Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 12 / 23 (50.000 ký tự/trang)
འདིར་ཡང་འབྲས་བུ་ཆེ་བ་དག་གི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་སེམས་ཅན་རྣམས་འཁོད་དེ། གནས་དེ་ནི་ཆེས་མཆོག་ཏུ་གྱུར་པ་ཞིག་གོ། །དེ་རྣམས་ལས་གང་གིས་དེ་རིས་མཐུན་པར་འཕངས་པ་དང་། སེམས་གང་གིས་མཚམས་སྦྱར་བ་དང་། སེམས་
གང་ཞིག་གི་མཇུག་ཐོགས་སུ་འདུ་ཤེས་མེད་པ་པར་འཇུག་པ། ལས་དང་། སྐྱེ་བ་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ཟས་དང་ལྡན་པ་རྣམས་ཏེ། དེས་ན་དེ་དག་གི་རེག་པ་ལ་སོགས་པ་དག་གིས་ཟས་དང་བཅས་པ་ཡིན་ནོ། །སྙོམས་པར་ཞུགས་པ་རྣམས་ལ་ནི་སྔར་ཟས་ཟོས་པ་ལས་རེག་པ་ལ་

སོགས་པ་དག་གིས་ཟས་ཀྱི་བྱ་བ་བྱེད་ཀྱི། དུས་ད་ལྟར་ཉེ་བར་རྟོན་པ་ལས་ནི་མ་ཡིན་ནོ། །སེམས་དང་བཅས་པ་རྣམས་ལ་ནི་གཉིས་ཀ་ལྟར་ཡང་ཡིན་ནོ། །ཅི་དེ་དག་ནམ་ཡང་འདུ་ཤེས་ཅན་དུ་མི་འགྱུར་རམ་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་མེད་པའི་གནས་སྐབས་ཕལ་ཆེ་
བའི་ཕྱིར་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཞེས་བརྗོད་དེ། མདོ་ལས་སེམས་ཅན་དེ་དག་ནི་འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དུས་རིང་མོ་ཞིག་ཏུ་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ཏུ་མ་ཡིན་པའོ། །སྐྱེ་བའི་དུས་དང་འཆི་འཕོ་བའི་དུས་ན་འདུ་ཤེས་ཅན་དུ་འགྱུར།
ཤི་འཕོས་ནས་ཀྱང་འདོད་པའི་ཁམས་ཁོ་ནར་སྐྱེ་བར་འགྱུར་རོ། །སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང་ཞེས་བྱ་བ་ལ། དེའི་སྙོམས་པར་འཇུག་པའི་སེམས་ཀྱིས་འཕངས་པའི་ཚེ་ཡོངས་སུ་ཟད་པའི་ཕྱིར་དང་ཞེས་བྱ་བའི་དོན་ཏོ། །སྔོན་མེད་པ་མ་བསགས་པའི་ཕྱིར་ཞེས་བྱ་བ་
འབྱུང་སྟེ། སེམས་དང་སེམས་ལས་བྱུང་བ་མེད་པར་ནི་ལས་དག་ཉེ་བར་སོགས་པ་མ་ཡིན་ཏེ། སེམས་པ་དང་བསམ་པའི་ལས་ཞེས་བྱུང་བའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར། གང་ཞིག་དེར་སྐྱེ་བར་འགྱུར་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ།
བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ལྷར་སྐྱེ་བའི་ལས་བཞིན་དུ་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་འདོད་པའི་ཁམས་མྱོང་བར་འགྱུར་བའི་ལས་ངེས་པ་ཡིན་པའི་ཕྱིར་རོ། །ཡང་སྙོམས་འཇུག་དག་ཅེས་གང་བཤད་པ་ཞེས་བྱ་བ་ལ། གང་ལས་བཤད་ཅེ་ན། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་
ཤེས་མེད་སྙོམས་འཇུག་དག །ཅེས་བསྟན་པའི་མདོ་ལས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པ་པའི་རྒྱུ་ཡིན་པར་སྔར་བསྟན་པས་འདྲི་བ་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཅི་ཞེ་ན་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་བཤད་
པ། ཇི་ལྟར་གང་ལས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ལ་འདུ་ཤེས་མེད་པ་པ་ཞེས་བཤད་པ། དེ་བཞིན་དུ། འདུ་ཤེས་མེད་སྙོམས་འཇུག །འདུ་ཤེས་མེད་པ་རྣམས་ཀྱི་སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། གང་དག་དེར་སྙོམས་པར་འཇུག་པའོ། །འདུ་

ཤེས་མེད་པ་ཅན་ཡིན་པས་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་དང་སྦྱར་ཏེ། འདི་ལ་འདུ་ཤེས་ཡོད་པ་མ་ཡིན་པས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །ཡང་དག་པ་དང་ཏེ་པོར་སྙོམས་པར་འཇུག་པས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། རིགས་པས་ཡང་དག་པར་སྒྲུབ་པ་ནི་སྙོམས་པར་
འཇུག་པའོ། །གཞན་དག་ན་རེ་ནི་སེམས་དང་འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བསྒྲུབས་པས་ན་སྙོམས་པར་འཇུག་པའོ་ཞེས་ཟེར་རོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་དེ་ཙམ་ཞིག་མཐུན་པར་འདྲེན་ཏོ་ཞེས་བྱ་བ་ནི། དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྤྱི་ཙམ་ཞིག་ཁོ་ན་མཐུན་པར་འདྲེན་གྱི། ཁྱད་པར་ནི་མ་ཡིན་ནོ་ཞེས་སྟོན་
པར་བྱེད་པའོ། །གཉིས་ཀ་ཡང་མ་འོངས་པའི་སེམས་དང་སེམས་ལས་བྱུང་བའི་གེགས་ཀྱི་བདག་ཉིད་དུ་མཚུངས་ཏེ། དེ་ཉིད་ཀྱི་ཕྱིར། དེ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འགོག་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །བསམ་གཏན་ཐ་མར་ཞེས་བྱ་བར་འབྱུང་སྟེ། བསམ་གཏན་བཞི་པས་བསྡུས་
པའོ། །བསམ་གཏན་བཞི་ལ་སྨོས་པ་ནི་དེ་ལས་གཞན་པའི་བསམ་གཏན་དང་གཟུགས་མེད་པ་གསལ་བར་བྱ་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ནི་ཚོར་བ་ལ་ཆགས་པས་བསམ་གཏན་དང་གཟུགས་མེད་པ་དག་ལ་སྙོམས་པར་འཇུག་ན། དེ་ན་ནི་ཚོར་བ་ཡོད་པ་མ་ཡིན་
པས་དེའི་ཕྱིར་འདྲི་བ་ནི། ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག་ཅེ་ན་ཞེས་བྱ་བའོ། །འབྱུང་འདོད་པས་ཞེས་བྱ་བ་ལ། དེ་དག་ནི་སྙོམས་པར་འཇུག་པ་ལ་ལམ་དུ་འདུ་ཤེས་ཤིང་། འདུ་ཤེས་མེད་པ་པ་ལ་ཐར་བར་འདུ་ཤེས་པ་ཡིན་ནོ། །འདུ་ཤེས་མེད་པ་པ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་
པ་ལ། རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པའི་ཆོས་ཡིན་ནོ། །སྙོམས་པར་འཇུག་པ་འདི་ནི་བསམ་གཏན་གྱིས་བསྡུས་པའི་ཕྱིར་དགེ་བ་ཡིན་གྱི། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །དེའི་རྣམ་པར་སྨིན་པ་ནི་འདུ་ཤེས་མེད་པའི་སེམས་ཅན་གྱི་ནང་དུ་ཕུང་པོ་ལྔ་འགྲུབ་པའོ་ཞེས་
བྱ་བ་ནི་སྐྱེ་བ་དང་། འཆི་འཕོ་བའི་དུས་ན་སེམས་དང་སེམས་ལས་བྱུང་བ་ཡོད་པའི་ཕྱིར་རོ། །སྐྱེས་ནས་མྱོང་འགྱུར་ཉིད་ཅེས་བྱ་བ་ནི་མཚམས་མེད་པ་བཞིན་ནོ། །དེ་ཐོབ་པ་ནི་ཞེས་བྱ་བ་ལ། ཡོངས་སུ་ཉམས་པ་ན་བདག་ཉིད་ཕན་པ་ལས་ཉམས་པར་སེམས་ཤིང་སྐྱོ་བ་དྲག་པོ་འབྱུང་སྟེ། དེའི་ཕྱིར་དེ་སྐྱེད་

