Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 145

Văn bản gốc(Tây Tạng)

Trang 20 / 22 (50.000 ký tự/trang)
གས་པའི་ཕྱིར་རོ། །དངོས་གཞི་བཀག་པས་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉེར་བསྡོགས་དག་ནི་བར་ཆད་
མེད་པའི་ལམ་གང་དག་ཡིན་པ་དེ་དག་གི་དམིགས་པ་ནི་ས་འོག་མ་ཡིན་ནོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་བསམ་གཏན་བཞི་པ་ཡིན་ལ། སྲིད་པའི་རྩེ་མོའི་ཉེར་བསྡོགས་ཀྱི་བར་ཆད་མེད་
པའི་ལམ་རྣམས་ཀྱི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་པའི་བར་དུའོ། །རྣམ་པ་གསུམ་པོ་འདི་དག་ལས་ཞེས་བྱ་བ་ནི། བསམ་གཏན་དང་གཟུགས་མེད་པ་པ་དང་ཟག་པ་མེད་པ་དང་། ཉོན་མོངས་པ་ཅན་དག་ལ་ཟག་པ་མེད་པ་གང་ཞིག་སྲིད་པ་དེས་ཉོན་མོངས་པ་

རྣམས་ཅི་རིགས་པར་སྤོང་ངོ་། །ཟག་པ་མེད་པ་གང་གིས་ཤེ་ན། དངོས་གཞིས་ཏེ། ཉེར་བསྡོགས་དག་པས་ཀྱང་ཞེས་དམིགས་ཀྱིས་བསལ་བ་འཆད་པར་འགྱུར་བའི་ཕྱིར་རོ། །དག་པ་པས་ཀྱང་མི་སྤང་ན་ཉོན་མོངས་པ་ཅན་གྱི་ལྟ་སྨོས་ཀྱང་ཅི་
དགོས་ཞེས་བྱ་བ་ནི། རང་ཉིད་དྲི་མ་ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ཡང་མ་ཡིན་ལ་ཞེས་བྱ་བ་ལ། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དག་པ་པས་ས་འོག་མ་པའི་ཉོན་མོངས་པ་རྣམས་མི་སྤོང་སྟེ།
དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འོག་མ་ལས་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་གྱི་དངོས་གཞི་ལ་མི་འཇུག་གོ། །དེ་ཉིད་དེའི་གཉེན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་ས་ན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ཉིད་དེའི་གཉེན་པོ་ཡིན་པར་
ནི་མི་རིགས་ཏེ། སྲོག་ཐམས་ཅད་ལ་ཉོན་མོངས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེའི་ཉོན་མོངས་པ་དག་གིས་གཅིག་ཏུ་འཆིང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ས་པའི་ཉོན་མོངས་པ་རྣམས་དེ་ལས་རྒྱས་པར་འགྱུར་བའི་ཕྱིར་རོ། །ཉོན་
མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེས་ནི་དངོས་པོ་དེ་གཞོམ་པར་མི་ནུས་ཏེ། དཔེར་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་ཉིད་བཞིན་ནོ། །ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་གོང་མ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དམན་པས་
ཁྱད་པར་དུ་འཕགས་པ་སྤོང་བར་མི་རིགས་ཏེ། དེ་ལྟ་མ་ཡིན་ན་འདོད་པའི་ཁམས་ཀྱིས་ཀྱང་བསམ་གཏན་དང་པོ་སྤོང་བ་ཐལ་བར་འགྱུར་རོ། །ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དེས་ས་འོག་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་
བས་ན་ས་འོག་མའི་གཉེན་པོའོ། །གང་གིས་དེ་ལ་འཇུག་པ་ཞེས་བྱ་བ་ནི་ཉེར་བསྡོགས་གང་གིས་བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དེ་དག་ལ་འཇུག་པ་སྟེ། མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ་ཞེས་བྱ་བ་ནི།

དག་པ་དང་ཟག་པ་མེད་པ་དང་། ཉོན་མོངས་པ་ཅན་ནོ། །དེ་དག་ལ་ཚོར་བ་ཡང་དེ་དང་འདྲ་བར་ཡོད་དམ་ཞེས་བྱ་བ་ནི་དངོས་གཞི་དང་འདྲ་བར་བསམ་གཏན་དང་པོ་དང་གཉིས་པའི་ཉེར་བསྡོགས་ན་དགའ་བ། བསམ་གཏན་གསུམ་པའི་ཉེར་བསྡོགས་ན་བདེ་བ།
བསམ་གཏན་བཞི་པའི་ཉེར་བསྡོགས་ན་བཏང་སྙོམས་ཡོད་དམ་ཞེས་བྱ་བའོ། །འབད་དེ་དྲང་བར་བྱ་བའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་ལྡན་པ་ཡིན་ཏེ། མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ལམ་ཡིན་པའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་ཡིན་གྱི་འབད་
དེ་དྲང་བར་བྱ་བ་ནི་མ་ཡིན་ནོ། །ས་འོག་མ་ལས་ཡིད་བྱུང་བ་དང་མ་བྲལ་བའི་ཕྱིར་ཡང་དགའ་བ་དང་བདེ་བ་དག་མེད་པས་བཏང་སྙོམས་དང་མཚུངས་པར་ལྡན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན། རོ་མྱང་བ་
དང་མཚུངས་པར་ལྡན་པ་ནི་འདོད་ཆགས་དང་བྲལ་བའི་ལམ་ཉིད་དུ་མི་རུང་ངོ་། །སྲེད་པ་དང་བཅས་པས་ནི་ཉོན་མོངས་པ་སྤོང་བར་བྱེད་ནུས་པ་མ་ཡིན་ནོ། །དང་པོ་འཕགས་པའང་ཞེས་བྱ་བ་ལ། དེས་ནི་རང་གི་ས་ལས་ཀྱང་ཡིད་བྱུང་བ་དང་ལྡན་པས་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་ཟག་པ་
མེད་པ་ཡིན་ནོ། །འོ་ན་བྱེ་བྲག་ཏུ་བཤད་པ་ལས་ཉེར་བསྡོགས་ཀྱིས་མཚམས་སྦྱོར་བའི་སེམས་དང་། འཆི་འཕོ་བའི་སེམས་སུ་འགྱུར་རོ་ཞེས་གང་བཤད་པ་དེ་ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་མཚམས་སྦྱོར་བ་མེད་པས་ཉེར་བསྡོགས་རྣམས་རོ་མྱང་བ་དང་མཚུངས་
པར་ལྡན་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དེ་རྣམས་ལ་ནི་མཉམ་པར་གཞག་པ་ལ་ཉོན་མོངས་པ་བཀག་གི །སྐྱེ་བ་ལ་ཉོན་མོངས་པ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་ཉེར་བསྡོགས་ཀྱི་སེམས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཁ་ཅིག་གསུམ་ཞེས་བྱ་བ་ནི་
མཚམས་སྦྱོར་བའི་སེམས་ཡོད་པའི་ཕྱིར་དང་། རོ་མྱང་བའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་རོ། །དོན་ཐ་དད་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉེར་བསྡོགས་རྣམས་ནི་དངོས་གཞི་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་ལྟར་བསམ་གཏན་དང་

པོ་ན་ལ་ལ་ན་རྟོག་པ་དང་དཔྱོད་པ་ཡོད་ལ། ལ་ལ་ན་དཔྱོད་པ་ཁོ་ན་ཡོད་པ་དེ་ལྟར་གཉིས་པ་ལ་སོགས་པ་དག་ལ་མ་ཡིན་པས་དེར་བསམ་གཏན་ཁྱད་པར་ཅན་མ་བརྗོད་དོ། །དེ་བདེ་མིན་སྡུག་མིན་ཞེས་བྱ་བ་ལ། དེ་ན་རྣམ་པར་ཤེས་པའི་ཚོགས་གསུམ་
མེད་པའི་ཕྱིར་བདེ་བ་མེད་ལ། ཞི་གནས་དམན་པ་ཉིད་ཀྱི་མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བ་ཡིན་པའི་ཕྱིར་དགའ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་ལམ་དཀའ་བ་ཡིན་ཏེ། མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བར་བྱ་བ་ཡིན་པའི་ཕྱིར་རོ། །རྟོག་པ་ཙམ་ཞིག་བཀག་
པའི་ཕྱིར་ཞེས་བྱ་བ་ནི། རྟོག་མེད་བསམ་གཏན་ཁྱད་པར་ཅན། །ཞེས་སྨོས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ་ཞེས་བྱ་བ་ནི་མཚན་མ་མེད་པ་ལས་བྱུང་བ་ནི་མཚན་མ་མེད་པའོ། །ཡུལ་ལྔ་ཞེས་བྱ་བ་ནི་ཡུལ་རྣམས་ཤིན་ཏུ་འཕྲོག་པར་བྱེད་པ་
ཉིད་ཡིན་པ་དེ་ལྟར་དབང་པོ་རྣམས་མ་ཡིན་པས་ཡུལ་སྨོས་སོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་དང་མི་རྟག་པ་ཉིད་དོ། །གཞན་དག་ན་རེ་མཚན་མའི་སྒྲ་ནི་རྒྱུའི་རྣམ་གྲངས་ཏེ་འདི་ལས་ཡུལ་ཆོས་མཚན་མ་མེད་ཅིང་རྒྱུ་མེད་པ་ཡོད་པས་ན་མཚན་མ་མེད་
པའོ་ཞེས་ཟེར་རོ། །གཞན་དག་ན་རེ་དུས་ཀྱི་མཚན་མ་དང་བྲལ་བའི་ཕྱིར་ན། མྱ་ངན་ལས་འདས་པ་མཚན་མ་མེད་པ་ཡིན་ལ་དེའི་ཡུལ་ཅན་གྱི་ཏིང་ངེ་འཛིན་ནི་མཚན་མ་མེད་པའོ་ཞེས་ཟེར་རོ། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །ཞེས་བྱ་བ་ནི། གང་གི་ཕྱིར་ཏིང་ངེ་འཛིན་བདག་མེད་པ་དང་།
སྟོང་པའི་རྣམ་པ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཉེ་བ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ཡང་རྣམ་པ་གཉིས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་བདག་མེད་པའི་རྣམ་པ་ནི་བདག་ཏུ་ལྟ་བའི་གཉེན་པོ་ཡིན་ལ། སྟོང་པའི་རྣམ་པ་ནི་བདག་གིར་ལྟ་བའི་གཉེན་
པོ་ཡིན་ནོ། །བདེ་བའི་རྣམ་པ་ལྷག་མ་དག་དང་མཚུངས་པར་ལྡན་པའི་ཞེས་བྱ་བ་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་དང་། འགོག་པའི་རྣམ་པ་རྣམས་ལས་གཞན་པ་བདེན་པའི་རྣམ་པ་གང་ཡིན་པ་དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཏོ། །རྣམ་པ་བཅུ་

པ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་སྟེ་གཉིས་དང་། ཀུན་འབྱུང་དང་ལམ་རེ་རེ་ལ་རྣམ་པ་བཞི་བཞིའོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་བྱུང་བའི་ཕྱིར་དང་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་། དེའི་རྒྱུ་ཀུན་
འབྱུང་ནི། མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་སྟེ། དེ་དག་གིས་ཡིད་བྱུང་བའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་དག་གིས་སྡུག་བསྔལ་བ་ལ་ཡིད་བྱུང་ལ། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དག་གིས་ཀུན་འབྱུང་
བ་ལས་ཡིད་བྱུང་བའོ། །གཟིངས་ལྟ་བུར་ཞེས་བྱ་བ་ནི་འདི་ལ་གཟིངས་དང་འདྲ་བ་ཡོད་པས་ན་དེ་ནི་གཟིངས་ལྟ་བུའོ། །དེའི་དངོས་པོ་ནི་གཟིངས་ལྟ་བུ་ཉིད་དེ། འཁོར་བའི་རྒྱ་མཚོ་ལས་རྒལ་བ་དང་འབྲེལ་པས་ན། ལམ་ནི་གཟིངས་ལྟ་བུའོ། །ཇི་ལྟར་འདི་ལ་གཟིངས་
དང་འདྲ་བ་ཡོད་པ་སྟེ་སྟོན་པ་ནི་དོར་བར་བྱས་པ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དཔེར་ན་གཟིངས་ལ་བསྟན་ནས་ཆུ་བོ་རྒལ་བ་ནི་དེ་ལ་གནས་པ་མ་ཡིན་ཞིང་དོན་བྱས་ཟིན་ཏེ་གཟིངས་འདོར་བ་དེ་དང་འདྲའོ། །དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ་ཞེས་བྱ་
བ་ནི། སྡུག་བསྔལ་དང་ཀུན་འབྱུང་བ་དང་། ལམ་རྣམས་ལས་འདའ་བར་མངོན་དུ་ཕྱོགས་པ་ནི་དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པའོ། །དེའི་དངོས་པོ་ནི་དེ་ལས་འདའ་བར་མངོན་དུ་ཕྱོགས་པ་ཉིད་དེ། དེའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། གང་གི་
ཕྱིར་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མངོན་པར་མི་དགའ་ཞིང་དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པ་སྟེ། དེའི་ཕྱིར་སྨོན་པ་མེད་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ལ། སྡུག་
བསྔལ་གྱི་བདེན་པ་སྟོང་པ་དང་། བདག་མེད་པའི་རྣམ་པ་དག་གིས་འཛིན་མོད་ཀྱི། སྡུག་བསྔལ་གྱི་བདེན་པ་དེ་ལ་ཡིད་བྱུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ། །སྟོང་པ་དང་བདག་མེད་པ་དག་མེད་པ་ནི་མྱ་ངན་ལས་འདས་པའི་ཡང་མཚན་

