Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 145

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
ུས་པའི་ལུས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེའི་དུས་ན་ཉེ་བར་གནས་པ་ནི་དེའི་དུས་པ་སྟེ། ལུས་ཀྱི་རྐྱེན་གྱི་ཁྱད་པར་རོ། །མ་གཏོགས་
པ་ནི་བཀོལ་པ་སྟེ། །གང་ལ་ལུས་ཀྱི་ཕྱི་རོལ་གྱི་རྐྱེན་དབྱུག་པས་བསྣུན་པ་ལ་སོགས་པ་ཉེ་བར་གནས་པ་དེ་ཉིད་སྐྱེ་བར་འགྱུར་བས་སོ། །བསྒོས་པ་དེ་ཉིད་ཆེས་སྟོབས་དང་ལྡན་ཞེས་བྱ་བ་ནི་ཆེས་མང་བ་དང་། ཆེས་གསལ་བ་དང་། ཆེས་ཉེ་བའི་དགོས་པར་བཤད་པ་གང་ཡིན་པ་དེ་ནི་སྟོབས་དང་ལྡན་
པ་ཡིན་ན། ཅིའི་ཕྱིར་འབྲས་བུ་མི་འབྱིན་ཞེ་ན། གནས་པ་གཞན་དུ་གྱུར་པ་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདིའི་མཚན་ཉིད་གནས་པ་ལས་གཞན་དུ་འགྱུར་བའི་མཚན་ཉིད་དོ། །དེའི་ངོ་བོའི་ཕྱིར་རོ། །འདུས་བྱས་ཀྱི་མཚན་ཉིད་གཞན་དུ་འགྱུར་བ་དེ་
ཡང་དགོས་པ་གཞན་གྱི་འབྲས་བུ་སྐྱེ་བའི་རྗེས་སུ་མཐུན་པའི་ཕྱིར་རོ། །དེའི་ཕྱིར་རྟག་ཏུ་འབྲས་བུ་དེ་ཉིད་མི་འབྱིན་ཏོ། །འདི་སྐད་དུ་ཞེས་བྱ་བ་ནི་གནས་བརྟན་སྒྲ་གཅན་ཟིན་གྱིས་སོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་ཀུན་ཏེ་རྨ་བྱའི་མདོངས་འདིའི་ཁ་དོག་དང་བཀོད་པ་ལ་སོགས་པའི་
རྣམ་པ་ཇི་སྙེད་པ་དེ་དག་གིས་གང་གི་ཁ་དོག་ནི་འདི་ལྟ་བུའོ། །བཀོད་པ་ནི་འདི་དང་འདྲ་བའོ། །འདི་ལྟར་ནི་མཚེར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་འགྱུར་བའི་ཤེས་བྱ་ཤེས་པར་མི་ནུས་སོ། །སུ་དག་གིས་ཤེ་ན། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་
ཤེས་པར་མི་ནུས་སོ། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་བྱ་བ་ནི་གང་གིས་དེའི་རྒྱུ་ཤེས་པའི་བྱེད་པ་སྙམ་དུ་བསམས་པ་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་སེམས་ཀྱི་བྱེ་བྲག་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི། གཟུགས་ཅན་རྣམས་ཀྱི་རྒྱུ་ཡང་ཤེས་པར་མི་ནུས་ན།

གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་ཅན་གང་ལ་ཞེས་བྱ་བ་ནི་བྱེ་བྲག་པའོ། །གལ་ཏེ་ཡིད་དང་ཕྲད་པའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ་ཞེ་ན། ཞེས་བྱ་བ་ནི། གལ་ཏེ་སེམས་སྐྱེ་བ་ནི་བདག་ལས་སྐྱེ་བར་འདྲ་མོད་ཀྱི་
རེས་འགའ་ཡིད་དང་འབྲེལ་པའི་བྱེ་བྲག་ལ་ལྟོས་པ་དེའི་ཕྱིར། སེམས་རྟག་ཏུ་དེ་དང་འདྲ་བ་ཁོ་ནར་སྐྱེ་བར་མི་འགྱུར་ལ། མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་འདོད་ན་ནི་མ་ཡིན་ཏེ་འབྲེལ་པ་གཞན་མ་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་དང་ཡིད་དེ་དག་ལས་འབྲེལ་པ་གཞན་དུ་མ་གྲུབ་པའི་ཕྱིར་ཏེ། འབྲེལ་པ་ཞེས་བྱ་བའི་དངོས་པོ་གཅིག་པུ་གྲུབ་པ་ནི་འགའ་ཡང་མེད་དོ། །འདབ་ཆགས་པར་སྐྱེས་པའི་ངོ་བོ་དག་ལ་ཕྲད་པའི་བློར་འགྱུར་ཏེ། དེ་དག་མ་བཟུང་བར་དེའི་བློ་མེད་པའི་ཕྱིར་
ལ། སྒྲ་བཞིན་དང་། འུ་ཤི་བཞིན་དང་། ནམ་མཁའི་བྱའི་ཕྲེང་བ་བཞིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་གྲུབ་ཀྱང་འབྲེལ་པ་ཅན་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་འབྲེལ་པ་ཁས་བླངས་ཀྱང་འབྲེལ་པ་ཅན་འཇིག་རྟེན་ན་གྲགས་པ་ཆུ་དང་བུམ་པ་འམ། ཤིང་གཉིས་དང་འདྲ་བ་དེ་དག་ནི་ཡོངས་སུ་ཆད་པའི་ཕྱིར་ཏེ།
ཡུལ་ཡོངས་སུ་ཆད་པ་མཐོང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་རྣམ་པར་བཤད་པའི་ཞེས་བྱ་བ་ནི། བྱེ་བྲག་པའི་གཞུང་ལུགས་ལས་ཕྲད་པའི་མཚན་ཉིད་བསྟན་པའི་ཕྱིར་རོ། །ཕྲད་པ་ཞེས་བྱ་བའི་མཚན་ཉིད་ནི་མ་ཕྲད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྲད་པ་ཡིན་ནོ་ཞེས་རྣམ་པར་བཤད་པའི་ཕྱིར་དཔེར་ན་
ལུག་གམ་གྱད་གཉིས་ཕན་ཚུན་འཐབ་པ་འམ། དཔེར་ན་མཐོ་ཡོར་དང་བྱ་རོག་བཞིན་གང་ན་བདག་ཡོད་པ་དེ་ན་ཡིད་མེད་ལ་གང་ན་ཡོད་པ་དེ་ནི་བདག་མེད་དོ་ཞེས། བདག་ཡོངས་སུ་ཆད་པ་སྟེ་ཡུལ་ཡོངས་སུ་ཆད་པ་ཉིད་དུ་ཐལ་བར་འགྱུར་ཏེ། བདག་ཡིད་དང་ཕྲད་པ་ཞེས་བྱ་བ་འདིས་ནི་ཕྱོགས་
འདི་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་བསྟན་པ་ཡིན་ཏེ། ཆོས་ཅན་ནི་བདག་གོ། །དེའི་ཁྱད་པར་ནི་ཐམས་ཅད་ཡོད་པ་ཉིད་དོ། །དེ་ལས་བཟློག་པ་ནི་ཐམས་ཅད་མེད་པ་ཉིད་དོ། །དེའི་ཕྱིར་ཡིད་འཕོས་པ་ལས་བདག་འཕོས་པར་ཐལ་བར་འགྱུར་ཞེས་བྱ་བ་ནི་ཡིད་ལུས་ཀྱི་ཕྱོགས་གང་དང་གང་དུ་འཕོ་བ་དེ་དག་དེ་ནས་