པ་ཁོ་ན་ལ་གུས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་གདུལ་བར་བྱ་བ་ཡང་མ་ཡིན་ཏེ། འགོག་པ་མངོན་སུམ་དུ་མཐོང་བས་རློམ་པའི་ཕྱིར་རོ། །དེའི་ཕྱིར། གང་གིས་འདི་སྐྱེས་ནས་ཡོངས་སུ་ཉམས་པ་དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གྲག་གོ་ཞེས་བྱ་བའི་སྒྲ་ནི་ལུགས་
གཞན་བསྟན་པར་བྱ་བའི་ཕྱིར་ཏེ། གཞན་དག་ན་རེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་དང་། མྱོང་བར་མ་ངེས་པ་ཡང་ཡིན་ནོ་ཞེས་ཟེར་རོ། །ཡོངས་སུ་ཉམས་སམ་ཡོངས་སུ་མ་ཉམས་ཀྱང་རུང་སྟེ། གལ་ཏེ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་སྐྱོན་དུ་ལྟ་བར་གྱུར་ན་ནི་དེ་ནས་ངེས་པ་ལ་འཇུག་པར་འགྱུར་
ལ། ཞུགས་པ་ན་ཡང་སྐྱེད་པར་མི་བྱེད་ཅིང་མངོན་དུ་ཡང་མི་བྱེད་དོ། །སོ་སོའི་སྐྱེ་བོ་ཁོ་ན་ཡིན་པར་འདོད་ཀྱི། འཕགས་པའི་མ་ཡིན། ངེས་པ་ལ་ཞུགས་པ་ཉིད་ཀྱིས་འཕགས་པ་རྣམས་ཀྱིས་ངན་སོང་གི་འགྲོ་བ་རྣམས་དང་། འདུ་ཤེས་མེད་པ་དང་། ཚངས་པ་ཆེན་པོར་སྐྱེས་པ་རྣམས་ཀྱི་སོ་སོར་བརྟགས་པ་མ་
ཡིན་པས་འགོག་པ་འཐོབ་སྟེ། ལྟ་བའི་གནས་ཡིན་པའི་ཕྱིར་དང་། འཕགས་པའི་ལམ་དང་འགལ་བའི་ཕྱིར་རོ། །དེས་ན་རྣམ་པར་ལྟུང་བའི་གནས་ལྟ་བུར་གཟིགས་པས་སྙོམས་པར་མི་འཇུག་གོ། །འཕགས་པ་རྣམས་ནི་སྲིད་པ་ལ་ངེས་པར་འབྱུང་བར་འདུ་ཤེས་པ་ཡང་མ་ཡིན་ཏེ། ཐར་པ་དང་། ཐར་
པའི་ལམ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །བསམ་གཏན་བཞི་པ་ཐོབ་ནས་བསམ་གཏན་བཞིན་དུ་འདི་འདས་པ་དང་། མ་འོངས་པ་དག་ཀྱང་ཐོབ་བམ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་བསམ་གཏན་བཞི་པ་ཐོབ་ནས་འཁོར་བ་ཐོག་མ་མེད་པར་སྔོན་ཐོབ་ཐོབ་པའི་བསམ་གཏན་བཞི་པ་འདས་པ་དང་། མ་འོངས་
པ་འཐོབ་པ་དེའི་ཕྱིར་ན་ཅི་དེ་དང་འདྲ་བར་འདས་པ་དང་། མ་འོངས་པ་འཐོབ་བམ་ཞེས་འདྲི་བའོ། །རེ་ཞིག་གཞན་དག་གིས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་དག་མངོན་དུ་བྱེད་ཅིང་དོན་དུ་གཉེར་བ་དང་། གང་དག་གི་སྙོམས་པར་འཇུག་པ་བདག་གི་བ་ཡིན་པའི་སོ་སོའི་སྐྱེ་བོ་དག་གིས་ཀྱང་མི་ཐོབ་ན།
འདི་གང་དག་གི་བདག་གི་བ་མ་ཡིན་པ་འཕགས་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འདྲེས་པ་ཡིན་ཡང་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པར་སྔོན་ཐོབ་པའོ། །མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་ཞེས་བྱ་བའི་

ཐ་ཚིག་གོ། །དེའི་ཕྱིར་འདྲིས་ཀྱང་། མ་བརྩལ་བར་མི་འཐོབ་བོ། །འོ་ན་ཅི་ཞེ་ན། དུས་གཅིག་པ་འཐོབ་པོ། །འདི་ནི་གནས་སྐབས་ཐམས་ཅད་དུ་སོ་སོར་ཐར་པའི་སྡོམ་པ་བཞིན་དུ་སྔོན་མེད་པ་འཐོབ་པའི་ཕྱིར་འདས་པ་མི་འཐོབ་བོ། །སེམས་མེད་པའི་ཕྱིར་མ་འོངས་པ་ཡང་མི་འཐོབ་སྟེ། དེའི་ཕྱིར།
ཇེ་དང་པོར་དུས་ད་ལྟར་ཁོ་ན་འཐོབ་བོ། །སྐད་ཅིག་གཉིས་པ་ལ་སོགས་པ་དག་ཏུ་འདས་པ་དང་ཡང་ལྡན་ལ། མ་ལངས་པ་ནི་ད་ལྟར་བ་དང་ཡང་ངོ་། །ལངས་པ་ནི་འདས་པ་ཁོ་ན་དང་ངོ་། །ཇི་སྲིད་མི་གཏོང་བ་དེ་སྲིད་དུ་ཞེས་བྱ་བ་ནི་ཡོངས་སུ་མ་ཉམས་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །སེམས་མེད་
པ་ཡིན་པའི་ཕྱིར། མ་འོངས་པ་མི་འཐོབ་སྟེ། ལྷའི་མིག་དང་། རྣ་བ་བཞིན་ནོ། །བཟོད་པ་ལ་སོགས་པ་གསལ་བ་བཞིན་གསལ་བའི་ཕྱིར་མ་འོངས་པ་སེམས་དང་མཚུངས་པར་ལྡན་པ་ཐོབ་པར་ནུས་ཀྱི། བེམས་པོ་ཡིན་པའི་ཕྱིར་ཅིག་ཤོས་ནི་མ་ཡིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲས་ཞེས་བྱ་བ་ལ། ཇི་
ལྟར་གང་ལས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡིན་པར་བཤད་པ་དེ་བཞིན་དུ་གང་ལས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་འགོག་པ་དེ་ནི་འགོག་པའི་སྙོམས་པར་འཇུག་པའོ་ཞེས་
བྱའོ། །ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཞེས་བྱ་བ་ལ། ཡིད་ལ་བྱེད་པ་གང་ལ་གནས་པ་འདི་ནི་ཞིའོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་བ་ཡོད་པ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདུ་ཤེས་དང་ཚོར་བ་ཀུན་དུ་འབྱུང་བས་ཡོངས་སུ་སྐྱོ་བ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་དེ་མེད་པས་
ཞི་བར་གནས་པའི་འདུ་ཤེས་སུ་འགྱུར་ལ། དེ་ནས་ཕྲ་བ་བས་ཀྱང་ཕྲ་བ་སྲིད་པའི་རྩེ་མོའི་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་གོ། །དེ་ལྟར་ན་འདི་ནི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པ་ཡིན་ནོ། །གནས་པ་ནི་གནས་པ་སྟེ། སྡོད་པས་བྱ་བའི་ཐ་ཚིག་གོ། །ཡང་ན་འདིས་
གནས་པར་བྱེད་པས་ན་གནས་པའོ། །དེ་ལ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལའོ། །ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་སོ་ཞེས་བྱ་བ་ལ། ངེས་པར་འབྱུང་བ་ནི་མ་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པ་ཡིན་ནོ། །དེའི་འབྲས་བུ་ལ་ངེས་པར་འབྱུང་བའོ་སྙམ་པའི་འདུ་ཤེས་ནི་ངེས་པར་འབྱུང་