ཉིད་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་སྟོང་པ་དང་བདག་མེད་པར་གཟུང་བཞིན་པ་ལས་ནི་ཡིད་བྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་དག་གི་རྣམ་པ་ཅན་མ་ཡིན་ནོ། །དག་དང་དྲི་
མ་མེད་ཅེས་བྱ་བ་ལ། དག་པ་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །དྲི་མ་མེད་པ་ནི་མཐོང་བའི་ལམ་གྱི་གནས་སྐབས་སོ། །འཇིག་རྟེན་པ་རྣམས་ནི་ས་བཅུ་གཅིག་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང་། བསམ་གཏན་
ཁྱད་པར་ཅན་དང་། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་བརྒྱད་ནའོ། །འཇིག་རྟེན་ལས་འདས་པ་རྣམས་ནི་གང་ན་ལམ་ཡོད་པ་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་མ་གཏོགས་པ་ས་གཞན་དགུ་ནའོ། །དེ་དག་དྲི་མེད་རྣམ་ཐར་སྒོ་གསུམ་མོ། །
ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་ནི་ཟག་པ་དང་བཅས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་ཡང་ཡིན་ལ། ཟག་པ་དང་བཅས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མི་འཐད་དེ། དེ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པའི་སྒོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་དག་གི་རྣམ་པར་
ཐར་པ་འཇུག་པས་ན་དེ་དག་རྣམ་པར་ཐར་པའི་སྒོ་ཡིན་ནོ། །སྒོ་མོ་དང་འདྲ་བ་ནི་སྒོ་སྟེ། ཐར་པ་ཐོབ་པའི་རྒྱུ་ལ་ཐར་པའི་སྒོ་བཤད་དོ། །གང་ཞིག་གང་གི་གཙོ་བོའི་སྒོ་མོ་ཡིན་པ་དེ་ནི་དེའི་སྒོ་ཞེས་བྱའོ། །སྟོང་པ་ཉིད་ལ་དམིགས་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་སྟེ། དེ་བཞིན་
དུ་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །མི་སློབ་པའི་ཞེས་རྒྱས་པར་འབྱུང་ངོ་། །སྟོང་པ་ཉིད་ཀྱིས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སྟོང་པ་ཉིད་དུ་ཡིད་ལ་བྱེད་ལ། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་དེའི་རྗེས་ལ་སྐྱེས་པའི་དགེ་བའི་རྩ་བ་ཡིན་པའི་སྒོ་ནས་སྟོང་པ་ཉིད་ཁྱོད་ཀྱང་སྟོང་ངོ་ཞེས་མི་
སློབ་པ་དེ་ཉིད་ཡིད་ལ་བྱེད་དེ། ཇི་ལྟར་འགའ་ཞིག་གིས་ཤིང་གི་རོ་མེར་བཅུག་ནས་དེ་ཚིག་པ་དང་། ཤིང་དེ་ཡང་འཇུག་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱིས་ཉོན་མོངས་པ་བསྲེགས་ནས་སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་ཀྱིས་སུན་འབྱིན་པར་བྱེད་དོ། །དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་པའི་སྟོང་པ་ཉིད་ཀྱི་རྗེས་

ལ་བསྐྱེད་པར་བྱ་བ་ཡིན་གྱི། བདག་མེད་པའི་རྣམ་པར་ཞུགས་པའི་རྗེས་ལ་ནི་མ་ཡིན་ཏེ། དེ་ནི་དེ་སྐྱོ་བ་དང་མཐུན་པའི་ཕྱིར་རོ། །ཇི་ལྟར་སྟོང་པ་མཐོང་བ་བཞིན་དུ་བདག་མེད་པ་མཐོང་བ་ནི་སྐྱོ་བར་བྱེད་པ་ཡིན་ནོ། །སྲིད་པ་བདག་མེད་པར་མཐོང་བ་དག་ལ་ཡང་མངོན་པར་དག་པ་ཡོད་དེ། འཁོར་
བ་སྟོང་པར་མཐོང་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་འདི་ནི་རྣམ་པ་གཉིས་དང་ལྡན་པ་ཡིན་ཡང་སྟོང་པ་ཉིད་ཅེས་བྱའི། བདག་མེད་པ་ཉིད་ཅེས་ནི་མི་བྱ་སྟེ། སྟོང་པ་ཉིད་ཀྱི་རྣམ་པ་ནི་ཆེས་ཤིན་ཏུ་རྣམ་པར་དབེན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དཔེར་ན་གཅིག་པུ་ལམ་དུ་ཞུགས་པ་ལམ་སྟོང་པ་
མཐོང་བས་སྐྱོ་ནས་མྱུར་དུ་འགྲོ་བ་དེ་དང་འདྲའོ། །སྨོན་པ་མེད་པས་ཀྱང་ཉེ་བར་ལེན་པའི་ཕུང་པོ་རྣམས་མི་རྟག་པར་ཡིད་ལ་བྱེད་ལ་དེའི་རྗེས་ལ་སྐྱེས་པའི་སྨོན་པ་མེད་པ་སྨོན་པ་མེད་པ་ནི་མི་སློབ་པ་དེ་མི་རྟག་པར་ཡིད་ལ་བྱེད་དོ། །སྡུག་བསྔལ་བར་ཡང་མ་ཡིན་ལ་རྒྱུ་ལ་སོགས་
པར་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དག་ཏུ་ཡང་མ་ཡིན་ཏེ། ཟག་པ་མེད་པ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་ཏེ། དེ་ནི་ཀུན་འབྱུང་བ་ལ་སོགས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བའི་
ཐ་ཚིག་གོ། །དེ་ནི་སྡུག་བསྔལ་དང་འབྲེལ་པ་མ་ཡིན་ཏེ། དེ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཡིན་པའི་ཕྱིར་རོ། །ལམ་གྱི་རྣམ་པ་རྣམས་སུ་ཡང་མ་ཡིན་ཏེ། དེ་ནི་དེ་སུན་འབྱིན་པའི་རྣམ་པར་ཞུགས་པས་ལམ་ལ་སྡང་བ་ཡིན་པའི་ཕྱིར་རོ། །འདི་ནི་མི་རྟག་
པའི་རྣམ་པ་ལམ་ལ་སྡང་སྟེ། དེའི་ཕྱིར་ལམ་དང་རིགས་པ་ལ་སོགས་པའི་རྣམ་པ་ཅན་མ་ཡིན་ནོ། །མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མི་སློབ་པའི་མཚན་མ་མེད་པ་སོ་སོར་མ་བརྟགས་པས་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །ཇི་ལྟར་འདིའི་
སོ་སོར་མ་བརྟགས་པས་འགོག་པ་ཡིན་ཞེ་ན། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་དེའི་རྗེས་ལ་ཟག་པ་དང་བཅས་པའི་སྐད་ཅིག་མ་འདའ་བ་གང་དག་ཡིན་པ་སྟེ། གལ་ཏེ་དེ་དག་བྱུང་བར་མ་གྱུར་ན། མི་སློབ་པའི་མཚན་མ་མེད་པའི་སྐད་ཅིག་མ་རྣམས་འབྱུང་བར་

འགྱུར་རོ། །མི་སློབ་པའི་མཚན་མ་མེད་པའི་སྐད་ཅིག་མ་དེ་དག་རྐྱེན་མ་ཚང་བས་སོ་སོར་མ་བརྟགས་པས་འགོག་པས་འགོག་པར་འགྱུར་ཏེ། །སོ་སོར་མ་བརྟགས་པས་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །འཇུག་པ་ཆད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཞི་བའི་རྣམ་པ་ཁོ་ན་
ཡིན་ནོ། །ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་པའི་ཕྱིར་སོ་སོར་མ་བརྟགས་པས་འགོག་པ་ཁོ་ན་ལ་དམིགས་སོ། །ཡང་ཅིའི་ཕྱིར་ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་ཅེ་ན། མི་མཐུན་པ་མེད་པའི་ཕྱིར་ཏེ། གང་ཞིག་འཕགས་པ་རྣམས་དང་མི་མཐུན་
པ་དེ་གཏན་བྲལ་བར་བྱ་བའི་ཕྱིར་བསྒྲིམས་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་འགོག་པ་ཞེས་སྔར་མཛོད་ཀྱི་གནས་དང་པོར་བཤད་ཟིན་ཏོ། །འགོག་པ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་མི་རྟག་པ་
པ་ཉིད་ཀྱི་འགོག་པ་དང་ཐུན་མོང་ཡིན་པ་ཉིད་ཀྱི་ཕྱིར་འགོག་པའི་རྣམ་པར་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མི་སློབ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་དེ་ལ་དམིགས་པར་མི་འགྱུར་བ་ཉིད་དེ། ཉེ་བར་ལེན་པའི་ཕུང་པོ་ཡང་མི་རྟག་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་ཕྱིར་གྱ་ནོམ་པའི་རྣམ་པར་མ་
ཡིན་ཏེ། གྱ་ནོམ་པ་ནི་དགེ་བ་དང་དྲི་མ་མེད་པའོ་ཞེས་བཤད་ན། སོ་སོར་མ་བརྟགས་པས་འགོག་པ་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། དེའི་ཕྱིར་གྱ་ནོམ་པའི་རྣམ་པར་མི་དམིགས་སོ། །བྲལ་བ་མ་ཡིན་པའི་ཕྱིར་ངེས་པར་འབྱུང་བའི་རྣམ་པར་མ་ཡིན་ཏེ། འདི་ལྟར་སོ་སོར་མ་བརྟགས་པའི་འགོག་
པས་འཁོར་བ་ལས་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འཕགས་པའི་ལམ་ལ་སྡང་བའི་ཕྱིར། །ཞེས་བྱ་བ་ལ། ཇི་ལྟར་སྡང་ཞེ་ན། སྟོང་བ་ལ་སོགས་པའི་རྣམ་པ་དག་ཏུ་དེ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །རེ་ཞིག་ཏིང་ངེ་འཛིན་གཞན་གཉིས་ནི་སྟོང་པ་དང་མི་རྟག་པའི་རྣམ་པ་དག་ཏུ་དེ་ལ་དམིགས་པའི་
ཕྱིར་འཕགས་པའི་ལམ་ལ་སྡང་བར་རིགས་ན། གསུམ་པ་ནི་བཞི་པར་འདུས་མ་བྱས་ཀྱི་དངོས་པོ་ལ་དམིགས་པའི་ཕྱིར་ཇི་ལྟར་འཕགས་པའི་ལམ་ལ་སྡང་བ་ཉིད་དུ་རུང་ཞེ་ན། མི་སློབ་པའི་ཏིང་ངེ་འཛིན་མི་འཇུག་པའི་རྒྱུའི་ཆོས་ལ་བསྔགས་པའི་ཕྱིར་རོ། །ཟག་པ་མེད་པ་དག་ནི་དེ་ལྟ་མ་ཡིན་ནོ་

ཞེས་བྱ་བ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ནི་དེ་ལྟར་འཕགས་པའི་ལམ་ལ་སྡང་བ་མ་ཡིན་པའོ། །མི་ནང་ཞེས་བྱ་བ་ནི་མི་དག་གི་ནང་དུའོ། །དེར་ཡང་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་དུའོ། །སྐྱེས་པ་དང་བུད་མེད་ཀྱིས་སྐྱེད་པར་བྱེད་དེ། སྐྱེས་པ་འགའ་ཞིག་ཏུ་མ་ཟད་ཀྱི། བུད་མེད་དག་
ཀྱང་ཚེའི་འདུ་བྱེད་འཇོག་པ་དང་གཏོང་བ་དག་ལ་དབང་བ་ཡིན་ནོ། །ལྷ་དག་གི་ནང་དུ་ཞེས་བྱ་བ་ནི་གང་གི་ཕྱིར་མི་རྣམས་ཀྱི་ལུས་ནི་ཤིན་ཏུ་གྱ་ནོམ་པ་ཡིན་ཡང་ན་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི་རྟེན་དུ་གྱུར་པས། ནང་ལ་སོགས་པ་ལྟ་བུ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་
རྣལ་འབྱོར་པ་དེ་བྱ་བ་བྱས་པའི་ཕྱིར་འདུ་བྱེད་ཟག་པ་མེད་པར་འཇུག་པ་ལ་ཡང་མི་མཐུན་པར་འདུ་ཤེས་པར་འགྱུར་བར་འདུ་བྱེད་འཇུག་པ་ལ་མི་མཐུན་པའི་འདུ་ཤེས་དེ་འདྲ་བ་འདྲེན་པ་ཡིན་ཏེ། དེའི་ཕྱིར་མི་དག་གི་ནང་ཁོ་ནར་སྐྱེད་ཀྱི་ལྷ་དག་གི་ནང་དུ་ནི་མ་ཡིན་ཏེ། ལྷ་རྣམས་
ནི་ཕལ་ཆེར་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བ་ཉིད་ཀྱིས་ལུས་ཁ་ན་མ་ཐོ་བ་མེད་པ་ཡིན་པའི་ཕྱིར་རོ། །མི་གཡོ་ལ་ཞེས་བྱ་བ་ནི། གང་གི་ཕྱིར་སློབ་པ་དང་། དུས་ཀྱི་རྣམ་པར་གྲོལ་བ་རྣམས་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་ལམ་ལ་སྡང་བ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་
གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དུས་ཀྱི་རྣམ་པར་གྲོལ་བ་ལ་སྟེ། དེ་ནི་འཕགས་པའི་ལམ་རྗེས་སུ་བསྲུང་བ་ལ་བརྩོན་པ་བྱས་པ་ཉིད་ཡིན་པས་དེ་སུན་འབྱིན་པར་མི་ནུས་སོ། །ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་དག་མ་གཏོགས་པ་སྟེ།
དེ་དག་ནི་ཞི་བ་དང་རགས་པ་ལ་སོགས་པའི་རྣམ་པར་ཞུགས་པས་སྤྱོད་ཡུལ་འོག་མ་དང་གོང་མ་ལ་ངེས་པའི་ཕྱིར་འཕགས་པའི་ལམ་སུན་འབྱིན་ནོ། །ཡང་ཏིང་ངེ་འཛིན་བསྒོམ་པ་བཞི་སྟེ་ཞེས་བྱ་བ་ལ་རྒྱས་པར་འབྱུང་བ་ནི་ཏིང་ངེ་འཛིན་ལ་སྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལེན་མང་དུ་བྱས་ན། མཐོང་བའི་
ཆོས་ལ་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་དང་། དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པའི་ཤེས་པ་མཐོང་བར་འགྱུར་བ་དང་། ཤེས་རབ་རབ་ཏུ་རྣམ་པར་དབྱེ་བ་དང་། ཟག་པ་ཟད་པར་འགྱུར་བའོ། །དེ་དང་པོ་ཡིན་པའི་ཕྱིར་གཞན་དང་གཞན་དག་ཀྱང་ཞེས་བྱ་བ་ནི་གཉིས་པ་ལ་སོགས་པ་དག་གོ། །

