་དགེ་བ་མི་འགྲུབ་པོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཀྱིས་ས་དང་ཁམས་ཀྱི་རྣམ་པར་གཞག་པ་ངེས་པར་བསྟན་པའི་ཕྱིར། དེ་ལ་གཟུགས་ན་ཡང་རྣམ་རིག་མིན། །ཞེས་བྱ་བ་སྨོས་སོ། །འབྱུང་བ་མེད་པའི་
ཕྱིར་དང་ཞེས་བྱ་བ་ནི་གཟུགས་མེད་པ་རྣམ་པར་འབྱུང་བ་དག་མེད་ལ། རྒྱུར་བྱས་པའི་གཟུགས་འབྱུང་བ་དང་། རྒྱུར་མ་བྱས་པར་ཡོད་པ་ཡང་མ་ཡིན་པས་གཟུགས་མེད་པ་དག་ན་རྣམ་པར་རིག་བྱེད་མ་ཡིན་པ་མེད་དོ། །གང་ལ་ལུས་དང་ངག་འཇུག་པ། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་
དང་ངག་གི་འཇུག་པ་སྡོམ་པའི་དོན་གྱིས་ན་སྡོམ་པ་ཞེས་བྱ་ན། གཟུགས་མེད་པའི་ཁམས་ན་ནི་ལུས་དང་ངག་གི་འཇུག་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ན་དེ་གཉིས་མེད་པའི་ཕྱིར་རོ། །འོ་ན་འདོད་པའི་ཁམས་འདིར་གཟུགས་མེད་པའི་སྙོམས་པར་འཇུག་པ་ཞུགས་པ་ལ་ཡོད་པར་འགྱུར་ཏེ། འདི་ལ་འབྱུང་བ་དག་
དང་ལུས་དང་ངག་དག་གི་འཇུག་པ་ཡང་ཡོད་པ་ཡིན་ནོ། །ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི་གང་དུ་སྐྱེས་པས་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བསྐྱེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཟག་པ་མེད་པ་དེ་ནི་ཟག་པ་མེད་པའི་འབྱུང་བ་མེད་ཀྱང་ས་དེ་པའི་འབྱུང་བ་དག་

རྒྱུར་བྱས་ནས་སྐྱེ་བ་བཞིན་ནོ། །མ་ཡིན་ཏེ་དེ་ནི་ཁམས་སུ་མ་གཏོགས་པའི་ཕྱིར་ཞེས་བྱ་བ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ན་ཁམས་སུ་མ་གཏོགས་པ་ཉིད་དེ། དེ་ནི་ཁམས་སམ་སའི་སྒོ་ནས་ཀྱང་རུང་སྟེ། འབྱུང་བ་ཆེན་པོ་དག་དང་
སྐལ་བ་མཉམ་པ་ཡང་མ་ཡིན་ལ། སྐལ་བ་མི་མཉམ་པ་ཡང་མ་ཡིན་པས་དེ་དག་རྒྱུར་བྱས་ནས་སྐྱེའོ། །གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་སྐལ་བ་མི་མཉམ་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བར་འོས་པ་མ་ཡིན་ནོ། །ཇི་ལྟར་གཟུགས་ཐམས་ཅད་
ལ་རྒྱབ་ཀྱིས་ཕྱོགས་ཤེ་ན། དེའི་ཕྱིར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཆལ་བའི་ཚུལ་ཁྲིམས་དེ་ཡང་འདོད་པ་ན་སྤྱོད་པ་ཡིན་ན་ཞེས་བྱ་བ་ནི་མི་དགེ་བའི་རྩ་བས་ཀུན་ནས་བསླང་བའི་ཕྱིར་
རོ། །གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ནི་གཟུགས་ཀྱི་ཁམས་ན་འཆལ་བའི་ཚུལ་ཁྲིམས་མེད་མོད་ཀྱི་དེ་ལྟ་ན་ཡང་འདོད་པ་ན་སྤྱོད་པའི་འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རུང་བ་ཡིན་ན། གཟུགས་མེད་པ་ནི་འདོད་པའི་ཁམས་ནས་རིང་བ་ཉིད་བཞིས་རིང་སྟེ་ཞེས་བྱ་བ་འདིས་དཔེར་བརྗོད་པ་ནི་
མཉན་པོ་རིང་བ་ཡིན་ནོ། །རྟེན་རིང་བ་ཉིད་ཀྱི་མཚན་ཉིད་ནི་མཛོད་ཀྱི་གནས་གཉིས་པར་བཤད་ཟིན་ཏོ། །རྣམ་རིག་སྤྱོད་དང་བཅས་དག་ན། །ཞེས་བྱ་བ་ནི། །ལུས་དང་ངག་གི་ལས་ནི་རྟོག་པ་དང་དཔྱོད་པ་མངོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དཔྱོད་པ་སྨོས་པ་ནི་བསམ་གཏན་དང་པོ་མཐའ་དག་ལ་ཁྱད་པར་
བྱེད་པའི་ཕྱིར་རོ། །འདོད་པ་ན་འང་སྒྲིབ་པ་མེད་ཅེས་བྱ་བའི་ཡང་ཞེས་བྱ་བའི་སྒྲས་ནི་བསམ་གཏན་དང་པོའི་གོང་ན་ཡང་མེད་དོ་ཞེས་བྱ་བ་སྟེ། དེ་ལྟར་ན་བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ་ཞེས་བསྟན་ཏོ། །དེ་ཡན་ཆད་ན་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་གྱི་གོང་བསམ་གཏན་གཉིས་པ་ལ་སོགས་པ་
དག་ནའོ། །ཇི་ལྟར་ན་ངག་གི་རྣམ་པར་རིག་བྱེད་མེད་ཅེ་ན། རྟོག་པ་དང་དཔྱོད་པ་དག་མེད་པའི་ཕྱིར་ཏེ། བརྟགས་ཤིང་དཔྱོད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། ཕྱིའི་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་བྱ་བ་ནི་གོས་ལ་སོགས་པའི་རྒྱུ་ཅན་ནོ། །འདི་

ལ་ཁ་ཅིག་བསྟན་བཅོས་ལྡན་པ་གསུངས་པའི་ཕྱིར་ན་འདི་ནི་དེ་ལྟ་མ་ཡིན་ཏེ། འདི་སྐད་དུ། གང་ཞིག་སྒྲའི་ཁམས་དང་ལྡན་ཞེ་ན། སྨྲས་པ། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པ་དང་གཟུགས་མེད་པ་ན་སྤྱོད་པའོ། །གང་ཞིག་ཅེ་ན། གཟུགས་མེད་པ་ན་སྤྱོད་པའོ་ཞེས་གསུངས་
ན། སེམས་ཅན་དུ་སྟོན་པ་མ་ཡིན་པའི་ཕྱིའི་ངང་ནི་ལྡན་པ་ཡོད་པ་མ་ཡིན་ནོ། །དབང་པོ་དང་ཐ་མི་དད་པའི་སྒྲའི་ཁམས་ནི་ཐམས་ཅད་ན་ཡོད་པའི་ཕྱིར་རོ། །ཡང་ན་ནི་དེའི་ཕྱོགས་གཅིག་ན་ཡོད་པའི་དབང་དུ་བྱས་ནས་བཤད་པའི་ཕྱིར་ཉེས་པ་མེད་དོ་ཞེས་རྒོལ་བར་བྱེད་དོ། །གཞན་དག་ན་རེ་ཞེས་བྱ་
བ་རྒྱས་པར་འབྱུང་སྟེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དེ་དག་ནི། བཅོམ་ལྡན་འདས་གནས་གཙང་མ་ན་བཞུགས་པ་ན་ཕྱག་དང་། བསྟོད་པས་བཀུར་སྟི་བྱེད་པས་ཕན་ཚུན་སྨྲ་བར་བྱེད་པ་ཡིན་ནོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མངོན་དུ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་
ཤེས་པ་བཞིན་དུ། བསམ་གཏན་དང་པོའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མངོན་དུ་བྱེད་པ་དེའི་ཕྱིར་དེ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་དགེ་བ་དང་ཉོན་མོངས་པ་ཅན་མེད་ཅེ་ན། དེའི་ཕྱིར་དེ་དག་ཏུ་སྐྱེས་
པ་ནི་ཞེས་བྱ་བ་སྨོས་སོ། །དེ་ལྟ་བུ་ཞེས་བྱ་བ་ནི། དགེ་བ་དང་ཉོན་མོངས་པ་ཅན་གྱི་རང་བཞིན་མངོན་དུ་བྱེད་པའི་རྒྱུ་སྨྲས་པ་དམན་པའི་ཕྱིར་དགེ་བ་མངོན་དུ་མི་བྱེད་ལ། སྤངས་པའི་ཕྱིར་ཉོན་མོངས་པ་ཅན་མངོན་དུ་མི་བྱེད་དོ། །སྔ་མ་ཁོ་ན་བརྗོད་དོ་ཞེས་བྱ་བ་ནི་ཕྱིའི་འབྱུང་བ་ཆེན་པོ་རྒྱུར་བྱས་
པའོ། །གང་ཕྱིར་ཀུན་སློང་མེད་ཅེས་བྱ་བ་ནི། འདིས་ཀུན་ནས་སློང་བར་བྱེད་པས་ན་ཀུན་སློང་ངོ་། །ཚངས་པའི་འཇིག་རྟེན་ཡན་ཆད་ན་རྣམ་པར་རིག་བྱེད་ཇི་ལྟར་ཡོད་པ་མ་ཡིན་པ་དེ་བསྟན་པ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདོད་པའི་ཁམས་ན་བསྒྲིབས་ལ་ལུང་དུ་
མ་བསྟན་པ་ཇི་ལྟར་ཡོད་པ་མ་ཡིན་པ་དེ་བསྟན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཞེས་བྱ་བ་སྨོས་ཏེ། གང་ཡང་རུང་བ་ཞིག་མ་ཚང་བས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ལ། མཐོང་བས་སྤང་བར་བྱ་བ་ནི་ཁ་ནང་དུ་

བལྟས་ནས་འཇུག་པའི་ཕྱིར་རྣམ་པར་རིག་བྱེད་ཀུན་ནས་སློང་བར་མི་ནུས་སོ། །བསྒོམ་པས་སྤང་བར་བྱ་བ་ནི་ཁ་ཕྱིར་བལྟས་ཏེ་འཇུག་པའི་ཕྱིར་ནུས་ན་འདོད་པའི་ཁམས་ན་ནི་བསྒོམ་པས་སྤང་བར་བྱ་བ་བསྒྲིབས་པ་ཡོད་པ་ཡང་མ་ཡིན་ཏེ། འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལས་མ་གཏོགས་པའི་
བསྒྲིབས་ལ་ལུང་དུ་མ་བསྟན་པ་གཞན་མེད་པའི་ཕྱིར་ལ། དེ་ཉིད་ཀྱང་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་གྱི་གོང་ན་རྟོག་པ་དང་དཔྱོད་པ་དག་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་དང་བྲལ་བའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་རྣམ་པར་རིག་
བྱེད་མེད་ལ། འདོད་པའི་ཁམས་ན་བསྒྲིབས་པ་ཡང་མེད་དོ། །འདོད་པའི་ཁམས་ནས་ཀུན་ནས་སློང་བ་མེད་པས་བསྒྲིབས་པ་མེད་དོ་ཞེས་བྱ་བས་རྣམ་པར་དཔྱོད་པ་སྐྱེས་པས་དྲི་བ་ནི་ཡང་ཀུན་ནས་སློང་བའི་དབང་ཁོ་ནས་ཆོས་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཐར་པ་དམ་པའི་དོན་དུ་
དགེ །ཞེས་བྱ་བས་ནི་དོན་གྱི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་སློང་བས་དགེ་བ་ནི་ཀུན་རྫོབ་ཏུ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་གཅིག་ཏུ་ཤིན་ཏུ་དགེ་བ་མ་ཡིན་ཏེ། འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་དག་གི་བདེ་བ་མ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་རྒྱས་
པར་འབྱུང་བས་ནི་འདིར་དགེ་བའི་དོན་ནི་བདེ་བའི་དོན་ཡིན་ནོ་ཞེས་སྟོན་ཏོ། །གཞན་ནི་དམ་པ་ཡང་དེ་ཡིན་ལ་དོན་ཡང་ཡིན་པས་ན་དམ་པའི་དོན་ཏོ། །དམ་པ་ཞེས་བྱ་བ་ནི་མཐར་ཐུག་པ་སྟེ། ཕུལ་དུ་དབྱུང་དུ་མེད་དོ་སྙམ་དུ་བསམས་པའོ། །དོན་ནི་རྫས་དང་དངོས་པོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་
བསྟན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ནི་དགེ་བའི་དོན་གྱི་བོགས་དབྱུང་དུ་མེད་པའི་རྫས་ཡིན་ལ། དེ་ནི་བརྟག་པའི་ཕྱིར་དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ཞེས་ཟེར་རོ། །རྩ་བ་ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་རྩ་བ་གསུམ་དང་ངོ་ཚ་དང་ཁྲེལ་
ཡོད་པ་ནི་རང་གི་ངོ་བོ་དགེ་བ་ཡིན་ཏེ། རྣམ་པར་ཤེས་པ་དང་། ཚོར་བ་ལ་སོགས་པ་ལྟར་གཞན་དང་མཚུངས་པར་ལྡན་པ་ལ་མི་ལྟོས་པའི་ཕྱིར་དང་ལུས་དང་ངག་གི་ལས་ལྟར་ཀུན་ནས་སློང་བ་ལ་མི་ལྟོས་པའི་ཕྱིར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། གང་ཞིག་མཚུངས་པར་ལྡན་པ་དང་། ཀུན་