བདག་འཕོ་ཞིང་འདོར་རོ་ཞེས་བྱ་བར་ཐལ་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་སའི་ཕྱོགས་གང་དང་གང་དུ་འཕོ་བ་དེ་ནས་ཉི་མ་འཕོ་བ་ལྟ་བུའོ། །དེ་ལྟ་ཡིན་ན་ཡང་འདིའི་བྱ་བ་མེད་པ་ཉིད་ལ་གནོད་པར་འགྱུར་བས་དེ་ཉིད་དམ་བཅས་པའི་ཉེས་པ་ཡིན་ནོ། །ཉམས་པར་ཞེས་བྱ་བ་ནི་ཐལ་བར་འགྱུར་རོ་ཞེས་
བྱ་བར་སྦྱར་ཏེ། གང་དང་གང་དུ་ཡིད་འཕོ་བ་དེར་བདག་འཇིག་པས་དེ་ཉིད་འདིར་དམ་བཅས་པའི་ཉེས་པ་ཡིན་ཏེ། བདག་རྟག་པ་ཉིད་ལོག་པའི་ཕྱིར་རོ། །གལ་ཏེ་ཕྱོགས་གཅིག་ཕྲད་དོ་ཞེ་ན་ཞེས་བྱ་བ་ནི་ཡིད་བདག་གི་ཕྱོགས་གཅིག་དང་ཕྲད་པ་འམ། བདག་ཡིད་ཀྱི་ཕྱོགས་གཅིག་དང་ཕྲད་པ་སྟེ།
ལུས་ཀྱི་ཕྱོགས་གང་ན་ཡིད་གནས་པར་གྱུར་པ་དེ་ན་ཡོད་པའི་བདག་གི་ཕྱོགས་དང་ནི་ཡིད་མི་ཕྲད་ཀྱི་གློ་ནས་ཕྲད་དོ། །དེའི་ཕྱིར་ཕྲད་པ་ནི་མ་ཕྲད་པ་སྔོན་དུ་འགྲོ་བ་ཉིད་ཡིན་ཡང་བདག་གི་ཕྱོགས་མ་ཕྲད་པ་ཁོ་ན་ཡིད་དང་ཕྲད་དོ་ཞེས་བྱ་བར་འདོད་ན། མ་ཡིན་ཏེ་དེ་ནི་དེ་ཉིད་ཀྱི་ཕྱོགས་ཡིན་པ་ཉིད་དུ་མི་རུང་བའི་
ཕྱིར་རོ། །བདག་ལ་ནི་ཕྱོགས་གཞན་ཡོད་པ་ཡང་མ་ཡིན་ཏེ། ཆ་མེད་པའི་ཕྱིར་རོ། །ཕྲད་པ་ཡོད་དུ་ཆུག་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྲད་པ་ཁས་བླངས་སུ་ཟིན་ཀྱང་། འོན་ཀྱང་འགྱུར་བ་མེད་པའི་ཕྱིར་ཡིད་རྟག་ཏུ་ཁྱད་པར་མེད་པ་ལ། གང་གིས་ན་འདི་སྐད་དུ་ཡིད་དང་ཕྲད་པའི་བྱེ་བྲག་ལ་ལྟོས་པའི་
ཕྱིར་རོ་ཞེས་སྨྲས་པ། ཇི་ལྟར་ཕྲད་པ་ཁྱད་པར་དུ་འགྱུར། ཇི་ལྟར་བློའི་ཁྱད་པར་ཡིན་ཞེས་དེ་ཉིད་ལ་ཀླན་ཀ་ཚོལ་བར་བྱེད་དོ་ཞེས་བྱ་བ་ནི་ཅིའི་ཕྱིར་རྟག་ཏུ་དེ་འདྲ་བ་ཁོ་ནར་མི་སྐྱེ་ཞེས་བྱ་བའོ། །གལ་ཏེ་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་བདག་ཉིད་དང་ཡིད་ཕྲད་པ་ལས་སོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་བདག་དང་ཡིད་ནི་
རྟག་ཏུ་ཁྱད་པར་མེད་མོད་ཀྱི། བདག་དང་ཡིད་སྦྱོར་བ་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པ་ཉིད་ལས་བློའི་ཁྱད་པར་འདོད་ན་འོ། །འདི་སྐད་དུ་བསྒོམ་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་འདུ་བྱེད་ཀྱི་ཁྱད་པར་ལས་བདག་དང་ཡིད་སྦྱོར་བའི་ཁྱད་པར་དུ་འགྱུར་ལ། དེའི་ཁྱད་པར་ལས་བློའི་ཁྱད་པར་དུ་འགྱུར་རོ་ཞེས་སྨྲས་པ་ཡིན་
ནོ། །དེའི་ཕྱིར་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དུ་འགྱུར་ཏེ། དུང་དང་རྔ་པ་ཊ་ཧ་ལ་སོགས་པའི་སྒྲ་བཞིན་ནོ། །འདི་ནི་ཡོད་པ་མ་ཡིན་ནོ། །ག་ལས་ཤེ་ན། སེམས་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདིར་སློབ་དཔོན་གྱི་དགོངས་པ་ནི་སེམས་ཀྱང་ཡོད་ལ། བསྒོམ་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་འདུ་

བྱེད་ཀྱི་ཁྱད་པར་གང་ཁོ་བོ་ཅག་བག་ཆགས་དང་ས་བོན་ཞེས་བྱ་བར་རྣམ་པར་འཇོག་པ་ཡང་ཡོད་པས་ཁོ་བོ་དང་ཁྱོད་ལ་རྩོད་པ་མེད་མོད་ཀྱི། དངོས་པོ་གཞན་ཡིན་ནམ་མ་ཡིན་ཞེས་བྱ་བ་ཙམ་ཞིག་ཁྱད་པར་ཡོད་དོ། །དེའི་ཕྱིར་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་སེམས་ཁོ་ན་བློའི་ཁྱད་པར་
དུ་གྱུར་ལ་རག་མོད། བདག་གམ་དེ་དང་ཕྲད་པར་བརྟགས་པས་ཅི་ཞིག་ཏུ་བྱ་སྙམ་པ་འདི་ཡིན་ནོ། །བདག་གི་ནུས་པ་འདི་ཅུང་ཟད་ཀྱང་མི་དམིགས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྨན་པ་ངན་གཡོ་ཅན་འགའ་ཞིག་གིས། ནད་པ་འགའ་ཞིག་ལ་སྨན་བྱིན་ནས་བསམས་པ། སྨན་འདི་ནི་རྙེད་སླ་བ་ཡིན་
ཏེ་ནད་པ་འདི་འཁོར་དང་བཅས་པས་ཀྱང་ཤེས་སོ། །སྨན་འདིས་ཀྱང་འདིའི་ནད་ཞི་བར་ནི་འགྱུར་རོ། །དེའི་ཕྱིར་བདག་གིས་ནོར་རྙེད་པར་མི་འགྱུར་རོ་སྙམ་དུ་བསམས་ནས། ཕུ་སྭཱ་ཧཱ། ཕུ་སྭཱ་ཧཱ། ཞེས་དེ་ལ་སྔགས་ཀྱིས་བཏབ་ཅིང་། སྔགས་འདིས་ན་སྨན་འདི་གྲུབ་པོ་ཞེས་སྐྱེ་བོ་ལ་བསྟན་ན། དེ་ལ་ཇི་ལྟར་སྨན་གྱིས་
དོན་གྲུབ་པར་བྱ་བ་ལ་སྨན་པ་ངན་གཡོ་ཅན་གྱིས་ཕུ་སྭཱ་ཧཱ་ཞེས་བྱ་བའི་ནུས་པ་མེད་ཀྱི་སྨན་གྱི་ནུས་པ་ཡིན་པ་དེ་བཞིན་དུ་བློའི་ཁྱད་པར་སྐྱེ་བར་བྱ་བ་ལ། བདག་གིས་ནུས་པ་མེད་ཀྱི་སེམས་འདུ་བྱེད་དང་བཅས་པ་ཁོ་ནའི་ནུས་པ་ཡིན་ནོ། །གལ་ཏེ་བདག་ཡོད་ན་ནི་དེ་གཉིས་སྲིད་དོ་ཞེ་ན་ནི་ཞེས་བྱ་བ་ནི། གལ་ཏེ་བདག་
ཡོད་ན་འདུ་བྱེད་དང་སེམས་དེ་གཉིས་སྲིད་པས་དེའི་ཕྱིར་བདག་ཡོད་དོ་ཞེས་བྱ་བར་འདོད་ན། འདིར་སྨྲས་པ། ཚིག་ཙམ་དུ་ཟད་ཀྱི་འདི་ལ་རིགས་པ་ནི་འགའ་ཡང་མེད་དོ། །གལ་ཏེ་དེ་ནི་རྟེན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། འདིར་དེ་གཉིས་རྟེན་ཡིན་ནོ་ཞེས་བྱ་བར་འདོད་ནའོ། །དཔེར་ན་གང་གི་བརྟེན་པ་ལྟ་བུ་ཞེས་བྱ་བ་ནི་
རྟེན་གྱི་ངོ་བོར་དཔེར་བརྗོད་པ་ཚོལ་བའོ། །དེ་ལ་རྟེན་གྱི་དོན་མི་རིགས་པར་བསྟན་པའི་ཕྱིར་དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདུ་བྱེད་དང་སེམས་དེ་དག་ཀྱང་རི་མོ་དང་། རྒྱ་ཤུག་ལ་སོགས་པ་ལྟར་ཏེ། དཔེར་ན་རྩིག་པ་ལ་རི་མོ་དང་། གཞུང་བུ་ལ་རྒྱ་ཤུག་བརྟེན་པ་ལྟར་རོ། །སོགས་པ་ཞེས་བྱ་བའི་
སྒྲས་ནི་སྣོད་དང་ཟས་ལ་སོགས་པ་བསྡུ་སྟེ། འདུ་བྱེད་དང་སེམས་དེ་དག་ནི་རྟེན་དག་ལ་དེ་ལྟར་མ་ཡིན་ལ། དེ་ཡང་རྩིག་པ་དང་གཞུང་བུ་ལ་སོགས་པ་ལྟར་རྟེན་དུ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཐོགས་པ་དང་ཐ་དད་པ་ཉིད་ཀྱིས་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཐོགས་པ་དག་