འདི་ནི་ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡིན་ཏེ། འདི་སྐད་དུ་དགེ་སློང་གནས་བརྟན་གང་ཞིག་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་དང་། ཚངས་རིས་པ་གང་དག་དེར་སྐྱེས་པ་དེ་གཉིས་ལ་ཁྱད་པར་རམ། བསམ་པ་འམ། ཐ་དད་དུ་བྱ་བ་འགའ་ཡང་
མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ནར་ཅིའི་ཕྱིར་བཤད་ཅེ་ན། དེའི་ཕྱིར་ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ནི་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་གྱི། ཐམས་ཅད་ཀྱི་ཚེ་ཕྱི་མ་ལ་བདེ་
བར་གནས་པ་ནི་ངེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། ཡོངས་སུ་ཉམས་པ་དང་། གོང་དུ་སྐྱེ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ན་བཤད་ཀྱི། ཚེ་ཕྱི་མ་ལ་བདེ་བར་གནས་པ་ནི་མ་ཡིན་ནོ། །གཞན་དག་ན་རེ་མཐོང་བའི་ཆོས་ལ་ཞེན་པ་རྣམས་འདོད་
པའི་བདེ་བ་ལ་འདུན་པ་བཟློག་ནས་བསམ་གཏན་གྱི་བདེ་བ་ལ་སྦྱར་བར་བྱ་བའི་ཕྱིར་ཏེ། ཚེ་ཕྱི་མའི་བདེ་བ་མཐོང་བའི་ཆོས་ལ་རག་ལས་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདིར་སྔར་སྙོམས་པར་ཞུགས་པའི་ཕྱིས་དེར་སྐྱེའོ་ཞེས་གསུངས་སོ་ཟེར་རོ། །ཡང་བསམ་གཏན་ཐམས་ཅད་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཉིད་ཡིན་བཞིན་
དུ་ཡང་མདོ་ལས་དང་པོ་ཁོ་ནར་བཤད་ཅེ་ན། རྣལ་འབྱོར་པ་ནི་འདོད་པའི་ཁམས་ཉེས་པ་མང་བ་ལས་འདས་པའི་ཕྱིར་དེའི་བདེ་བས་བློ་ལྷག་པར་ཡོངས་སུ་ཚིམ་པ་ཡིན་ཏེ། འབྲོག་ཏུ་ཡོངས་སུ་ངལ་ཞིང་སྐོམ་པ་ཆུ་རྙོག་པ་ཅན་གྱིས་ཚིམ་པ་བཞིན་ནོ། །འཕགས་པའི་ལམ་ཐམས་ཅད་ཀྱི་བདེ་བ་དམིགས་པའི་ཡང་ཕྱིར་
ཏེ། འདིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་དང་། ཡོངས་སུ་ཤེས་པ་དགུ་དང་། འབྲས་བུའི་ལམ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུས་བསྡུས་པ་དང་། ཁམས་གསུམ་གྱི་གཉེན་པོ་རྣམས་ཀྱང་ཡོད་པས་དེ་ཉིད་མཐོང་བའི་ཆོས་ལ་བདེ་བར་གནས་པར་བཤད་དོ། །མིག་གི་མངོན་ཤེས་མཐོང་འགྱུར་འདོད། །
ཅེས་བྱ་བ་ལ། འབྲས་བུ་ལ་རྒྱུ་བཏགས་པ་ཡིན་ཏེ། ལྷའི་མིག་གི་མངོན་པར་ཤེས་པ་ནི་ཏིང་ངེ་འཛིན་བསྒོམ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་ཡིན་ནོ། །ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ཞེས་བྱ་སྟེ། དེ་ལ་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་

ལྡན་པའི་ཤེས་རབ་སྟེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པའོ་ཞེས་དེ་ལྟ་བུ་ལ་སོགས་པར་རྣམ་པར་རྟོག་པའི་ཕྱིར་རོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་སྟེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བློ་དབྱེ་འགྱུར། ཞེས་བྱ་བ་དེ་ལ་དེ་དག་ནི་
ཁམས་གསུམ་པ་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་ཚུལ་ཁྲིམས་ནས་བཟུང་སྟེ། མི་སྡུག་པ་དང་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ལ་སོགས་པ་དང་། ཅི་རིགས་པར་ཐོས་པ་དང་། བསམ་པ་དང་བསྒོམ་པ་ལས་བྱུང་བ་དང་། ཟག་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་དང་། ཐོད་
རྒལ་གྱི་སྙོམས་པར་འཇུག་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་སོགས་པ་སྟེ། ཆོས་འདི་རྣམས་ཀྱིས་ཤེས་རབ་མངོན་པར་འཕེལ་བར་འགྱུར་རོ། །སྦྱོར་བ་ལས་བྱུང་ཞེས་བྱ་བ་ནི་སྐྱེ་གནས་ཐོབ་པ་ལ་ཁྱད་པར་དུ་གཅོད་པའོ། །འདིར་ནི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ཕྱིར་སྦྱོར་
བ་ལས་བྱུང་བའི་ཡོན་ཏན་རྣམས་ལ་ཏིང་ངེ་འཛིན་སྒོམ་པ་ཉེ་བར་བཏགས་པ་ཡིན་ནོ། །བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་འབྲང་བ་དང་མཚུངས་པར་ལྡན་པ་དང་བཅས་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཞེས་བྱའོ། །བདག་ཉིད་ལ་ཉེ་བར་གཏོད་པ་ཞེས་བྱ་བ་ལ་
བདག་ཉིད་ཀྱི་ཉེ་བར་གཏོད་པ་ནི་བདག་ཉིད་ལ་ཉེ་བར་གཏོད་པ་སྟེ། བདག་ཉིད་ཆེད་དུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བསམ་གཏན་བཞི་པ་ཁོ་ན་གསུངས་སོ་ཞེས་བྱ་བ་ནི། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་དུ་མཛད་པའི་ཕྱིར་རོ། །སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་དག་གི་དམིགས་པ་སེམས་ཅན་ཚད་མེད་པ་ཡིན་པས་སོ། །གཞན་དག་ན་རེ་བསོད་ནམས་ཚད་མེད་པ་སྒྲུབ་པར་བྱེད་པའི་ཕྱིར་དང་། འབྲས་བུ་ཡིད་དུ་འོང་བ་ཚད་མེད་པའི་ཕྱིར་ཚད་མེད་པ་དག་གོ་ཞེས་ཟེར་རོ། །གནོད་
སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་བྱ་བ་ནི། མདོ་ལས་བྱམས་པ་བསྟེན། གོམས་པར་བྱས། ལན་མང་དུ་བྱས་ན་གནོད་སེམས་སྤོང་བར་འགྱུར་རོ། །སྙིང་རྗེ་ནི་རྣམ་པར་འཚེ་བ་སྤོང་བར་འགྱུར། དགའ་བ་ནི་མི་དགའ་བ་སྤོང་བར་འགྱུར། བཏང་སྙོམས་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་སྤོང་

བར་འགྱུར་ཞེས་གསུངས་ཏེ། དེའི་ཕྱིར་བཞི་ཁོ་ན་ཡིན་གྱི། མ་ཚང་བ་དང་ལྷག་པ་མ་ཡིན་ནོ། །ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པའོ་ཞེས་བྱ་བ་ནི་རྣམ་པར་བསྔོས་པ་དང་། རྣམ་པར་དམར་བ་ལ་སོགས་པ་ལ་དམིགས་པའི་སྒོ་ནས་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །འཁྲིག་པའི་འདོད་ཆགས་
ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་བྱ་བ་ནི། འཁྲིག་པའི་འདོད་ཆགས་ནི་སེམས་ཅན་རྣམས་ལ་སྡུག་པའི་མཚན་མ་ལྷག་པར་སྒྲོ་བཏགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ལ། བཏང་སྙོམས་ནི་སྡུག་པ་དང་མི་སྡུག་པའི་མཚན་མ་ལ་མ་རེག་པར་སེམས་ཅན་ཙམ་དུ་རྟོགས་པ་ཡིན་ཏེ། དེ་ལྟར་འཁྲིག་པའི་འདོད་ཆགས་
ཀྱི་གཉེན་པོ་ནི་བཏང་སྙོམས་ཡིན་ནོ། །ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཁྲིག་པའི་འདོད་ཆགས་ནི་ཁ་དོག་དང་དབྱིབས་དང་། བསྙེན་བཀུར་དང་། རེག་བྱའི་སྒོ་ནས་འབྱུང་ལ། མི་སྡུག་པ་ཡང་དེ་སུན་འབྱིན་པའི་རྣམ་པར་ཞུགས་པས་འཁྲིག་པའི་འདོད་ཆགས་ཀྱི་གཉེན་
པོར་རིགས་ལ། བཏང་སྙོམས་ནི་ཕ་དང་མ་དང་བུ་ལ་སོགས་པ་མི་རྟོག་པའི་ཕྱིར་དང་། སེམས་ཅན་ཙམ་དུ་འཛིན་པའི་ཕྱིར། དེའི་འདོད་ཆགས་ཀྱི་གཉེན་པོ་ཡིན་ནོ། །སྙིང་རྗེ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། བྱམས་པ་ལྟར་ཞེ་སྡང་མེད་པའི་རང་བཞིན་ཡིན་ནོ། །གནའ་རབས་དག་ན་རེ་དགའ་བ་ཡིད་བདེ་བའི་རང་བཞིན་
ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དགའ་བ་ནི་དགའ་བ་དང་ལྷན་ཅིག་སྤྱོད་པའི་རབ་ཏུ་དགའ་བ་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །བཏང་སྙོམས་མ་ཆགས་ཞེས་བྱ་བ་འབྱུང་ངོ་། །མ་ཆགས་པའི་བདག་ཉིད་ཡིན་པའི་ཕྱིར་གནོད་སེམས་ཀྱི་གཉེན་པོ་ཉིད་དུ་མི་རུང་ངོ་སྙམ་དུ་སེམས་ན། དེ་ནི་ཞེས་བྱ་བ་
སྨོས་ཏེ། གནོད་སེམས་ནི་ཆགས་པས་དྲངས་པ་ཡིན་པའི་ཕྱིར་རོ། །ཆགས་པའི་སྒོ་ནས་བྱུང་བའི་གནོད་སེམས་ཀྱི་གཉེན་པོ་བཏང་སྙོམས་ཡིན་པས་འགལ་བ་མེད་དོ། །བྱམས་པ་དང་བཏང་སྙོམས་དག་གནོད་སེམས་ཀྱི་གཉེན་པོ་ཉིད་དུ་མཚུངས་ཀྱང་ཁྱད་པར་འདི་ཉིད་ཡིན་ཏེ། བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ཡིན་པའི་ཕྱིར་
གནོད་སེམས་ཐམས་ཅད་ཀྱི་གཉེན་པོ་ཡིན་ལ། བཏང་སྙོམས་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་མཛའ་བས་སྐྱེད་པའི་སྡང་བའི་གཉེན་པོ་ཡིན་ནོ། །འདི་ནི་གཉི་གའི་རང་བཞིན་ཡིན་ན་རུང་ངོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ཞེ་སྡང་གི་གཉེན་པོ་ཡིན་པའི་ཕྱིར་རོ། །འདིར་བར་མར་གནས་པའི་མ་ཆགས་པ་དང་