ནས་སློང་བའི་དབང་གིས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་དབྱེ་བས་ཐ་དད་པར་མི་འགྱུར་བ་དེ་ནི་རང་གི་ངོ་བོས་དགེ་བ་དང་མི་དགེ་བ་ཡིན་ནོ། །དེ་དག་དང་མཚུངས་པར་མི་ལྡན་པ་རྣམས་ལ་དགེ་བ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བའི་རྩ་བ་ལ་སོགས་པ་དག་དང་མཚུངས་
པར་མི་ལྡན་པའི་སེམས་ལས་བྱུང་བ་རྣམས་ལ་དགེ་བ་ཉིད་མེད་པའི་ཕྱིར་དེ་དག་དང་མཚུངས་པར་ལྡན་པ་ལས་དགེ་བ་ཉིད་དུ་གྲུབ་བོ། །དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆོས་དེ་དག་ཁོ་ནས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་དང་
མཚུངས་པར་ལྡན་པ་བསྡུའོ། །ཐོབ་པ་རྣམས་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་བྱ་བ་སོགས་པ་རྣམས་ཀུན་ནས་སློང་བས་དགེ་བ་ཉིད་ཡིན་ན། དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཀུན་ནས་བསླང་བའི་ཐོབ་པ་རྣམས་དགེ་བ་ཉིད་དུ་མི་འགྱུར་ཏེ། འདི་ལྟ་སྟེ། ཐེ་ཚོམ་གྱིས་དགེ་བའི་
རྩ་བའི་ཉིང་མཚམས་སྦྱོར་བ་དང་། ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་ཚེ་དགེ་བའི་ཆོས་ཀྱི་ཐོབ་པ་རྣམས་སོ། །དེ་རྣམས་ནི་དོན་དམ་པ་འམ་ངོ་བོ་ཉིད་དམ། མཚུངས་པར་ལྡན་པའི་སྒོ་ནས་དགེ་བ་ཉིད་ཡིན་པར་མི་རིགས་ཏེ། དེ་རྣམས་མྱ་ངན་ལས་འདས་པ་ལ་སོགས་པའི་རང་བཞིན་མ་ཡིན་
པའི་ཕྱིར་ལ། དོན་དམ་པ་དང་། ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་སློང་བས་དགེ་བ་རྣམས་ཀྱང་ཡོངས་སུ་ཆད་པའི་ཕྱིར་རོ། །དེའི་ཕྱིར་ཐོབ་པ་དེ་རྣམས་ཇི་ལྟར་དགེ་བ་ཡིན་པ་འདི་བརྗོད་དགོས་སོ། །འདི་ལ་ལན་ནི། དེ་རྣམས་ནི་སྐལ་བ་མི་མཉམ་པའི་སེམས་ལ་སྐྱེ་བའི་རྐྱེན་ཉིད་དུ་
ལྟོས་པ་ཡིན་གྱི་དགེ་བ་ལ་སོགས་པའི་ངོ་བོར་ནི་མ་ཡིན་ནོ་ཞེས་སྨྲའོ། །གལ་ཏེ་ཀུན་ནས་སློང་བ་དང་མཚུངས་པར་ལྡན་པའི་དབང་གིས་དགེ་བ་ལ་སོགས་པའི་ངོ་བོར་མི་འདོད་ན་ནི་དེས་ན་འོ་ན་དགེ་བ་རྣམ་པ་གཉིས་ཁོ་ན་ཁས་བླང་བར་བྱ་སྟེ། དོན་དམ་པ་དང་། ངོ་བོ་ཉིད་དོ། །འདི་ལ་ལན་ནི། དེ་དག་མ་འོངས་པའི་
གནས་སྐབས་ཉིད་ན་དགེ་བ་ཡིན་ལ། ཉོན་མོངས་པ་ཅན་གྱིས་ནི་དེ་དག་གིས་ཐོབ་པའི་གེགས་སེལ་བར་བྱེད་ཀྱི། དེ་དག་དགེ་བ་ཉིད་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་རྟག་ཏུ་རང་བཞིན་གྱིས་དགེ་བ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་ཁྱིམ་གང་ཡིན་ཞེས་སྨྲས་པ་དང་། གང་ན་བྱ་རོག་འདུག་པའོ་ཞེས་སྨྲ་སྟེ།

ཁྱིམ་ནི་བྱ་རོག་གིས་བྱེད་པ་མ་ཡིན་གྱིས། འདི་ནི་ཉེ་བར་མཚོན་པ་ཙམ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ་ཞེས་འདེབས་པར་བྱེད་དོ། །སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི། འདི་ལ་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཡིན་ཏེ། རང་བཞིན་ཡོད་པས་སྡུག་
བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་དོ། །དེའི་ངོ་བོས་འཁོར་བ་ནི་དོན་དམ་པར་མི་བདེ་བ་ཡིན་ཏེ། མི་དགེ་བའི་དོན་ནི་མི་བདེ་བའི་དོན་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་དོ། །སྡུག་
བསྔལ་ཐམས་ཅད་ནི་སྡུག་བསྔལ་གསུམ་ཡིན་ལ་འཁོར་བ་ཡང་དེ་དག་འཇུག་པའི་བདག་ཉིད་ཡིན་ནོ། །ནད་དང་མི་འཕྲོད་པའི་སྨན་ལ་སོགས་པ་དཔེར་བྱའོ་ཞེས་བྱ་བ་ལ་འཁོར་བ་ནི་མཆོག་ཏུ་མི་བདེ་བ་ཡིན་པའི་ཕྱིར་ནད་ཀྱིས་དཔེར་བརྗོད་པར་བྱའོ། །ཆགས་པ་ལ་སོགས་པ་དག་ནི་ངོ་བོ་ཉིད་ཀྱིས་མི་བདེ་བ་ཡིན་ཏེ།
དེའི་ཕྱིར་ཆགས་པ་ལ་སོགས་པ་དག་ནི་མི་འཕྲོད་པའི་སྨན་གྱིས་དཔེར་བརྗོད་པར་བྱའོ། །ཆགས་པ་ལ་སོགས་པ་དེ་དག་དང་མཚུངས་པར་ལྡན་པ་དེ་དག་གི་ངོ་བོ་མ་ཡིན་པས་མཚུངས་པར་ལྡན་པ་དག་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བས་དཔེར་བརྗོད་པར་བྱའོ། །ལུས་དང་ངག་གི་ལས་དང་། སྐྱེ་བ་ལ་
སོགས་པ་དེ་དག་གིས་ཀུན་ནས་བསླང་བ་རྣམས་ནི་ཀུན་ནས་སློང་བས་མི་བདེ་བ་ཡིན་གྱི་ངོ་བོ་དང་མཚུངས་པར་ལྡན་པས་མ་ཡིན་པས་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མས་དཔེར་བརྗོད་པར་བྱའོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཁོར་བ་དོན་དམ་པར་མི་དགེ་བ་ཡིན་ལ།
འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཅུང་ཟད་ཀྱང་ལུང་དུ་མ་བསྟན་པ་འམ་དགེ་བར་མི་འགྱུར་ལ། ཟག་པ་མེད་པ་ཁོ་ན་ལུང་དུ་མ་བསྟན་པ་འམ་དགེ་བར་ཐལ་བར་འགྱུར་རོ་ཞེ་ན། དོན་དམ་པར་དེ་དེ་སྐད་དུ་བཤད་ཀྱི་དགོངས་པ་ནི་མཚན་ཉིད་ཀྱིས་ཟག་པ་དང་བཅས་པ་
དགེ་བ་དང་མི་དགེ་བར་ལུང་དུ་མ་བསྟན་པ་ཉིད་ཡིན་ནོ། །རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ནི་དགེ་བའོ། །ཡིད་དུ་མི་འོང་བ་ཅན་ནི་མི་དགེ་བའོ། །རྣམ་པར་སྨིན་པ་མེད་པ་ནི་ལུང་དུ་མ་བསྟན་པ་སྟེ། རྣམ་པར་སྨིན་པ་བདེ་བ་དང་བདེ་བ་ཅན་མ་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པའི་ཕྱིར་བརྡ་མི་

སྤྲོད་པའི་ཕྱིར་ལུང་དུ་མ་བསྟན་པའོ། །དོན་དམ་པར་ལུང་དུ་མ་བསྟན་པ་བརྟེན་པ་དག་ཅེས་བྱ་བ་ནི། རྣམ་གྲངས་མེད་པར་ལུང་དུ་མ་བསྟན་པ་དག་ཡིན་ཏེ། དགེ་བ་དང་མི་དགེ་བའི་མཚན་ཉིད་བཞི་དང་བྲལ་བའི་ཕྱིར་རོ། །ཅི་སྟེ་འབྱུང་བ་ཆེན་པོ་དག་ཅེས་བྱ་བ་ནི་
དགེ་བ་དང་མི་དགེ་བ་ཉིད་མ་ཡིན་ཏེ། ལས་ཀྱི་རྟེན་འབྱུང་བ་རྣམས་ཀྱང་སེམས་གཅིག་གིས་ཀུན་ནས་བསླངས་པའི་ཕྱིར་ལུས་དང་ངག་གི་ལས་བཞིན་དུ་དགེ་བ་དང་མི་དགེ་བ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་སོ། །བྱེད་པ་པོ་ནི་ལས་ལ་སེམས་པ་ཡིན་གྱི་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ་ཞེས་བྱ་
བ་འབྱུང་སྟེ། འགའ་ཡང་འབྱུང་བ་རྣམས་བྱའོ་སྙམ་སྟེ། དགེ་བ་དང་མི་དགེ་བའི་སེམས་མངོན་དུ་བྱེད་པ་མ་ཡིན་གྱིས། འོ་ན་ཅི་ཞེ་ན། ལུས་དང་ངག་གི་རྣམ་པར་རིག་བྱེད་བྱའོ་སྙམ་དུའོ། །གལ་ཏེ་བསམ་པའི་དབང་གིས་དགེ་བ་དང་མི་དགེ་བ་ཉིད་ཡིན་གྱི་ཀུན་ནས་སློང་བ་ཙམ་
གྱིས་མ་ཡིན་ན། མཉམ་པར་གཞག་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མཉམ་པར་གཞག་པ་ནི་འདི་སྙམ་དུ་རྣམ་པར་རིག་བྱེད་མ་ཡིན་པར་བྱའོ་སྙམ་དུ་མི་སེམས་སོ། །མཉམ་པར་མ་བཞག་པའི་གནས་སྐབས་ན་བསམ་པ་ཡོད་དོ་ཞེ་ན། དེའི་ཕྱིར་མཉམ་པར་མ་བཞག་པའི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ས་འོག་མ་པའི་སྦྱོར་བའི་སེམས་དེ་ནི་ས་གོང་མའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་པ་ཡིན་པར་མི་རུང་ངོ་། །གལ་ཏེ་སྦྱོར་བའི་སེམས་ཀྱི་དབང་གིས་རྣམ་པར་རིག་བྱེད་མ་ཡིན་པ་དགེ་བ་ཉིད་དུ་འདོད་ན་ནི། དེ་ལྟ་ན་ལྷའི་མིག་དང་རྣ་བ་
དག་ཀྱང་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སྦྱོར་བའི་དུས་ན་དེ་དག་སེམས་པ་ཡོད་པས་སོ། །འདི་ལ་འབད་པར་བྱ་དགོས་སོ་ཞེས་བྱ་བ་ནི། འདིར་ཉེས་པ་འདིར་ཐལ་བར་འགྱུར་བ་བདེན་མོད་ཀྱི་འདི་ལ་ལན་གྱི་ཕྱིར་འབད་པར་བྱ་དགོས་སོ། །གཞན་དག་ནི་ལན་དུ་ལུས་དང་
ངག་གི་ལས་དག་ནི་ནམ་ཡང་སེམས་མེད་པར་མ་མཐོང་སྟེ། དེའི་ཕྱིར་དེ་ནི་སེམས་ཀྱི་དབང་གིས་དགེ་བ་ལ་སོགས་པའི་ངོ་བོར་འབྱུང་བ་རྣམས་ནི་སེམས་ལ་ལྟོས་ཏེ། འབྱུང་བ་མ་ཡིན་ཏེ་དེ་རྣམས་ནི་སེམས་མེད་ཀྱང་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ནི་མིག་ལ་སོགས་