བའི་འདུ་ཤེས་སོ། །ཡང་ན་འདིས་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པས་ན་ངེས་པར་འབྱིན་པ་སྟེ་ལམ་མོ། །སྙོམས་པར་འཇུག་པ་དེ་ལ་ལམ་དུ་འདུ་ཤེས་པ་ནི་ངེས་པར་འབྱུང་བའི་འདུ་ཤེས་ཏེ། དེ་ཡིད་ལ་བྱེད་པ་གང་ལ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་ངེས་པར་འབྱིན་པའི་འདུ་ཤེས་སྔོན་དུ་
བཏང་བའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེ་བ་འཕེན་པར་བྱེད་པའི་ལས་ནི་ཐམས་ཅད་པས་མཆོག་ཡིན་པའི་ཕྱིར་རམ། ཤིང་ལྗོན་པ་དང་འདྲ་བར་སྲིད་པའི་མཐར་ཐུག་པ་ཡིན་པའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་སྲིད་པའི་རྩེ་མོ་ཞེས་བྱའོ། །ཅིའི་ཕྱིར་སྲིད་པའི་རྩེ་མོའི་འོག་གི་
ས་དག་ཏུ་འགོག་པ་ལ་སྙོམས་པར་མི་འཇུག་ཅེ་ན། རྒྱབ་ཀྱིས་ཕྱོགས་པ་དང་། མཐར་ཐུག་པར་གཅོད་པ་དག་གིས་རྣམ་པར་ཐར་པའི་དེར་འགྱུར་བའི་ཕྱིར་རོ། །རྣམ་པར་ཐར་པའི་དེ་ནི་རྒྱུ་གཉིས་ཀྱིས་རྣམ་པར་གཞག་སྟེ། རྒྱབ་ཀྱིས་ཕྱོགས་པ་དང་། སེམས་མཐར་ཐུག་པར་གཅོད་པས་སོ། །ས་འོག་མ་དག་ན་
ཡོད་ན་ནི་དམིགས་པ་དང་བཅས་པ་ཐམས་ཅད་འཇུག་པ་ལ། རྒྱབ་ཀྱིས་ཕྱོགས་པར་མི་འགྱུར་ལ། མཐར་ཐུག་པར་གཅོད་པར་ཡང་མི་འགྱུར་གྱི། ས་དེའི་གང་ན་སེམས་ཡོད་པས་བར་དུ་སེམས་གཅོད་པར་འགྱུར་རོ། །འདི་དགེ་བ་ལ་སོགས་པའི་བྱེ་བྲག་གིས་ནི་དགེ་བ་ཁོ་ན་ཡིན་ཏེ། ཉོན་མོངས་པ་ཅན་ནམ་ལུང་དུ་མ་
བསྟན་པའི་གནས་ནི་འཕགས་པ་རྣམ་པར་གཡེང་བ་ལ་སོགས་པ་རྣམས་ཀྱིས་ཞི་བར་མི་འཛིན་ཏོ། །སྐྱེས་ནས་མྱོང་བར་འགྱུར་བ་དང་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དེ་ནི་འཕགས་པ་གང་ཞིག་འདོད་པའི་ཁམས་སུ་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས། སྲིད་པའི་རྩེ་མོར་སྐྱེ་བ་དེའི་རྫོགས་པར་བྱེད་པ་སྐྱེས་ནས་མྱོང་
བར་འགྱུར་བ་ཡིན་ན། །ཇི་ལྟར་ན་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡིན་ཞེ་ན། གང་གི་ཚེ་འདི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས། གཟུགས་མེད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་བསམ་གཏན་དག་ཏུ་སྐྱེས་ཏེ། ཡང་སྲིད་པའི་རྩེ་མོ་ཐོབ་ནས། དེར་སྐྱེ་བ་དེའི་ཚེ་འདི་འགོག་པའི་
སྙོམས་པར་འཇུག་པ་ནི་ཐོབ་ནས་ཡོངས་སུ་ཉམས་པ་ཡིན་ཡང་། རྣམ་པར་སྨིན་པ་རྫོགས་པར་བྱེད་པ་ཡིན་ནོ། །རྣམ་པར་སྨིན་པའི་ཕྱིར་མ་ངེས་པ་ཡང་ཡིན་ཏེ་ཞེས་བྱ་བ་ལ། གལ་ཏེ་ལུས་ཀྱིས་མངོན་སུམ་དུ་བྱེད་པའམ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞིག་འདི་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ན་ནི་དེའི་

རྣམ་པར་མ་སྨིན་པ་ཁོ་ནར་འགྱུར་རོ། །རྣམ་པར་སྨིན་པ་ན་སྲིད་པའི་རྩེ་མོའི་ཕུང་པོ་བཞི་ཡིན་ཏེ། གཟུགས་ཀྱི་ཕུང་པོ་མེད་པའི་ཕྱིར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སོ་སོའི་སྐྱེ་བོ་ཁོ་ནའི་ཡིན་ནོ་ཞེས་བཤད་ན། འདི་ནི་གཅིག་ཏུ་འཕགས་པའི་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། སོ་སོའི་སྐྱེ་བོ་རྣམས་
ཀྱིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སོ་སོའི་སྐྱེ་བོ་སྲིད་པའི་རྩེ་མོ་ཐོབ་པ་རྣམས་ནི་སེམས་ཀྱི་རྒྱུད་ལ་བདག་ཏུ་མངོན་པར་རློམ་ལ། སེམས་དེ་ཡང་དེར་རྒྱུན་འཆད་པས་བདག་ཆད་པས་འཇིགས་པའི་ཕྱིར་སྙོམས་པར་མི་འཇུག་གོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་ཐལ་བར་འགྱུར་བ་འདི་མཚུངས་སོ་ཞེ་ན།
དེ་ནི་དེ་ལྟ་མ་ཡིན་ཏེ། དེ་དག་ནི་གཟུགས་ལ་བདག་ཏུ་འདུ་ཤེས་ཀྱི་སེམས་དང་སེམས་ལས་བྱུང་བ་དག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཡོད་པས་དེ་དག་ལ་བདག་མེད་པར་འགྱུར་རོ་སྙམ་དུ་སྐྲག་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་སྲིད་པའི་རྩེ་མོར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཀུན་དུ་ཆད་ན་ནི་གཟུགས་མེད་པའི་
ཕྱིར་ཁོ་བོ་ཅག །བདག་ཉིད་ཐམས་ཅད་དུ་ཀུན་དུ་ཆད་དོ་སྙམ་དུ་སྐྲག་པར་འགྱུར་རོ། །འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར། སོ་སོའི་སྐྱེ་བོ་རྣམས་ནི་འགོག་པའི་སྙོམས་པར་འཇུག་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་ན། མྱ་ངན་
ལས་འདས་པ་མཐོང་བ་ནི། དེ་ལ་མོས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་མཐོང་བ་ནི་འགོག་པའི་སྙོམས་པར་འཇུག་པ་དེ་ལ་སེམས་དང་སེམས་ལས་བྱུང་བ་འགོག་པའི་བདག་ཉིད་ཀྱི་སྒོ་ནས་མོས་ཀྱི། མྱ་ངན་ལས་འདས་པ་མ་མཐོང་བ་ནི་མ་ཡིན་ནོ། །སོ་སོའི་སྐྱེ་བོས་ནི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་
འདུ་ཤེས་ལྡོག་པའི་མཚན་ཉིད་ཅན་ལ་ཞི་བར་ཡང་མ་མཐོང་སྟེ། དེའི་ཕྱིར་འདི་ནི་སེམས་དང་སེམས་ལས་བྱུང་བ་འགོག་པ་ལ་མི་མོས་ལ། མ་མོས་པས་སོ་སོའི་སྐྱེ་བོ་ནི་སྙོམས་པར་མི་འཇུག་གོ། །སློབ་དཔོན་འདུས་བཟང་ན་རེ་དེའི་ས་པའི་འཆིང་བ་མ་སྤངས་པའི་ཕྱིར་དེ་བསྐྱེད་པར་མི་ནུས་ཏེ། མཐོང་
བས་སྤང་བར་བྱ་བ་ལས་མ་འདས་པར་ནི་སྲིད་པའི་རྩེ་མོར་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་པར་མི་ནུས་ལ། སོ་སོའི་སྐྱེ་བོ་ནི་དེ་ལས་འདས་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་སྦྱོར་བས་འཐོབ་པར་བྱ་བ་ཁོ་ན་ཡིན་པས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བ་མ་

ཡིན་ཏེ། འདི་ལྷན་ཅིག་པའི་ཐོབ་པ་ཅན་ཉིད་ཡིན་པར་སྟོན་ཏོ། །འདས་པ་ཡང་མི་འཐོབ་ལ་ཞེས་བྱ་བ་ལ། གལ་ཏེ་ཡོངས་སུ་ཉམས་ཏེ་སླར་ཡང་དེ་ཉིད་སྐྱེད་པར་བྱེད་པ་དེ་སོ་སོར་ཐར་པའི་སྡོམ་པ་བཞིན་དུ་སྔོན་མེད་པ་ཁོ་ན་སྦྱོར་བས་འཐོབ་ཀྱི། སྔར་ཉམས་པ་ནི་མ་
ཡིན་ནོ། །མ་འོངས་པ་ཡང་མི་འཐོབ་སྟེ། །ཞེས་བྱ་བ་ལ། སྦྱོར་བས་འཐོབ་པ་ཡིན་ཡང་མ་འོངས་པ་འཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེ་ནི་སེམས་ཀྱི་སྟོབས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་རིགས་ཅན་མ་འོངས་པ་གང་ཅུང་ཟད་ཅིག་འཐོབ་པ་དེ་ནི་སེམས་
ཀྱི་སྟོབས་ཀྱིས་ཡིན་ཏེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དག་བཞིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྦྱོར་བ་ཁོ་ནས་འཐོབ་པ་ཡང་ཡིན་ནོ་ཞེས་བཤད་ལ། གཞན་ལས་ནི། དགེ་བའི་མཐར་བྱོན་ཁྱོད་ཀྱིས་ནི། །སྦྱོར་བ་ལས་བྱུང་ཅུང་ཟད་མེད། །གང་དུ་བཞེད་
པར་མཁྱེན་པ་ཉིད། །བཞེད་པ་ཙམ་ལ་རག་ལས་ལགས། །ཞེས་བཤད་པ་དེའི་ཕྱིར་འདྲི་བ་ནི། ཅི་བཅོམ་ལྡན་འདས་ཀྱི་ཡང་སྦྱོར་བ་ལས་བྱུང་བ་ཡིན་ནམ་ཞེས་བྱ་བའོ། །བྱང་ཆུབ་ཀྱིས་ཐོབ་བྱ་ཞེས་བྱ་བ་ལ། གང་དེ་ཡང་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡང་བྱང་ཆུབ་ཡིན་མོད་ཀྱི། འདིར་ནི་ཟད་པ་ཤེས་པ་ལ་
མངོན་པར་འདོད་དོ། །དེ་ཉིད་ཀྱི་ཕྱིར། ཟད་པ་མཁྱེན་པ་དང་དུས་མཉམ་དུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལྟར། དེ་དག་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་ནས། དེ་བས་ན་དེ་དག་གི་ཞེས་བྱ་བའི་བར་རྒྱས་པར་འབྱུང་སྟེ། ཙམ་ཞེས་བྱ་བའི་སྒྲ་ནི་འབད་རྩོལ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །གཉིས་ཀའི་ཆ་ལས་
རྣམ་པར་གྲོལ་བ་ཞེས་བྱ་བ་ལ། གཉིས་ཀའི་ཆ་ནི་ཉོན་མོངས་པའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པའོ། །དེ་ལ་རྡོ་རྗེ་ལྟ་བུས་ནི་ཉོན་མོངས་པའི་སྒྲིབ་པ་ལས་འགྲོལ་བར་བྱེད་ལ། ཟད་པ་ཤེས་པའི་དུས་ན་རྣམ་པར་གྲོལ་བ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་བསྐྱེད་པ་ན་སྙོམས་པར་འཇུག་པའི་སྒྲིབ་
པ་ལས་རྣམ་པར་གྲོལ་བར་བྱེད་ལ། བསྐྱེད་པའི་ཚེ་ནི་རྣམ་པར་གྲོལ་བ་ཡིན་ན། བཅོམ་ལྡན་འདས་ནི་གང་ལས་ཟད་པ་མཁྱེན་པའི་དུས་ན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ། འགོག་པའི་སྙོམས་པར་འཇུག་པ་མ་བསྐྱེད་པའི་ཚེ། ཇི་ལྟར་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་