ཞེ་སྡང་མེད་པའི་རང་བཞིན་ལ་བཏང་སྙོམས་ཀྱི་སྒྲ་བརྗོད་ཀྱི། ཆོས་གཅིག་ཆོས་དུ་མའི་རང་བཞིན་ཡིན་པ་ནི་མེད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། རྗེས་སུ་ཆགས་པར་མི་བྱེད་ལ། ཁོང་ཁྲོ་བར་མི་བྱེད་ཅེས་བྱ་བའོ། །གཞན་དག་ན་རེ་བྱམས་པ་ནི་བསམ་པ་ཐག་པ་ནས་འབྱུང་པོ་ཐམས་ཅད་ལ་བདག་དང་འདྲ་བར་
གནས་པའོ། །སྙིང་རྗེ་ནི་གཞན་གྱི་སྡུག་བསྔལ་ལ་མངོན་པར་མི་དགའ་བའོ། །དགའ་བ་ནི་གཞན་གྱི་ཕུན་སུམ་ཚོགས་པ་དག་གིས་དགའ་བའོ། །བཏང་སྙོམས་ནི་ཕན་པ་དང་གནོད་པ་དག་ལ་དེའི་རྒྱུ་མཚན་དག་ལ་མི་གཏོང་བའོ། །བར་མར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་བཏང་སྙོམས་
སུ་འདོར་བའི་ཚུལ་གྱིས་སོ། །དེ་དང་མི་ལྡན་པ་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་རྣམས་ལ་བདེ་བ་དེ་ཡོད་པས་ན་དེ་དང་ལྡན་པའོ། །དེ་དང་ལྡན་པ་མ་ཡིན་པ་ནི་དེ་དང་མི་ལྡན་པ་སྟེ། མི་ལྡན་པ་དེ་རྣམས་ལའོ། །གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་རྣམས་བདེ་བར་ཤོག་
ཤིག་སྙམ་པ་སྟེ། སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག་སྙམ་དུ་བསམ་པའི་ཕྱིར་རོ། །ཡང་ན་བསམ་པ་ཕྱིན་ཅི་མ་ལོག་པའི་ཕྱིན་ཅི་ལོག་ཉིད་དུ་མི་འགྱུར་ཏེ། དེ་ལ་བསམ་པ་ནི་ཞེ་སྡང་མེད་པའི་བསམ་པ་དགེ་བའི་ཆོས་རྣམས་ཏེ། སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་པའི་སེམས་དང་སེམས་ལས་བྱུང་
བ་འཁོར་དང་བཅས་པའོ། །བསམ་པ་ཕྱིན་ཅི་མ་ལོག་པའི་ཕྱིར། ཕྱིན་ཅི་ལོག་ཉིད་དུ་མི་འགྱུར་རོ། །ཡང་ཇི་ལྟར་བསམ་པ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་ཞེ་ན། མོས་པར་འདུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མོས་པའི་འདུ་ཤེས་ནི་མོས་པར་འདུ་ཤེས་པ་སྟེ། །གང་གི་ཕྱིར་བདེའོ་སྙམ་པའི་མོས་པ་དེ་དེ་ཁོ་ན་
ལྟར་འདུ་ཤེས་ཀྱི་གཞན་དུ་མ་ཡིན་པ་དེའི་ཕྱིར་ཕྱིན་ཅི་ལོག་ཉིད་ཀྱི་ཉེས་པ་མེད་དོ། །གལ་ཏེ་མི་དགེ་བ་ཉིད་ཡིན་ནོ་ཞེ་ན་ནི་ཞེས་བྱ་བ་ནི་དེ་ལ་འདི་སྙམ་དུ་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དགེ་བ་མ་ཡིན་ནོ་སྙམ་ན་ནིའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ནི་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་དགེ་
བའི་རྩ་བ་ཡིན་ཞེ་ན། དགེ་བའི་རྩ་བ་ཉིད་ལ་རྒྱུར་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་དུས་གཞན་དུ་གནོད་སེམས་ཀུན་དུ་མི་འབྱུང་ངོ་། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་དེའི་དབང་གིས་སུ་ཡང་བདེ་

བར་མི་འགྱུར་བས། དེ་བསྒྲུབ་པའི་ངལ་བ་དོན་མེད་མ་ཡིན་ནམ་ཞེ་ན། དོན་མེད་པ་མ་ཡིན་ཏེ། དེའི་སྒོ་ནས་གནོད་སེམས་ལ་སོགས་པའི་སྐྱོན་རྣམ་པར་གནོན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཞེས་བྱ་བ་ནི། འདོད་པའི་སེམས་ཅན་ལ་དམིགས་པ་སྟེ། ཁམས་གང་ན་དགྲ་བོ་དང་མཛའ་བོ་
དང་བར་མར་གནས་པ་དང་། སེམས་ཀྱི་གནོད་སེམས་དང་ཆགས་པ་དང་མི་མཐུན་པ་ཡོད་པ་དང་། གང་དག་ལ་ཕན་པ་དང་གནོད་པ་དང་། བཏང་སྙོམས་སྲིད་པ་དེ་དག་ཁོ་ན་དེ་དག་གི་ཡུལ་ཡིན་པས་ཚད་མེད་པ་རྣམས་གཟུགས་དང་གཟུགས་མེད་པའི་ཡུལ་ཅན་མེད་དོ། །ཐུགས་རྗེ་ཆེན་པོའི་ཡུལ་ནི་ཡིན་ནོ། །
གལ་ཏེ་སེམས་ཅན་ལ་དམིགས་པ་ཡིན་ན། འོ་ན་ཇི་ལྟར་ཕྱོགས་གཅིག་ཏུ་མོས་ནས་ཞེས་བྱ་བ་འདི་གསུངས་ཤེ་ན། སྣོད་ཀྱིས་སྣོད་ལ་གནས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། གནས་ཀྱིས་གནས་ཅན་བསྟན་ཞེས་བྱ་བའི་དོན་ཏེ། སྣོད་དང་མཚུངས་པར་རོ་གཅིག་ཏུ་བྱས་པའི་སེམས་ཅན་དེ་ན་གནས་པ་དག་ལ་མོས་
པ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དགའ་བ་བསམ་གཏན་གཉིས་ན་ཡོད། །ཅེས་བྱ་བ་ནི་གང་དག་གི་ལྟར་ན་དེ་དག་བསྒོམ་པ་ལས་བྱུང་བ་ཡིན་པ་དང་། དགའ་བ་ཡིད་བདེ་བའི་དབང་པོ་ཡིན་པ་དེ་དག་གི་ལྟར་ན། བསམ་གཏན་དང་པོ་དང་གཉིས་པ་དག་ན་དགའ་བ་ཡོད་ཀྱི། གོང་ན་ནི་མ་ཡིན་ཏེ་ཡིད་ལ་
བདེ་བའི་དབང་པོ་མེད་པའི་ཕྱིར་རོ། །གཞན་ནི་དྲུག་ན་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཕྱིར་འདོད་པའི་ཁམས་ན་ཡོད་པ་མ་ཡིན་ལ། རགས་པ་ལ་སོགས་པ་ལ་ངེས་པར་དམིགས་པའི་ཕྱིར་བསམ་གཏན་གཞན་གྱི་ཉེར་བསྡོགས་དག་ན་ཡོད་པ་མ་ཡིན་ནོ། །ཁ་ཅིག་ལྔ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་མ་གཏོགས་
པ་བསམ་གཏན་གྱི་དངོས་གཞིའི་ས་པ་ཡིན་པའི་ཕྱིར་རོ། །མཉམ་པར་གཞག་པ་དང་མཉམ་པར་བཞག་པ་མ་ཡིན་པ་དང་དངོས་གཞི་དང་སྦྱོར་བ་སྨོས་པའི་ཕྱིར་ཞེས་བྱ་བ་ལ། བྱམས་པ་ལ་སོགས་པ་འགའ་ཞིག་ནི་མཉམ་པར་བཞག་པའི་ས་པ་ཡིན་ལ། འགའ་ཞིག་ནི་མཉམ་པར་མ་བཞག་པའི་ས་པ་ཡིན་ཞིང་།
ཁ་ཅིག་གི་ནི་དངོས་གཞིའི་གནས་སྐབས་ན་ཡོད་ལ། ཁ་ཅིག་ནི་སྦྱོར་བའི་གནས་སྐབས་ན་ཡོད་དེ། ཉེར་བསྡོགས་ཀྱི་གནས་སྐབས་ན་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་དེས་མཉམ་པར་བཞག་པའི་ས་པ་དག་ནི་ས་དགུ་པ་སྟེ། དངོས་གཞི་དང་སྦྱོར་བས་བསྡུས་པའི་ཕྱིར་རོ། །མཉམ་པར་མ་བཞག་པ་དག་ནི་

འདོད་པར་གཏོགས་པའོ། །ཅི་ཞིག་ཅེ་ན། བསམ་པ་ལས་བྱུང་བའི་ཕྱིར་སྦྱོར་བ་ལས་བྱུང་བ་དག་གོ། །བསམ་གཏན་དངོས་གཞིའི་ས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྤོང་བའི་ལམ་དག་གིས་ཉོན་མོངས་པ་སྤོང་བར་འགྱུར་ན། དངོས་གཞི་དག་པ་པས་ནི་ཉོན་མོངས་པ་དག་སྤོང་བ་མ་ཡིན་པའི་ཕྱིར་རོ། །འདོད་
ཆགས་དང་བྲལ་བ་ནི་བསམ་གཏན་གྱི་དངོས་གཞི་ལ་འཇུག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དག་གི་སྤོང་བ་མ་ཡིན་ནོ། །རེ་ཞིག་དེ་ལྟར་གང་དག་མི་ལྕོགས་པ་མེད་པ་མ་གཏོགས་པ་ས་ལྔ་པ་དག་ན་ཡོད་པར་སྨྲ་བ་དེའི་ལུགས་ཀྱིས་ནི་དེ་ལྟའོ། །གང་དག་གི་ལྟར་ན་དྲུག་གམ་བཅུ་ན་ཡོད་པར་སྨྲ་བ་དེ་
དག་གི་ལུགས་ཀྱིས་མོས་པ་ཡིད་ལ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཡིད་ལ་བྱེད་པས་ཉོན་མོངས་པ་སྤོང་ན། བྱམས་པ་ལ་སོགས་པ་དག་ནི་མོས་པ་ཡིད་ལ་བྱེད་པ་ཡིན་པས་དེ་དག་གིས་ཉོན་མོངས་པ་མི་སྤོང་ངོ་། །སྤོང་བའི་ལམ་ནི་སེམས་ཅན་ད་ལྟར་བྱུང་བ་དམིགས་པ་ཡང་མ་ཡིན་ཏེ། འོ་ན་
ཅི་ཞེ་ན། ས་འོག་མའི་ཆོས་དུས་གསུམ་པ་ལ་དམིགས་པ་ཡིན་ནོ། །རགས་པ་ལ་སོགས་པའི་རྣམ་པ་ཅན་དང་། སྡུག་བསྔལ་ལ་སོགས་པའི་རྣམ་པ་ཅན་ཡིན་ཏེ། དེའི་ཕྱིར་རྒྱུ་དེ་དག་གིས་ན་དེ་དག་གི་སྤང་བ་མ་ཡིན་ནོ། །གལ་ཏེ་དེ་དག་གིས་ཉོན་མོངས་པ་མི་སྤོང་ན། ཇི་ལྟར་གནོད་སེམས་ལ་
སོགས་པའི་གཉེན་པོ་ཉིད་དུ་བཤད་ཅེ་ན། དེའི་ཕྱིར་དེ་དག་གིས་སྦྱོར་བས་ཞེས་བྱ་བ་སྨོས་སོ། །དེ་ལ་བྱམས་པ་ལ་སོགས་པའི་ཁམས་དང་། མི་ལྕོགས་པ་མེད་པའི་ས་པ་རྣམས་ཀྱིས་གནོད་སེམས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་གནོན་ལ། བསམ་གཏན་དངོས་གཞིའི་ས་པ་རྣམས་ཀྱིས་ཉོན་མོངས་པ་
སྤངས་པ་ཐག་སྲིང་བར་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར་བྱམས་པ་ལ་སོགས་པ་འདད་པའི་ཁམས་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དངོས་གཞི་ཚད་མེད་པ་དང་འདྲ་བ་དག་ཅེས་བྱ་བ་ནི། རང་བཞིན་དང་དམིགས་པ་དང་། རྣམ་པ་དང་། དུས་འདྲ་བའི་ཕྱིར་རོ། །དེ་དག་གིས་དེ་རྣམས་རྣམ་པར་མནན་
ནས་ཞེས་བྱ་བ་ནི་ཚད་མེད་པ་དེ་དག་གིས་ཉོན་མོངས་པ་དེ་རྣམས་སོ། །སྤོང་བའི་ལམ་གྱིས་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱིས་སོ། །རབ་ཏུ་སྤོང་བར་བྱེད་དོ་ཞེས་བྱ་བ་ནི་དེའི་ཐོབ་པ་གཅོད་པར་བྱེད་པའོ། །རྐྱེན་སྟོབས་དང་ལྡན་པ་ནི་དེའི་དམིགས་པ་ཡུལ་རྣམས་སོ། །དེ་དག་རྙེད་པ་ནི་དེ་དག་