པ་བཞིན་དུ་སེམས་ཀྱི་དབང་གིས་དགེ་བ་ལ་སོགས་པ་མི་དབྱེའོ་ཞེས་སྨྲ་སྟེ། དེ་ལྟ་ན་ནི་འོ་ན་སྐྱེ་བ་ལ་སོགས་པ་དང་། ཐོབ་པ་ལ་སོགས་པ་རྣམས་ཀྱང་ཀུན་ནས་སློང་བས་དགེ་བ་ཉིད་དུ་མི་འགྱུར་ཏེ། དེ་དག་གི་དོན་དུ་མི་འཇུག་པའི་ཕྱིར་དང་། སེམས་མེད་པ་རྣམས་ལ་ཡང་
འབྱུང་བའི་ཕྱིར་རོ། །འདི་ལ་ལན་ནི་སྐྱེ་བ་ལ་སོགས་པ་དང་། ཐོབ་པ་ལ་སོགས་པ་ནི་བདག་ཉིད་ཀྱི་དགེ་བ་ལ་སོགས་པ་ཉིད་མ་ཡིན་གྱིས། འོ་ན་ཅི་ཞེ་ན། ཆོས་ཀྱི་དབང་གིས་དགེ་བ་ལ་སོགས་པར་རྣམ་པར་གཞག་ལ། འབྱུང་བ་ཆེན་པོ་རྣམས་ནི་བདག་ཉིད་ཀྱིས་ལུང་
དུ་མ་བསྟན་པ་ཉིད་ཡིན་ན། འདི་ལ་མཚུངས་པ་ཅི་ཡོད། དེ་ལྟར་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་མ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་དང་ལྷན་ཅིག་སྐྱེ་བའི་ཕྱིར་དང་དེ་ཡང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །དེ་དག་གི་སྦྱོར་བ་ཡང་སྒྲ་དང་སྣང་བ་ཡིད་ལ་བྱེད་པ་ཡིན་
པས་དེ་དག་སྦྱོར་བའི་དབང་གིས་དགེ་བ་ཉིད་མ་ཡིན་ནོ་ཞེས་སྨྲའོ། །ལོག་པར་ལྟ་བ་དེ་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལོག་པར་ལྟ་བ་མཐོང་བས་སྤང་བར་བྱ་བ་ནི་ལུས་དང་ངག་གིས་རྣམ་པར་རིག་བྱེད་ཀྱི་ངོ་བོ་ལོག་པའི་ངག་དང་ལས་ཀྱི་མཐའ་གཉིས་ཀྱིས་ཀུན་ནས་སློང་བ་
ཉིད་དུ་གསུངས་པས་བསྒོམ་པས་སྤང་བར་བྱ་བ་ཁོ་ནས་རྣམ་པར་རིག་བྱེད་ཀུན་ནས་སློང་གི །མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ་ཞེས་གང་བཤད་པ་དེ་ནི་འདི་དང་འགལ་བར་འགྱུར་རོ། །རྒྱུ་དང་ནི་དེའི་དུས་ཀྱི་ཀུན་སློང་བ་ཞེས་བྱ་བ་ལ་སོགས་པ་འདིས་ཀུན་ནས་སློང་བས་ན་ཀུན་ནས་སློང་
བའོ། །རྒྱུ་ཉིད་ཀུན་ནས་སློང་བ་ཡིན་པ་ནི་ཀུན་ནས་སློང་བ་སྟེ། རྒྱུ་ཡང་དེ་ཡིན་ལ་ཀུན་ནས་སློང་བ་ཡང་ཡིན་པས་ན་རྒྱུའི་ཀུན་ནས་སློང་བའོ། །བྱ་བའི་དུས་དེ་ཉིད་དེའི་དུས་ཏེ། དེའི་དུས་སུ་ཀུན་ནས་སློང་བའོ། །དེ་ཉིད་ཀྱི་ཕྱིར་དེའི་དུས་ཁོ་ནར་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །
འཕེན་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། རྒྱུན་མཐའ་དག་བསྐྱེད་པའི་རྒྱུ་ཉིད་དུ་གནས་པའི་ཕྱིར་རོ། །བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ཞིང་སྐྱེ་བའི་དུས་སུ་དེ་ལ་ཕན་འདོགས་པའི་ཕྱིར་རོ། །གལ་ཏེ་དེའི་དུས་

ཀྱིས་ཀུན་ནས་སློང་བ་སྐྱེད་པར་བྱེད་པ་མ་ཡིན་ན་ནི། དེ་ནི་རྣམ་པར་རིག་བྱེད་ཀྱིས་བྱ་བ་དེ་ལ་དེའི་དུས་ཀྱི་ཀུན་ནས་སློང་བ་དེའི་ནུས་པ་ཅི་ཞིག་ཡོད། འཕངས་སུ་ཟིན་ཀྱང་དེ་མེད་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི། རྒྱུའི་ཀུན་ནས་སློང་བས་
སྐྱེད་དུ་ཟིན་ཀྱང་སྟེ། དཔེར་ན་འགའ་ཞིག་གིས་གྲོང་དུ་འགྲོ་བར་བྱའོ་སྙམ་དུ་བྱ་བ་འཕངས་པ་ལ་བར་དུ་ཆོད་ན་དེ་ལ་རྗེས་སུ་འཇུག་པར་མི་ནུས་པས་འགྲོ་བར་མི་འགྱུར་བ་དེ་དང་འདྲའོ། །འོ་ན་སེམས་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེའི་དུས་ཀྱི་ཀུན་ནས་སློང་བ་
མེད་ན་ཤི་བ་བཞིན་ཏེ་ཡོད་པར་མི་འགྱུར་ན་ནི་བསྙེན་པར་རྫོགས་པའི་དུས་སུ་དགེ་འདུན་ལ་དགེ་སློང་གི་དངོས་པོར་གསོལ་བ་བཏབ་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའི་ལུས་ཀྱི་རྣམ་པར་རིག་བྱེད་ངག་གི་རྣམ་པར་རིག་བྱེད་སྔར་འཕངས་པ་ནི་ལས་
བརྗོད་པའི་མཇུག་གི་དུས་སུ་སྡོམ་པ་སྐྱེ་བའི་ཚེ་དེའི་དུས་ཀྱི་ཀུན་ནས་སློང་བ་མེད་པར་ཇི་ལྟར་འབྱུང་ཞེ་ན། འོ་ན་ནི་སེམས་དང་བཅས་པ་ལ་ཆེས་གསལ་བ་ཡིན་པས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་བྱས་ན་དགྲ་བཅོམ་པ་ལ་ཡང་སོ་སོར་ཐར་པའི་སྡོམ་པ་ཆུང་ངུ་ཡོད་པར་འགྱུར་
རོ། །མཐོང་བས་སྤང་བའི་རྣམ་ཤེས་ནི། །ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ཁོ་ནས་རབ་ཏུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །ཇི་ལྟར་རབ་ཏུ་འཇུག་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་དེ་ཀུན་ནས་སློང་བར་
བྱེད་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ཅི་ཞེ་ན། མཐོང་བས་སྤང་བར་བྱ་བའི་སེམས་དང་། ལུས་དང་ངག་གི་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་། དཔྱོད་པ་དག་གི་གཞིར་གྱུར་པའི་ཕྱིར་ཀུན་ནས་སློང་བ་ཞེས་བྱ་བ་སྟེ། དངོས་
སུ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །རྗེས་སུ་འཇུག་པར་བྱེད་པའི་ཕྱིར་རོ། །ཅི་ཞེ་ན། མཐོང་བས་སྤང་བར་བྱ་བའི་སེམས་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁ་ཕྱིར་བལྟས་པའི་བྱ་བའི་དུས་ན་དེ་མེད་པའི་ཕྱིར་ཏེ། མཐོང་བས་སྤང་བར་བྱ་བའི་རབ་ཏུ་འཇུག་པར་བྱེད་པ་མེད་

པའི་ཕྱིར་རོ། །རྗེས་སུ་འཇུག་པར་བྱེད་པ་གང་ཡིན་པ་དེ་ནི་སེམས་ཁ་ཕྱིར་བལྟས་པ་ལ་ཡོད་ན། མཐོང་བས་སྤང་བར་བྱ་བའི་སེམས་ནི་རྟག་ཏུ་ཁ་ནང་དུ་བལྟས་ཏེ། འཇུག་པའི་ཕྱིར་བྱ་བའི་དུས་ཡིན་པར་ག་ལ་འགྱུར། དེའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་མ་ཡིན་ནོ། །དེས་
ཀུན་ནས་སློང་བའི་ཞེས་བྱ་བ་ལ་སོགས་པ་ནི་དེའི་དུས་ཀྱིས་ཀུན་ནས་སློང་བའི་དབང་དུ་བྱས་ནས་བརྗོད་པ་ཡིན་གྱི། རྒྱུའི་ཀུན་ནས་སློང་བ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། གལ་ཏེ་མཐོང་བས་སྤང་བར་བྱ་བ་དེ་ཡང་རྗེས་སུ་འཇུག་པར་བྱེད་པ་ཡིན་ན་ནི་དེའི་ཕྱིར་མཐོང་བས་སྤང་
བར་བྱ་བའི་རྗེས་སུ་འཇུག་པ་དེས་ཀུན་ནས་སློང་བའི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་གང་ཡིན་པ་དེ་ཡང་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་ན། འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་རྗེས་སུ་འཇུག་པ་མེད་དོ། །ཅིར་འགྱུར་ཞེས་བྱ་བ་
ནི། གལ་ཏེ་གཟུགས་མཐོང་བས་སྤང་བར་བྱ་བར་འགྱུར་ན་སྐྱོན་ཅིར་འགྱུར། ཆོས་མངོན་པ་ལ་གནོད་པར་འགྱུར་ཏེ། ཆོས་མངོན་པ་ལས། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་སྨིན་སྐྱེས་མིན། །ཞེས་བསྟན་པའི་ཕྱིར་རོ། །འཐད་པ་ཡང་བཤད་
པ་ནི། གཟུགས་ནི་རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་རོ་ཞེས་པའོ། །ཅི་མ་ཡིན་ཞེ་ན། གཟུགས་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །འདི་ལྟར་གཟུགས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལྟར་རིག་པ་མཐོང་བའི་ལམ་དང་མི་འགལ་ཏེ། བདེན་པ་
མཐོང་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །མ་རིག་པ་དང་འགལ་བ་ཡང་མ་ཡིན་ཏེ། དེ་ཀུན་ཏུ་འབྱུང་བའི་གནས་སྐབས་ན་ཟག་པ་མེད་པའི་ལམ་ལྟར་མ་རིག་པ་མི་འབྱུང་བ་ནི་མ་ཡིན་ཏེ། དེའི་ཕྱིར་མ་རིག་པ་དང་ཡང་མི་འགལ་
ལོ། །དེའི་ཕྱིར་འདི་ནི་ཟག་པ་མེད་པ་ལྟར་སྤང་བར་བྱ་བ་མ་ཡིན་པ་མ་ཡིན་པ་ཡང་མ་ཡིན་ནོ། །གལ་ཏེ་སྤང་བྱ་མ་ཡིན་པ་ཡང་མ་ཡིན་ལ། མཐོང་བས་སྤང་བར་བྱ་བ་ཡང་མ་ཡིན་ན་ནི་ལྷག་མར་གྱུར་པས་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཕྱོགས་འདི་བསྒྲུབ་པར་བྱ་