བཅས་པ་ཉིད་ཀྱིས་ཉེས་པ་ཉིད་ཀྱི་ཕྱིར་དང་། ཡུལ་ཐ་དད་པ་ཉིད་ཀྱིས་ཉེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གཞུང་བུ་དང་རྒྱ་ཤུག་དག་དང་། རྩིག་པ་དང་རི་མོ་དག་རྟེན་དང་བརྟེན་པའི་ངོ་བོ་ཡིན་པས་ཐོགས་པ་དང་བཅས་པ་དང་ཐ་དད་པ་ཉིད་དུ་མཐོང་བ་ལྟར་དེ་དག་ཀྱང་དེ་ལྟར་འགྱུར་བ་ཞིག་ན། འདི་ནི་
འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བདག་ནི་རྟེན་མ་ཡིན་ནོ། །དཔེར་ན་དྲི་ལ་སོགས་པ་ལས་ས་གཞན་མ་ཡིན་པ་ལྟར་བློ་ལ་སོགས་པ་ལས་ཀྱང་བདག་གཞན་མ་ཡིན་ནོ། །སྐྱེས་བུ་དམ་པ་སུ་ཞིག་དྲི་ལ་སོགས་པ་ལས་ས་གཞན་མ་ཡིན་པ་ངེས་པར་འཛིན་པར་བྱེད། ས་གང་ཡིན་ཞེས་སྨོས་ན་ཇི་ལྟར་གཟུགས་དྲི་ལ་སོགས་པ་
དག་ལས་གཞན་པའོ་ཞེས་བྱ་བ་ལྟ་བུར་གཟུགས་དང་དྲི་དང་རོ་དང་རེག་བྱ་དག་ལས་གཞན་པར་ནི་བསྟན་པར་མི་ནུས་སོ། །གལ་ཏེ་དྲི་ལ་སོགས་པ་ལས་ས་གཞན་མ་ཡིན་ན་སའི། དྲི་ལ་སོགས་པ་ཞེས་བྱ་བ་ཐ་སྙད་འདི་ཇི་ལྟར་འདོགས་ཏེ། ནག་པའི་ས་ཞེས་བྱ་བ་གཞན་གྱིས་གཞན་ཐ་སྙད་འདོགས་
པར་ནི་མཐོང་ངོ་ཞེ་ན། དེའི་ཕྱིར་སའི་དྲི་ལ་སོགས་པ་ཞེས་བྱ་བའི་ཐ་སྙད་འདི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཁྱད་པར་དུ་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཆུ་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན། ཅི་ནས་དེ་དག་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བས་སྟོན་པར་བྱེད་དོ། །དེ་
དག་ཉིད་ཅེས་བྱ་བའི་སྒྲས་ནི་དེ་དག་ལས་མ་གཏོགས་པའི་སའི་རྫས་བཟློག་པའི་ཕྱིར་ཏེ། ཅི་ནས་དྲི་ལ་སོགས་པ་དེ་དག་ཉིད་དོ་ཞེས་བྱ་བས་ཞེས་བྱ་བར་ཤེས་པར་འགྱུར་བར་རོ། །འདི་ཉིད་ལ་དཔེར་བརྗོད་པ། ཤིང་གི་གཟུགས་ཀྱི་ལུས་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ་ཇི་ལྟར་འཇི་བ་ལས་བྱས་པ་ལ་སོགས་པ་
གཞན་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཤིང་གི་གཟུགས་ཀྱི་ལུས་ཞེས་ཐ་སྙད་འདོགས་ལ། ཤིང་གི་གཟུགས་ཀྱི་ལུས་གཞན་ཡང་མ་ཡིན་པ་ལྟར་འདི་ཡང་དེ་བཞིན་དུ་ཐ་སྙད་འདོགས་པར་འགྱུར་ལ། དྲི་ལ་སོགས་པ་ལས་ས་གཞན་ཡང་མ་ཡིན་ནོ། །འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་སུ་ཟིན་ཀྱང་ཞེས་བྱ་བ་ནི་བདག་དང་ཡིད་
ཕྲད་པའོ། །གང་ཞིག་སྟོབས་ཆེ་བ་ཞེས་བྱ་བ་འདུ་བྱེད་ཀྱི་ཁྱད་པར་ཏེ། དེས་འདུ་བྱེད་ཀྱི་ཁྱད་པར་གཞན་དག་ལ་གེགས་བྱེད་དོ། །སྟོབས་ཆེ་བ་དེ་ཉིད་ཅིའི་ཕྱིར་རྟག་ཏུ་འབྲས་བུ་མི་འབྱིན་ཞེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་བཤད་པ་འདིའི་ཚུལ་ཏེ་འདུ་བྱེད་ཀྱི་ཚུལ་འཇིག་པ་འམ།

གེགས་བྱེད་པ་གང་ཡིན་པ་དེ་ནི་ས་བོན་གྱི་བདག་ཉིད་ཀྱིས་བསྒོས་པ་ཡིན་ན། བདག་ཏུ་རྟོག་པ་ནི་དོན་མེད་ཅིང་དགོས་པ་མེད་པ་ཡིན་ཏེ། འདུ་བྱེད་ཀྱི་དོན་ཏུ་དེར་བརྟག་གྲང་ན་འདུ་བྱེད་དེའི་བྱ་བ་གང་ཡིན་པ་དེ་ནི་དགོས་པ་ཁོ་ན་བྱེད་དོ། །དྲན་པ་ལ་སོགས་པ་ནི་ཡོན་ཏན་གྱི་དངོས་པོ་ཡིན་པའི་ཕྱིར་ཞེས་
བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་དྲན་པ་འདུ་བྱེད་དང་འདོད་པ་དང་ཞེ་སྡང་ལ་སོགས་པ་ནི་ཡོན་ཏན་གྱི་དངོས་པོ་ཡིན་པའི་ཕྱིར་ལ། རྫས་བརྟེན་པ་ཡོན་ཏན་དང་ལྡན་པ་མ་ཡིན་ནོ་ཞེས་དེ་སྐད་དུ་མཚན་ཉིད་བསྟན་པའི་ཕྱིར་ཡོན་ཏན་གྱི་རྫས་དེ་ཡང་གདོན་མི་ཟ་བར་རྫས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་དག་གི་
བརྟེན་པ་ལ་སོགས་པ་གཞན་ཡོད་པར་ཡང་རུང་བ་མ་ཡིན་ནོ། །དེ་བས་ན་འདི་དག་གི་རྟེན་གང་ཡིན་པ་དེ་ནི་བདག་ཡིན་པ་དེ་ནི་བདག་ཡིན་པས་དེ་ལྟ་བས་ན་བདག་ནི་ཡོད་དོ་ཞེས་བྱ་བར་འདོད་ན། དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དྲན་པ་ལ་སོགས་པ་ཡོན་ཏན་གྱི་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཡོད་པ་
ཐམས་ཅད་རྫས་ཡིན་ཞེས་བྱ་བ་ནི། མཚན་ཉིད་ཀྱི་སྒོ་ནས་ཡོད་པ་གང་ཡིན་པ་དེ་ནི་རྫས་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ནི་རྫས་དྲུག་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ལ། ཟག་པ་མེད་པའི་རྣམ་པར་གྲོལ་བའི་ལམ་ཕུང་པོ་ལྔ་ནི། དགེ་སྦྱོང་གི་འབྲས་བུ་འདུས་བྱས་ལྔ་ཡིན་ལ། བྲལ་བ་ནི་དགེ་སྦྱོང་
གི་འབྲས་བུ་འདུས་མ་བྱས་ཡིན་ཏེ། དེ་ལྟར་རྫས་དྲུག་ཡིན་ནོ། །དེ་དག་རྫས་ལ་བརྟེན་པ་ཉིད་དུ་ཡང་མ་གྲུབ་སྟེ་ཞེས་བྱ་བ་ནི། དྲན་པ་ལ་སོགས་པ་རྣམས་རྫས་ལ་བརྟེན་པ་ཉིད་དུ་མ་གྲུབ་པ་སྟེ། གཉི་ག་ལ་གྲུབ་པ་ལ་ཆོས་ཀྱི་ཐ་སྙད་འདོགས་པའི་ཕྱིར་རོ་ཞེས་བྱ་བའི་ཚུལ་གྱིས་སོ། །རྟེན་གྱི་དོན་ནི་བརྟགས་ཟིན་
ཏོ་ཞེས་བྱ་བ་ནི། དཔེར་ན་གང་གི་རྟེན་གང་ལྟ་བུའོ། །དེ་དག་ཀྱང་རི་མོ་དང་རྒྱ་ཤུག་ལ་སོགས་པ་ལྟ་བུར་བརྟེན་པ་མ་ཡིན་ལ་ཞེས་བྱ་བ་རྒྱས་པར་རོ། །བདག་མེད་ན་ཅིའི་ཕྱིར་དགེ་བ་དང་མི་དགེ་བའི་བྱ་བའི་འབྲས་བུ་ལ་སོགས་པའི་རྟོག་པ་ཡིད་ལ་རྒྱུ་ཞིང་འགྱིང་བར་འགྱུར། སྐད་ཅིག་མ་ཟད་པ་ཉིད་དུ་ཁས་
བླངས་པའི་ཚེ་ལས་དང་འབྲས་བུའི་འབྲེལ་པ་མི་སྲིད་དེ། གང་གི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་བདག་ཉིད་ཀྱི་ཁྱད་པར་སོ་སོར་ནུབ་ཅིང་། སྐད་ཅིག་མ་དང་པོས་སྐྱེ་བ་འཕངས་པ་རྣམས་ལས་ངོ་བོའི་ཁྱད་པར་སྐད་ཅིག་མ་གཞན་ལ་རག་ལུས་པའི་བྱ་བ་འབྲས་བུ་སྐྱེ་བ་མི་རུང་ངོ་། །དེ་ལྟ་ཡིན་ན་ཡང་ལུས་བཀྲ་