ཞེ་ན། དེའི་སྒྲིབ་པ་དང་བྲལ་བའི་ཕྱིར་དང་། དེའི་མི་ལྡན་པ་རྣམ་པར་ཉམས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཟད་པ་མཁྱེན་པའི་དུས་ན་དེ་བསྐྱེད་ཟིན་པ་བཞིན་དུ་མངའ་བརྙེས་པའི་ཕྱིར་ཏེ། དེ་མངོན་སུམ་དུ་བསྐྱེད་པར་ནུས་པའི་གེགས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མ་བསྐྱེད་པ་ན་ཡང་གཉིས་ཀའི་
ཆ་ལས་རྣམ་པར་གྲོལ་བ་གྲུབ་བོ། །ནུབ་ཕྱོགས་པ་དག་ན་རེ་དེ་ནི་དང་པོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་ཡིན་ཡང་། བསམ་གཏན་བཞི་པ་ལ་བརྟེན་ཏེ། བདེན་པ་རྣམས་མཐོང་ཞིང་དེ་ལས་ལངས་ནས་སྲིད་པའི་རྩེ་མོ་ལ་སྙོམས་པར་
འཇུག་ལ། དེ་ནས་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་བརྟན་ཏེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་སྤངས་ནས། སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆོས་ཉིད་ཡིན་ནོ། །དེ་ལྟར་ན་སློབ་
པའི་གནས་སྐབས་ན་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་བར་སྐབས་འདིར་ཞེས་བྱ་བ་ལ། སྐད་ཅིག་མ་སུམ་ཅུ་རྩ་བཞིའི་བར་སྐབས་སུའོ། །མི་འདྲ་བའི་སེམས་ནི་སྲིད་པའི་རྩེ་མོའམ། བསམ་གཏན་བཞི་པ་ལས་ལྡང་བའི་སེམས་ཀྱང་རུང་སྟེ། ཟག་པ་དང་བཅས་པ་སྟེ། ཟག་པ་དང་བཅས་པའི་ཕྱིར།
དེ་མི་སྲིད་པས་འགོག་པའི་སྙོམས་པར་འཇུག་པར་མི་རུང་སྟེ། དེ་ནི་སྲིད་པའི་རྩེ་མོ་བས་ཕྲ་བ་ཕྲ་བའི་མཇུག་ཐོགས་སུ་སྙོམས་པར་འཇུག་པའི་ཕྱིར་མི་སྲིད་དེ་ཞེས་བྱ་བའི་དོན་ཏོ། །ཅིར་འགྱུར་ཞེས་བྱ་བ་ནི་བསྟན་བཅོས་དང་འགལ་བའམ། རིགས་པ་དང་འགལ་བ་ཞིག་ཏུ་འགྱུར་ཞེས་བྱ་བའོ། །བསམ་
པ་ལྡང་བ་ཅན་དུ་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསམ་པ་ནི་དགོངས་པའོ། །གང་གི་ཕྱིར་བསམ་པ་མི་ལྡང་བ་ཅན་དུ་འགྱུར་བ་འདི་ལ་རྒྱུ་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་མངའ་བའི་ཕྱིར་
དང་། མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་པའི་ཕྱིར་དང་། བརྩོན་འགྲུས་བརྩམས་པའི་ཕྱིར་དང་། དམ་བཅའ་བ་བརྟན་པའི་ཕྱིར་དགེ་བའི་རྩ་བ་ལས་དགོངས་པ་གཞན་མི་མངའ་སྟེ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ནི་གང་དག་མངོན་དུ་མཛད་པས་སྟན་གཅིག་ལས་མ་

བཞེངས་པ་ཁོ་ནར་བྱང་ཆུབ་བརྙེས་པར་བྱེད་པ་འདི་འདྲ་བ་ཞིག་གོ་ཞེས་ཟེར་རོ། །སྔ་མ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བ་ལ། །འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟག་པ་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་སོ་ཞེས་དེ་སྐད་དུ་ཟེར་རོ། །ཅིའི་ཕྱིར་ཞེ་ན། ཟག་པ་ཟད་པ་མ་ཐོབ་
ཀྱི་བར་དུ་རེ་ཞིག་སྐྱིལ་མོ་ཀྲུང་མི་བཤིག་གོ་སྙམ་པའི་བསམ་པ་འདིས་ཟག་པ་མེད་པའི་ལམ་ལས་མི་ལྡང་བར་གྲུབ་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རི་ཇི་ལྟར་བྱང་ཆུབ་སེམས་དཔའ་འཁོར་བ་ཐོག་མ་དང་མི་ལྡན་པ་ནས་འཇིག་རྟེན་པའི་སྙོམས་པར་འཇུག་པའི་ཁྱད་པར་གྱིས་བསླུས་པས། ཟག་པ་
ཟད་པའི་བསམ་པས་སྐྱིལ་ཀྲུང་བཅས་ཏེ། སྲིད་པའི་རྩེ་མོའི་མཐོང་བས་སྤང་བར་བྱ་བ་སྔོན་རྩ་ནས་མ་བཏོན་པ་རྩ་བ་དང་བཅས་ཏེ། །དྲུངས་ཕྱུང་ནས་ཉོན་མོངས་པའི་དགྲ་དྲུངས་ཕྱུང་བའི་ལྷག་མ་སྤངས་པའི་ཕྱིར་ཡིད་གཏད་པ་ནི་དེའི་གཉེན་པོ་བཏང་ནས་འབད་པ་ཐུན་མོང་བས་ཐོབ་པར་བྱ་བ་འཇིག་རྟེན་པའི་
སྙོམས་པར་འཇུག་པ་ཐོབ་པར་བྱ་བའི་ཕྱིར་གུས་པ་བྱེད་པར་འགྱུར་ཏེ། དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་རྣམས་སྔ་མ་ཁོ་ན་ཡིན་ནོ་ཞེས་རྗོད་པར་བྱེད་པ་འདི་ནི་རིགས་པ་ཡིན་ནོ་ཞེས་ཟེར་རོ། །སྙོམས་པར་འཇུག་པ་འདི་གཉིས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་
བཞི་པའི་ས་པ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྲིད་པའི་རྩེ་མོའི་ས་པ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་ཐར་པར་འདོད་པ་ཉིད་ཀྱིས་སྙོམས་པར་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་གནས་པའི་དོན་དུའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་
པ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ནའོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བ་དང་། མ་ངེས་པ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སོ་སོའི་སྐྱེ་བོའི་རྒྱུད་ལ་སྐྱེ་བ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་འཕགས་
པའི་རྒྱུད་ལ་སྐྱེ་བ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྦྱོར་བ་ལས་བྱུང་བ་དང་། བྱང་ཆུབ་ཀྱིས་འཐོབ་པ་ཡིན་ནོ། །གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་བྱ་བས་ནི་འདི་གཉིས་ཀྱི་ཆོས་མཐུན་པ་ནི་འདི་ཡིན་ནོ་ཞེས་སྟོན་