བ་ཡིན་ནོ་ཞེས་བྱ་བ་ལ་གང་ཞེ་ན། གཟུགས་རིག་པ་དང་མི་འགལ་ལོ་ཞེས་བྱ་བ་སྟེ། གང་ཞིག་གཟུགས་མཐོང་བས་སྤང་བར་བྱ་བར་འདོད་པ་དེ་ཇི་ལྟར་གཟུགས་རིག་པ་དང་མི་འགལ་བར་འཛིན་པར་འགྱུར། འདི་ལྟར་བདེན་པ་མཐོང་བ་ལ་ངན་སོང་བའི་
ལུས་དང་ངག་ཀུན་དུ་འབྱུང་བ་མེད་དེ། དེའི་ཕྱིར་གཟུགས་ནི་མཐོང་བས་སྤང་བར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསྒྲུབ་པར་བྱ་བ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བར་གཞན་གྱི་ཕྱོགས་གསལ་བར་བྱ་བའི་ཕྱིར། འབྱུང་བ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་
ཉིད་ལ་རྒྱུ་སྨོས་པ་ནི་སེམས་མཚུངས་པས་བསླང་བའི་ཕྱིར་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བའི་སེམས་གང་གིས་གཟུགས་དེ་བསླང་བ་དེ་ཉིད་ཀྱིས་དེའི་རྟེན་འབྱུང་བ་རྣམས་ཀྱང་བསླང་བ་ཡིན་ནོ། །དེ་ལྟར་ན་ནི་མི་འགྱུར་ཏེ་ཞེས་བྱ་བ་ནི། ཇི་ལྟར་དགེ་བ་དང་མི་དགེ་བའི་སེམས་ཀྱིས་
ཀུན་ནས་བསླང་བའི་གཟུགས་ཁོ་ན་དགེ་བ་དང་མི་དགེ་བ་ཡིན་གྱི། དེའི་རྟེན་འབྱུང་བ་རྣམས་ནི་མ་ཡིན་པ་དེ་བཞིན་དུ་མཐོང་བས་སྤང་བར་བྱ་བའི་སེམས་ཀྱིས་ཀུན་ནས་བསླངས་པའི་གཟུགས་ཁོ་ན་མཐོང་བས་སྤང་བར་བྱ་བར་འགྱུར་གྱི། དེའི་རྟེན་འབྱུང་བ་ནི་མ་ཡིན་ནོ། །ཡང་
ན་གཟུགས་ལྟར་འབྱུང་བ་རྣམས་ཀྱང་མཐོང་བས་སྤང་བར་བྱ་བར་འགྱུར་མོད། ཁོ་བོ་ཅག་ལ་ཅི་གནོད། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་ཞེས་བྱ་བ་ལ་ནི་ཐོབ་པ་གཅོད་པའི་
འགལ་བའི་སྒོ་ནས་ནི་རིག་པ་མཐོང་བའི་ལམ་དང་འགལ་བར་འགྱུར་བ་ཞིག་སྟེ། དཔེར་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་བཞིན་ནོ། །ལམ་བཞིན་དུ་མ་རིག་པ་དང་འགལ་བ་ཡང་མ་ཡིན། འབྱུང་བ་ཆེན་པོ་རྣམས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ།
དེ་རྣམས་ཀྱང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྒོལ་བ་བཀོད་དེ་མཐོང་བས་སྤང་བར་བྱ་བའི་རྣམ་པར་ཤེས་པ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ལན་རབ་ཏུ་བཞག་ནས་མཇུག་སྡུད་པར་བྱེད་པ་ནི་དེ་ལྟ་བས་ན་མདོ་ལས་རྒྱུའི་ཀུན་ནས་སློང་བའི་

དབང་དུ་མཛད་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལོག་པར་ལྟ་བ་དེ་ལས་ནི་ལོག་པར་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་ཞེས་གང་གསུངས་པ་དེ་དང་འགལ་བ་མེད་དོ། །ཡིད་ནི་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་
རྣམ་པར་གཅོད་པའོ། །བསྒོམ་པས་སྤང་བར་བྱ་བ་ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བ་དང་། ཟག་པ་མེད་པ་ལས་རྣམ་པར་གཅོད་པ་སྟེ། མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་གྱི་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །ཟག་པ་མེད་པ་ནི་
གཉིས་ཀ་མ་ཡིན་ནོ་ཞེས་བྱ་བ་ལ། ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་གྱི་རབ་ཏུ་འཇུག་པར་བྱེད་པ་ནི་མ་ཡིན་ཏེ། དཔྱོད་པར་མི་ནུས་པའི་ཕྱིར་རོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་ནོ་ཞེས་བྱ་བ་ནི། མཉམ་པར་གཞག་པའི་ཕྱིར་དང་། ཁ་ནང་དུ་བལྟས་པའི་ཕྱིར་
དང་འཇུག་པ་དང་འགལ་བའི་ཕྱིར་རོ། །དམན་པར་འགྱུར་བ་མ་ཡིན་ཞེས་བྱ་བ་ནི་མི་མཉེས་པ་དང་མི་བསྡད་པའོ། །དགེ་བའི་རྒྱུད་གཅིག་པ་ཞེས་བྱ་བ་ནི་དགེ་བར་རྒྱུད་གཅིག་པའོ། །མདོ་ལས་ཀྱང་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་མཛད་ནས་ཞེས་བྱ་བར་སྟོན་
ཏོ། །འདི་ལ་ངན་པ་མི་མངའ་བས་ན་གླང་ཆེན་ནོ། །ངན་པ་ནི་ཉེས་པའོ། །དེ་སྐད་དུ་ནི་མདོ་ཉིད་ལས་སྐུ་དང་གསུང་དང་ཐུགས་ཀྱིས་ངན་པར་མི་མཛད་དེ། དེ་ལྟ་བས་ན་གླང་པོ་ཆེ་ཞེས་བྱའོ་ཞེས་གསུངས་སོ། །དེའི་ཕྱིར་ཚིགས་སུ་བཅད་པ་འདིས་ནི་སྤྱོད་ལམ་བཞི་ཆར་ལ་དགེ་
བའི་ཐུགས་ལས་ལུང་དུ་མ་བསྟན་པའི་ཐུགས་འབྱུང་བ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏེ། མི་བཞེད་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ནི་མི་བཞེད་མི་དགོངས་བཞིན་དུ་མི་འགྲོ་བའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་གཞན་ལ་མི་འགྲོ་ཞེས་བྱ་
བའི་ཐ་ཚིག་གོ། །མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། མངོན་པར་འདུ་བྱ་བ་མེད་པར་འཇུག་པས་ན་མངོན་པར་འདུ་བྱ་བ་མེད་པར་འཇུག་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེའི་ཕྱིར་རོ། །འབད་པ་མེད་པར་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །འདི་ན་ཡང་

བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི། འདོད་པའི་ཁམས་ན་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ཀུན་ནས་སློང་བའི་དབང་གིས་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་
ཏེ། དེ་ལྟར་ན་འདོད་པ་ན་ཡང་བསྒྲིབས་པ་མེད་ཅེས་གང་སྨྲས་པ་དེ་དང་འགལ་བར་འགྱུར་རོ། །ཡང་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ་སྙམ་དུ་གཞན་གྱི་བསམ་པ་ལ་ལྟོས་ནས་ཡང་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཅེས་བྱ་བ་རྒྱས་
པར་སྨྲས་ཏེ། འདི་སྐད་དུ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་ཞེས་བརྗོད་པར་བྱའོ། །གལ་ཏེ་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་ཞེ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟར་ན་དགེ་བའི་སེམས་ཀྱིས་རྣམ་པར་རིག་བྱེད་འཕངས་པ་ན་མི་དགེ་བ་དང་ལུང་
དུ་མ་བསྟན་པའི་སེམས་དང་ལྷན་ཅིག་འབྱུང་བས། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་གཞན་དུ་དཔྱད་པ་གཞན་ཉིད་དུ་འགྱུར་རོ། །རབ་ཏུ་འཇུག་པར་བྱེད་པ་བསྒོམ་པས་སྤང་བར་བྱ་བ་ཇི་ལྟ་བ་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲའི། རབ་ཏུ་འཇུག་
པར་བྱེད་པ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་བ་ནི་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པའི་ཕྱིར་ཞེས་བྱ་བ་སྟེ། གང་གི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་ལ། རབ་ཏུ་འཇུག་པར་བྱེད་པ་
བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པ་དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཇི་ལྟ་བ་དེ་ལྟར་རྣམ་པར་རིག་བྱེད་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ནི་མ་ཡིན་ནོ། །གང་ཟག་ལོག་པར་ལྟ་བ་འམ་བདག་ཏུ་ལྟ་བ་ཞིག་གཞན་དག་ལ་འཇིག་རྟེན་ཕ་རོལ་ཏུ་མེད་པ་འམ་བདག་ཡོད་
པར་སྟོན་པར་འདོད་པས་ངག་སྐྱེས་པར་བྱེད་པའི་སེམས་ཁ་ཕྱིར་བལྟས་པ་བསྒོམ་པས་སྤང་བར་བྱ་བ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པས་ཚིག་ཏུ་སྨྲ་བར་བྱེད་ཀྱི། ལྟ་བ་དང་མཚུངས་པར་ལྡན་པས་ནི་མ་ཡིན་པའི་ཕྱིར་ན་བར་དུ་ཆོད་པར་འགྱུར་རོ། །བསྒོམ་པས་སྤང་བར་

བྱ་བ་ནི་དངོས་སུ་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་ཡིན་པས་དེའི་དབང་ཁོ་ནས་རྣམ་པར་རིག་བྱེད་རྣམ་པར་གཞག་གོ། །འདིར་སྨྲས་པ། དངོས་དང་བརྒྱུད་པས་རྒྱུ་ཡི་ནི། །སློང་བྱེད་རྣམ་པ་གཉིས་སུ་འདོད། །མཐོང་སྤང་བརྒྱུད་པའི་སྒོ་ནས་ཏེ། །གཞན་ནི་དངོས་སུའང་
ཡིན་པར་འདོད། །འོ་ན་ནི་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་རྗེས་སུ་འཇུག་པའི་དབང་གིས་རྣམ་པར་རིག་བྱེད་དགེ་བ་ལ་སོགས་པ་ཉིད་ཡིན་ན་ནི་མདོ་ལས་རྒྱུའི་ཀུན་ནས་སློང་བ་ལ་དགོངས་ཏེ་གསུངས་ཀྱི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་འདི་བརྗོད་པར་རིགས་ན། གང་
གི་ཚེ་རྒྱུའི་ཀུན་ནས་སློང་བ་ལས་རྣམ་པར་རིག་བྱེད་དགེ་བ་ལ་སོགས་པ་ཉིད་ཡིན་ལ། རྒྱུའི་ཀུན་ནས་སློང་བ་ཡང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམ་པ་གཉིས་ཡིན་པ་དེའི་ཚེ་ནི། རྒྱུའི་ཀུན་ནས་སློང་བ་ལ་དགོངས་ཏེ་གསུངས་སོ་ཞེས་ཁྱད་པར་མེད་
པར་བརྗོད་པ་མི་རིགས་སོ། །དེ་ལྟར་ནི་འདོད་པ་ན་ཡང་བསྒྲིབས་པའི་རྣམ་པར་རིག་བྱེད་ཡོད་པར་འགྱུར་ཏེ། འདི་ལྟར་མཐོང་བས་སྤང་བར་བྱ་བའི་སེམས་རྒྱུའི་ཀུན་ནས་སློང་བ་ཡིན་པར་འགྱུར་རོ། །འདི་སྐད་དུ་ཞེས་བྱ་བ་ནི་བསྟན་བཅོས་མཛད་པའོ། །གཞན་གྱིས་ཆོད་པའི་ཞེས་བྱ་
བའི་མདོ་ལས། བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པའི་རྒྱུའི་ཀུན་ནས་སློང་བའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་མི་འགལ་ལོ། །ཞར་ལ་འོངས་པ་རྫོགས་སོ་ཞེས་བྱ་བ་ནི་ཞར་ལ་བྱུང་བ་རྫོགས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། ལས་རྣམས་ཀྱི་ས་དང་ཁམས་ཀྱི་ཞར་ལ་འོངས་
པའོ། །རྣམ་རིག་མིན་རྣམ་གསུམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གསུམ་ཞེས་བྱ་བ་མདོར་བསྟན་ནས། སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་བྱ་བས་རྣམ་པར་འགྲེལ་ཏོ། །སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །ཅེས་བྱ་བ་འབྱུང་སྟེ། དེ་ལ་ཉེས་པར་སྤྱོད་པ་དང་འདོད་པ་ལས་
དབེན་པ་ལ་སྤྱོད་པའི་གང་ཟག་གི་དབང་དུ་བྱས་ནས་སྡོམ་པ་དང་པོ་རྣམ་པར་གཞག་སྟེ། དེ་འདྲ་བ་དེས་ནི་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པའི་ཉེས་པར་སྤྱད་པ་དང་མི་ཚངས་པར་སྤྱོད་པ་ལས་ལྡོག་པར་ནུས་སོ། །གང་ཞིག་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་འབའ་ཞིག་