མངོན་སུམ་དུ་གྱུར་པའོ། །མི་བརྫི་བ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་མི་སྐྱེ་བའི་ཕྱིར་རོ། །མཛའ་བོའི་ཕྱོགས་ཆེན་པོ་ནི་སྐྱེ་བ་དང་ཆོས་དང་ལུས་མཉམ་པ་སྟེ། གང་ཞིག་མེད་ན་གནས་པར་དཀའ་བའོ། །འབྲིང་ནི་མཛའ་བ་དང་ཟས་དང་ཆོས་དང་འབྲེལ་པའོ། །ཆུང་ངུ་ནི་ཕན་འདོགས་པ་དང་ཟས་
དང་འབྲེལ་པ་གང་ཡིན་པའོ། །དེ་བཞིན་དུ་དགྲ་བོའི་ཕྱོགས་ཀྱང་རྣམ་པ་གསུམ་སྟེ། ཆེན་པོ་གྲགས་པ་དང་། འཚོ་བ་དང་། ཡིད་ཕེབས་པ་དང་རྩ་ལག་འཕྲོག་པར་བྱེད་དོ། །འབྲིང་ནི་འཚོ་བའི་ཡོ་བྱད་འཕྲོག་པར་བྱེད་པའོ། །ཆུང་ངུ་ནི་མཛའ་བཤེས་དང་འཁོར་གཡོག་གི་འཚོ་བའི་ཡོ་བྱད་འཕྲོག་པའོ། །ཐ་མལ་
པའི་ཕྱོགས་ཀྱང་རྣམ་པ་གསུམ་སྟེ། སྔར་མཐོང་བ་དང་། ཐོས་པ་མ་ཡིན་པ་དང་། མཐོང་ཞིང་ཐོས་ཀྱང་མ་འདྲིས་པ་དང་། འདིས་ཀྱང་ཕན་འདོགས་པ་དང་གནོད་པ་བྱེད་པ་དང་དང་བྲལ་བའོ། །དེ་ལྟར་ན་རྣལ་འབྱོར་པ་ལས་དང་པོ་དང་འདི། སེམས་ཅན་རྣམ་པ་གསུམ་དུ་ཕྱེ་བ་དག་ལ་སྦྱོར་བ་བྱེད་དོ། །
གང་གི་ཚེ་དེ་མཛའ་བ་ཆེན་པོའི་ཕྱོགས་བཞིན་དུ་དགྲ་བོའི་ཕྱོགས་ཆེན་པོ་ལ་ཡང་བདེ་བར་མོས་པ་མི་ལྡོག་ལ། དེ་ནས་རིམ་གྱིས་འཇིག་རྟེན་ཐམས་ཅད་ཀྱི་བར་དུ་བྱམས་པས་རྒྱས་པར་བྱེད་དོ། །སྔོན་གྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འབྲས་བུ་སྣང་བའི་སྒོ་ནས་ཞེས་བྱ་བ་ནི། དགེ་བའི་རྩ་བ་
ཀུན་དུ་ཆད་པ་ལ་ཡང་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་དབང་ཆེ་བ་ལ་སོགས་པ་ཉིད་མཐོང་ནས་དེ་ལ་ཡོན་ཏན་བཟུང་བར་ནུས་ལ། དེ་བཞིན་དུ་རང་སངས་རྒྱས་ལ་ཡང་སྔོན་གྱི་བསོད་ནམས་མ་ཡིན་པའི་འབྲས་བུ་དབང་ཆུང་བ་ལ་སོགས་པ་ཉིད་མཐོང་ནས་སྐྱོན་བཟུང་བར་ནུས་སོ། །སྙིང་རྗེ་དང་དགའ་བ་ལ་ཡང་དེ་
བཞིན་དུ་ཞེས་བྱ་བ་ལ། སྡུག་བསྔལ་ལས་ཐར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་སྙིང་རྗེ་ལ་སྦྱོར་བར་བྱེད་དོ། །དགའ་བར་གྱུར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་དགའ་བ་ལ་སྦྱོར་བར་བྱེད་དོ། །བཏང་སྙོམས་ནི་ཐ་མལ་པའི་ཕྱོགས་ནས་རྩོམ་མོ། །ཐ་མལ་པའི་ཕྱོགས་ནི་བཏང་སྙོམས་དང་རྗེས་སུ་མཐུན་གྱི་གཞན་
གཉིས་ནི་མ་ཡིན་ཏེ། སྲེད་པ་དང་ཁོང་ཁྲོ་བ་དང་། དེ་དག་གི་གཉེན་པོའི་རྟེན་ཡིན་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་མ་གཏོགས་པ་མི་དག་གི་ནང་དུ་སྐྱེད་ཀྱི། གཞན་དུ་ནི་མ་ཡིན་ཏེ། གོམས་པའི་སྟོབས་ཀྱིས་སྐྱེད་པའི་ཕྱིར་རོ། །ངེས་གསུམ་ལྡན་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་བཞི་པར་

སྐྱེས་པ་དང་དགའ་བ་དང་ལྡན་པ་མེད་པའི་ཕྱིར་ཐམས་ཅད་ཚད་མེད་པ་གསུམ་དང་ལྡན་པ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་ནི་གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ་ཞེས་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འདི་གཉིས་ཀྱི་ཚུལ་ནི་མི་སྡུག་པ་བཞིན་དུ་རིག་པར་
བྱའོ་ཞེས་བྱ་བ་ནི། འདོད་ཆགས་ལྷག་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ལས་བརྩམས་ནས་སྲིད་པར་རྒྱས་པར་བརྗོད་པར་བྱའོ། །གྲངས་བཞིན་ནོ་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པའི་ཁ་དོག་གི་གཉེན་པོར་ནི་བསམ་གཏན་དང་པོའི་ས་པའི་རྣམ་པར་ཐར་པ་ཡིན་ལ། བསམ་གཏན་དང་པོའི་
ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ནི་བསམ་གཏན་གཉིས་པའི་ས་པའི་རྣམ་པར་ཐར་པ་ཡིན་ཏེ། རྣམ་པར་ཐར་པ་འདི་གཉིས་ཀྱང་། ཐག་བསྲིང་བའི་གཉེན་པོ་ཡིན་པར་རིག་པར་བྱའོ། །སྨྲས་པ་བསམ་གཏན་གཉིས་པ་ལ་སོགས་པ་ན་ཁ་དོག་གི་འདོད་ཆགས་མེད་དོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མིག་
གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །གང་ཞིག་ཡུལ་གང་ལས་འདོད་ཆགས་དང་བྲལ་བ་དེ་ནི་ངེས་པར་དེ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་ལ། བསམ་གཏན་གཉིས་པ་ལ་སོགས་པ་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པས་དེའི་ཕྱིར། དེ་དག་ནི་ཁ་དོག་
གི་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བར་གྲུབ་པོ། །གསུམ་པ་མཐའ་ན་ཞེས་བྱ་བ་ནི། སྡུག་པའི་རྣམ་པར་ཐར་པ་ནི་དང་པོ་དང་གཉིས་པ་ན་མེད་ལ། གསུམ་པ་ན་ཡང་མེད་དེ། བདེ་བའི་སྙིང་པོས་བསྐྱོད་པས་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་བསམ་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་གསུམ་པ་ནི་ཐ་མ་ཁོ་ནར་ངེས་
པར་བྱས་ལ། དེ་ཡང་མ་ཆགས་པ་ཡིན་ཏེ། ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་དག་འཁོར་དང་བཅས་ན་ཕུང་པོ་ལྔའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ལ། འདིར་གཟུགས་ཀྱི་ཕུང་པོ་ནི་རྗེས་སུ་འཇུག་པའི་གཟུགས་སོ། །གཞན་ན་ཡང་མཉམ་པར་མ་བཞག་པ་ཡོད་དོ་ཞེས་བྱ་བ་ནི། རྣམ་པར་
སྨིན་པ་ལས་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་བསམས་ནས་བརྗོད་པ་ཡིན་ནོ། །གཞན་དག་ན་རེ་དེ་ནི་མ་ཡིན་ཏེ། དགེ་བའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གཟུགས་མེད་པའི་རྣམ་པར་ཐར་པ་

རྣམས་ཀྱི་ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་ཀྱི་བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ། འོག་མ་ལ་དམིགས་པའི་ཕྱིར་རོ། །རྣམ་པར་ཐར་པའི་དོན་ནི་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ་ཞེས་བྱ་བ་ལ། དང་པོ་དག་ནི་ཁ་དོག་
གི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །གསུམ་པ་ནི་མི་སྡུག་པ་ལའོ། །གཟུགས་མེད་པ་རྣམས་ནི་འཇུག་པ་འོག་མ་དང་། དམིགས་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །འདུ་ཤེས་དང་ཚོར་བའམ་ཞེས་བྱ་བ་ནི། འདུ་ཤེས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་། ཚོར་བ་ལ་རྒྱབ་
ཀྱིས་ཕྱོགས་པའི་ཕྱིར་རོ། །འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི། དམིགས་པ་ཐམས་ཅད་ལ་འཇུག་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་ཞེས་བྱ་བ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ནི་གང་
ཞིག་ཡོད་ན་སེམས་ལས་སུ་མི་རུང་བ་དག་གིས། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཡང་སྐྱེད་པར་མི་ནུས་པ་སྟེ། སྒྲིབ་པ་དེ་ལས་རྣམ་པར་ཐར་པའི་ཕྱིར་ཏེ། སྤངས་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །དེ་བས་ཀྱང་ཆོས་ཕྲ་བར་བྱས་ནས་ཞེས་བྱ་བ་
ནི་འགོག་པ་ལ་དམིགས་ནས་ཆེས་ཕྲ་བར་བྱེད་པའོ། །ཅི་རིགས་པར་ཞེས་བྱ་བ་ནི། བསམ་གཏན་དང་པོ་དང་གཉིས་པའི་ས་པ་སྟེ། གཉིས་ཀྱི་ཡིད་དུ་མི་འོང་བ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་དམིགས་པའི་ཕྱིར་རོ། །གསུམ་པ་ནི་ཡིད་དུ་འོང་བ་སྟེ། སྡུག་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །རང་གི་ས་པ་
དང་གོང་མའི་སྡུག་བསྔལ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་དམིགས་པ་ནི་རང་གི་ས་པའི་སྡུག་བསྔལ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ས་པ་ཡིན་གྱི། ས་འོག་མ་པ་ནི་མ་ཡིན་ཏེ། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །
ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་མེད་པའི་རྣམ་པར་ཐར་པ་ལྷག་མ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེ་ཡི་རྒྱུ་དང་འགོག་པ་དག །ཅེས་བྱ་བ་ནི། རང་གི་ས་པ་དང་ས་གོང་མའི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་དང་འགོག་པ་དམིགས་པ་ཡིན་གྱི་ས་འོག་མའི་སྡུག་བསྔལ་གྱི་རྒྱུ་དང་དེའི་

འགོག་པ་ལ་དམིགས་པ་མ་ཡིན་ནོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཅེས་བྱ་བ་ནི། ཅི་རིགས་པར་རང་གི་ས་དང་གོང་མ་དང་། ས་འོག་མས་བསྡུས་པའོ། །སོ་སོར་མ་བརྟགས་པས་འགོག་པ་ཡང་ཡིན་ནོ་ཞེས་བྱ་བ་ནི། གཟུགས་མེད་པའི་རྣམ་པར་ཐར་པ་
གཟུགས་མེད་པའི་དགེ་བ་རྣམས་ནི་མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་པ་ཡིན་ཏེ། ཉེར་བསྡོགས་གསུམ་ནི་མ་གཏོགས་སོ་ཞེས་འབྱུང་བའི་ཕྱིར་རོ། །མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ཡང་། མི་སློབ་
པའི་མཚན་མ་མེད་པའི་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་པ་ཡིན་ནོ། །ནམ་མཁའ་ཡང་གཅིག་གི་ཡིན་ནོ་ཞེས་བྱ་བ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཟག་པ་དང་བཅས་པའི་དམིགས་པ་ཡིན་ནོ། །བདེ་བའི་སྙིང་པོས་བསྐྱོད་པའི་ཕྱིར་རོ་ཞེས་བྱ་བ་ལ།
བདེ་བའི་སྙིང་པོ་ནི་བདེ་བའི་སྙིང་པོ་སྟེ། བདེ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་བསྐྱོད་པའི་ཕྱིར་ཏེ་གཡོ་བར་བྱས་པའི་ཕྱིར་རོ། །བསམ་གཏན་གསུམ་པ་ལ་བདེ་བར་གྱ་ནོམ་པས་ཀུན་ཏུ་གཡེངས་པར་བྱས་པའི་ཕྱིར་རྣམ་པར་ཐར་པ་བསྐྱེད་པར་མི་ནུས་ཀྱི་དེ་དང་འདྲ་བའི་དགེ་བའི་རྩ་བ་
ནི་སྐྱེད་པར་བྱེད་དོ། །རྣམ་པར་ཐར་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་དག་བསྡུའོ། །ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ཆེད་ཅེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྨོན་ནས་ཤེས་པ་དང་།
སོ་སོར་ཡང་དག་པར་རིག་པ་ལ་སོགས་པ་དག་བསྡུའོ། །དེ་ཡང་གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ཡང་དངོས་པོ་ཡོངས་སུ་བསྒྱུར་བ་ནི་དངོས་པོ་གང་ཞིག་ཇི་ལྟར་མོས་པ་དེ་ལྟར་འགྱུར་བ་སྟེ། དཔེར་ན་ནས་གསེར་དུ་བྱེད་པ་བཞིན་ནོ། །བྱིན་གྱིས་རློབ་པ་ནི་དངོས་པོ་བསྟན་པ་དུས་ཐུང་ངུ་དེ་སྲིད་ཙམ་དུ་
འཇོག་པའོ། །ཚེ་གཏོང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རྡུལ་ཕྲ་རབ་དག་ཏུ་རི་རབ་འཇུག་པ་ལ་སོགས་པའོ། །ཅིའི་ཕྱིར་གསུམ་པ་དང་བརྒྱད་པ་དག་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་