ཏོ། །ཁ་ཅིག་ན་རེ་རྒྱུ་དང་། འབྲས་བུ་དག་ཧ་ཅང་ཉེ་ན་མི་རུང་བས་གཟུགས་ཀྱི་ཁམས་ན་ནི་བསམ་གཏན་གསུམ་དག་ན་འདུ་ཤེས་མེད་པར་སྙོམས་པར་འཇུག་གི །བཞི་པ་ན་ནི་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སྐྱེ་བ་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པར་བཞི་
པར་ཡང་སྙོམས་པར་འཇུག་གོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ཆོས་མངོན་པའི་གཞུང་ཞེས་བྱ་བས་ནི་ཆོས་མངོན་པ་དང་འགལ་བར་སྟོན་ཏོ། །གཟུགས་ཀྱི་སྲིད་པ་ཡིན་ལ། སྲིད་པ་དེ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་པ་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། དེ་ལ་གཟུགས་ཀྱི་སྲིད་པ་ཡིན་ལ་རྣམ་པར་འདྲིད་
པ་ཅན་ལྔ་མ་ཡིན་པ་ནི་གཟུགས་ན་སྤྱོད་པའི་སེམས་ཅན་ཞེས་བྱ་བའོ། །དེ་ན་ལྷ་འདུ་ཤེས་མེད་པ་དག་ཀྱང་ཡོད་པས་དེའི་ཕྱིར་ལྷ་འདུ་ཤེས་ཅན་ཞེས་བྱ་བ་སྨོས་སོ། །འདུ་ཤེས་ཅན་སེམས་འདྲ་བ་ལ་གནས་པ་དག་ཀྱང་ཡོད་པས་དེའི་ཕྱིར། །སེམས་མི་འདྲ་བ་ལ་གནས་པ་རྣམས་དང་ཞེས་བྱ་བ་སྨོས་སོ། །
དེ་ལ་མི་འདྲ་བའི་སེམས་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་དང་། ཟག་པ་མེད་པ་དང་། གཟུགས་མེད་པར་གཏོགས་པའོ། །རང་གི་ས་པའི་ཕུང་པོ་རྣམས་ཁོ་ན་སྲིད་པ་ཞེས་བྱ་བ་ཡིན་པས་གཞན་གྱི་ས་པ་རྣམས་གཟུགས་ཀྱི་སྲིད་པར་མི་འདོད་དོ། །དེ་དག་ནི་གཟུགས་ཀྱི་སྲིད་པ་ཡིན་གྱི། རྣམ་
པར་འདྲིད་པ་ཅན་ལྔ་ནི་མ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་རྣམས་དང་། འདུ་ཤེས་མེད་པ་པ་མངོན་དུ་གྱུར་ན་ཡང་གཟུགས་ཀྱི་སྲིད་པ་ཞེས་བྱ་བ་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་ཏེ། །སེམས་དང་།
སེམས་ལས་བྱུང་བ་མེད་པའི་ཕྱིར་རོ། །འདིར་ནི་ལྷ་འདུ་ཤེས་པ་ཅན་ཞེས་བྱ་བ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཞེས་བྱ་བ་འདི་དང་འགལ་བ་ཡིན་ནོ། །རྣམ་པར་འདྲིད་པ་ལྔ་ཞེས་བྱ་བ་ནི་ཕུང་པོ་ལྔ་ཞེས་བྱ་བའི་དོན་ཏེ། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལས་ཕུང་པོ་ལ་རྣམ་པར་འདྲིད་པ་
ཞེས་མིང་བཏགས་པ་ཡིན་ནོ། །རྣམ་པར་འདྲིད་པ་ཅན་ལྔ་ཡིན་ལ། གཟུགས་ཀྱི་སྲིད་པ་མ་ཡིན་པ་ཡང་ཡོད་དེ། །འདོད་པ་ན་སྤྱོད་པའི་སེམས་ཅན་རང་གི་ས་པའི་སེམས་ལ་གནས་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ། །གཟུགས་ཀྱི་སྲིད་པ་ཡང་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་ཡང་ཡིན་པ་ཡང་ཡོད་དེ། །

གཟུགས་ན་སྤྱོད་པའི་སེམས་ཅན་སེམས་འདྲ་བ་ལ་གནས་པ་རྣམས་ཀྱིའོ། །གཟུགས་ཀྱི་སྲིད་པ་ཡང་མ་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་ཡང་མ་ཡིན་པ་ཡང་ཡོད་དེ། གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་དང་། འདོད་པའི་ཁམས་སུ་སྐྱེས་པ་སེམས་མི་འདྲ་བ་ལ་
གནས་པ་རྣམས་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ། །འགོག་པ་དང་པོ་མི་ནང་དུ། མི་དག་གི་ནང་ཁོ་ནར་ཏེ། སྟོན་པ་པོ་དང་། འཆད་པ་པོ་དང་། སྦྱོར་བའི་སྟོབས་ཡོད་
པའི་ཕྱིར་རོ། །ཕྱིས་ནི་སྔར་ཡོངས་སུ་ཉམས་པ་དག་གིས་གཟུགས་ཀྱི་ཁམས་སུ་བསྐྱེད་ཀྱི། གཟུགས་མེད་པའི་ཁམས་སུ་ནི་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རོ། །སྲོག་གི་དབང་པོ་ནི་གཟུགས་དང་སེམས་ལ་བརྟེན་ནས་འབྱུང་ན། གཟུགས་མེད་པའི་ཁམས་སུ་འགོག་པ་ལ་སྙོམས་པར་
ཞུགས་པ་ལ་ནི་དེ་རྒྱུན་ཆད་པ་ཡིན་ནོ། །ཕུང་པོ་རྣམས་ཕན་ཚུན་སྟོབས་ཀྱིས་གནས་པའི་ཕྱིར་ཕུང་པོ་གཅིག་པའི་ལུས་ཀྱང་མེད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཐ་མི་དད་པར་འཇུག་པའི་ཕྱིར་ཕུང་པོ་གསུམ་པ་ཡང་མི་རུང་ངོ་། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དང་པོ་གཟུགས་
ཀྱི་ཁམས་སུ་ཡང་སྐྱེ་སྟེ། འཁོར་བ་ཐོག་མ་མེད་པ་ནས་འདྲིད་པའི་ཕྱིར་རོ། །སྙོམས་པར་འཇུག་པ་འདི་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཁྱད་པར་དུ་འཕགས་པ་ཞིག་སྟེ། དེའི་ཕྱིར་ཡོངས་སུ་ཉམས་པ་མི་སྲིད་དོ་སྙམ་དུ་སེམས་ལ་བྱས་ནས། ཅི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སྙོམས་
པར་འཇུག་པའི་རྫས་འདི་ལས་ཉམས་པ་མེད་ན། དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་ལྟ་མ་ཡིན་ན་འཆར་བྱེད་ཀྱི་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་ཆོས་བསྟན་ཏོ། །ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་
ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ན་ཞེས་བྱ་བ་ནི་མི་དག་གི་ནང་ནའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་ཡང་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་གསུམ་གྱིས་བསྡུས་པའི་ལམ་གསུངས་སོ། །མཐོང་བའི་ཆོས་ཁོ་ན་ཞེས་བྱ་བ་ནི་མཐོང་བའི་སྐྱེ་བ་ཁོ་ན་ལའོ། །དང་པོ་ཉིད་དུ་ཞེས་