ཏུ་ཟད་པ་དེའི་དབང་དུ་བྱས་ནས་ནི་ཁྱིམ་པའི་སྡོམ་པ་ཇི་སྲིད་འཚོ་བ་ལ་གཉིས་ཏེ། དེ་ཉིད་ཀྱི་ཕྱིར་དེ་ནི་འདོད་པས་ལོག་པར་གཡེམ་པ་ལ་ལྡོག་པར་རྣམ་པར་གཞག་གི་མི་ཚངས་པར་སྤྱོད་པ་ལས་ནི་མ་ཡིན་ནོ། །གཉིས་ཀ་ལས་གཏན་དུ་དབེན་པ་ལ་གོམས་པ་དང་བྲལ་བ་ལ་ནི་རིམ་
གྱིས་དེ་གཉི་ག་ལ་གོམས་པར་བྱ་བའི་ཕྱིར་བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་པ་ཁོ་ན་རྣམ་པར་གཞག་གོ། །མཚན་ཉིད་སོ་སོར་ངེས་པའི་ཕྱིར་ཞེས་བྱ་བས་ནི་སྡོམ་པ་བཞི་སྟེ། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། ཐམས་ཅད་སྤོང་བ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །མཚན་འགྱུར་ན་དགེ་
སློང་མའི་སྡོམ་པ་གཏོང་ལ། དགེ་སློང་གི་སྡོམ་པ་འདོད་ཅེ་ན། དེའི་ཕྱིར་མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་སྟེ། བསླབ་པ་ཕུལ་བ་དང་འཆི་འཕོ་བ་དང་། མཚན་གཉིས་བྱུང་བ་ལ་སོགས་པ་ཡོད་པ་མ་ཡིན་ལ་ཞེས་བྱ་བ་སྨོས་ཏེ། བསླབ་པ་གཏོང་བའི་རྒྱུ་མེད་པར་ནི་བསླབ་པ་
གཏོང་བར་རིགས་པ་མ་ཡིན་ནོ། །སྔོན་མེད་པའི་སྡོམ་པ་ཐོབ་པར་ཐལ་བའི་རྒྱུ་གཞན་གྱི་རྣམ་པར་རིག་པར་བྱེད་པ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ། །མཚན་སྔ་མ་དང་ཕྱི་མ་གཏོང་བ་དང་བྱུང་བ་ཉིད་སྡོམ་པ་གཏོང་བ་དང་འཐོབ་པའི་རྒྱུར་རིགས་པ་ཡང་མ་ཡིན་ཏེ། སྡོམ་པ་མ་བླངས་པས་ཀྱང་མཚན་
འགྱུར་ན་སྡོམ་པ་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་སྡོམ་པ་བཞི་པོ་དེ་དག་ནི་གསུམ་པོ་ལས་རང་བཞིན་ཐ་མི་དད་དོ་ཞེས་བྱ་བ་ལ། བཞི་པོ་དག་ཅེས་བྱ་བ་ནི། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་བསྙེན་མའི་སྡོམ་པ་དག་སྟེ། སྡོམ་པ་
གསུམ་པོ་དགེ་སློང་དང་། དགེ་ཚུལ་དང་། དགེ་བསྙེན་གྱི་སྡོམ་པ་ལས་སོ། །ཅི་སྤོང་བའི་འཕེལ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། དགེ་བསྙེན་གྱི་སྡོམ་པ་ཁོ་ན་དུས་མ་ཡིན་པའི་ཁ་ཟས་ཟ་བ་ལས་ལྡོག་པ་ལ་སོགས་པ་དང་བཅས་པ་དགེ་ཚུལ་གྱི་སྡོམ་པར་གཞག་གམ། དགེ་སློང་གི་སྡོམ་པ་
ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དོང་ཙེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་དུ་ཞེས་བྱ་བ་ནི་ཟླ་བོ་མེད་པ་གང་ཞིག་ལ་སྔར་དོང་ཙེ་ཞེས་བརྗོད་པ་དེ་ཉིད་ལ་གཉིས་པ་དང་བཅས་པ་ལ་གཉིས་ཞེས་བྱ་བ་བཞིན་དུའོ། །འོན་ཏེ་དེ་དག་ཐམས་ཅད་ཐ་དད་པ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པའི་ངོ་བོར་

སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་དུས་མ་ཡིན་པའི་ཟས་ཟ་བ་ལ་སོགས་པ་སྤོང་བ་དག་སྟེ། དུས་མ་ཡིན་པའི་ཟས་ཟ་བ་ལ་སོགས་པ་ལས་ལྡོག་པ་དག་ནི་དགེ་ཚུལ་གྱི་སྡོམ་པར་གཞན་ཡིན་ལ། དགེ་སློང་གི་སྡོམ་པར་ཡང་གཞན་ཡིན་ནོ། །དེ་དག་
ལ་ཁྱད་པར་ཅི་ཡོད་ཅེས་བྱ་བ་ནི། སྤོངས་པར་མཚུངས་བཞིན་དུ་སྙམ་དུ་བསམས་པའོ། །དགེ་སློང་ལ་སོགས་པའི་སྡོམ་པས་བསྡུས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་ནི་གཞིའི་ཁྱད་པར་ལས་ཁྱད་པར་ཡོད་དེ། གཞིའི་ཁྱད་པར་ནི། མ་ཆགས་པ་དང་།
ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་ལ་བརྗོད་དོ། །རྒྱགས་པ་དང་བག་མེད་པའི་གནས་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། མྱོས་པར་འགྱུར་བའི་ཁུ་བའོ། །གཞན་དག་ན་རེ་རྒྱགས་པ་དང་བག་མེད་པའི་གནས་ཞེས་བྱ་བ་ནི། ཚུལ་
ཁྲིམས་འཆལ་བའི་གནས་སོ་ཞེས་སྨྲའོ། །དགེ་བསྙེན་ཡང་མ་ཡིན་པ་ཁོ་ན་ཞེས་བྱ་བ་ནི་འགལ་ན་ནི་དགེ་སློང་གི་སྡོམ་པ་བླངས་པས་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་གཉིས་དང་བྲལ་བའི་ཕྱིར་དགེ་སློང་གི་སྡོམ་པ་བཏང་བས་དགེ་བསྙེན་གྱི་སྡོམ་པ་མེད་པའི་ཕྱིར་དགེ་བསྙེན་མ་ཡིན་
པ་ཁོ་ནར་འགྱུར་ཏེ། དགེ་བསྙེན་གྱི་སྡོམ་པ་མེད་པའི་ཕྱིར་རོ། །འདི་ནི་འདོད་པ་ཡང་མ་ཡིན་ཏེ་འོ་ན་ཅི་ཞེ་ན། དགེ་སློང་གི་སྡོམ་པ་བཏང་བས་དགེ་ཚུལ་དང་། དགེ་ཚུལ་གྱི་སྡོམ་པ་བཏང་བས་དགེ་བསྙེན་དུ་འདོད་པ་ཡིན་ནོ། །ཡང་ཅིའི་ཕྱིར་དགེ་ཚུལ་ལ་གར་དང་། གླུ་དང་རོལ་མོ་
དང་སྤོས་དང་མེ་ཏོག་ཕྲེང་བ་དང་། བྱུག་པ་རྣམ་པ་གཉིས་སུ་བྱས་ལ། བསྙེན་གནས་ཀྱི་སྡོམ་པར་ནི་གཅིག་ཏུ་བྱས་ཤེ་ན། ཤིན་ཏུ་མང་པོ་སྙམ་དུ་སྒྱིད་ལུག་པའི་ཁྱིམ་པ་རྣམས་ལ་སླ་བར་བསྟན་པའི་ཕྱིར་གཅིག་ཉིད་དུ་རྣམ་པར་གཞག་སྟེ། བྲི་ཛིའི་བུ་ལ་བསླབ་པའི་གཞི་བསྟན་པ་
བཞིན་ནོ། །ལས་མི་མཉམ་པ་ཅན་ཡང་དག་པར་འཇོག་པར་བྱེད་པས་ཞེས་བྱ་བ་ནི་སེམས་ཅན་རྣམས་ལས་ལྡོག་པའི་ལས་ཅན་ཡང་དག་པར་འཇོག་པས་ཞེས་བྱ་བའི་དོན་ཏེ། སེམས་ཅན་རྣམས་ལས་སྡིག་པ་བྱེད་པ་ནི་མི་མཉམ་པར་འཇོག་གོ། །མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར། །

ཞེས་བྱ་བ་ལ་མཁས་པ་ནི་སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་སོ། །རྣམ་པར་རིག་བྱེད་དང་སེམས་དག་གིས་བྱེད་པ་ཞེས་བྱ་བ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་དང་སེམས་ཀྱིས་བྱེད་དེ། དེ་ལ་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་ནི་རྣམ་པར་རིག་བྱེད་
དང་སེམས་ཀྱིས་བྱེད་ལ། བསམ་གཏན་ལས་ཟག་པ་མེད་པས་བསྡུས་པ་ནི་སེམས་ཀྱིས་བྱེད་དོ། །བྱ་བའི་རྒྱུ་ཡིན་པ་དང་། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ནི་རྣམ་པར་རིག་བྱེད་ཀྱི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་རྣམ་པར་རིག་
བྱེད་མ་ཡིན་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་སེམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བྱ་བའི་རྒྱུ་ཡིན་པ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་ཀྱི་བྱ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། སྡོམ་པ་ལ་གནས་པ་ནི་སྡོམ་པ་ཀུན་དུ་བསྲུང་བའི་དོན་དུ་གྲོག་སྦུར་ལ་སོགས་པ་མཐོང་ནས་དེ་བསྲུང་བའི་ཕྱིར་ཡན་ལག་སྐུམ་
པར་བྱེད་ལ། ཡན་ལག་བསྐུམ་པའི་རྣམ་པར་རིག་བྱེད་དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ་ཞེས་བྱ་བ་འབྱུང་ངོ་། །དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཏེ་ཞེས་བྱ་བ་ནི་སྐད་
ཅིག་མ་དང་པོ་ཁོ་ནས་སྡིག་པ་ལས་ཐར་པར་བྱེད་དེ། གཏོང་ཞིང་འདོར་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་ཐར་པ་ཡང་དེ་ཡིན་ལ་སྡོམ་པ་ཡང་ཡིན་པས་སོ་སོར་ཐར་པའི་སྡོམ་པ་སྟེ། ལུས་ངག་སྡོམ་པའི་ཕྱིར་རོ། ལས་ཀྱི་ལམ་ཞེས་ཀྱང་བྱའོ་ཞེས་བྱ་བ་ནི། དངོས་ཀྱིས་བསྡུས་པའི་ཕྱིར་
རོ། །སྐད་ཅིག་གཉིས་པ་ལ་སོགས་པ་ལ་ནི་སོ་སོར་ཐར་བའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོར་ཐར་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེས་སྡིག་པ་ལས་སོ་སོར་ཐར་པར་མི་བྱེད་དེ། སྐད་ཅིག་མ་དང་པོ་ཁོ་ནར་སོ་སོར་ཐར་ཟིན་པའི་ཕྱིར་རོ། །མཇུག་ཡིན་གྱིས་ལས་ཀྱི་ལམ་དངོས་ནི་མ་ཡིན་ཏེ། སྐད་ཅིག་
དང་པོ་ཁོ་ནར་དངོས་ཡིན་པའི་ཕྱིར་དང་། སྡིག་པ་སྤངས་པའི་ཕྱིར་དང་། ལུས་དང་ངག་བསྡམས་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ལ་གང་ཞིག་འདི་དང་འདི་བྱའོ་སྙམ་དུ་དེ་ལྟར་ལེན་པ་དེ་ནི་ཡང་དག་