སྦྱིན་པ་ལ་སོགས་པའི་བྱ་བའི་འབྲས་བུ་མཆོད་སྦྱིན་ལ་སོགས་པས་ཉམས་སུ་མྱོང་བར་འགྱུར་རོ། །གང་གི་ལྟར་ན་བདག་ཡོད་པ་དེའི་ལྟར་ན་ནི་སེམས་པ་སྐྱེས་པའི་བདག་ལ་ཆོས་སམ་ཆོས་མ་ཡིན་པ་གཞག་ནས་འགག་ལ། ཆོས་དང་ཆོས་མ་ཡིན་པ་གཞན་གྱིས་ཟིལ་གྱིས་མནན་པ་དེ་གཉིས་ལས་དུས་གཞན་
གྱི་ཚེ་འབྲས་བུ་འབྱུང་བར་རིགས་སོ་ཞེ་ན། ལྷ་རྣམས་དགའ་བས་བསྒོས་པ་མི་ཤེས་ཏེ། ཁོ་བོ་ཅག་གི་ལྟར་ན་ནི་སེམས་པ་འདས་པས་སེམས་ད་ལྟར་སྒོ་བར་མི་བྱེད་ཀྱི། འོན་ཀྱང་སེམས་སྔ་མ་དང་ལྷན་ཅིག་སྐྱེས་པའི་སེམས་པའི་ཁྱད་པར་ལས་སེམས་ནུས་པས་ཁྱད་པར་དུ་བྱས་པ་སྐྱེ་ལ། དེའི་ནུས་པའི་ཁྱད་
པར་དེ་ནི་གང་ལས་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཕྱིས་འབྲས་བུ་སྐྱེ་བ་བསྒོས་པ་ཞེས་བྱའོ། །སེམས་ད་ལྟར་བའི་ཁྱད་པར་དེ་ཡང་དེ་མ་ཐག་ཏུ་འབྱུང་བའི་སེམས་ཀྱི་ནུས་པའི་ཁྱད་པར་གྱིས་རྒྱུར་འགྱུར་བ་ན་སེམས་དེ་སྒོ་བར་བྱེད་དོ་ཞེས་བྱའོ། །དེའི་ཕྱིར་འདས་པས་སྒོ་བར་མི་བྱེད་ལ།
ད་ལྟར་བ་བསྒོ་བ་མ་ཡིན་ཏེ། དེ་དག་འགགས་པ་དང་སྐྱེ་བའི་ཚེ་དེ་མ་བསྒོས་པའི་ཕྱིར་རོ། །སྨྲས་པ། སེམས་གང་ཞིག་ལས་ལས་སྐྱེ་བ་དེའི་རྒྱུན་ལས་ཀྱིས་བསྒོས་པ་ལ། དེ་འབྲས་སྐྱེ་ཕྱིར་བྱས་པ་ཆུད། །ཟ་དང་མ་བྱས་ཕྲད་པ་བསལ། །རྣམ་པ་དེ་དག་ཞེས་བྱ་བ་ནི་དཀར་ཤམ་ལ་སོགས་པའི་
རྣམ་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །དེས་ན་ཕུང་པོ་དག་ལ་བདག་གི་ཞེས་བྱ་བ་ཡིན་པར་རྟོགས་སོ། །བདག་ལ་ཕན་འདོགས་པའི་ལུས་ལ་ཡང་བདག་ཉེ་བར་འདོགས་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཕན་འདོགས་པ་ལ་བདག་ཉེ་བར་འདོགས་པ་ཡིན་ཡང་བདག་ཏུ་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་
བ་ཇི་ལྟར་ཞེ་ན། འདི་བདག་གོ་སྙམ་དུ་དེ་ལྟར་ནི་མ་ཡིན་ནོ། །དེ་ཉིད་འོངས་པ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པ་འདིའི་དོན་ཇི་ལྟ་བུ་ཡིན། ཇོ་བོའི་དོན་ཡིན་ནོ། །དཔེར་ན་གང་གི་ཇོ་བོ་གང་ལྟ་བུ་ཡིན། དཔེར་ན་བའི་ནག་པ་ལྟ་བུ་ཡིན་ནོ། །འདི་ཇི་ལྟར་དེའི་ཇོ་བོ་ཡིན། དེ་རྨོ་བ་དང་བཞོ་བ་ལ་སོགས་པ་ལ་སྦྱར་བ་དེ་ལ་རག་ལུས་
པའི་ཕྱིར་རོ། །བདག་ཏུ་འཛིན་པ་གང་དུ་སྦྱར་བར་བྱ་ན། ཇི་ལྟར་འདིའི་ཇོ་བོ་བཙལ། བདག་ཏུ་འཛིན་པར་བྱ་བའི་དོན་ལའོ། །ཅིའི་ཕྱིར་སྦྱར་བར་བྱ། བདག་ཏུ་འཛིན་པར་བྱ་བའི་ཕྱིར་རོ། །ཀྱེ་མ་དེ་ཉིད་དེའི་དོན་དུ་སྦྱར་རོ་ཞེས་བྱ་བ་ནི། བསོད་ཉམས་ཀྱི་སྐྱེད་པ་རྣམས་ཀྱི་ལེགས་པར་སྨྲས་སོ། །ཇི་ལྟར་སྦྱར་བར་བྱ།

ཅི་སྐྱེད་པའི་སྒོ་ནས་སམ། འོན་ཏེ་མངགས་པའི་སྒོ་ནས། བདག་ཏུ་འཛིན་པ་ལ་འགྲོ་བ་མི་རུང་བས་བསྐྱེད་པར་བྱ་བའི་སྒོ་ནས་སོ། །དེ་ལྟ་ན་ནི་རྒྱུ་ཁོ་ན་ཇོ་བོ་ཡིན་ལ། འབྲས་བུ་ཁོ་ན་བྲན་ཡིན་པར་འགྱུར་ཏེ། འདི་ལྟར་རྒྱུ་ནི་འབྲས་བུ་ལ་དབང་བྱེད་ལ། འབྲས་བུ་ཡང་དེ་དང་ལྡན་པ་རྒྱུ་ཡིན་པས་དེ་ནི་
བདག་ཏུ་འཛིན་པའི་རྒྱུ་གང་ཡིན་པ་དེ་ཁོ་ནའི་ཡིན་ནོ། །ཤིང་ལྗོན་པ་མེ་ཏོག་ཆགས་སོ་ཞེས་བྱ་བ་དཔེ་དང་པོ་ནི་གྲུབ་པའི་མཐའ་གང་ལ་ཤིང་ལྗོན་པ་ཡན་ལག་ཅན་དུ་མི་འདོད་པ་དེ་ལ་ཡིན་ཏེ། འབྱུང་བ་ཆེན་པོ་རིས་མི་མཐུན་པ་བཞིས་བརྩམས་པ་ཡིན་པར་མི་འདོད་པའི་ཕྱིར་རོ། །གང་ལ་ཤིང་ལྗོན་པ་ཡན་ལག་ཅན་
ཡོད་པ་དེ་ལ་ནི་དཔེ་གཉིས་པ་ནགས་ཚལ་འབྲས་བུ་ཆགས་སོ་ཞེས་བྱ་བ་ཡིན་ཏེ། ནགས་ཚལ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ནགས་ཚལ་ཤིང་སཱ་ལ་དང་ཏཱ་ལ་ཚོགས་པ་གང་ལ་འབྲས་བུ་འབྱུང་བ་དེ་དང་འབྲས་བུ་ཆགས་སོ་ཞེས་བྱ་བ་དེ་བཞིན་དུ་སྐྱེ་མཆེད་དྲུག་གི་མཚན་ཉིད་ཀྱི་རྟེན་གང་ལ་བདེ་བ་འམ་སྡུག་
བསྔལ་འབྱུང་བ་དེ་ལ། བདེ་བ་འམ་སྡུག་བསྔལ་བ་ཞེས་བྱ་བའོ། །དེ་ལྟར་ནི་བཤད་དོ་ཞེས་བྱ་བ་ནི། །དེ་དག་གྱུར་པས་གྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན་ནོ་ཞེས་སྐྱེ་མཆེད་དྲུག་ཇི་ལྟར་རྟེན་ཡིན་པ་དེ་ལྟར་ནི་བཤད་ཟིན་ཏོ། །བདག་མེད་ན་ལས་རྣམས་ཀྱི་བྱེད་པ་པོ་ནི་གང་ཡིན། འབྲས་བུ་རྣམས་ཀྱི་ཟ་བ་པོ་ནི་གང་ཡིན་
ཞེས་བྱ་བ་འབྱུང་ངོ་། །བཤད་པ་གང་གིས་ན་དེ་བྱེད་པ་པོ་དང་ཟ་བ་པོ་ཞེས་བྱ་བར་རྒྱས་པར་བརྗོད་པར་འགྱུར་བ་ཅི་ལས་རྣམས་སམ། འབྲས་བུ་ཉེ་བར་ལོངས་སྤྱོད་པ་བདག་ལ་རག་ལས་སམ། དེའི་ཕྱིར་རང་དབང་ཅན་གྱི་བྱེད་པ་པོའམ་ཟ་བ་པོ་འགའ་ཡང་མེད་ཀྱི། རྒྱུ་དང་འབྲས་བུ་ཙམ་ཞིག་ཡོད་ན་བྱེད་པ་པོ་འམ། ཟ་བ་
པོར་འདོགས་པར་ཟད་དེ། ཇི་སྐད་དུ། ལུས་དང་སེམས་ཀྱི་རྒྱུན་གང་ལས། །ལས་དང་དེ་འབྲས་གཉིས་འབྱུང་བའི། །འགྲོ་བ་སྣ་ཚོགས་ཞེས་བྱ་སྟེ། །བྱེད་པ་པོ་དང་ཟ་བ་པོར་བརྗོད་ཅེས་བཤད་པ་ལྟ་བུའོ། །གལ་ཏེ་བྱེད་པ་པོ་བདག་ཡིན་ན་ནི། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། ཡོད་པ་མ་ཡིན་པའི་ཕྱིར་དང་། རྟག་པའི་
ཕྱིར་ནམ་མཁའ་བཞིན་ནོ། །འོན་ཏེ་ཕུང་པོ་ལྔའི་རྒྱུན་ཡིན་ནོ་ཞེ་ན་ནི། དེ་ཉིད་བྱེད་པ་པོ་ཡིན་ཏེ། ཕུང་པོ་ལྔའི་མཚན་ཉིད་དེ་ཉིད་བྱེད་པ་པོ་ཡིན་གྱི་བདག་ནི་མ་ཡིན་པས་ཁོ་བོ་ཅག་གི་ཕྱོགས་གྲུབ་པོ། །དེ་ལ་ཡང་རང་དབང་མེད་པར་བསྟན་པའི་ཕྱིར་ཏེ་ལས་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལ་ལུས་