གནས། ཞེས་གསུམ་པ་ལ་མངོན་སུམ་དུ་བྱ་བ་བཤད་ལ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་ཞེས་བརྒྱད་པ་ལ་མངོན་སུམ་དུ་བྱ་བ་བཤད་དོ། །དེ་ལ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་ཏེའོ། །རྫོགས་
པར་བྱས་ཏེ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཏེའོ། །གཙོ་བོ་ཡིན་པའི་ཕྱིར་དང་ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་དང་པོ་དང་གཉིས་པ་དག་པས་གསུམ་པ་གཙོ་བོ་ཡིན་ཏེ། གནས་གྱུར་པའི་སྒོ་ནས་གཟུགས་ཅན་གྱི་རྣམ་པར་ཐར་
པའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་རོ། །སྡུག་པའི་རྣམ་པར་ཐར་པ་ཡིན་ཡང་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་གསུམ་པ་ལ་མངོན་སུམ་དུ་བྱ་བ་བཤད་དོ། །དེ་བཞིན་དུ་གཙོ་བོ་ཡིན་པའི་ཕྱིར་བརྒྱད་པ་ལ་ཡང་མངོན་སུམ་དུ་བྱ་བ་བཤད་དེ། འདི་ལྟར་གནས་གྱུར་པའི་སྒོ་ནས་གཟུགས་
ཅན་མ་ཡིན་པའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་ལྷག་མ་དག་པས་གཙོ་བོ་ཡིན་ནོ། །བསམ་གཏན་བཞི་པ་ནི་གཟུགས་ཀྱི་ཁམས་ཀྱི་མཐའ་དང་ས་སྟེ། གཟུགས་ཅན་གྱི་ས་རྣམས་ཀྱི་མཐའ་ཡིན་ལ། དེ་ན་རྣམ་པར་ཐར་པ་གསུམ་པ་ཡོད་པས་དེ་ཁོ་ན་ལ་མངོན་སུམ་དུ་བྱ་བར་བཤད་དོ། །
དེ་བཞིན་དུ་སྲིད་པའི་རྩེ་མོ་ཁམས་ཀྱི་མཐའ་དང་ས་སྟེ། གཟུགས་ཅན་མ་ཡིན་པའི་ས་རྣམས་ཀྱི་མཐའ་ཡིན་ལ། རྣམ་པར་ཐར་པ་བརྒྱད་པ་ཡང་དེའི་ས་པ་ཡིན་པས་དེའི་ཕྱིར་དེ་ལ་མངོན་སུམ་དུ་བྱ་བ་བཤད་དོ། །གཞན་དག་ན་རེ་མདོ་གཞན་ལས་ཐམས་ཅད་ལ་མངོན་སུམ་དུ་བྱ་བ་བཤད་དེ། མདོ་
ལས་ཆོས་བརྒྱད་ནི་མངོན་སུམ་དུ་བྱ་བ་སྟེ། རྣམ་པར་ཐར་པ་བརྒྱད་དོ་ཞེས་གསུངས་ལ། ཡང་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་
ཡིན་ཏེ། གང་གི་ཕྱིར་མདོ་གཉིས་པོ་འདི་དག་ཁོ་ན་མ་གཏོགས་པ། དེ་ལས་གཞན་པའི་མདོ་ཐམས་ཅད་ལས་གཉིས་ཁོ་ན་ལ་མངོན་སུམ་དུ་བྱ་བ་གསུངས་ཏེ། དེའི་ཕྱིར་དྲི་བ་དང་ལན་འཐད་དོ། །དེ་བཞིན་དུ་ཆེན་པོ་རྣམས་དང་ཞེས་བྱ་བ་ནི། ནང་གཟུགས་སུ་འདུ་ཤེས་པར་ཕྱི་རོལ་གྱི་གཟུགས་

ཆེན་པོ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ཞེས་བྱ་བ་ལ། འདི་ནི་ཟིལ་གྱིས་གནོན་པའོ་སྐྱེ་མཆེད་གཉིས་པའི་ཞེས་བྱ་བའི་བར་འབྱུང་བའོ། །དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པ་སྟེ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་
བཟང་པོ་དག །ཁ་དོག་ངན་པ་རྣམས་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་བཞིའོ། །གཟུགས་མེད་པར་
འདུ་ཤེས་པ་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ཇི་ལྟར་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་
བུར་སྟོན་པ་འོད་སྔོན་པོ་འབྱུང་བ་ལྟ་བུ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་གནོན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུ་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཞེས་བྱ་བ་
རྒྱས་པར་འབྱུང་ཞིང་དཔེར་ན་དོང་ཀའི་མེ་ཏོག་གམ་ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ་ཞེས་འབྱུང་ངོ་། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཞེས་བྱ་བ་ནས་རྒྱས་པར་དཔེར་ན་བན་
དུ་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ་ཞེས་བྱ་བའི་བར་དང་། རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པ་ཡིན་ན་ཞེས་བྱ་བ་འབྱུང་ངོ་། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཞེས་བྱ་བ་ནས་སྔ་མ་བཞིན་ནོ། །དཔེར་
ན་སྐར་མ་པ་བ་སངས་སམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དཀར་པོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་ཟིལ་གྱིས་གནོན་པ་དག་གོ། །ཐམས་ཅད་པས་གྱ་ནོམ་པའི་དམིགས་པ་ཡིན་ཡང་ཁ་དོག་གསལ་བ་ལ་སོགས་པ་སྒྲུབ་པའི་དགེ་བའི་རྩ་

བ་ཟིལ་གྱིས་གནོན་ཏེ། རྒྱན་སྣ་ཚོགས་པ་སར་པས་བརྒྱན་པའི་འབངས་རྗེ་བོས་ཟིལ་གྱིས་གནོན་པ་བཞིན་ནོ། །ཆུང་ངུ་ཞེས་བྱ་བ་ནི་དམིགས་པ་ཆུང་བའམ། དབང་ཆུང་བ་ཉིད་ཀྱིས་སོ། །ཁ་དོག་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ན་རེ་ཁ་དོག་བཟང་པོ་རྣམས་ལ་
ཆགས་པ་མི་སྐྱེ་ལ། ཁ་དོག་ངན་པ་རྣམས་ལ་ཁང་ཁྲོ་བ་མི་སྐྱེ་བ་སྟེ། འདིར་ཟིལ་གྱིས་གནོན་པ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟར་ཡིན་ན་ཟིལ་གྱིས་གནོན་པ་རྣམས་མ་ཆགས་པ་དང་ཞེ་སྡང་མེད་པའི་རང་བཞིན་དུ་ཐལ་བར་འགྱུར་ཏེ། དེའི་ཕྱིར་འདིར་དོན་ནི་ཁ་དོག་བཟང་པོ་དང་ངན་
པ་རྣམས་ཟིལ་གྱིས་གནོན་ནས་ཁ་དོག་ངན་པ་ཇི་ལྟ་བར་ཁ་དོག་བཟང་པོ་རྣམས་ཀྱང་དེ་དང་འདྲ་བར་མི་སྡུག་པའི་རྣམ་པར་རོ་གཅིག་པར་བྱས་ནས་མཐོང་སྟེ། འདིའི་སེམས་ལ་དབང་བ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །ཟིལ་གྱིས་མནན་ནས་ཤེས་པ་ནི་ཤེས་བྱའོ། །ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་ནི་དེའི་རྒྱུ་
མཚན་ཅན་གྱི་རྣལ་འབྱོར་རྫོགས་པ་དག་གོ། །དེ་ལྟར་འདུ་ཤེས་པར་འགྱུར་ཞེས་བྱ་བ་ནི་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ངོ་སྙམ་དུའོ། །ཟིལ་གྱིས་གནོན་པ་གཉིས་པའི་ཆེན་པོ་དག་ནི་དམིགས་པ་ཆེ་བ་འམ། དབང་ཆེ་བ་གཉིས་སོ། །ལྷག་མ་ནི་དང་པོ་དང་འདྲའོ། །དེ་དག་
ལས་གཉིས་ནི་རྣམ་ཐར་དང་པོ་བཞིན་ཞེས་བྱ་བ་ནི་རང་བཞིན་དང་རྣམ་པའི་བྱེ་བྲག་གིས་ཏེ། རྣམ་པར་ཐར་པ་དང་པོ་ཇི་ལྟ་བ་བཞིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པོ་འདི་དག་ཀྱང་རང་བཞིན་དང་ས་དང་རྣམ་པའི་བྱེ་བྲག་གི་སྒོ་ནས་དེ་དང་འདྲ་བར་བལྟ་བར་བྱའོ། །འདི་གཉིས་ནི་རྣམ་
པར་ཐར་པ་དང་པོའི་འབྲས་བུ་ཡང་ཡིན་ནོ། །གཉིས་ནི་གཉིས་པ་བཞིན་ནོ་ཞེས་བྱ་བ་ནི། གང་དག་ནང་གཟུགས་མེད་པར་འདུ་ཤེས་པས་ཆུང་ངུ་དང་ཆེན་པོ་ལ་དམིགས་པ་དག་ནི་རང་བཞིན་ལ་སོགས་པའི་བྱེ་བྲག་གི་སྒོ་ནས་རྣམ་པར་ཐར་པ་གཉིས་པ་དང་འདྲ་བར་བལྟ་བར་བྱའོ། །གཞན་སྡུག་པའི་
རྣམ་པར་ཐར་པ་བཞིན་ཞེས་བྱ་བ་ནི་རང་བཞིན་དང་ས་དང་རྣམ་པའི་བྱེ་བྲག་གི་སྒོ་ནས་སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བ་དེ་བཞིན་དུ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ཡང་ཡིན་ནོ། །དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དག་གིས་ནི་དམིགས་པ་ལ་རྒྱབ་

ཀྱིས་ཕྱོགས་པ་ཙམ་དུ་ཟད་ཀྱི། དམིགས་པ་ཟིལ་གྱིས་གནོན་པ་ནི་མ་ཡིན་ལ། ཟིལ་གྱིས་གནོན་པ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་འབའ་ཞིག་ཏུ་མ་ཟད་དེ། འོ་ན་ཅི་ཞེ་ན། དམིགས་པ་ཟིལ་གྱིས་གནོན་པ་ཡང་ཡིན་ནོ། །ཇི་ལྟར་འདོད་པ་བཞིན་མོས་པའི་ཕྱིར་དང་ཞེས་བྱ་བ་ནི་འདོད་དགུར་
སྔོན་པོ་དང་སེར་པོ་ལ་སོགས་པར་མོས་པའི་ཕྱིར་དང་། རྣམ་པར་བསྔོས་པ་དང་རྣམ་པར་གནག་པ་ལ་སོགས་པར་མོས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་སྡུག་པར་འཛིན་ཡང་ཉོན་མོངས་པ་མི་སྐྱེ་ན། དེ་ལྟ་ན་དེ་དག་
གིས་དམིགས་པ་ཟིལ་གྱིས་མནན་པ་ཡིན་ནོ། །ཟད་པར་གྱི་སྐྱེ་མཆེད་བཅུ་འོ། །བཅུ་གང་ཞེ་ན། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀ་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད། དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་
མཁའ་དང་། ཟད་པར་རྣམ་པར་ཤེས་པ་སྐྱེ་མཆེད་ཀྱང་ཡིན་ཏེ། འདི་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུའོ། །བར་མེད་པར་ཟད་པར་རྒྱས་པར་བྱེད་ཅེས་བྱ་བ་ལ། འདི་ལྟར་བསྟན་པར་འགྱུར་ཏེ། བར་མེད་ཅིང་མཚམས་མེད་པའི་ངོ་བོར་གང་ཞིག་སྔར་མོས་པ་དེ་ཐམས་ཅད་སྲ་བར་རྒྱས་པར་བྱེད་དེ།
ཁྱབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན་ས་མཐའ་ཡས་སོ་སྙམ་དུ་མོས་པ་སྟེ་རྣམ་པར་ཤེས་པའི་བར་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར་བར་མེད་ཅིང་མཚམས་མེད་པར་རྒྱས་པར་ཡིད་ལ་བྱེད་པ་གནས་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །དེ་ལ་ས་ཞེས་བྱ་བ་ནི་དམིགས་པ་
ལ་བརྗོད་དོ། །ཟད་པར་ཞེས་བྱ་བ་ནི་རྣམ་པའོ། །འདི་དག་ནི་རྣམ་པ་མཚུངས་པ་ཡིན་ཡང་དམིགས་པ་ཐ་དད་པས་ཐ་དད་པ་ཉིད་དོ། །ལ་ལ་ཞེས་བྱ་བ་ནི་གང་ཞིག་གང་སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་པར་འགྱུར་རོ། །འདུ་ཤེས་སུ་བྱེད་ཅེས་བྱ་བ་ནི་འདི་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་སྟོན་ཏེ་དེ་ལྟ་མ་
ཡིན་ན་རབ་ཏུ་ཤེས་པར་བྱེད་ཅེས་བརྗོད་པར་འགྱུར་རོ། །སྟེང་དང་འོག་དང་ཐད་ཀ་གཉིས་ཞེས་བྱ་བ་ནི་གང་དང་གང་དུ་ཡིད་ལ་འཇུག་པར་བྱེད་པར་རོ། །གཉིས་སུ་མེད་ཅིང་ཞེས་པ་ནི་བར་ཆད་མེད་པར་ཡིད་ལ་བྱེད་པ་སྟོན་པའོ། །ཚད་མེད་པར་ཞེས་བྱ་བ་ནི་མཐའ་ཡས་པར་མོས་པའོ། །འདི་ནི་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་