པར་ལེན་པའི་ཚུལ་ཁྲིམས་ཏེ། སོ་སོར་ཐར་པ་ཞེས་བྱ་བའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་གཏན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པའོ། །སོ་སོར་ཐར་དང་ལྡན་རྣམ་བརྒྱད། །ཅེས་བྱ་བ་ནི་བརྒྱད་ཁོ་ན་སོ་སོར་ཐར་པའི་སྡོམ་པ་དང་ལྡན་གྱིས་སོ་སོར་ཐར་པ་ཁོ་ན་དང་ལྡན་པ་ནི་མ་ཡིན་ནོ། །
སྲིད་པ་ལ་རྟེན་པར་བྱེད་པའི་ཕྱིར་ཞེས་བྱ་བ་ལ། ཕྱི་རོལ་པ་ཐར་པ་འདོད་པ་རྣམས་ཀྱི་ཚུལ་ཁྲིམས་ནི་སྲིད་པ་ལ་བརྟེན་པ་ཁོ་ན་ཡིན་ཏེ། ལོག་པར་ལྟ་བ་ལ་སོགས་པས་ཉམས་པས་སྲིད་པའི་ཁྱད་པར་ལ་ཐར་པར་འདུ་ཤེས་པའི་ཕྱིར་རོ། །བསམ་གཏན་སྐྱེས་དང་དེ་ལྡན་པ། །ཞེས་བྱ་བ་ནི་བསམ་གཏན་དང་ལྡན་
པ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་དང་ལྡན་པ་ཁོ་ན་བསམ་གཏན་གྱི་སྡོམ་པ་དང་ལྡན་གྱི། བསམ་གཏན་གྱི་སྡོམ་པ་ཁོ་ན་དང་ལྡན་པ་ནི་མ་ཡིན་ནོ། །འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་ནས་བསྟན་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་ཉེར་བསྡོགས་ན་ཡང་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་
པ་ཡོད་པར་འདོད་པ་ཡིན་ཏེ། དེའི་ཕྱིར་འདིར་བསམ་གཏན་གྱི་ཉེར་བསྡོགས་ཀྱང་བསམ་གཏན་གྱི་སྒྲར་བརྗོད་དོ། །ཀྱང་གི་སྒྲས་ནི་དངོས་གཞི་ཡང་བསྡུའོ། །ཟག་མེད་འཕགས་པའི་སེམས་ཅན་དང་། །ཞེས་བྱ་བ་ལ་འཕགས་པའི་གང་ཟག་ཁོ་ན་ཟག་པ་མེད་པའི་སྡོམ་པ་དང་ལྡན་གྱིས་ཟག་པ་མེད་པའི་སྡོམ་
པ་ཁོ་ན་དང་ལྡན་པ་ནི་མ་ཡིན་ནོ། །སེམས་ཀྱི་རྗེས་སུ་འབྲང་བའི་སྡོམ་པ་གཉིས་ཞེས་གང་བཤད་པ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན། སེམས་ལས་བྱུང་དང་སྡོམ་གཉིས་དང་། །སེམས་དང་དེ་དག་གི་མཚན་ཉིད། །ཅེས་བྱ་བ་དེ་ནས་སོ། །སེམས་གཞན་དང་ལྡན་པ་དང་། སེམས་མེད་པ་ལ་ཡང་རྗེས་སུ་
འཇུག་པའི་ཕྱིར་ཞེས་བྱ་བ་ལ། སེམས་གཞན་དང་ལྡན་པ་ཞེས་བྱ་བ་ནི་དེ་ཀུན་ནས་སློང་བར་བྱེད་པའི་སེམས་ལས་གཞན་པའི་སེམས་དང་ལྡན་པའོ། །སེམས་མེད་པ་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའོ། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་
གཉིས་ནི་དེ་ལྟར་ཀུན་ནས་སློང་བའི་སེམས་མེད་པར་མི་འབྱུང་སྟེ། དེའི་ཕྱིར་དེ་དག་ཁོ་ན་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་གྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། གཡེངས་དང་སེམས་མེད་པ་ཡི་ཡང་། །ཞེས་འབྱུང་བའི་ཕྱིར་རོ། །མི་ལྕོགས་པ་མེད་པ་ཞེས་བྱ་བ་སྨོས་པ་ནི་འདོད་པ་ན་སྤྱོད་པའི་

འཆལ་བའི་ཚུལ་ཁྲིམས་ཁོ་ནའི་གཉེན་པོ་ཡིན་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་ཞེས་བྱ་བ་ནི། དེ་དག་སྤོང་བའི་ལམ་མ་ཡིན་པའི་ཕྱིར་རོ། །དགུ་དག་ཅེས་བྱ་བ་ནི། འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་དགུ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་དགུའོ། །དེ་
གཉིས་ཀྱིས་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་དུ་སྐྱེས་པའི་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་གཉིས་ཀྱིས་སོ། །དེ་ཀུན་ནས་སློང་བར་བྱེད་པ་ཞེས་བྱ་བ་ནི། འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་མི་ལྕོགས་པ་མེད་པ་སྤོང་བའི་སྡོམ་
པར་མི་འདོད་པའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་ཡིན་ལ། སྤོང་བའི་སྡོམ་པ་མ་ཡིན་པ་ཡང་ཡོད། སྤོང་བའི་སྡོམ་པ་ཡིན་ལ། བསམ་གཏན་གྱི་སྡོམ་པ་མ་ཡིན་པ་ཡང་ཡོད། གཉི་ག་ཡིན་པ་ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་དེ། མུ་དང་པོ་ནི་མི་ལྕོགས་པ་མེད་པའི་བར་ཆད་
མེད་པའི་ལམ་མ་གཏོགས་པ་བསམ་གཏན་གྱི་སྡོམ་པའོ། །མི་ལྕོགས་པ་མེད་པའི་ས་པའི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་དག་དང་། བསམ་གཏན་དང་པོ་ལ་སོགས་པའི་དངོས་གཞིའི་རྣམ་པར་གྲོལ་བའི་ལམ་དག་ན་ཡོད་པ་ནི་བསམ་གཏན་གྱི་སྡོམ་པ་ཁོ་ན་ཡིན་གྱི། སྤོང་བའི་
སྡོམ་པ་ནི་མ་ཡིན་ཏེ། དེས་འཆལ་བའི་ཚུལ་ཁྲིམས་དང་དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་མི་སྤོང་བའི་ཕྱིར་རོ། །གཉིས་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཟག་པ་མེད་པའི་སྡོམ་པ་སྟེ། འདི་ནི་སྤོང་བའི་སྡོམ་པ་ཡིན་ཏེ། འཆལ་བའི་ཚུལ་
ཁྲིམས་ལ་སོགས་པའི་སྤོང་བའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་ནི་མ་ཡིན་ཏེ། ཟག་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དག་ཏུ་ཟག་པ་དང་བཅས་པ་སྟེ། འདི་ནི་དེས་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྤོང་བའི་ཕྱིར་སོང་བའི་སྡོམ་པ་ཡང་
ཡིན་ལ། ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པས་བསམ་གཏན་གྱི་སྡོམ་པ་ཡང་ཡིན་ནོ། །བཞི་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་མེད་པའི་སྡོམ་པ་སྟེ། འདི་ནི་དེས་ཟག་པ་མེད་པའི་ཕྱིར་བསམ་གཏན་གྱི་སྡོམ་པ་ཡང་མ་ཡིན་ལ་དེས་འཆལ་བའི་

ཚུལ་ཁྲིམས་ལ་སོགས་པ་མི་སྤོང་བའི་ཕྱིར་སྤོང་བའི་སྡོམ་པ་ཡང་མ་ཡིན་ནོ། །ཅི་རིགས་པར་ཞེའོ་ཞེས་བྱ་བ་ལ། མུ་བཞིའི་རིགས་པ་དེ་ལྟར་རིག་པར་བྱའོ། །ཅི་ལྟར་རིགས་ཤེ་ན། ཟག་པ་མེད་པའི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མ་ཡིན་པ་ཡང་ཡོད། སྤོང་བའི་སྡོམ་པ་ཡིན་པ་ཡང་ཡོད་ལ་
ཟག་པ་མེད་པའི་སྡོམ་པ་མ་ཡིན་པ་ཡང་ཡོད་དོ། །གཉི་ག་ཡིན་པ་ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་དེ། མུ་དང་པོ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་མེད་པའི་སྡོམ་པའོ། །གཉིས་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དུ་སྐྱེས་
པའི་བསམ་གཏན་གྱི་སྡོམ་པའོ། །གསུམ་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དག་ན་ཡོད་པའི་ཟག་པ་མེད་པའི་སྡོམ་པའོ། །བཞི་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པའི་བསམ་གཏན་གྱི་སྡོམ་པ་ཐམས་ཅད་དོ། །ལུས་ཀྱི་སྡོམ་པ་ལེགས་
པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཞེས་བྱ་བ་དེར་ནི་ལུས་དང་ངག་གི་སྡོམ་པ་དག་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དུ་ཤེས་པ་ཞིག་ན། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་གང་གསུངས་པ་དང་གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གསུངས་
པའི་ཡིད་དང་དབང་པོའི་སྡོམ་པས་འདི་དག་ནི་གང་གི་རང་བཞིན་ཡིན་པར་མི་ཤེས་སོ། །ཡང་ཡིད་དང་དབང་པོའི་སྡོམ་པ་གཉིས་དྲན་པ་དང་། ཤེས་བཞིན་གྱི་རང་བཞིན་ནོ་ཞེས་བྱ་བ་འདིས་ཇི་ལྟར་ཤེས་ཤེ་ན་ལུང་ལས་ཏེ་འདི་ལྟར་མདོ་ལས་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་ཡང་མི་འགྱུར་
ཞིང་ཡིད་མི་བདེ་བར་ཡང་མི་འགྱུར་ལ། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་སོ་ཞེས་བྱ་བ་ནས་ཡིད་ཀྱིས་ཆོས་རྣམས་ཤེས་ནས་ཞེས་བྱ་བའི་བར་དུ་གསུངས་པ་དང་། ཡང་འཇིག་རྟེན་འདི་ན་སྲོལ་གང་དག་ཡོད་དེ་དྲན་པས་ཟློག་པ་ཡིན། །དེ་ཡི་སྡོམ་པ་བཤད་བྱ་སྟེ། །དེ་ནས་ཤེས་
བཞིན་གྱིས་དགག་གོ། །ཞེས་བྱ་བ་གསུངས་སོ། །ཡང་ལྷ་ཞིག་གིས་དགེ་སློང་དབང་པོ་ཡུལ་དག་ལ་རྒྱུ་བ་ཞིག་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་དགེ་སློང་རྨ་འབྱིན་པར་མ་བྱེད་ཅིག །དགེ་སློང་གིས་སྨྲས་པ། ལྷ་དགག་པར་བྱའོ། །ལྷས་སྨྲས་པ། དགེ་སློང་རྨ་རྫ་མ་ཙམ་བྱུང་ནས་ཅི་ཞིག་གི་

དགག་པར་བྱེད། དགེ་སློང་གིས་སྨྲས་པ། དྲན་པ་དང་ཤེས་བཞིན་གྱིས་དགག་པར་བྱའོ་ཞེས་བྱ་བ་འབྱུང་ངོ་། །སོ་སོར་ཐར་ནས་ཇི་སྲིད་དུ། །མ་བཏང་བར་རྟག་ད་ལྟར་གྱི། །ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ནི་སྐད་ཅིག་མ་དང་པོ་ལ་ད་ལྟར་བ་དེ་ཉིད་
དང་ལྡན་གྱི་འདས་པ་དང་། མ་འོངས་པ་དག་དང་ནི་མ་ཡིན་ནོ། །སྐད་ཅིག་མ་གཉིས་ལ་སོགས་པ་དག་ཏུ་ནི་ད་ལྟར་བ་གང་ཡིན་པ་དེ་དང་འདས་པ་དག་དང་ལྡན་གྱི། མ་འོངས་པ་དང་ནི་མ་ཡིན་ནོ། །ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་མི་གཏོང་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་གཏོང་བའི་
རྒྱུ་བསླབ་པ་འབུལ་བ་ལ་སོགས་པ་དག་གིས་སོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཞེས་བྱ་བ་ལ་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་ཁོ་ན་དང་ལྡན་པ་ཡིན་ལ། ཕྱིན་ཆད་ནི་མ་བཏང་བར་དུ་དུས་གཉིས་དང་ངོ་། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་ཞེས་བྱ་བ་ལ་བསམ་གཏན་གྱི་སྡོམ་
པ་ཐོབ་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་གྱི་ད་ལྟར་བ་དང་ནི་མ་ཡིན་ནོ། །ད་ལྟར་བ་དང་ནི་སྙོམས་པར་ཞུགས་པ་ཁོ་ན་ལྡན་ཏེ། བསམ་གཏན་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཇི་ལྟར་སྐད་ཅིག་མ་དང་པོ་ལ་བསམ་གཏན་གྱི་སྡོམ་པ་འདས་པ་
དང་ལྡན་ཞེ་ན། དེའི་ཕྱིར་དེ་ནི་སྐད་ཅིག་མ་དང་པོ་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་ནི་མ་གཏོགས་ཏེ། དེ་ནི་ཚེ་རབས་གཞན་དག་ཏུ་ཐོབ་པ་སྟེ་བཏང་བ་མི་ཐོབ་པའོ། །འཕགས་ནི་དང་པོ་འདས་དང་མིན། །ཞེས་བྱ་བ་ལ་སྐད་ཅིག་མ་དང་པོ་ནས་བཟུང་སྟེ། ཡོངས་
སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་ནི་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །འདི་ནི་ཁྱད་པར་ཡིན་ཏེ་ཞེས་བྱ་བ་ནི་དང་པོ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ལ་ནི་འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མ་དང་མི་ལྡན་
པའི་འཁོར་བར་ལམ་སྔོན་མ་བསྐྱེད་པའི་ཕྱིར་རོ། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ཞེས་བྱ་བ་ལ། མཉམ་གཞག་གི་ལམ་ལ་གནས་པ་སྟེ་འཇིག་རྟེན་པའི་ལམ་མཉམ་པར་གཞག་པའི་ལམ་ལ་གནས་པ་དང་འཕགས་པའི་ལམ་ལ་གནས་པ་ནི། མཉམ་གཞག་འཕགས་ལམ་ལ་