དང་ངག་གི་ལས་དག་ནི་སེམས་ཀྱི་གཞན་གྱི་དབང་གིས་འཇུག་སྟེ། སེམས་ཀྱིས་རབ་ཏུ་བཅུག་པའི་ཕྱིར་རོ་ཇི་སྐད་དུ། དེས་སྐྱེད་ལུས་དང་ངག་གི་ལས། །ཞེས་བཤད་པ་ལྟ་བུའོ། །སེམས་ཀྱང་ལུས་ཀྱི་གཞན་གྱི་དབང་གིས་འཇུག་སྟེ། ལུས་དང་སེམས་དག་ནི་ཕན་ཚུན་རྗེས་སུ་བྱེད་པའི་ཕྱིར་རོ། །རང་གི་རྒྱུའི་གཞན་
གྱི་དབང་གིས་ཀྱང་འཇུག་སྟེ། ཡིད་དང་ཆོས་ཡིད་ལ་བྱེད་པ་ལ་སོགས་པའི་གཞན་གྱི་དབང་ཡིན་པའི་ཕྱིར་རོ། །དེ་ཡང་དེ་དང་འདྲ་བ་ཞེས་བྱ་བ་ནི་སེམས་ཀྱི་རང་གི་རྒྱུ་དེ་ཡང་རྒྱུ་གཞན་གྱི་དབང་གིས་འཇུག་པས་ལུས་སམ། ངག་གམ་སེམས་སམ་རྒྱུ་གཞན་ཡང་རུང་གང་ལ་རང་དབང་མེད་ཀྱི། བཞི་ཡིས་སེམས་དང་
སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་འབྱུང་བས། དངོས་པོ་ཐམས་ཅད་ནི་རྐྱེན་གྱི་གཞན་གྱི་དབང་གིས་འཇུག་གོ། །བདག་ཀྱང་ལྟོས་པ་མེད་པར་ནི་བློའི་ཁྱད་པར་སྐྱེ་བའི་རྒྱུ་ཉིད་དུ་ཁས་མི་ལེན་པའི་
ཕྱིར་རང་དབང་ཅན་དུ་མི་འགྲུབ་པོ། །ཇི་ལྟར་ཞེ་ན། ཡིད་དང་ཕྲད་པ་ལ་སོགས་པའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ལྟ་བུ་མཚན་ཉིད་ཅེས་བྱ་བ་ནི་བྱེད་པ་པོ་རང་དབང་ཅན་ནོ། །འོ་ན་བྱེད་པ་པོ་ཇི་ལྟ་བུ་ཞེ་ན། གང་ཞིག་གང་གི་རྒྱུའི་གཙོ་བོ་ཡིན་པ་དེ་ནི་བྱེད་པ་པོ་ཞེས་བྱ་ཞེས་བྱ་བ་སྨོས་ཏེ།
གཙོར་དེ་ལ་བརྟེན་ནས་སྐྱེས་པའི་ཕྱིར་རོ། །དེ་ནི་དེ་ལྟ་བུས་ཡང་བྱེད་པ་པོར་མི་རུང་ངོ་ཞེས་བྱ་བ་ནི་རྒྱུའི་གཙོ་བོའི་ངོ་བོར་ཡང་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་མ་ཡིན་པར་བསྟན་པའི་ཕྱིར་དྲན་པ་ལས་ནི་འདུན་པ་སྐྱེའོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དང་པོ་དྲན་པར་བྱ་བའི་དོན་ལ་དྲན་པ་སྐྱེའོ། །
དྲན་པ་ལས་ནི་འདུན་པ་སྟེ། བྱེད་འདོད་པ་ཡིན་ནོ། །འདུན་པ་ལས་ནི་རྟོག་པ་སྟེ། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སེམས་རྩིང་བའི་མཚན་ཉིད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་ངེས་པར་རྟོག་པའི་མཚན་ཉིད་ཤེས་རབ་ཀྱི་ཁྱད་པར་རོ་ཞེས་ཟེར་རོ། །རྣམ་པར་རྟོག་པ་ལས་རབ་ཏུ་དབང་བ་སྟེ། བརྩོན་འགྲུས་སོ། །
རབ་ཏུ་འབད་པ་ལས་རླུང་ངོ་། །རླུང་ལས་ནི་ལས་ཏེ། ཡུལ་གཞན་དུ་འབྱུང་བའི་མཚན་ཉིད་འབྱུང་ན། འདི་ལ་བདག་གིས་ཅི་ཞིག་བྱེད་དེ། དེ་ནི་ནུས་པ་བཀག་པ་ཡིན་ནོ། །རྣམ་པར་ཤེས་པ་ལས་ནུས་པ་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི། དམིགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཡིན་ན། འདུ་བྱེད་

ཀྱི་ཁྱད་པར་ལ་ལྟོས་པའི་སེམས་ཁོ་ན་ལས་ཡིན་པར་ཟད་ཀྱི། བདག་གི་བྱེད་པའི་ཅུང་ཟད་ཀྱང་མི་དམིགས་ཏེ། སྨན་གྱི་འབྲས་བུ་གྲུབ་པ་ལ། སྨན་པ་ངན་གཡོ་ཅན་གྱིས་ཕུ་སྭཱ་ཧཱ་ཞེས་སྨྲས་པ་དག་བཞིན་ནོ་ཞེས་རྣམ་པར་ཤེས་པ་ལ་ནི་བདག་གི་ནུས་པ་བཀག་གོ། །བདག་མེད་ན་ཅིའི་ཕྱིར་
སེམས་ཅན་གྱི་རྟེན་མ་ཡིན་པ་ལ་ཡང་སྡིག་པ་དང་བསོད་ནམས་ཉེ་བར་སོགས་པར་མ་གྱུར། བཤད་པ་དབང་པོ་མེད་པའི་ཕྱིར་རོ། །རྒྱུ་གང་གིས་དབང་པོ་དང་བཅས་པའི་ལུས་མངོན་པར་བསྒྲུབ་པའི་རྒྱུ་དེ་ས་དང་རྡོ་ལ་སོགས་པ་རྣམས་མེད་དེ། དེའི་ཕྱིར་དབང་པོ་དང་བཅས་པ་དག་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚོར་
བའི་རྟེན་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེའི་རྟེན་སྐྱེ་མཆེད་དྲུག་ཡིན་ནོ། །ཇི་ལྟར་ཡིན་པ་དེ་ལྟར་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི་དེ་དག་གྱུར་པས་གྱུར་ཉིད་ཕྱིར། རྟེན་ནི་མིག་ལ་སོགས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་རྟེན་ལ་བརྟེན་པ་ཞེས་བྱ་བ་ནི་བདག་ལ་བརྟེན་པའོ། །ཚིག་གི་ལུགས་འདི་ནི་ལན་བཏབ་ཟིན་ཏོ་ཞེས་
བྱ་བ་ནི་གང་གི་རྟེན་གང་ལྟ་བུ། དེ་དག་ཀྱང་རི་མོ་དང་རྒྱ་ཤུག་ལ་སོགས་པ་ལྟ་བུར་བརྟེན་པ་མ་ཡིན་ལ། རྩིག་པ་དང་གཞུང་བུ་ལ་སོགས་པ་ལྟར་རྟེན་དུ་རིགས་པ་མ་ཡིན་ཏེ། ཐོགས་པ་དང་ཐ་དད་པ་ཉིད་ཀྱིས་ཉེས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེས་སྐྱེད་པ་ཞེས་བྱ་བ་ནི་ས་བོན་དེས་ནུས་པ་བསྐྱེད་ཅེས་བྱ་བའི་
ཐ་ཚིག་གོ། །ཇི་སྐད་དུ་བཤད་པ་ལྟ་བུའོ་ཞེས་བྱ་བ་ནི་གནས་བརྟན་སྒྲ་གཅན་ཟིན་གྱིས་སོ། །ཉེ་བ་གང་དང་གོམས་པ་གང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྒྱུ་གཅིག་ལ་ལས་བཞི་པོ་ལྕི་བ་དང་ཉེ་བ་དང་། གོམས་པ་དང་། སྔོན་བྱས་པ་ཡོད་པ་བཞི་པོ་དེ་དག་གི་ནང་ན་ལས་ལྕི་བ་སྔ་མ་ཡིན་པ་དེ་ནི་གསུམ་པས་
སྔར་སྨིན་ནོ། །ཉེ་བ་དང་གོམས་པ་དང་སྐྱེ་བ་སྔར་བྱས་པ་རྣམས་ཀྱི་ཡང་ཉེ་བ་སྔ་མ་ཡིན་པས་དེ་གཉིས་པས་སྔར་སྨིན་ནོ། །གོམས་པ་དང་སྔར་བྱས་པ་དག་ལ་ཡང་གོམས་པ་སྔ་མ་ཡིན་པས་གཅིག་པས་སྔར་སྨིན་ནོ། །དེ་དག་མེད་ན་ཚེ་སྔ་མ་ལ་བྱས་པ་ལན་གྲངས་གཞན་ལ་མྱོང་བ་སྨིན་པར་འགྱུར་རོ། །ཉོན་
མོངས་པ་ཅན་མ་ཡིན་པ་རྣམས་ཀྱིས་ནི་སེམས་ཀྱི་རྒྱུན་གཏན་དུ་ལོག་པ་སྟེ་ཞེས་བྱ་བ་ནི་དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱིའོ། །རྣམ་པར་འདྲུལ་བའི་ཁྱད་པར་ལས་སྐྱེས་པ་ཞེས་བྱ་བ་ནི་ས་དང་ཆུ་དང་འབྲེལ་པ་ལས་འབྲས་བུའི་རྣམ་པར་འགྱུར་བ་ཕྲ་མོ་ནི་རྣམ་པར་འདྲུལ་བའོ། །དེའི་