བྱ་བ་ནི་ཐོག་མ་ཁོ་ནར་རོ། །ཀུན་ཤེས་པ་ནི་དགྲ་བཅོམ་པ་ཉིད་དོ། །ཐོབ་པར་མི་བྱེད་པ་ནི་རྙེད་པར་མི་བྱེད་པའོ། །ལུས་ཞིག་ནས་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་ཚོགས་དག་སོ་སོར་གནས་ནས་ཏེ། ཤི་ནས་ཞེས་བྱ་བའི་དོན་ཏོ། །ཁམ་གྱི་ཟས་ཟ་བ་ཞེས་བྱ་བ་ནི་འདོད་པ་ནི་སྤྱོད་པའི་ལྷ་དག་གོ། །མདོ་དེར་
ཡང་བཅོམ་ལྡན་འདས་ཀྱིས་ཡིད་ལས་བྱུང་བའི་ལུས་ཅན་གྱི་ལྷ་ནི་གཟུགས་ན་སྤྱོད་པ་ཡིན་པར་གསུངས་ལ་ཞེས་བྱ་བ་ལ། དེར་འཆར་བྱེད་ཀྱིས་ཡིད་ལས་བྱུང་བས་གཟུགས་མེད་པ་ན་སྤྱོད་པའི་ལུས་ཡིན་པར་སེམས་ལ་བསམས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་སློང་ཡིད་ལས་བྱུང་བའི་ལུས་གང་
ཡང་རུང་བ་ཞིག་ཏུ་སྐྱེས་པ་ཞིག་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་། ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། །དེ་ནི་གནས་མེད་དོ་ཞེས་འཕགས་པ་
ཤཱ་རིའི་བུ་ཕྱིར་ཟློག་པར་བྱེད་དོ། །དེ་ལྟར་ལན་གསུམ་དུ་བཀག་པ་དང་། འཕགས་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་། །དེར་ཡང་དེས་ལན་གསུམ་ཁོ་ནར་བཀག་སྟེ། འདིར་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་ལ་བཀའ་སྩལ་
པ། འཆར་བྱེད་ཁྱོད་ཀྱིས་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཇི་ལྟར་ཤེས། གཟུགས་མེད་པའི་ཁོ་ན་ཡིན་པར་ཤེས་སམ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །རེ་ཞིག་ཁྱོད་ནི་སྐྱེས་བུ་རྨོངས་པ། ལོང་བ་ཁོ་ན་ཡིན་བཞིན་དུ་ཤཱ་རིའི་བུ་དགེ་སློང་མིག་དང་ལྡན་པ་དང་ལྷན་ཅིག་ཆོས་མངོན་
པར་དུལ་བའི་གཏམ་བྱ་བར་སེམས། འདིར་ཤཱ་རིའི་བུ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་གཟུགས་ན་སྤྱོད་པ་ཡིན་པར་འདོད་དེ། ཕྱི་རོལ་གྱི་ཁུ་བ་དང་ཁྲག་ལ་སོགས་པ་ལ་མ་བརྟེན་པར་འབྱུང་བའི་ཕྱིར་རོ། །འཆར་བྱེད་ནི་གཟུགས་མེད་པ་ན་སྤྱོད་པ་ཡིད་ལས་བྱུང་བ་ཡིན་པར་འདོད་དེ། ཡིད་ཙམ་ལས་སྐྱེས་
པའི་ཕྱིར་རོ། །དེ་ལྟར་ན་འཆར་བྱེད་སྨད་པར་མཛད་པའི་ཕྱིར་དང་། ཤཱ་རིའི་བུའི་ཕྱོགས་ཡོངས་སུ་གཟུང་བའི་ཕྱིར་སྙོམས་པར་འཇུག་པ་འདི། གཟུགས་མེད་པའི་ཁམས་སུ་མི་སྐྱེ་བས་ཡིད་ལས་བྱུང་བའི་ལུས་ནི་གཟུགས་ན་སྤྱོད་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །མདོ་ལས་མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའོ། །གལ་ཏེ་བསམ་གཏན་བཞི་པའི་ས་པ་ཡིན་ན་ནི་དེ་ལྟ་ཡིན་དང་། བསམ་གཏན་བཞི་པའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་པས་དབུས་སུ་མངོན་པར་འགྱུར་གྱི།
ཐ་མར་ནི་མ་ཡིན་ནོ། །དེ་ལྟར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བའི་མདོ་དང་འགལ་བར་འགྱུར་རོ། །ཐོད་རྒལ་དུ་སྙོམས་པར་འཇུག་པ་པོ་དག་ནི་གང་དག་དང་པོ་ནས་གཉིས་པ་རྒལ་ཏེ། གསུམ་པ་ལ་སྙོམས་པར་འཇུག་གོ། །གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འདི་ནི་རྩོམ་པ་དང་པོ་པ་ལ་ངེས་པ་ཡིན་ཏེ། འདི་ལྟར་བསམ་གཏན་དང་པོ་མ་བསྐྱེད་པར་ནི་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པར་མི་ནུས་སོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་བསྐྱེད་པར་འདུ་ཤེས་དང་ཚོར་
བ་འགོག་པ་ལ་སྙོམས་པར་འཇུག་པའི་བར་དུ་མི་ནུས་སོ། །དགའ་དགུར་དབང་བ་ནི་ཕུལ་དུ་བྱུང་བར་དབང་བ་ཉིད་དོ། །རྣམ་པར་རྒལ་དེ་ཡང་སྙོམས་པར་འཇུག་གོ་ཞེས་བྱ་བ་ནི་དང་པོ་ནས་གསུམ་པར་རོ། །གསུམ་པ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུའོ་ཞེས་བྱ་བ་ལ་སོགས་པའོ། །
དེ་ལྟར་སྙོམས་པར་འཇུག་པ་འདི་གཉིས་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། ཚུལ་ནི་ཇི་སྐད་བཤད་པ་བཞིན་ནོ། །མྱོང་བར་འགྱུར་བ་ངེས་པ་དང་། གཉིས་ཀ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་མྱོང་བར་འགྱུར་བར་ངེས་པའོ། །འགོག་པའི་སྙོམས་པར་
འཇུག་པ་ནི་གཉིས་ཀ་ཡིན་ཏེ། ཕྱིར་མི་འོང་བ་ནི་མྱོང་བར་འགྱུར་བར་ངེས་པ་ཡིན་གྱི། དགྲ་བཅོམ་པའི་ནི་མ་ཡིན་ཏེ། དེ་ནི་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཡང་ན་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ལས་གཉིས་ཀ་མྱོང་བར་འགྱུར་
བ་ཡིན་ནོ། །དང་པོ་སྐྱེད་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཁ་ཅིག་དང་པོ་མི་དག་གི་ནང་དུ་སྐྱེད་ལ། ཁ་ཅིག་གིས་ནི་ལྷ་དག་གི་ནང་དུའོ། །འགོག་པའི་སྙོམས་པར་འཇུག་པ་ནི་དང་པོ་མི་དག་གི་ནང་ཁོ་ནར་སྐྱེད་ལ། ཡོངས་སུ་ཉམས་

པས་ནི་ཡང་གཟུགས་ཀྱི་ཁམས་སུ་སྐྱེད་དོ། །སེམས་དང་སེམས་ལས་བྱུང་བ་འགོག་པའི་རང་བཞིན་དུ་མཚུངས་པས་མི་འཇུག་པའི་རྒྱུ་ཐ་དད་པ་མ་མཐོང་སྟེ། འདྲི་བ་ནི། ཡང་ཅིའི་ཕྱིར་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། སྒྲ་འཇུག་པའི་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་འགོག་པའི་
སྙོམས་པར་འཇུག་པ་ཞེས་གཉིས་ཀ་ཡང་མིང་ཁྱད་པར་མེད་པར་འགྱུར་དགོས་སོ་ཞེས་བྱ་བའོ། །ཡང་ན་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགོག་པའི་རང་བཞིན་ཡིན་ཡང་ཅིའི་ཕྱིར་འདུ་ཤེས་དང་ཚོར་བ་འགོག་པ་དག་གིས་བསྙད་ཀྱི། སེམས་དང་སེམས་ལས་བྱུང་བ་གཞན་གྱིས་ནི་མ་ཡིན་ནོ་ཞེས་
བྱ་བའོ། །དེ་དག་དང་མི་མཐུན་པས་ཞེས་བྱ་བ་ནི་འདུ་ཤེས་དང་མི་མཐུན་པས་དང་། འདུ་ཤེས་དང་ཚོར་བ་དང་མི་མཐུན་པས་སོ། །སྙོམས་པར་འཇུག་པ་དེ་དག་ལ་སྦྱོར་བ་ནི་དེ་དག་ལ་སྙོམས་པར་འཇུག་པར་སྦྱོར་བའོ། །དེ་ལ་འདུ་ཤེས་དང་མི་མཐུན་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྦྱོར་ཏེ།
འདུ་ཤེས་ནི་ནད་ཡིན་ནོ། །འདུ་ཤེས་ནི་འབྲས་ཡིན་ནོ། །འདུ་ཤེས་ནི་ཟུག་རྔུ་ཡིན་ནོ་ཞེས་བྱ་བ་དང་། འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདུ་ཤེས་དང་ཚོར་བ་དང་མི་མཐུན་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་ཏེ། གཅིག་ནི་ལྟ་བའི་ཀུན་ནས་ཉོན་
མོངས་པའི་གཞི་ཡིན་ལ། གཉིས་པ་ནི་སྲེད་པའི་ཀུན་ནས་ཉོན་མོངས་པའི་གཞི་ཡིན་ནོ། །དེའི་ཕྱིར་དེ་དག་དང་མི་མཐུན་པ་ཉིད་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། གཞན་གྱི་སེམས་ཤེས་པར་བྱ་བའི་ཕྱིར་དེ་ལ་རབ་ཏུ་སྦྱོར་བས་ན། དེ་ལ་གཞན་གྱི་སེམས་
ཤེས་པར་བྱའི། །དེས་ཚོར་བ་ལ་སོགས་པའི་ཆོས་རྣམས་མི་ཤེས་པ་ནི་མ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཡིན་ནོ། །ད་ནི་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་མྱུ་གུ་ལ་སོགས་པ་རྒྱུ་དང་ལྡན་པ་རྣམས་ནི་དེ་ལྟར་ཞིག་ནས་ཡུན་རིང་དུ་ལོན་པའི་ས་བོན་ལས་སྐྱེ་བར་མ་མཐོང་ངོ་། །བྱེ་
བྲག་ཏུ་སྨྲ་བ་རྣམས་ནི་འདས་པ་ཡང་ཡོད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། བྱེ་བྲག་ཏུ་སྨྲ་བ་རྣམས་ཞེས་སྨོས་པ་ནི་འདས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡོད་ན་དེ་ཇི་ལྟར་འདས་པ་ཡིན་ཞེ་ན། བྱེད་པ་འགགས་པའི་ཕྱིར་འདས་པ་ཞེས་བྱའི། རང་གི་ངོ་བོ་ཡོངས་སུ་བཏང་བའི་ཕྱིར་ནི་མ་ཡིན་ཏེ།