གནས་ཏེ། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་ལྡན་པ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་འཕགས་པའི་ལམ་ལ་གནས་པ་ནི་གྲུར་ཞུགས་པའི་ཚུལ་དུ་འཕགས་པའི་ལམ་ལ་ཞུགས་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་གང་ཞིག་གྲུར་ཞུགས་པ་དེ་གྲུ་ལ་གནས་པ་ཡིན་པ་དེ་བཞིན་དུ་གང་ཞིག་
འཕགས་པའི་ལམ་ལ་ཞུགས་ཤིང་སྙོམས་པར་ཞུགས་པ་དེ་ནི་འཕགས་པའི་ལམ་ལ་གནས་པ་ཡིན་ནོ། ལངས་པ་དག་ནི་མ་ཡིན་ནོ། །ཅི་ཞེ་ན། ད་ལྟར་བ་དང་ལྡན་པ་ནི་མ་ཡིན་ཏེ། དེ་གཉིས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །སྔར་ནི་ལྡན་པ་བཤད་ལ། ད་ལྟར་ནི་མངོན་དུ་འགྱུར་བར་བཤད་
དོ། །གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་དེ་ནི་བར་མ་ལ་གནས་པ་སྟེ་ཞེས་བྱ་བ་ནི་གང་ཞིག་དགེ་སློང་ལ་སོགས་པ་ཡང་མ་ཡིན་ལ། ཉ་བ་ལ་སོགས་པ་ཡང་མ་ཡིན་པ་དེ་ནི་བར་མ་ལ་གནས་པའོ། །འཆལ་བའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་
པས་བསྡུས་པ་ཞེས་བྱ་བ་ལ། འཆལ་བའི་ཚུལ་ཁྲིམས་ཀྱི་ཡན་ལག་ནི་སྲོག་གཅོད་པ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་ནི་དེ་སྤངས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་བསྡུའོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ནི་མི་དགེ་བའི་ཆོས་ལ་གནས་
པའི་ཕྱིར་ལ། སྡོམ་པ་ལ་གནས་པ་ནི་དགེ་བའི་ཆོས་ལ་གནས་པའི་ཕྱིར་བཟློག་པ་ནི་སྲིད་དོ་སྙམ་ནས། ཅི་རེས་འགའ་སྡོམ་པ་མ་ཡིན་པ་ལ་གནས་པ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི། རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་དག་གོ། །དེ་སྲིད་དུ་རྣམ་པར་རིག་བྱེད་མ་
ཡིན་པ་དེ་དག་ཀྱང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དག་གོ །གཞན་དག་ཏུ་ནི་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དག་ཏུའོ། །མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ནི་སུ་ཡང་མི་ལྡན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དེ་ནི་སེམས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །
འདས་པ་དག་དང་ཡང་ཞེས་བྱ་བ་ནི་ཆོས་མ་འོངས་པ་ཁོ་ན་དང་ལྡན་པ་མེད་པ་འབའ་ཞིག་ཏུ་མ་ཟད་པའོ། །ཆོས་ཉམ་ཆུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དང་ལྷན་ཅིག་སྐྱེས་པའི་ཐོབ་པ་ནི་ཉམ་ཆུང་བའི་ཕྱིར། གང་གི་དབང་གིས་འགགས་ཀྱང་རྣམ་པར་རིག་བྱེད་དང་ལྡན་པར་འགྱུར་བས་

ཐོབ་པ་གཞན་འདྲེན་པར་མི་ནུས་སོ། །འོ་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་དང་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་ཐོབ་པ་ཉམ་ཆུང་བའི་ཕྱིར། རྗེས་སུ་འབྲེལ་བ་ཅན་མ་ཡིན་ན། དེ་ལྟ་ན་དེ་ཀུན་ནས་སློང་བར་བྱེད་པ་
བསྒྲིབས་པའི་སེམས་ཀྱི་ཐོབ་པ་ཡང་རྗེས་སུ་འབྲེལ་པ་ཅན་དུ་མི་འགྱུར་རོ། །སེམས་ཀྱི་ཐོབ་པ་ཡང་རྗེས་སུ་འབྲེལ་པ་ཅན་དུ་མི་འགྱུར་རོ་ཞེས་གང་སྨྲས་པ་དེ་ནི་དེ་ལྟ་མ་ཡིན་ཏེ། རྣམ་པར་རིག་བྱེད་ནི་དམིགས་པ་མེད་པའི་ཕྱིར་བླུན་པ་དང་། སེམས་ལ་རག་ལས་པའི་ཕྱིར་རོ། །གཞན་གྱི་དབང་ཡིན་ན་སེམས་ནི་
བཟློག་པའི་ཕྱིར་དེ་ལྟར་བླུན་པ་དང་གཞན་གྱི་དབང་མ་ཡིན་ལ་ལུང་དུ་མ་བསྟན་པའི་སེམས་ཉམ་ཆུང་བས་བསླང་བ་དེ་ནི་ཆེས་ཉམ་ཆུང་བར་འགྱུར་རོ། །སྡོམ་པ་མིན་དང་ཉེས་སྤྱད་དང་། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཉེས་པར་སྤྱད་པ་ནི་སྨད་པ་སྤྱད་པའོ། །ཇི་ལྟར་སྨད་པ་ཡིན་ཞེ་ན། དམ་པ་རྣམས་ཀྱིས་
སྨད་པའི་ཕྱིར་ཏེ། དགོངས་པའི་ཕྱིར་དང་། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་སྨད་པའོ། །དངོས་ཀྱིས་བསྡུས་པའི་ཕྱིར་དང་། སེམས་པའི་ལམ་དུ་གྱུར་པའི་ཕྱིར་ལས་ཀྱི་ལམ་མོ། །བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་བྱ་བ་ལ། བར་མ་དོར་གནས་པ་སྨོས་པ་
ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་བསལ་བར་བྱ་བའི་ཕྱིར་ཏེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པ་དག་དང་ལྡན་པ་ཡིན་ནོ། །སེམས་ཞན་པ་ཞེས་བྱ་བ་ནི་སེམས་དྲག་པོ་བསལ་བར་བྱ་བའི་ཕྱིར་ཏེ། སེམས་དྲག་པོས་ནི་དགེ་བ་དང་མི་དགེ་བ་
བྱེད་པ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་དོ། །ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་བྱེད་ན་ཞེས་བྱ་བ་དང་སྦྱར་རོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་ལས་ཀྱི་ལམ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་དེར་བསམ་པ་ཞན་པས་རྣམ་པར་རིག་བྱེད་པ་ལས་ཡང་
རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བའི་ཕྱིར་རོ། །དེར་ནི་ལུང་དུ་མ་བསྟན་པ་བྱེད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་ཞིང་ཞེས་འབྱུང་བའི་ཕྱིར་རོ། །ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་རྣམ་པར་རིག་བྱེད་མ་བྱུང་བ་ཞེས་བྱ་

བ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུའོ། །རྣམ་པར་རིག་བྱེད་རྣམ་པར་ཉམས་པ་ནི་གཟུགས་མེད་པར་སྐྱེས་པ་ནའོ། །ཡང་ན་རྣམ་པར་རིག་བྱེད་ཉམས་པ་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་གཙུག་ལག་ཁང་ལ་སོགས་པ་ཕུལ་བ་ན་སྟེ། དེའི་ཐོབ་པ་ནི་རྗེས་སུ་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །རྣམ་
པར་རིག་བྱེད་མ་ཡིན་པ་དང་ནི་ལྡན་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་མུ་གཉིས་པ་དང་པོ་དང་གཉིས་པ་ནི་མདོ་ལས་བཤད་པ་ཡིན་ནོ། །མུ་གསུམ་པ་ནི་སོ་སོར་ཐར་པའི་སྡོམ་པ་ལེན་པ་ན་སྟེ། དེ་ནི་དེའི་ཚེ་གཉིས་ཀ་དང་ལྡན་པ་ཡིན་ནོ། །བཞི་པ་ནི་སོ་སོའི་སྐྱེ་བོ་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་གང་ཞིག་
ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བའམ། རྣམ་པར་རིག་བྱེད་རྣམ་པར་ཉམས་པའོ། །གང་གི་ཚེ་སྐྱེ་བས་ཐོབ་པའི་བསམ་གཏན་ཐོབ་པ་དེའི་ཚེ་དེ་དང་ལྷན་ཅིག་སྤྱོད་པའི་སྡོམ་པ་ཡང་ཐོབ་པོ། །ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གྱི་སྡོམ་པ་དང་། བསམ་
གཏན་གྱི་སེམས་གཉིས་ནི་ཅིག་ཅར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདི་ལ་གཞན་གྱིས་རྣམ་པར་རིག་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན་ཞེས་བྱ་བ་ལ་འདིར་རྣམ་པར་རིག་བྱེད་ནི་གོ་བར་བྱེད་པའོ། །གཞན་དག་ནི་གང་ཟག་ལས་སོ་ཞེས་བྱ་བ་ནི། དགེ་ཚུལ་དང་། དགེ་
ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བསྙེན་གནས་པའི་སྡོམ་པ་དག་གོ། །རང་བྱུང་གི་ནི་ཞེས་བྱ་བ་ནི་ཡེ་ཤེས་བརྙེས་པས་ཞེས་བྱ་བའི་དོན་ཏེ། དེ་དག་གི་ཡེ་ཤེས་ནི་རང་བྱུང་ཡིན་ནོ། །ངེས་པར་འཇུག་པས་ཞེས་བྱ་བ་ནི། སྨོན་ལམ་གྱི་དབང་ངམ་སངས་རྒྱས་ཀྱི་མཐུས་སོ། །ངེས་པ་
ཉིད་ནི་ངེས་པ་སྟེ་མཐོང་བའི་ལམ་མོ། །འཇུག་པ་ནི་དེ་སྐྱེད་པའོ། །སྡེ་ལྔ་པོ་ནི་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དག་གོ། །དགེ་སློང་ཚུར་ཤོག་ཅེས་བྱ་བས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག །ཆོས་ནི་ལེགས་པར་གསུངས་པའོ་
ཞེས་གསུངས་པ་སྟེ། བདེ་གཤེགས་སྐྱོབ་པས་ཚུར་ཤོག་ཅེས་གསུངས་པས། །མགོ་ཡང་བྱི་ཞིང་ཆོས་གོས་གྱོན་པར་འགྱུར། །ཞེས་འབྱུང་བ་ལྟ་བུ་ཡིན་ནོ། །སྟོན་པར་ཁས་བླངས་པ་ནི་འོད་སྲུངས་ཆེན་པོའོ་ཞེས་བྱ་བ་ནི་འོད་སྲུངས་ཆེན་པོ་དེ་ནི་མཐུ་ཆེ་བའི་ཕྱིར་ལྷའི་གཟུགས་གང་དང་གང་ལ་