ཁྱད་པར་ནི་དེ་ཉིད་ཁྱད་པར་ཅན་ཡིན་ཏེ། དེ་ལ་རྣམ་པར་འགྱུར་བའི་ཁྱད་པར་སྐྱེ་བའམ། དེ་ལས་འབྲས་བུ་གཞན་སྐྱེའོ། །རྣམ་པར་འགྱུར་བའི་ཁྱད་པར་ཇི་ལྟ་བུ་ཞིག་ལས་ཡིན་པ་བསྟན་པའི་ཕྱིར་དེ་ལ་འབྱུང་བའི་རྣམ་པར་འགྱུར་བ་མྱུ་གུ་གྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་ས་བོན་ཡིན་ཞེས་བྱ་བ་
སྨོས་ཏེ། མྱུ་གུ་དེའི་ས་བོན་ཡིན་ནོ། །འབྱུང་བའི་རྣམ་པ་གཞན་མ་ཡིན་ཏེ། སྔོན་གྱི་ས་བོན་གྱི་གནས་སྐབས་ཀྱི་འབྱུང་བའི་རྣམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱུར་བའི་མིང་གིས་ཞེས་བྱ་བ་ནི་ཇི་ལྟར་ཕྱེ་འཐག་གོ་ཞེས་འབྱུང་བ་ནི་འགྱུར་བའི་མིང་གི་ཐ་སྙད་འདོགས་པ་དེ་བཞིན་
དུ་རྒྱུད་སྔ་མ་ས་བོན་གྱི་གནས་སྐབས་མ་རུལ་བ་ལས་ཡང་འབྱུང་བར་འགྱུར་བའི་མིང་གི་ས་བོན་ཞེས་བྱའོ། །འདྲ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུན་སྔ་མ་དེ་ཡང་འབྱུང་བ་རྣམ་པར་འགྱུར་བའི་ཁྱད་པར་རྣམ་པར་འགྱུར་བ་ལས་སྐྱེ་བ་དང་འདྲ་བའི་ཕྱིར་ས་བོན་ཞེས་བྱའོ། །དེ་བཞིན་དུ་འདི་ལ་ཡང་
ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་དམ་པའི་ཆོས་མཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་རྐྱེན་གྱི་ཁྱད་པར་ལས་སྐྱེས་པ་དགེ་བ་ཟག་པ་དང་བཅས་པའི་སེམས་ཀྱི་འགྱུར་བ་སྐྱེ་བའམ། དམ་པ་མ་ཡིན་པའི་ཆོས་མཉན་པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རྐྱེན་གྱི་
ཁྱད་པར་ལས་སྐྱེས་པ་མི་དགེ་བའི་སེམས་ཀྱི་འགྱུར་བ་སྐྱེ་ན། དེ་ལས་རྣམ་པར་སྨིན་པ་གཞན་སྐྱེའི། གཞན་དུ་ནི་མ་ཡིན་པས་དེ་ནི་མཚུངས་སོ། །ཇི་ལྟར་འབྲས་བུ་ཁོ་ན་ལས་འབྲས་བུ་གཞན་མི་འབྱུང་གི། །འོ་ན་ཅི་ཞེ་ན་འགྱུར་བའི་ཁྱད་པར་ལས་ཡིན་པ་དེ་བཞིན་དུ་རྣམ་པར་སྨིན་པ་ཁོ་ན་
ལས་རྣམ་པར་སྨིན་པ་གཞན་མི་འབྱུང་གི། འོ་ན་ཅི་ཞེ་ན། སེམས་ཀྱི་འགྱུར་བའི་ཁྱད་པར་ལས་འབྱུང་བས་དེ་ནི་མཚུངས་སོ། །འབྲས་བུ་ནི་ནང་དུ་གེ་སར་དམར་པོ་ཞེས་བྱ་བ་ནི་འབྲས་བུའི་ནང་དུ་ག་ན་བི་ཛ་པུ་རའི་ཁུ་བ་སྐྱུར་པོ་ཡོད་པའི་གེ་སར་རོ། །དེ་ལས་ནི་གཞན་མི་སྐྱེའོ་ཞེས་བྱ་བ་འབྱུང་
ངོ་། །འདི་ནི་འདིར་དཔེར་བརྗོད་པ་ཡིན་ཏེ། ཇི་ལྟར་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བའི་མ་དུ་ལུང་གའི་མེ་ཏོག་གི་འབྲས་བུ་གེ་སར་དམར་པོ་ལས་སླར་གེ་སར་དམར་པོ་གཞན་མི་འབྱུང་བ་དེ་བཞིན་དུ་ལས་ལས་སྐྱེས་པའི་རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པ་གཞན་མི་སྐྱེའོ། །འདིར་སྨྲས་པ། སེམས་འདི་ས་བོན་

མཐའ་ཡས་པ་དང་ལྷན་ཅིག་རྒྱུན་གྱིས་འབྱུང་། །ས་བོན་དེ་དེ་རང་རྐྱེན་བྱུང་ན་སེམས་ལ་རྒྱས་པར་འགྱུར། །དེ་རྒྱས་རིམ་གྱིས་འཇུག་པ་རྙེད་ན་དུས་སུ་འབྲས་སྟེར་འགྲུབ། །མ་དུ་ལུང་གའི་མེ་ཏོག་བསྐུས་ཚོན་དེ་ཡི་གེ་སར་བཞིན། །ཡང་སྨྲས་པ། ཇི་ལྟར་རས་བལ་ས་
བོན་དང་། །མུ་དུ་ལུང་གའི་མེ་ཏོག་ལ། །རྒྱ་སྐྱེགས་བསྐུས་ན་དེ་ཞིག་ཀྱང་། །བསྒོས་པའི་རྒྱུན་གྱི་རིམ་པ་ཡིས། །རས་བལ་དང་ནི་གེ་སར་ལ། །དམར་པོ་འབྱུང་བར་འགྱུར་བ་ལྟར། །ལས་རྣམས་ཞིག་ན་འང་བསྒོས་པ་ནི། །དེ་ཉིད་དེ་ཡི་འབྲས་བུ་སྐྱེད། །ལས་དང་དེའི་བསྒོས་པ་ཞེས་བྱ་བ་
འབྱུང་ལ། །དེའི་བསྒོས་པ་ཞེས་བྱ་བ་ནི་ལས་ཀྱིས་བསྒོས་པའོ། །བསྒོས་པ་དེའི་འཇུག་པ་རྙེད་པ་སྟེ། འཇུག་པ་རྙེད་པ་དེ་ལས་འབྲས་བུ་སྟེ། བཞི་པོ་དེ་དག་ནི་སངས་རྒྱས་ལས་གཞན་པ་ཉན་ཐོས་ལ་སོགས་པས་རྣམ་པ་ཐམས་ཅད་དེ། རྣམ་པ་ཀུན་ངེས་པར་འདོད་རྒྱལ་དུ་རབ་ཏུ་མི་ཤེས་སོ། །
དོན་གྱིས་ན་སངས་རྒྱས་ཁོ་ནས་དེ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རབ་ཏུ་མཁྱེན་ཏོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའི་དོན་ཏོ། །སངས་རྒྱས་བདག་མེད་པ་གསུངས་པ་རྣམས་ཀྱི་གསུང་རབ་ཆོས་ཉིད་མཐོང་ན་སྟེ་མཐོང་
བར་འགྱུར་ནས་སོ། །རིགས་པའི་ལམ་ནི་ཚུལ་ཏེ། གཏན་ཚིགས་ཀྱི་ལམ་མོ། །དེས་དག་པ་ནི་རིགས་པའི་ལམ་ལེགས་པར་གསུངས་པས་དག་པའོ། །ལེགས་པར་གསུངས་ཤིང་མཛེས་པར་གསུངས་པ་ནི་ལེགས་པར་གསུངས་པའོ། །མུ་སྟེགས་དག་ནི་ཡང་དག་པ་ཇི་ལྟ་བ་
མཐོང་བ་མེད་པས་ལོང་བ་དག་གོ། །ལོང་བ་ལྟ་ངན་སྣ་ཚོགས་གཡོ་རྣམས་ཀྱི། །ཞེས་བྱ་བ་ལ། ལྟ་ངན་ནི་ལྟ་བ་སྨད་པའོ། །ལྟ་བ་ངན་པ་ཡང་ཡིན་ལ། གཡོ་བ་ཡང་ཡིན་པ་ནི་ལྟ་ངན་སྣ་ཚོགས་གཡོ་བ་རྣམས་སོ། །གང་དག་ལ་ལྟ་བ་ངན་པ་སྣ་ཚོགས་གཡོ་བ་ཡོད་པ་དེ་དག་ནི་ལྟ་ངན་སྣ་ཚོགས་
གཡོ་རྣམས་ཏེ། སེམས་ཅན་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་གཡོ་བ་ཅན་མཐོ་རིས་དང་བྱང་གྲོལ་གྱི་ལམ་ལ་མ་ཞུགས་པ་དང་། ལོག་པ་ལ་ཞུགས་པ་དེ་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལོང་བ་མ་ཡིན་པ་རྣམས་ནི་མུ་སྟེགས་སེར་སྐྱ་བ་དང་། འུག་པ་པ་ལ་སོགས་པ་དེ་ལྟ་བུ་དེ་དག་གི་གཞུང་