སྦྱངས་པ་བྱས་པའི་སེམས་ལ་བརྗོད་པ་དབང་བ་བརྗོད་པའོ། །བརྒྱད་མ་ཆགས་ཞེས་བྱ་བ་ནི་ཟད་པར་སྔོན་པོ་ལ་སོགས་པ་བཞི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཕྱི་མ་བཞིའི་ཁྱད་པར་གྱི་བདག་ཉིད་དོ། །སྔོན་པོ་ལ་སོགས་པ་ཁ་དོག་གི་རྟན་གྱི་སྒོ་ནས་ཟད་པར་སའི་སྐྱེ་མཆེད་ལ་
སོགས་པས་ས་ལ་སོགས་པ་ལ་དམིགས་པ་རྣམས་ཀྱང་མ་ཆགས་པའི་བདག་ཉིད་ཅེས་བྱའོ། །བསམ་གཏན་མཐའ་ན་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཕྱི་མ་བཞིའི་སྦྱོར་བ་ལས་བྱུང་བའི་ཕྱིར་རོ། །བརྒྱད་ཀྱི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཇི་ལྟར་ཟད་པར་
འབྱུང་བའི་སྐྱེ་མཆེད་རྣམས་ཀྱི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་ཡིན་ཞེ་ན་ས་ལ་སོགས་པ་རྣམས་དང་། སའི་ཁམས་ལ་སོགས་པ་རྣམས་ལ་ཁྱད་པར་ཡོད་པས་འདི་དག་ཟད་པར་ས་ལ་སོགས་པའི་སྐྱེ་མཆེད་ཅེས་བྱའི། ཟད་པར་སའི་ཁམས་ལ་སོགས་པ་ནི་མ་ཡིན་ནོ། །ས་ལ་སོགས་པ་རྣམས་ཀྱང་
ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པས་དེ་རྣམས་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཡུལ་ཅན་ཉིད་དུ་མི་འགལ་ལོ། །ཁ་ཅིག་ན་རེ་རླུང་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་ནི་གང་དག་རླུང་གཟུགས་སུ་འདོད་པའོ། །དེ་ཉིད་ཀྱི་ཕྱིར་མཛོད་ཀྱི་གནས་དང་པོར་རླུང་ཚོགས་ཁམས་ཉིད་ཡིན་ཞེས་བཤད་དེ་དེའི་ལུགས་
ཀྱིས་སོ། །ཡང་གང་དག་དེ་དང་འདྲ་བའང་ཡིན་ཞེས་ཟེར་བ་དེའི་ལུགས་ཀྱིས་ནི་ས་ལ་སོགས་པ་ལྟར་རླུང་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་ཏེ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པའི་རང་བཞིན་ཡིན་ལ་འདི་གཉིས་ཀྱིས་དམིགས་
པ་ནི་རང་གི་ས་པའི་ཕུང་པོ་བཞི་ཡིན་ནོ། །རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཇུག་པ་ཉིད་འཇུག་པ་ལས་བྱུང་བ་ཡིན་ཏེ། རང་གི་དོན་འཕེལ་བ་བསྒྲུབས་པས་རྣམ་པར་འགྱུར་བ་བཞིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་དག་ལ་རྣམ་པར་ཐར་
པ་འཇུག་པ་ཡོད་པས་ན་འདི་དག་རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ནོ། །དེ་བཞིན་དུ་ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འཇུག་པ་ལས་བྱུང་བ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཇི་ལྟར་གོང་ནས་གོང་དུ་ཁྱད་

པར་དུ་འཕགས་ཤེ་ན། རྒྱབ་ཀྱིས་ཕྱོགས་པ་ཙམ་དང་ཟིལ་གྱིས་གནོན་པ་དང་ཟད་པར་བྱེད་པའི་ཕྱིར་དེ་ལྟར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཐོབ་པ་གང་ཡིན་པ་སྟེ། དེས་གདོན་མི་ཟ་བར་གཞན་དག་ཀྱང་ཐོབ་སྟེ། ཡོན་ཏན་རྣམས་རིམ་
གྱིས་འཛེག་པའི་ཕྱིར་རོ། །གཞན་དག་ན་རེ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཐ་དད་པའི་ཕྱིར་རྣམ་པར་ཐར་པ་ལ་སོགས་པར་ཕྱེ་སྟེ་དེ་ལྟར་ཡིན་དང་རྣམ་པར་ཐར་པ་རྣམས་ནི་རྒྱུ་ཁོ་ན་ཡིན་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་འབྲས་བུ་ཁོ་ན་ཡིན་ཞིང་ཟིལ་གྱིས་གནོན་པ་རྣམས་གཉི་ག་ཡིན་ནོ་ཞེས་ཟེར་རོ། །
འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་ཞེས་བྱ་བ་ལ་དེ་ནི་འཕགས་པའི་རྒྱུད་ལ་ཡོད་པ་ཁོ་ན་ཡིན་གྱི་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་ནི་མ་ཡིན་ནོ། །འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ་ཞེས་བྱ་བ་ལ། འདྲིས་པ་ནི་ཅི་རིགས་པར་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོ་པའི་བར་འདོད་ཆགས་དང་བྲལ་
བས་ཐོབ་པ་སྔར་སྐྱེས་པའི་བཏང་བ་དག་གོ། །དེའི་ཕྱིར་བསམ་གཏན་དང་པོའི་ས་པ་དག་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་པོ། །དེ་བཞིན་དུ་ཅི་རིགས་པར་ལྷག་མ་དག་ལ་ཡང་བརྗོད་པར་བྱའོ། །མ་འདྲེས་པའི་སྦྱོར་བ་ལས་བྱུང་བ་སྟེ་སྦྱོར་བ་འཐོབ་པོ། །ལྷག་མ་ཞེས་བྱ་
བ་རྒྱས་པར་འབྱུང་བ་ལ་ལྷག་མ་ཡང་གང་ཞིག་ཅེ་ན་རྣམ་པར་ཐར་པ་དང་པོ་གསུམ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བརྒྱད་དེ་དེ་དག་ནི་མིའི་རྟེན་ཅན་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ལུང་གི་མཐུས་སྐྱེ་བའི་ཕྱིར་དང་ལྷ་ལ་སོགས་པ་གཞན་ན་ལུང་མེད་པའི་
ཕྱིར་རོ། །ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་། བསམ་གཏན་གྱི་ཁྱད་པར་སྐྱེ་ཞེས་བྱ་བ་ནི་ལུང་མེད་པར་ཇི་ལྟར་སྐྱེ་སྟེ། དེ་ན་ནི་འདོམས་པའོ་འཆད་པར་བྱེད་པ་པོ་རྣམས་དེ་ལྟ་བུ་མེད་དོ། །གཟུགས་དང་གཟུགས་མེད་པའི་ས་གང་དུ་སྐྱེས་པས་
དེའི་གོང་མའི་བསམ་གཏན་དང་གཟུགས་མེད་པ་མངོན་དུ་བྱེད་པ་གང་ཡིན་པ་དེ་ནི་དེ་བས་ཁྱད་པར་དུ་འཕགས་པས་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་ཏེ། གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་དེ་ཇི་ལྟར་སྐྱེ་ཞེས་བྱ་བའོ། །ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ་ཞེས་

བྱ་བ་ནི། ཉེ་བ་ལས་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ཇི་ལྟར་ཞེ་ན་འདོད་པའི་ཁམས་སུ་སྐྱེས་ཤིང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་པ་ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་ནས། གཟུགས་མེད་པའི་ཁམས་སུ་སྐྱེ་སྟེ། དེར་སྐྱེས་པ་དེ་ལ་ཡང་ཉེ་བ་དང་ཡང་དང་ཡང་དུ་
གོམས་པ་དང་། སྐལ་བ་མཉམ་པའི་རྒྱུ་སྟོབས་དང་ལྡན་པ་ཉིད་ལས་གཟུགས་མེད་པའི་ཏིང་ངེ་འཛིན་སྐྱེའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ལས་ཡོངས་སུ་ཉམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ལ་ཡང་དེ་ཁོ་ན་བཞིན་དུ་དེའི་
སྙོམས་པར་འཇུག་པ་སྐྱེ་སྟེ། དེའི་འོག་ཏུ་སྐྱེས་པ་ལ་ཡང་དེ་དང་འདྲ་བར་བརྗོད་དོ། །རྒྱུའི་སྟོབས་ཀྱི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་ལ་ལན་གྲངས་གཞན་མ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་རོ། །དེ་ལས་འདོད་ཆགས་
དང་མ་བྲལ་བ་དང་མཐུན་པའི་རྒྱུད་གནས་ཏེ། འོག་མ་ལས་འདོད་ཆགས་དང་མ་བྲལ་བས་ནི་གོང་དུ་སྐྱེ་བར་མི་ནུས་སོ། །རྒྱུའི་སྟོབས་དང་ལས་ཀྱི་སྟོབས་ཀྱིས་གཟུགས་དང་། གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པར་སྐྱེའི། ཆོས་ཉིད་ཀྱིས་ནི་མ་ཡིན་ཏེ། འཇིག་པའི་དབང་གིས་
གཟུགས་མེད་པ་དག་ཏུ་མི་སྐྱེ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་ནི་སེམས་ཅན་གཞན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་འོག་མར་སྐྱེས་པ་ལས་བསམ་གཏན་གོང་མ་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པའི་ཁམས་སུ་བསམ་གཏན་གཉིས་པ་ལ་སོགས་པ་བསྐྱེད་ནས་ཡོངས་སུ་
ཉམས་ཏེ། བསམ་གཏན་དང་པོ་སྐྱེས་པ་ཞིག་སྔོན་གོམས་པའི་རྒྱུའི་སྟོབས་ཀྱིས་བསམ་གཏན་གཉིས་པ་ལ་སོགས་པ་བསྐྱེད་དེ་རྒྱུའི་སྟོབས་ཀྱིས་གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་སྐྱེས་པ་དེ་ནི་དེ་ལྟའོ། །ལུས་ཀྱི་སྟོབས་ཀྱིས་ནི་གང་གི་ཚེ་བསམ་གཏན་དང་པོ་ལ་སོགས་པར་
སྐྱེས་པའམ། བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་ལན་གྲངས་གཞན་མ་མྱོང་བར་འགྱུར་བའི་ལས་རྣམ་པར་སྨིན་པ་ཉེ་བར་གནས་པ་ཡིན་པ་དེའི་ཚེ། བསམ་གཏན་དང་པོ་ལ་སོགས་པར་སྐྱེས་པས་ན། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེད་པར་བྱེད་དེ། དགེ་

བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ནི། འཇིག་པའི་ཚེ། དགེ་བའི་ལས་ཀྱི་ལམ་གང་དག་ཡིན་པ་དེ་དག་གི་འཇུག་པ་སྟེ། གང་དག་ལ་དེར་ཤས་ཆེ་བ་ཡོད་པ་དེ་དག་ནི། དར་འཇུག་པའི་ཤས་ཆེ་བའོ། །དེའི་དངོས་པོ་ནི། དེའི་འཇུག་པ་ཤས་ཆེ་བ་ཉིད་དེ། དེ་འཇུག་
པ་ཤས་ཆེ་བ་ཉིད་དེའི་ཕྱིར་གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་སྐྱེའོ། །འདི་སྐད་དུ། དགེ་བའི་རྩ་བ་དེ་དག་བདག་ཉིད་མཆོག་ཏུ་གྱུར་པ་ཐོབ་པ་ལས་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་རྟེན་རྒྱུན་ཆགས་སུ་དེ་སྐྱེ་བ་དང་མཐུན་པར་གནས་པའི་ཕྱིར། ལུང་ནོད་པ་མེད་པར་བསམ་
གཏན་རྣམས་སྐྱེའོ་ཞེས་བཤད་པ་ཡིན་ནོ། །ཆོས་ཉིད་ཀྱིས་ཞེས་བཤད་པ་ཆོས་ཉིད་ཅེས་བྱ་བ་འདི་གང་ཞིག་ཅེ་ན། རེ་ཞིག་མདོ་སྡེ་པ་ཁ་ཅིག་ན་རེ་ཆོས་འཇུག་པ་ཤས་ཆེ་བ་དེ་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་
ཉིད་དེ། རང་བཞིན་དང་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནི། སྔོན་གྱི་བསམ་གཏན་བསྒོམས་པའི་དགེ་བའི་ཆོས་ཀྱི་དབང་གིས་ཐོས་པ་རྒྱས་པ་ལས་དེ་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་ཡིན་ཏེ། ཚེ་རབས་སྔ་མའི་སྐལ་བ་མཉམ་པའི་རྒྱུ་མཐུན་
པའི་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པའི་ཆོས་ཉིད་ཡིན་ནོ་ཞེས་བྱའོ་ཞེས་ཟེར་རོ། །ཆོས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཀྱི་རྣམ་པ་ཁམས་དང་ས་དང་དམིགས་པ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་སོ། །ལུང་འཇིག་པར་བྱེད་པ་ནི་
སྨྲ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་དང་འདུལ་བ་དང་ཆོས་མངོན་པ་རྣམས་དོན་དང་ཚིག་གི་སྒོ་ནས་སྨྲ་བར་བྱེད་པ་གང་དག་ཡིན་པ་དེ་དག་འཛིན་པར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་གང་དག་འབྲས་བུ་ལ་གནས་པ་དང་། དེ་ལ་ཞུགས་པ་དང་
ལམ་བསྒོམས་པ་ལ་ཞུགས་པ་དེ་དག་ནི་དམ་པའི་ཆོས་རྟོགས་པའི་བདག་ཉིད། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་འཛིན་པར་བྱེད་པ་ཡིན་ནོ། །གཞན་དག་ན་རེ་ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་དང་སྒྲུབ་པར་བྱེད་པ་སྟེ། ཉམས་ལེན་ཡིན་ཏེ། ལུང་ཕྱིན་ཅི་མ་ལོག་པའི་རྟེན་ནི་སྒྲུབ་