དེའི་ཕྱིར་འགགས་མ་ཐག་པ་ལྟར་འགགས་ནས་ཡུན་རིང་པོར་ལོན་པ་ཡང་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་འདོད་དོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྔོན་གྱི་སློབ་དཔོན་རྣམས་ནི་མདོ་སྡེ་པ་རྣམས་སོ། །སེམས་དང་དབང་པོ་དང་བཅས་
པའི་ལུས་འདི་ནི་ཕན་ཚུན་ས་བོན་ཅན་ཡིན་ཏེ། སེམས་ལ་ཡང་དབང་པོ་དང་བཅས་པའི་ལུས་ཀྱི་ས་བོན་ཡོད་ལ། ལུས་ལ་ཡང་དབང་པོ་དང་བཅས་པའི་སེམས་ཀྱི་ས་བོན་ཡོད་དེ། དེ་ལྟར་ན་གཉིས་ཀ་ཕན་ཚུན་གྱི་ས་བོན་ཅན་ཡིན་ནོ། །ཡོངས་སུ་འདྲི་བ་ཞེས་བྱ་བའི་བསྟན་བཅོས་ནི་དེ་ཉིད་ཀྱིས་བྱས་
པའོ། །སྐྱོན་དུ་འགྱུར་གྱི་ཞེས་བྱ་བ་ནི་ད་ཇི་ལྟར་འགགས་ནས་ཡུན་རིང་དུ་ལོན་པའི་སེམས་ལ་ཡང་སེམས་སྐྱེ་བར་འགྱུར་ཞེས་གང་སྨྲས་པའོ། །དེ་ནི་མི་འཐད་དེ་ཞེས་བྱ་བ་འབྱུང་སྟེ། འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དོ། །གསུམ་
འདུས་པ་ལས་རེག་པ་ཞེས་བྱ་བ་ནི་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་རྣམས་སོ། །རེག་པའི་རྐྱེན་གྱིས་ཚོར་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གེགས་བྱེད་པ་མེད་པའི་རྒྱུ་ཡོད་ན་འབྲས་བུ་གདོན་མི་ཟ་བར་འབྱུང་བས་འགོག་པའི་སྙོམས་པར་འཇུག་པའི་རྫས་འདི་ལ་འདུ་ཤེས་
དང་ཚོར་བ་དག་ཀྱང་འགོག་པར་མི་འགྱུར་ཏེ། རེག་པ་བཞིན་ནོ། །འོན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རེག་པའི་རྐྱེན་གྱིས་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཐམས་ཅད་ཡིན་གྱི། རེག་པ་ཐམས་ཅད་ནི་ཚོར་བ་ལ་སོགས་པ་རྣམས་ཀྱི་རྐྱེན་མ་ཡིན་པས་འགོག་པའི་སྙོམས་པར་
འཇུག་པར་རེག་པ་རྐྱེན་ཡོད་པས་འདུ་ཤེས་དང་ཚོར་བ་ལ་སོགས་པ་དག་མི་འགག་པར་ཐལ་བར་འགྱུར་རོ། །འདུ་ཤེས་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པས། གནས་སྐབས་དེ་འཐོབ་པས་གནས་སྐབས་དེ་ན་རེག་པ་ཡོད་ཀྱང་། འདུ་ཤེས་དང་ཚོར་བ་དག་གི་རྐྱེན་ཉིད་བསྒྲུབ་པར་མི་ནུས་སོ། །
དེ་ཉིད་ལ་དཔེ་ནི། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་ལ་སོགས་པ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་དང་། སེམས་པ་ཡོངས་སུ་གཟུང་ངོ་། །ཁྱད་པར་དུ་བྱས་པའི་ཕྱིར་དེ་མ་ཡིན་ཏེ་ཞེས་བྱ་བ་ལ། ཚོར་བ་བཞིན་དུ་རེག་པ་

ཐམས་ཅད་ཚོར་བའི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོ་གཞན་ལས་ཚོར་བ་ཁྱད་པར་དུ་བྱས་པའི་ཕྱིར་རོ། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མ་རིག་པ་དང་འབྲེལ་པའི་རེག་པ་ནི་མ་རིག་པའི་འདུས་ཏེ་རེག་པའོ། །མ་རིག་
པའི་འདུས་ཏེ་རེག་པ་ལས་བྱུང་བ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །དེ་ལྟར་སྲེད་པ་སྐྱེ་བ་ལ་ཚོར་བ་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ཏེ། དེའི་ཕྱིར་མ་རིག་པ་མེད་པའི་ཚོར་བ་ནི་སྲིད་པའི་རྐྱེན་ཡིན་ནོ་ཞེས་བྱ་བར་བསྒྲུབ་པར་མི་ནུས་སོ། །ཚོར་བ་སྐྱེ་
བ་ལ་ཞེས་བྱ་བ་ལ་སོགས་པ་ལ། རེག་པ་འདི་འདྲ་བ་ནི་ཚོར་བའི་རྐྱེན་ཡིན་ལ། འདི་འདྲ་བ་ནི་མ་ཡིན་ཞེས་བྱེ་བྲག་ཏུ་མ་བྱས་ཏེ། དེའི་ཕྱིར་བྱེ་བྲག་མེད་པར་ཉེ་བར་བླངས་པའི་ཕྱིར་རེག་པ་ཐམས་ཅད་ཚོར་བའི་རྐྱེན་ཡིན་པས་དཔེ་འདི་མཚུངས་པ་མ་ཡིན་ནོ། །དེའི་ཕྱིར་འགོག་པའི་སྙོམས་པར་འཇུག་
པ་ནི་སེམས་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཏིང་ངེ་འཛིན་སེམས་དང་བཅས་པ་དགེ་བ་ནི་སེམས་དང་སེམས་ལས་བྱུང་བ་རྩེ་གཅིག་པར་གྲུབ་པའི་ཕྱིར་སྙོམས་པར་འཇུག་པ་ཉིད་དུ་རུང་གི །གཞན་དུ་ནི་མ་ཡིན་ནོ་ཞེས་བསམས་ཏེ་འདྲི་བ་ནི། ཇི་ལྟར་ན་སེམས་མེད་པ་ན་སྙོམས་པར་འཇུག་པ་ཡིན་
ཞེས་བྱ་བའོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བསྒྲུབ་པའི་ཕྱིར་རམ་ཞེས་བྱ་བ་ལ། འབྱུང་བ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ནི་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང་མི་མཐུན་པར་གནས་པ་སྟེ། དེ་བསྒྲུབ་པ་ནི་དེ་ལྟར་བྱེད་པའོ། །སྙོམས་པར་འཇུག་པའི་སྦྱོར་བའི་སེམས་ཁོ་ན་འབྱུང་བ་ཆེན་པོ་
མཉམ་པ་ཉིད་དུ་སྒྲུབ་པར་བྱེད་དེ། ལུས་དང་སེམས་དག་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ་འབྱུང་བ་ཆེན་པོ་མཉམ་པ་ཉིད་ནི་གནོད་པ་མེད་པའི་ཆོས་ཅན་ཉིད་ཡིན་ཏེ། འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་ནི་གནོད་པ་མེད་པའི་ཆོས་ཅན་ཡིན་ནོ། །ཡང་ན་སེམས་ཀྱིས་
འགོག་པའི་སྙོམས་པར་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ནི་སྙོམས་པར་འཇུག་པ་ཡིན་ཏེ། སྙོམས་པར་འཇུག་པ་དང་སེམས་གཉིས་ལྷན་ཅིག་གནས་པར་འགལ་བའི་ཕྱིར་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དེའི་ཕྱིར་ཐོབ་པར་འགྱུར་བས་ན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་སྙོམས་པར་འཇུག་

པའི་སྦྱོར་བའི་སེམས་ནི་སེམས་དང་སེམས་ལས་བྱུང་བ་འབྱུང་བ་དང་འགལ་བ་འགོག་པའི་སྙོམས་པར་འཇུག་པ་འདྲེན་པ་ཡིན་ནོ། །སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ནི་ཆུ་བབ་པ་ལ་ཆུ་ལོན་ལྟར་དུས་གཞན་
གྱི་བར་དུ་སེམས་སྐྱེ་བ་ལ་གེགས་བྱེད་པ་ཞིག་སྟེ། མེད་པ་ནི་སེམས་སྐྱེ་བའི་གེགས་བྱེད་པར་ཇི་ལྟར་འགྱུར། འཇུག་བཞིན་པའི་སེམས་མི་འཇུག་པ་ནི་རྒྱུ་ཟད་པའམ་དེ་འཇུག་པ་དང་འགལ་བའི་ཕྱིར་ཉེ་བ་ལས་ཡིན་གྲང་། དེ་རེ་ཞིག་རྒྱུ་ཟད་པ་ལས་ནི་མ་ཡིན་ཏེ། ཡང་འབྱུང་བའི་ཕྱིར་
རོ། །དེའི་ཕྱིར་འགལ་བའི་རྐྱེན་གཞན་གྱིས་བྱས་པ་ཡིན་ནོ་ཞེས་བྱ་བར་རྟོགས་ལ། འགལ་བའི་རྐྱེན་གང་ཡིན་པ་དེ་ཡང་འགོག་པའི་སྙོམས་པར་འཇུག་པ་ཡིན་ནོ། །མ་ཡིན་ཏེ། སྙོམས་པར་འཇུག་པའི་སེམས་ཁོ་ནས་དེ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། འགལ་བའི་རྐྱེན་གཞན་གྱིས་
བྱས་པ་དེའི་ཚེ་སེམས་མི་འཇུག་པ་ནི་བདེན་ན། འགལ་བའི་རྐྱེན་དེ་ནི་སེམས་གཞན་སྐྱེ་བ་དང་འགལ་བ་སྙོམས་པར་འཇུག་པའི་སེམས་ཁོ་ན་ཡིན་གྱི། གཞན་ནི་མ་ཡིན་ནོ། །འཇུག་པའི་རྒྱུ་ལས་སེམས་འཇུག་པ་རྣམ་པར་ཆད་པར་ཡང་མི་རིགས་ལ། སེམས་ཀྱང་སེམས་འཇུག་པའི་རྒྱུ་ཡིན་ཏེ།
དེའི་ཕྱིར་མར་མེ་ལ་རླུང་ལྟར་སེམས་ལ་ཡང་མི་འཇུག་པའི་རྒྱུ་གཞན་ཁོ་ན་ཞིག་ཁས་བླང་བར་བྱའོ་ཞེ་ན། དེའི་ཕྱིར། དེ་དང་འགལ་བའི་རྟེན་བསྐྱོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སེམས་སྐྱེ་བ་དང་འགལ་བའི་རྟེན་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མར་མེས་སྡོང་བུ་ལ་རག་ལས་པ་ལྟར་སེམས་འཇུག་པ་
ནི་རྟེན་ལ་རག་ལས་ཏེ། དེའི་ཕྱིར་རྟེན་ཉམས་པས་སེམས་མི་འཇུག་པར་མི་འགལ་ལོ། །རྟེན་ཉམས་པ་དེ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱེད་དེ། དེའི་ཕྱིར་སྙོམས་པར་འཇུག་པའི་སེམས་ཁོ་ན་དེ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་དེ་སྐད་དུ་བཤད་དོ། །དེ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ།
སེམས་མི་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ཞེས་གདགས་སོ། །དེ་གདགས་པའི་ཉེ་བར་ལེན་པ་གོ་གང་ཞིག་ཡིན། ཉེ་བར་ལེན་པ་མེད་པ་ནི་ཅུང་ཟད་ཀྱང་བཏགས་པར་ཡོད་པ་མ་ཡིན་ནོ་ཞེ་ན། སེམས་གང་དག་མི་འཇུག་པ་དེ་དག་དེ་མི་འཇུག་པའི་ཉེ་བར་ལེན་པ་ཡིན་ནོ། །གལ་ཏེ་མ་སྐྱེས་