ལུགས་སམ། ལྟ་བ་སྤངས་ཤིང་བོར་ནས་འཁོར་བ་ནས་མྱ་ངན་ལས་འདས་པར་འགྲོའོ། །ལོང་བ་མ་ཡིན་པ་དེ་དག་གང་ཞེ་ན། འཕགས་པ་ཉན་ཐོས་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་སོ། །ཡང་ན་གསུང་རབ་ཀྱི་ཆོས་ཉིད་དེ་ཁོ་ན་ལ་བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །གསུང་རབ་ཀྱི་ཆོས་ཉིད་
ནི་འདིར་བདག་མེད་པའམ། སངས་རྒྱས་ཀྱི་རྗེས་སུ་བསྟན་པའོ། །གཞན་དག་ན་རེ་གསུང་རབ་མདོ་སྡེ་ལ་སོགས་པ་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་སུ་གཏོགས་པའོ། །དེའི་ཆོས་ཉིད་ནི་རིགས་པ་དང་ལྡན་པའི་ཕྱིར་ལེགས་པར་གསུངས་པ་ཉིད་དང་། མྱ་ངན་ལས་འདས་པ་བརྗོད་པའི་ཕྱིར་
མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཡིན་ནོ། །ཇི་ལྟར་མྱ་ངན་ལ་འདས་པ་ལ་གཞོལ་བར་འགྱུར་ཞེ་ན། མི་རྟག་པར་འདུ་ཤེས་པ་ལ་བདག་མེད་པའི་འདུ་ཤེས་གནས་ལ་བདག་མེད་པར་འདུ་ཤེས་པ་ལ་མྱ་ངན་ལས་འདས་པ་ལ་ཞི་བར་འདུ་ཤེས་པ་གནས་ཏེ། དེ་ལ་སྐྲག་པ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞི་བར་
འདུ་ཤེས་པ་ལ། རྒྱུད་དེ་ལ་གཞོལ་བ་གནས་སོ། །གཞན་ཡང་བདག་མི་རྟག་པར་འདུ་ཤེས་པ་ནི་སྲིད་པ་དང་མི་མཐུན་པར་འགྱུར་བ་ཡིན་ཏེ། ཉེས་པ་དང་བཅས་པ་དང་བློ་བུར་བར་ཁོང་དུ་ཆུད་པའི་ཕྱིར་རོ། །མྱ་ངན་ལ་འདས་པ་ལ་ཞི་བར་འདུ་ཤེས་པས་དེ་དང་མཐུན་པར་འགྱུར་ཏེ། དེའི་ངེས་པར་འབྱུང་
བ་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར་རོ། །ཇི་སྐད་དུ། ཆོས་འདི་དག་ཐམས་ཅད་མྱ་ངན་ལས་འདས་པ་ལ་གཞོལ་བ། མྱ་ངན་ལས་འདས་པ་ལ་འབབ་པ། མྱ་ངན་ལས་འདས་པ་ལ་བབ་པ་སྟེ། མངོན་པར་བརྗོད་པ་ན་མྱ་ངན་ལས་འདས་པ་ཁོ་ན་མངོན་པར་བརྗོད་པའོ་ཞེས་གསུངས་པ་ལྟ་
བུའོ་ཞེས་ཟེར་རོ། །དེའི་ཕྱིར་དེ་ལྟར་ན་ལོང་བ་མ་ཡིན་པ་རྣམས་ཁོ་ན་འགྲོའི། །ལོང་བ་རྣམས་ནི་མ་ཡིན་ནོ། །ལོང་བ་རྣམས་ནི་བདག་མེད་པ་མ་མཐོང་བས་འཁོར་བའི་རྒྱ་མཚོར་འཁྱམས་པ་ཉིད་དོ། །དེ་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་བཞིན་གཤེགས་པ་
ཉིད་ཉི་མ་ཡིན་པས་དེ་བཞིན་གཤེགས་པ་ཉི་མ་སྟེ། ཆོས་ཟབ་མོ་མངོན་པར་རབ་ཏུ་སྟོན་པའི་ཕྱིར་ཉི་མ་ཡིན་ནོ། །ཇི་ལྟར་ཞེ་ན། གཉེན་པོའི་ཁྱད་པར་དང་། སྐུ་གཟུགས་ཀྱི་ཁྱད་པར་དང་། འོད་ཟེར་གྱི་ཁྱད་པར་དང་། ཡུལ་གྱི་ཁྱད་པར་གྱིས་སོ། །གཉེན་པོའི་ཁྱད་པར་གྱིས་ཇི་ལྟ་བུ་ཞེ་ན། ཉི་མ་ཕྱི་རོལ་གྱི་མུན་པ་

ནམ་མཁའི་ལ་ཡོད་པ་རྣམ་པར་འཇོམས་པར་ནུས་པ་ཡིན་ལ། བཅོམ་ལྡན་འདས་ནི་ནང་གི་མུན་པ་ཡིད་ལ་ཡུན་རིང་པོར་ཞུགས་པ་འཇོམས་པར་བྱེད་དོ། །ཉི་མ་ཤེལ་གྱི་རང་བཞིན་གྱི་གཟུགས་ངོ་བོ་ཉིད་ཀྱིས་འབར་བས་ལྷན་ནེ་བ་ཡིན་ལ། བཅོམ་ལྡན་འདས་ཀྱང་སྐུ་གཟུགས་སྟོབས་བཅུ་
དྲི་མ་མེད་པས་ལྷན་ནེ་བ་ཡིན་པས་སྐུ་གཟུགས་ཀྱི་ཁྱད་པར་གྱིས་ནི་དེ་ལྟ་བུའོ། །ཉི་མ་འོད་ཟེར་སྟོང་གིས་ཁྱབ་པ་ཡིན་ལ། བཅོམ་ལྡན་འདས་ཀྱང་དམ་པའི་ཆོས་ཀྱི་གསུང་གི་འོད་ཟེར་སྟོང་གིས་ཁྱབ་སྟེ། འོད་ཟེར་གྱི་ཁྱད་པར་གྱིས་ནི་དེ་ལྟའོ། །ཉི་མའི་ཡུལ་ནི་གླིང་བཞི་པ་ཡིན་ལ། དེ་བཞིན་གཤེགས་པ་
ཡི་ནི། ཁམས་གསུམ་ཡིན་ཏེ། དེའི་ཕྱིར་ཆ་ཅུང་ཟད་གྱིས་ཆོས་མཚུངས་པས་དེ་བཞིན་གཤེགས་པ་ནི་ཉི་མ་ལྟ་བུ་ཡིན་ནོ། །དེའི་གསུང་དག་ནི་དེ་བཞིན་གཤེགས་པ་ཉི་མའི་གསུང་ངོ་། །དེ་ཉིད་འོད་ཡིན་པས་དེ་བཞིན་གཤེགས་པའི་ཉི་མའི་གསུང་འོད་དོ། །དེ་བཞིན་གཤེགས་པ་ཉི་མའི་གསུང་གི་འོད་དེ་
དག་གིས་སྣང་བ་དང་ལྡན་པ་ནི་སྣང་བ་དང་ལྡན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །མྱ་ངན་ལས་འདས་པ་ཉིད་གྲོང་ཡིན་པས། མྱ་ངན་ལས་འདས་པའི་གྲོང་ངོ་། །དེའི་ལམ་གཅིག་པ་ནི་མྱ་ངན་ལས་འདས་པའི་གྲོང་གི་ལམ་གཅིག་པུ་སྟེ། ལམ་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་
ཞིག་ཅེ་ན། བདག་མེད་པ་ཉིད་དོ། །འཕགས་པ་སྟོང་ཕྲག་གིས་བགྲོད་པས་ན་འཕགས་པ་སྟོང་གིས་བགྲོད་པའོ། །ཕྱེ་ཡང་ཞེས་བྱ་བ་ནི་བདག་མེད་པ་མྱ་ངན་ལས་འདས་པའི་གྲོང་གི་ལམ་གཅིག་པུ་དེ་བཞིན་གཤེགས་པ་ཉི་མའི་གསུང་གི་འོད་ཟེར་གྱི་སྣང་བ་དང་ལྡན་པ་འདི་རྣམ་པར་ཕྱེ་ཡང་མུ་
སྟེགས་ཅན་ནམ། གནས་མའི་བུའི་སྡེ་པ་ཡང་རུང་སྟེ། ཤེས་རབ་ཀྱི་མིག་གསལ་བ་མེད་པའི་ཕྱིར་རམ། མིག་མ་རིག་པའི་རབ་རིབ་ཀྱི་སྦུབས་ཀྱིས་ཁེབས་པའི་ཕྱིར་དམན་པའི་མིག་གིས་མི་མཐོང་ངོ་། །འདིར་ལམ་གྱི་ཡོན་ཏན་ནི་གསུམ་དུ་མི་བརྗོད་དོ། །འདི་ལྟ་སྟེ། འདོད་པའི་ཡུལ་དུ་ཕྱིན་པར་
བྱེད་པའི་ཕྱིར་བགྲོད་པ་གཅིག་པ་ཉིད་དང་། གང་གིས་ན་བག་ཚ་བ་མེད་པར་འགྲོ་བས་སྣང་བ་དང་བཅས་པ་ཉིད་དང་། སྡོང་དུམ་དང་ཚེར་མ་ལ་སོགས་པས་མ་དཀྲུགས་པའི་ཕྱིར་གང་གིས་ན་བདེ་བླག་ཏུ་བགྲོད་ཅིང་རྗེས་སུ་བགྲོད་པའོ། །བདག་མེད་པའི་ལམ་འདི་ཡང་དེ་དང་ཆོས་མཐུན་པར་བལྟ་བར་