པ་པོ་རྣམས་ཡིན་པའི་ཕྱིར་རོ། །རྟོགས་པར་སྨྲ་བར་བྱེད་པ་ནི། སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དུ་ཇི་སྲིད་དུ་སྒྲུབ་པར་བྱེད་པ་ཡོད་པ་དེ་སྲིད་དུ་རྟོགས་པ་ཞེས་བྱ་བའི་དམ་པའི་ཆོས་རྗེས་སུ་གནས་སོ་ཞེས་ཟེར་རོ། །རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ཞེས་བྱ་བ་ནི་ལོ་སྟོང་དུ་
གནས་པའོ། །ལུང་ནི་ཡུན་རིང་དུ་གནས་སོ་ཞེས་བྱ་བ་ནི་ལོ་སྟོང་གི་ཕྱི་ནས་ཀྱང་ཞེས་བྱ་བའི་ཐ་ཚིག་སྟེ། ཕྱོགས་འདི་ཉིད་རིགས་པར་མཐོང་ངོ་། །ད་ལྟ་ལུང་ནི་ཆོས་མེད་པ་མ་ཡིན་གྱི་ཉོན་མོངས་པ་རྣམས་འཇུག་པ་རྙེད་པས་རྟོགས་པའི་ཆོས་ནི་མེད་དོ། །ཅི་ཆོས་མངོན་པ་མཛོད་ཀྱི་མཚན་
ཉིད་ཀྱི་བསྟན་བཅོས་འདིར་ཆོས་མངོན་པ་དོན་དུ་བཤད་པ་གང་ཡིན་པའི་ཆོས་མངོན་པ་འདི་ཉིད་སྟོན་པས་བཤད་དམ་སྟེ། ཅི་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མཚན་ཉིད་འདི་སྟོན་པས་བཤད་དམ་ཅེ་ན། འདི་ཉིད་དོན་གྱི་སྒོ་ནས་བཤད་ཀྱི་ཚིག་གི་སྒོ་ནས་ནི་མ་ཡིན་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་
ཀྱིས་ནི་བདེ་བར་གཤེགས་པའི་ཆོས་མངོན་པའི་དོན་གྱི་ཚུལ་ཇི་ལྟ་བ་བཞིན་རྟོགས་ནས་སེམས་ཅན་ལ་རྗེས་སུ་བརྩེ་བས་གསུང་རབ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཞུང་དུ་བྱས་སོ། །གང་གིས་ན་འདི་དེ་ལྟ་ཡིན་པ་དེའི་ཕྱིར། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ཚུལ་གྲུབ་བཤད་ཅེས་བྱ་བ་རྒྱས་པར་
སྨོས་ཏེ། ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་འདིར་ཅུང་ཟད་ཅིག་ཁ་ཆེའི་ཚུལ་ལས་འདས་པས་སྨྲ་བ་སྟེ། དཔེར་ན་དབྱིབས་དང་། གཟུགས་བརྙན་དང་། འདས་པ་དང་། མ་འོངས་པ་དག་ལྟ་བུའོ། །དེ་ལ་ཡང་ཉེས་པར་ཟིན་པ་གང་ཡིན་པ་དེ་འདིར་བདག་གིས་ཉེས་ཏེ། ཆོས་ཟབ་པའི་ཕྱིར་དང་
དེ་ལུང་འབོགས་པར་མཛད་པ་རྣམས་རྙེད་པར་དཀའ་བའི་ཕྱིར་དེ་ནི་བདག་གིས་ནོངས་སོ། །ཐུབ་པར་ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་མངའ་བ་དང་། སངས་རྒྱས་ལ་བསྙེན་བཀུར་བ་ལས་ཡེ་ཤེས་རྙེད་པ་རྣམས་ནི་དམ་པའི་ཆོས་ཀྱི་ཚུལ་དེ་ལྟར་ཟབ་ཅིང་
རྒྱ་ཆེ་བ་ལ་ཚད་མ་ཡིན་པས། དམ་པའི་ཆོས་ལུང་དང་རྟོགས་པའི་མཚན་ཉིད་ཅན་གྱི་ཚུལ་ལ་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་སྲས་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་རྣམས་ཚད་མ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་

ཐུགས་སུ་ཆུད་པས་ཡིད་ཆེས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །ཞེས་བྱ་བ་ནི། ལམ་བཟང་པོ་མ་ཡིན་པ་སྤངས་ནས་ལམ་བཟང་པོ་ལ་ངེས་པར་སྦྱོར་བར་མཛད་པ་བཅོམ་ལྡན་འདས་རྒྱུ་དང་འབྲས་བུའི་འབྲེལ་པ་ཕྱིན་ཅི་མ་ལོག་པར་སྟོན་པས་འཇིག་རྟེན་གྱི་
མིག་དུ་གྱུར་པ་ཡོངས་སུ་མྱ་ངན་ལས་འདས་པའོ། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །ཞེས་བྱ་བ་ལ། དཔང་གྱུར་སྐྱེ་བོ་ནི་འདིར་སངས་རྒྱས་ཀྱི་སློབ་པ་མངོན་སུམ་དུ་མཐོང་བ་པོ་ལུང་དང་རྟོགས་པ་དང་ལྡན་པ་རྣམས་རིགས་པ་དང་མི་འགལ་བའི་ལུང་ནི་རྗེས་སུ་འབྲངས་པ་རྣམས་སོ། །
ཟད་པ་ནི་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་དབང་དུ་གྱུར་པ་ནའོ། །ཕལ་ཆེར་ཞེས་བྱ་བ་འདིས་ནི་དབང་དུ་གྱུར་པའི་སྐྱེ་བོ་དཀོན་པ་ཉིད་དུ་སྟོན་ཏོ། །དེ་ཉིད་མ་མཐོང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་མ་རིག་པས་ལྡོངས་པ་ཉིད་ཀྱིས་དེ་ཉིད་མ་མཐོང་བའོ། །རང་དགར་གྱུར་པ་ཞེས་བྱ་བ་ནི་ལྕགས་ཀྱུ་མེད་པ་སྟེ། དེ་
དག་གིས་འདོམས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་སྲས་རྣམས་ཡིན་ཏེ། དེ་རྣམས་མེད་པས་འདོམས་པ་མེད་པའོ། །ངན་རྟོག་རྣམས་ཀྱི་བསྟན་པ་འདི་དཀྲུགས་སོ། །ཞེས་བྱ་བ་ལ་རྟོག་གེ་ངན་པའི་རྗེས་སུ་འབྲང་བ་ནི་ངན་རྟོག་རྣམས་སོ། །ཡང་རྟོག་གེ་
ངན་པ་འདི་ཉིད་ནི། །རྟོག་གེ་ལྟར་སྣང་བའི་ཕྱིར་དང་། ལུང་དང་འགལ་བའི་ཕྱིར་རོ། །རྟོག་གེའི་རྗེས་སུ་འབྲངས་ཏེ་ཚིག་དང་དོན་གྱི་སྒོ་ནས་ལྷག་པར་སྒྲོ་བཏགས་པས་བསྟན་པ་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་ཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་ཞེས་བྱ་བའི་ཚིགས་སུ་
བཅད་པ་གཉིས་པ་འདི་ནི། སྔར་བཤད་པའི་ཚིགས་སུ་བཅད་པའི་དོན་གྱིས་གཏན་ཚིགས་ཀྱི་ངོ་བོར་ཉེ་བར་བཀོད་པའོ། །མཆོག་ཏུ་ཞི་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་ཕུང་པོ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །ལུང་འབོགས་པ་མེད་པར་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་ཡོངས་སུ་སྨིན་པ་ལས་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པས་ན་རང་བྱུང་ངོ་། །རང་བྱུང་གིས་བསྟན་པ་ནི་ཕུང་པོ་གསུམ་གྱི་ལམ་དང་། དེ་སྟོན་པ་མདོ་དང་། འདུལ་བ་དང་། ཆོས་མངོན་པ་རྣམས་སོ། །ལུང་དང་རྟོགས་པ་དང་ལྡན་པ་སེམས་ཅན་རྣམས་ལ་

ལྟ་བས་བསྟན་པ་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་གང་དག་ཡིན་པ་དེ་དག་ནི་བསྟན་པ་གཅེས་འཛིན་ཏེ། དེ་དག་ཀྱང་མཆོག་ཏུ་ཞི་བར་གཤེགས་པ་ན་ཞེས་བྱ་བར་རྗེས་སུ་བསྙག་གོ། །འགྲོ་མགོན་མེད་པ་ན། འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པའོ། །དྲི་མ་
དགའ་མགུར་དེང་སང་འདི་ན་སྤྱོད། །ཅེས་བྱ་བ་ལ། འགྲོ་བའི་མགོན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་སྲས་རྣམས་ཡིན་ན། དེ་དག་ཀྱང་མཆོག་ཏུ་ཞི་བར་གཤེགས་པས་ན་འགྲོ་བ་མགོན་མེད་པའོ། །ཡོན་ཏན་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་
རབ་ཀྱི་བདག་ཉིད་རྣམས་ཏེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རབ་ཏུ་འཇུག་པ་དག་གིས། དེ་བཞིན་ད་ལྟར་བྱུང་བ་ནི་སེལ་བར་བྱེད་ལ། མ་འོངས་པ་རྣམས་ལ་གེགས་བྱེད་པས་ན་དྲི་མ་རྣམས་ཡོན་ཏན་འཇོམས་པར་བྱེད་པའོ། །འདོམས་མེད་ཅེས་བྱ་བ་ནི་འགལ་ཟླ་མེད་པའི་
ཕྱིར་རོ། །དགའ་མགུར་ནི་འདོད་དགུར་རོ། །དེང་སང་འགྲོ་བ་འདི་ན་སྤྱོད་དེ་འདི་ནི་དངོས་པོ་བསྒྲུབ་པའོ། །དེ་ལྟར་ལྐོག་མར་སྲོག་ཕྱིན་འདྲ་སྟེ་ཐུབ་པའི་བསྟན་པ་ལྐོག་མར་སྲོག་ཕྱིན་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་སྲས་པོ་སྟོན་པའི་བསྟན་པ་བསྲུང་བར་ཞུགས་པ་རྣམས་མེད་
པའི་ཕྱིར་དང་། རྟོག་གེ་ངན་པ་རྣམས་ཀྱི་ཚིག་དང་། དོན་སྒྲོ་བཏགས་པས་དཀྲུགས་པའི་ཕྱིར་རོ། །དེ་ལྟར་ཐུབ་པའི་བསྟན་པ་ལྐོག་མར་སྲོག་ཕྱིན་པ་དང་འདྲ་བ་དང་། དྲི་མ་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་ནས་ཏེ། འགྲོ་བ་མགོན་མེད་པས་གཉེན་པོ་མེད་པའི་ཕྱིར། དེ་ལྟར་
ཉོན་མོངས་པ་རྣམས་སྟོབས་དང་ལྡན་པའི་ཡོན་ཏན་སྙམ་དུ་རིག་པར་བྱས་ནས། ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་པར་བྱ་སྟེ། གང་གི་ཕྱིར་འདི་ཁོ་ན་ཐར་པའི་ཐབས་ཡིན་པ་དེའི་ཕྱིར། འདིར་ཐར་པ་འདོད་པ་རྣམས་ཀྱིས་ཇི་སྲིད་བསྟན་པ་འདི་རྣམས་ཐམས་ཅད་མ་ནུབ་ཀྱི་བར་དུ་
བག་མེད་པར་མི་བྱའོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས། སྙོམས་འཇུག་བསྟན་པ་ཞེས་བྱ་བ་གནས་བརྒྱད་པའི་འགྲེལ་བཤད་དོ།། །།དེ་ལྟར་ཐུབ་པ་དག་གི་བསྟན་པ་འདི། །

ལྐོག་མར་སྲོག་ཕྱིན་པ་འདྲ་དང་། །ཞེས་གང་བཤད་པས། དོན་གྱི་སློབ་དཔོན་གྱིས་བསྟན་པ་གཞན་ལ་ཐར་པ་མེད་དོ་ཞེས་བཤད་པ་དེའི་ཕྱིར་གླེང་བ་པོ་ཅི་འདི་ལས་ཞེས་བྱ་བ་རྒྱས་པར་དྲིས་སོ། །འདི་ལ་བརྗོད་པར་བྱ་སྟེ། མེད་དོ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བདག་ཏུ་སྨྲ་བ་ཕྱིན་ཅི་
ལོག་ལ་ཞེན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །མུ་སྟེགས་ཅན་རྣམས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཡིན་པས། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའོ། །དེའི་དངོས་པོ་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་དེ། དེའི་ཕྱིར་གཞན་ལ་ཐར་པ་མེད་དོ། །མུ་སྟེགས་
ཅན་ཐམས་ཅད་ངར་འཛིན་པ་ཡོངས་སུ་བཏང་བ་ལས་གྲོལ་བར་སྨྲ་ན། དེ་ནི་མི་རིགས་ཏེ། གལ་ཏེ་ང་མེད་དོ་སྙམ་དུ་དེ་ལྟར་མཐོང་བ་ངའོ་སྙམ་པའི་ང་རྒྱལ་མེད་ན། དེ་ཉིད་མཐོང་བའི་དེ་ལ་དམིགས་པའི་ངའོ་སྙམ་པའི་ང་རྒྱལ་ཇི་ལྟར་སྤང་བར་འགྱུར། བསྟན་པ་ཉིད་ན་སྲིད། དེ་མངོན་
དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་རྣམ་པར་སྟོན་པ་འམ། རྗེས་སུ་ཐོབ་པ་ལས་རྟོགས་པ་ན། དེ་དག་ལ་སླུ་བ་མཐོང་བས། དེ་ཉིད་མཐོང་བས་ཐེ་ཚོམ་ཟ་བར་ཡང་འགྱུར་རོ། །བསྟོད་པ་མཁན་གྱིས་ཀྱང་དོན་འདི་བཤད་དེ། །ཡིད་ལ་ངར་འཛིན་པ་དང་བཅས་ན་སྐྱེ་རྒྱུན་ཞི་མི་འགྱུར། །
བདག་ཏུ་ལྟ་བ་ཡོད་ན་སྙིང་ལ་ངར་འཛིན་མི་གཡོ་ལགས། །གང་ཕྱིར་འགྲོ་ལ་བདག་མེད་སྨྲ་བའི་སྟོན་པ་གཞན་མེད་ལ། །དེའི་ཕྱིར་ཁྱོད་ཀྱི་ལུགས་ལ་བརྟེན་ཞིང་བྱེད་པའི་ལམ་གཞན་མེད། །ཅེས་བྱ་བ་ཡིན་ནོ། །འདི་ལ་སྒྲུབ་པར་བྱེད་པ་འདི། སེར་སྐྱ་བ་དང་། འུག་པ་པ་ལ་སོགས་པ་
ལ་ནི་ཐར་པ་མེད་དེ། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའི་ཕྱིར། དེ་ཁོ་ན་ཉིད་མ་མཐོང་བའི་ས