ཕྱག་བྱས་པ་དེ་དང་དེ་འགས་སོ། །དེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོན་ནས་འདིའི་གཟུགས་ཞིག་པར་གྱུར་ན་མི་རུང་ངོ་སྙམ་སྟེ་ཕྱག་མ་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་འོད་སྲུངས་ཁྱོད་དེ་བཞིན་གཤེགས་པ་ལ་ཕྱག་འཚོལ་ཅིག་ཅེས་གླེངས་སོ། །
དེས་བཅོམ་ལྡན་འདས་ལ་ཕྱག་བྱས་པ་དང་། དེས་བཅོམ་ལྡན་འདས་ཀྱི་གཟུགས་མ་འགྱུར་བར་མཐོང་ནས། འདི་ནི་བདག་གི་སྟོན་པ་ཡིན་ནོ་ཞེས་ཁས་བླངས་ཏེ། དེ་ཉིད་དེའི་བསྙེན་པར་རྫོགས་པ་ཡིན་ནོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ་ཞེས་བྱ་བ་ནི་ལེགས་སྦྱིན་གྱིས་སྨྲས་པའི་ལན་བཏབ་པས་བཅོམ་ལྡན་འདས་མཉེས་
པར་གྱུར་ཏེ། མཉེས་པ་དེས་ནི་འདི་བསྙེན་པར་རྫོགས་པར་གྱུར་ཏོ། །བླ་མའི་ཆོས་ཁས་བླངས་པས་ནི་ཞེས་བྱ་བ་ནི་བླ་མའི་ཆོས་བརྒྱད་དེ། དགེ་སློང་མས་དགེ་སློང་ལས་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོར་བྱ་བ་དང་། དགེ་སློང་མས་དགེ་སློང་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་ནོད་པར་བྱ་བ་དང་དགེ་སློང་
མས་དབྱར་དགེ་སློང་མེད་པའི་གནས་སུ་འགྲོ་བར་མི་བྱ་བ་དང་། དབྱར་ཁས་བླངས་པའི་དགེ་སློང་མས་གཉི་གའི་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགག་དབྱེ་བྱ་བ་དང་། དགེ་སློང་མས་དགེ་སློང་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། ལྟ་བ་ཕུན་སུམ་
ཚོགས་པ་མ་ཡིན་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། འཚོ་བ་ཕུན་སུམ་ཚོགས་པ་མ་ཡིན་པས་ལྟུང་བ་གླེང་བར་མི་བྱ་བ་དང་། དགེ་སློང་མས་དགེ་སློང་ལ་གཤེ་བའམ་ཁྲོ་བའམ་སྤྱོ་བ་མི་བྱ་བའམ། བླ་མའི་ཆོས་ཀྱིས་ལྟུང་བ་བྱུང་བའི་དགེ་སློང་མས་གཉིས་ཀའི་དགེ་འདུན་ལ་མཉེས་པར་བྱ་བ་
སྤྱད་པར་བྱ་བ་དང་། དགེ་སློང་མས་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་དགེ་སློང་ད་ལྟར་བསྙེན་པར་རྫོགས་པ་ལ་གུས་པར་སྨྲ་བ་དང་། ཕྱག་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་བྱ་བ་ཞེས་བྱའོ། །ཕོ་ཉས་ནི་ཆོས་སྦྱིན་ནོ་ཞེས་བྱ་བ་ནི་དེས་བཙུན་མོའི་འཁོར་གྱི་ནང་
དུ་འདུག་བཞིན་དུ་རབ་ཏུ་འབྱུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་བཏང་ངོ་ཞེས་གྲག་གོ། །འདུལ་བ་འཛིན་པར་གཏོགས་པ་ལྔས་ཞེས་བྱ་བ་ལ་འདིར་འདུལ་བ་འཛིན་པ་ནི་གསོལ་བ་བརྗོད་པ་ལ་མངོན་པར་འདོད་དོ། །དེ་དག་ལ་སྡེ་བཟང་ཞེས་བྱ་བའི་མིང་ཡོད་པ་ནི་སྡེ་བཟང་དྲུག་

ཅུའོ། །ཚོགས་ཞེས་བྱ་བ་ནི་ཚན་ཏེ། གྲངས་དྲུག་ཅུ་པོ་དེ་དག་གིས་བསྙེན་པར་རྫོགས་པར་བྱས་པ་གང་ཡིན་པ་དེ་རྣམས་ནི་སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་སོ། །དེ་དག་གི་སོ་སོར་ཐར་པའི་སྡོམ་པ་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་སྡེ་ལྔ་པོ་དང་གྲགས་པ་ལ་སོགས་
པ་དག་གི་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་སྟེ་བསམ་པ་ཕུན་སུམ་ཚོགས་པའམ། སངས་རྒྱས་ཀྱི་མཐུས་རྣམ་པར་རིག་བྱེད་མེད་པར་སོ་སོར་ཐར་པའི་སྡོམ་པ་འཐོབ་པོ། །གཟེགས་གཟན་ལ་སོགས་པའི་མུ་སྟེགས་བྱེད་ཁ་ཅིག་དུས་རྟག་པ་དང་། རྫས་ཀྱི་བདག་ཉིད་ཁོ་ནར་འདོད་པས་ཐེ་ཚོམ་ཟ་བས་དུས་ཞེས་བྱ་
བའི་ཆོས་དེ་ཅི་ཞིག་ཅེས་བྱ་བར་དྲིས་སོ། །དེ་ནི་འདུ་བྱེད་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ཏེ། འདུ་བྱེད་འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་མངོན་པར་བསལ་བར་བྱ་བའི་ཕྱིར་དུས་ཞེས་བྱ་བའི་མིང་འདི་བཏགས་ཀྱི་གཟུགས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕུང་པོ་ལྔ་ལས་ཐ་དད་པའི་ལུས་སུ་
གཏོགས་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བར་གཤེགས་པའི་གསུང་རབ་ལ་མཁས་པའི་ཐུགས་དང་ལྡན་པ་དག་གིས་དེ་དག་ཉིད་དུས་གཏམ་གཞི་དང་ཞེས་བཤད་དོ། །མཁས་པ་རྣམས་ཀྱིས་ནི་འབྱུང་བའི་ཁྱད་པར་ལས་ཀྱི་རླུང་གི་ཤུགས་ཀྱིས་འཕངས་པ་རང་གི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་
མ་འཆད་པས་བར་མེད་པར་བསྐྱེད་པ། རྐྱེན་ཇི་ལྟ་བ་བཞིན་དུ་ཚ་བ་དང་གྲང་བའི་བྱེ་བྲག་གིས་ངོ་བོའི་ཁྱད་པར་ཉེ་བར་ལེན་པ་དག་ལ་དུས་སུ་རྟོགས་ཀྱི། རྟག་པ་དང་རྫས་ཞེས་བྱ་བ་ནི་མ་ཡིན་ནོ། །འདི་ལྟར་འདས་པའི་དུས་ནས་ད་ལྟར་བྱུང་བ་ཞེས་བྱ་བའི་བར་ནི་འདུ་བྱེད་དུས་གསུམ་པ་དག་ཁོ་ན་ཡིན་པར་རྟོགས་
ཀྱི། རྟག་པའི་རྫས་གཞན་གྱི་མ་ཡིན་ཏེ། རྟག་པ་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཉིད་མི་སྲིད་པའི་ཕྱིར་རོ། །ཡང་དག་པར་བླངས་པ་ཡོད་ཀྱང་ཞེས་བྱ་བ་ནི་བདག་གིས་སྐྱེ་བ་གཞན་དུ་དགེ་སློང་གི་སྡོམ་པའམ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླང་བར་བྱའོ་སྙམ་དུ་ཡང་དག་པར་བླངས་
པ་དེ་ཡོད་ཀྱང་ངོ་། །སྐལ་བ་མི་འདྲ་བའི་ཕྱིར་དང་ཞེས་བྱ་བ་ནི་རིས་མི་མཐུན་པ་གཞན་གྱིས་བསྡུས་པའི་ཕྱིར་རོ། །དེས་ཀྱང་དེར་སྦྱོར་བ་མ་བྱས་པའི་ཕྱིར་ཞེས་བྱ་བ་ནི། སྐལ་བ་མི་འདྲ་བའི་ལུས་དེས་དེར་ཏེ་ཡང་དག་པར་བླང་བ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། ལུས་གང་

གིས་སྡོམ་པ་ཡང་དག་པར་བླང་བ་ལ་སྦྱར་བའི་ལུས་དེ་ཉིད་ལ་སྡོམ་པ་སྐྱེའི་ལུས་གཞན་ལ་ནི་མ་ཡིན་ནོ། །མི་དྲན་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་ཡང་དག་པར་ལེན་པ་དེ་ལུས་གཞན་གྱིས་མི་དྲན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ཤི་བ་ལ་སྡོམ་པ་སྐྱེ་བར་རིགས་པ་དང་འགལ་
བ་དེ་ལྟར་འདི་ན་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཇི་ལྟར་ཟླ་བ་ཕྱེད་ལ་སོགས་པར་ཡང་དག་པར་ལེན་པའི་སེམས་སྟོབས་དང་ལྡན་པ་དེ་ལྟར་ཉིན་ཞག་པའི་སྡོམ་པ་ཡང་དག་པར་ལེན་པ་མ་ཡིན་པ་དེའི་ཕྱིར་ཉིན་ཞག་གི་འོག་ཏུ་སྡོམ་པ་སྐྱེ་བ་ཡང་མི་འགལ་ལོ། །སློབ་དཔོན་འདུས་བཟང་ན་རེ་འདུལ་བ་དང་ལྡན་པའི་
དོན་དག་ལ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་རྟོག་གེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་མི་ནུས་ཏེ། གང་སྡོམ་པ་དེ་དག་ལས་ཁ་ཅིག་ནི་ཚོགས་ཀྱི་ནང་དུ་གསོལ་བ་དང་བཞིའི་ལས་ཀྱིས་ཐོབ་ལ། ཁ་ཅིག་ནི་གང་ཟག་གཅིག་ལས་གསོལ་བ་ཙམ་གྱིས་ཐོབ་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེའི་ཕྱིར་གང་དེ་ལྟར་འཐོབ་ཀྱི་
རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་སྟོན་པས་གཟིགས་ཤིང་དེ་ཁོ་ན་ལྟར་བསྟན་པ་འདི་ནི་སྡོམ་པའི་རིགས་ཁོ་ན་དེ་ལྟར་གནས་པ་ཡིན་པས་འདི་ལ་རྒྱུ་བཙལ་བར་མི་བྱའོ་ཞེས་སྨྲའོ། །རེ་ཞིག་ཅི་བཅོམ་ལྡན་འདས་ཀྱིས་ཉིན་ཞག་གི་འོག་ཏུ་སྡོམ་པ་མི་སྐྱེ་བར་གཟིགས་ནས་ཉིན་ཞག་པའི་བསྙེན་གནས་བསྟན་ཏམ།
འོན་ཏེ་དབང་པོ་གདུལ་དཀའ་བ་རྣམས་ཞེས་བྱ་བ་འབྱུང་སྟེ། སློབ་དཔོན་འདུས་བཟང་ན་རེ། གལ་ཏེ་དབང་པོ་གདུལ་དཀའ་བ་ལ་ལྟོས་ནས་ཉིན་ཞག་པ་བསྟན་ན་ནི་དབང་པོ་ཆེས་གདུལ་དཀའ་བ་ལ་ལྟོས་ནས་ཡུད་ཙམ་མམ་ཉིན་མོའམ་མཚན་མོ་ཙམ་ཅིའི་ཕྱིར་མ་བསྟན་ཞེས་སྨྲའོ། །དེ་དེ་ལྟར་བརྟག་ག་
ལ་ནུས་ཞེས་བྱ་བ་ནི་ཐལ་མ་ཐག་ཏུ་དབང་པོ་གདུལ་དཀའ་བ་རྣམས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་སྟེ། འདིས་ནི་ཉིན་ཞག་གི་འོག་ཏུ་ཡང་སྡོམ་པ་སྐྱེ་བའོ་ཞེས་བྱ་བའི་ལུང་མེད་པར་སྟོན་ཏོ། །ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་ལྟར་རིགས་པ་དང་འགལ་བ་མེད་ཅེ་ན། ལུས་
སྐལ་བ་འདྲ་བའི་ཕྱིར་དང་དེས་དེར་སྦྱོར་བ་བྱས་པའི་ཕྱིར་དང་དྲན་པའི་ཕྱིར་རོ། །ཕྱིན་ཆད་སུ་ལ་ཡང་མ་བསྟན་པས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཁྱིམ་པ་ཐམས་ཅད་དབང་པོ་གདུལ་དཀའ་བ་ནི་མ་ཡིན་ཏེ། དེའི་ཕྱིར་ཕྱིན་ཆད་སྐྱེ་བ་མི་སྲིད་པས་ཉིན་ཞག་གི་འོག་ཏུ་སུ་ལ་ཡང་མ་བསྟན་ཏོ་ཞེས་བྱ་བར་ཤེས་

སོ་ཞེས་ཟེར་རོ། །དེ་དེ་ལྟར་ནོད་མེད་ཅེས་གྲག །གྲག་ཅེས་བྱ་བའི་སྒྲས་ནི་མ་རངས་པར་བསྟན་པའི་ཕྱིར་རོ། །དུས་གཞན་གྱི་བར་དུ་ལོག་པར་ཞུགས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཉིན་ཞག་ཏུ་སྡིག་པ་བྱ་བའི་བསམ་པས་སྡིག་པའི་བྱ་བ་བྱེད་པ་ནི་སྡོམ་པ་ཡང་མ་ཡིན་ལ་སྡོམ་པ་མ་ཡིན་པ་ཡང་མ་ཡིན་ནོ། །
དེ་ལྟ་ན་འོ་ན་ནི་བསྙེན་གནས་ཀྱི་སྡོམ་པ་ལ་ཡང་ཉིན་ཞག་ཁོ་ནར་བསམ་པ་ལོག་པ་མ་ཡིན་པར་ཞུགས་པས་དེ་ཡང་འཐོབ་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་བསྙེན་གནས་ཀྱི་སྡོམ་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྫས་སུ་ནི་མེད་ཀྱི་ཞེས་བྱ་བ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བའོ་ཞེས་བསྟན་ཏོ། །དེ་ལྟར་སྡོམ་
པ་མ་ཡིན་པ་ཡང་རྫས་སུ་ནི་མེད་དེ། སེམས་པ་ལས་མ་གཏོགས་པར་སྙམ་དུ་བསམ་པའོ། །སྡིག་པ་བྱ་བའི་བསམ་པ་ཞེས་བྱ་བ་ནི་སྡིག་པ་བ