བྱའོ། །རྒྱུ་བཞིས་ན་ལམ་མི་མཐོང་སྟེ། མུན་པ་མུན་ནག་དང་བཅས་པ་ཉིད་དང་། ཉི་མས་སྣང་བར་བྱས་ཀྱང་མ་བགྲོད་པ་ཉིད་དང་། མི་མང་པོས་བགྲོད་ཀྱང་མ་བསྒྲིབས་པ་ཉིད་དང་། ཕྱེ་ཡང་ལྟ་བ་པོའི་མིག་དམན་པ་ཉིད་དོ། །དེ་དག་ལས་འདིར་ལམ་འདི་མ་མཐོང་བའི་རྒྱུར་ནི་གང་གིས་ན་དེ་
ལྟར་མིག་ཞན་པས་འདི་མཐོང་བ་གང་ལྟ་བ་པོའི་ཉེས་པ་ཁོ་ནས་ལམ་འདི་མ་མཐོང་གི། ལམ་གྱི་ཉེས་པས་ནི་མ་ཡིན་ནོ་ཞེས་བྱ་བ་གཅིག་ཁོ་ན་བཤད་དེ། དེ་ལྟར་བདག་མེད་པ་དེ་བཞིན་གཤེགས་པ། ཉི་མའི་གསུང་གི་འོད་དག་གིས་སྣང་བ་དང་ལྡན་པ། འཕགས་པ་སྟོང་ཕྲག་གིས་
བགྲོད་པ་འདི་ཕྱེ་ཡང་མིག་དམན་པས་མི་མཐོང་ངོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་འདི་ནི་ཕྱོགས་ཙམ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ལྟ་ན་དེ་སྐད་དུ་སྟེ། ཇི་སྐད་བཤད་པ་སྟོན་ཏོ། །ཕྱོགས་ཉིད་ཕྱོགས་ཙམ་སྟེ། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་ལས།
ཉུང་ངུ་འདི་དག་གིས་བསྟན་ཏོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །སུ་དག་ལ་ཞེ་ན། ཤིན་ཏུ་མཁས་པ་རྣམས་ལ་སྟེ། བློ་གྲོས་དང་ལྡན་པ་རྣམས་ཞེས་བྱ་བའི་དོན་ཏོ། །དེའི་དོན་གྱི་དྲུག་པའོ། །ཇི་ལྟ་བུར་ཞེ་ན། རང་གི་མཐུ་ཡིས་རྣམ་འཕེལ་བའི། །དུག་ལ་རྨ་ཡི་ཕྱོགས་བཞིན་དུ། །ཞེས་བྱ་བ་སྨོས་
ཏེ། ཇི་ལྟར་འགའ་ཞིག་གིས་དུག་ནི་རང་གི་མཐུས་རྨའི་ཕྱོགས་ཁྱབ་ནས། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ནང་དུ་འཕེལ་བར་འགྱུར་རོ་སྙམ་དུ་བསམས་ནས། ཇི་ལྟར་ན་འདི་འཕེལ་བར་འགྱུར་སྙམ་སྟེ། དེའི་རྨ་འབྱིན་པ་དེ་བཞིན་དུ་ཤིན་ཏུ་མཁས་པ་རྣམས་ནི། རང་གི་མཐུས་འཕེལ་བའི་ཕྱིར་དུག་དང་འདྲ་
བ་ཡིན་ནོ། །དེ་བས་ན། ཤིན་ཏུ་མཁས་པ་མགོ་སྨོས་པས་གོ་བ་ཤེས་རབ་ཅན་དེ་དག་ལ། བདག་གི་ཇི་ལྟར་ན་གཞུག་ཉུང་ངུས་ཆོས་མངོན་པའི་བསྟན་པའི་བཅོས་ཆེན་པོ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་གྲུབ་པའི་དོན་གྱི་སྒོ་ནས་རྟོགས་པར་འགྱུར་སྙམ་སྟེ་འདི་བསྟན་ཏོ། །གཞན་དག་ན་རེ། དེ་ལྟར་འདི་ནི་ཕྱོགས་
ཙམ་ཞིག །ཅེས་བྱ་བ་ནི་བདག་མེད་པར་དགག་པ་འདི་ཁོ་ནའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། བདག་གིས་མངོན་པའི་བསྟན་བཅོས་འདི། ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། ཅེས་བྱ་བ་འདི་ཉིད་ཀྱིས་དོན་བཤད་ཟིན་པའི་ཕྱིར་རོ་ཞེས་ཟེར་རོ། །མཛོད་ཀྱི་གནས་བརྒྱད་པའི་ཞར་ལ་བྱུང་བར་

འབྲེལ་པ་གང་ཟག་རྣམ་པར་གཏན་ལ་འབེབས་པ་རྫོགས་སོ།། །།བདག་གིས་མཛོད་ཀྱི་འགྲེལ་འདི་དཀའ་བའི་ཕྱིར། སློབ་དཔོན་གྱི་ནི་ལུགས་སུ་རྣམ་པར་ཕྱེ། །ལོག་པར་གྱུར་གང་དེ་འདིར་བདག་གིས་ཉེས། །དོན་བཟང་གྲུབ་ལ་བློ་དེ་ཚད་མ་ཡིན། །དེ་ལྟར་བདག་གིས་སྔོན་གྱི་འགྲེལ་བཤད་
གཞན། །དཔྱད་ནས་དེ་དག་སྟེང་ན་སྔོན་ཏེ་དངོས། །མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་སུ་འབྲང་བ་ཞེས་བྱ་བ་འདི་དེང་སང་གྲགས་པར་སྦྱར་བ་ཡིན། བདག་གིས་མཛོད་བཤད་ལས་བྱུང་དགེ་བ་དྲི་མེད་མི་དགེ་འཇོམས་བྱེད་ཐོབ་པ་གང་ཡིན་པ། །དེ་ཡིས་སེམས་ཅན་སྲིད་པ་གསུམ་གཏོགས་སྡུག་བསྔལ་མེས་
གདུང་མ་ལུས་མྱ་ངན་བཟླ་བྱ་སྟེ། །ཕྱི་ནས་བདག་ཉིད་ཀྱང་ནི་ཉོན་མོངས་དགྲ་བོ་མ་ལུས་རབ་འཇོམས་སངས་རྒྱས་ཉིད་ཐོབ་ནས། །སླར་སྐྱེའི་འཆི་བ་མེད་ཕྱིར་མྱ་ངན་འདས་པའི་གོ་འཕང་དམ་པ་རྒྱ་ཆེར་འགྲོ་བར་ཤོག།། །།སློབ་དཔོན་གང་བ་སྤེལ་བ་ཞེས་བྱ་བ། ཆོས་མངོན་པའི་གཞུང་ལུགས་གང་ཆེན་མཚོའི་
ཕ་རོལ་ཏུ་སོན་པས་མཛད་པ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད། མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་འདི་ནི། གངས་རི་ཆེན་པོ་ཏི་སེ་དང་ཡིད་བཞིན་གྱི་མཚོའི་ལྷོ་ངོས། རི་བོ་ཆེན་པོ་སྤོས་ཀྱི་ངད་ལྡང་བའི་འདབས། ཡུལ་པུ་རངས་སུ། དགེ་འདུན་གཙོ་བོར་གྱུར་པ་བརྒྱ་ཕྲག་གཅིག་དང་། དགེ་
འདུན་སྤྱིར་གྱིས་གཡུ་ཕག་སྒུར་ལ་སོགས་པ་ཕུལ་ཏེ། བཀས་གཉེར་ནས་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ཞིག་གོ།། །།ས་བདག་ཡོན་ཏན་ཉི་མ་བྱང་ཆུབ་སེམས་དཔའི་རྒྱུད། །བཀའ་ཁྲིམས་བཀོད་ལེགས་ཆོས་ལྡན་གསུང་གི་འོད་ཟེར་གྱིས། །
མངའ་འོག་གདུལ་བྱའི་འཆོལ་བའི་མུན་སེལ་ལམ་སྟོན་པའི། །མཆོད་ཡོན་བླ་བློན་དམ་པ་རྣམས་ནི་ཡོལ་བའི་ཚེ། །དེང་སང་སིལ་བུའི་ནད་ཆེན་རང་དགའི་གདོན་བབས་ཏེ། །པུ་རངས་ཚོ་གསུམ་དགེ་འདུན་ཆོས་ཁྲིམས་སྨན་གྱིས་གསོས། །བསོད་ནམས་དབང་གིས་མཁས་པ་འོད་ལྡན་པའི། །དུལ་
བའི་གཟི་བརྗིད་བྱམས་པའི་དཀྱིལ་འཁོར་ཅན། །ལོ་པཎ་ཡོན་ཏན་ཉི་ཟླ་ཤར་བ་ལས། །ཆོས་མངོན་རྒྱ་མཚོ་ལུགས་ཀྱི་འཛིན་ཁྲིའི་གནས། །མཉན་བཤད་བརྒྱུད་པའི་དགེ་བའི་དབའ་རླབས་ཀྱིས། །འཆལ་བའི་རོ་བསལ་ཐར་པའི་གནས་ཐོབ་ཤོག།། །།