པའི་ཕྱིར་ཡོད་པ་མ་ཡིན་པ་དེ་དག་ཇི་ལྟར་ན་བཏགས་པའི་ཉེ་བར་ལེན་པར་རུང་ཞེ་ན། མ་འོངས་པ་ཡིན་ཡང་སེམས་ལ་གནས་པ་དེ་དག་ནི་མི་འཇུག་པའི་ཉེ་བར་ལེན་པ་ཉིད་དུ་ཡོད་དེ། དཔེར་ན། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་
ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་འབྱུང་། །ཞེས་བྱ་བ་བཞིན་ནོ། །དེར་ནི་སངས་རྒྱས་མ་འོངས་པ་བློ་ལ་གནས་པ་རྣམས་ཁོ་ན་མི་འབྱུང་བ་ཡིན་ཏེ། མ་སྐྱེས་པའི་སངས་རྒྱས་ནི་ཡོད་པ་ཡང་མ་ཡིན་ནོ། །ཉན་ཐོས་རྣམས་ཀྱང་ཞིག་ཅིང་བློ་ལ་གནས་པ་རྣམས་ཁོ་ན་ཟད་པར་བརྗོད་ཀྱི། ད་ལྟར་
པ་རྣམས་ནི་མ་ཡིན་ནོ། །དེའི་ཕྱིར་འདས་པ་དང་། མ་འོངས་པ་ཡོད་པ་མ་ཡིན་ཡང་ཞིག་པ་དང་མ་སྐྱེས་པ་དག་བློ་ལ་གནས་པ་ཁོ་ན་བཏགས་པའི་ཉེ་བར་ལེན་པ་ཡིན་པར་མི་འགལ་ལོ། །གལ་ཏེ་སྙོམས་པར་འཇུག་པ་མ་འོངས་པའི་སེམས་མི་འཇུག་པ་ཙམ་ཡིན་ལ། དེ་ཡང་དངོས་པོ་
མེད་པ་ཡིན་པས་འདུས་མ་བྱས་སུ་འགྱུར་རོ་ཞེ་ན། དེའི་ཕྱིར། མི་འཇུག་པ་ཙམ་དེ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདིར་གང་གི་དབང་དུ་བྱས་ནས་འདུས་བྱས་ཞེས་བརྗོད་པ། མི་འཇུག་པ་ཙམ་ཞེས་བྱ་བ་འདུས་བྱས་གྲུབ་པར་གྱུར་པ་ནི་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་སྙོམས་
པར་འཇུག་པ་སྔོན་དང་ཕྱིས་མེད་པས་མི་འཇུག་པ་ཙམ་གྱིས་སྙོམས་པར་འཇུག་པ་ལ་འདུས་བྱས་སུ་གདགས་སོ། །ཡང་ན་རྟེན་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། སྔར་ནི་ཐ་སྙད་ཀྱི་སྒོ་ནས་སེམས་མི་འཇུག་པ་ཙམ་སྙོམས་པར་འཇུག་པ་ཉིད་ཡིན་པ་དང་། འདུས་བྱས་ཉིད་དུ་བཤད་པ་
ལ། ད་ལྟ་ནི་སྙོམས་པར་འཇུག་པའི་དབང་གིས་གནས་སྐབས་གཞན་ཐོབ་པའི་རྟེན་ཉིད་སྙོམས་པར་འཇུག་པ་ཡིན་ཏེ། དེའི་ཕྱིར་གནས་སྐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར་སྙོམས་པར་འཇུག་པ་འདུས་བྱས་ཡིན་ནོ་ཞེས་བྱ་བར་བཤད་པར་འགྱུར། །འདུ་ཤེས་མེད་པ་ཡང་དེ་བཞིན་
དུ་ཞེས་བྱ་བ་ལ། ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་བཏགས་པ་ཙམ་ཡིན་པ་དེ་བཞིན་དུ་འདུ་ཤེས་མེད་པ་པ་ཡང་ཡིན་ནོ། །རྣལ་འབྱོར་པ་ལ་ནི་དེའི་སྨོན་ལམ་གྱི་འཕེན་པའི་ཤུགས་ལས་སྙོམས་པར་འཇུག་པ་འཕངས་པ་ཆད་ན་ཡིད་དང་། ཆོས་དག་ལ་བརྟེན་ནས་ཡིད་ཀྱི་རྣམ་

པར་ཤེས་པ་སྐྱེ་ལ། འདུ་ཤེས་མེད་པ་པར་ནི་ལས་ཀྱི་རྣམ་པར་སྨིན་པའི་འཕེན་པ་ཟད་པས་འཆི་འཕོ་བར་འགྱུར་རོ། །སྙོམས་པར་འཇུག་པ་དག་བསྟན་ཟིན་ཏོ། །སྲོག་ནི་ཚེ་ཡིན། འདི་རྣམ་གྲངས་བརྗོད་པ་ཡིན་གྱི། མཚན་ཉིད་ནི་མ་ཡིན་ཏེ། བསྟན་བཅོས་ལས་བསྟན་
པའི་ངོར་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པ་ལས་འདི་སྐད་དུ་ཞེས་བྱ་བ་སྨོས་སོ། །རྣམ་གྲངས་ནི་གྲུབ་ན་མཚན་མར་བྱེད་པ་ཡིན་ནོ། །འདི་ནི་སྲོག་དང་འདྲ་བར་གྲུབ་པས་འདིས་སྲོག་གི་དོན་ངེས་པར་མི་ནུས་ཏེ། དེའི་ཕྱིར། ཚེ་ཞེས་བྱ་བའི་ཆོས་འདི་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །
དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་བྱ་བ་དེ་འབྲས་བུའི་སྒོ་ནས་འཆད་པའོ། །གནས་པའི་རྒྱུ་ཞེས་བྱ་བ་ནི། རྟེན་དུ་གྱུར་པ་ཞེས་བྱ་བ་རྣམ་པར་བཤད་པའོ། །འདི་སྐད་བསྟན་པར་འགྱུར་ཏེ། ཇི་སྲིད་དུ་ཚེ་ཡོད་པ་དེ་སྲིད་དུ་འདི་གཉིས་རྒྱུན་ཆགས་སུ་འཇུག་པ་ཡིན་ནོ། །ད་ནི་ཚེ་དེའི་རྟེན་དུ་གྱུར་
པ་ཞེས་བྱ་བ་འབྱུང་སྟེ། གནས་པའི་རྒྱུ་གང་ཡིན་ཞེས་བྱ་བའི་དོན་ཏོ། །དྲོད་དང་རྣམ་པར་ཤེས་པ་དེ་དག་ཉིད་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། ཚེ་ནི་དེ་དག་ལ་རག་ལས་ཏེ་གནས་པའི་ཕྱིར་རོ། །འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་དག་ལ་ཕན་ཚུན་ལྟོས་ཏེ་འཇུག་པ་ཡོད་པ་དེ་དག་ནི་ཕན་ཚུན་
ལྟོས་ཏེ་འཇུག་པའོ། །དེའི་དངོས་པོ་ནི་ཕན་ཚུན་ལྟོས་ཏེ་འཇུག་པ་ཉིད་དེ། ཕན་ཚུན་ལྟོས་ཏེ་འཇུག་པ་ནི་དེའི་ཕྱིར་རོ། །དེ་དག་ལས་ནི་དྲོད་དང་རྣམ་པར་ཤེས་པ་དང་། ཚེ་གསུམ་ལས་སོ། །གང་ཞིག་སྔར་ལྡོག་པར་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚེ་མ་ལོག་པར་གཞན་དག་ལྡོག་པ་
མེད་ལ། གཞན་དག་ལྡོག་པ་མེད་པར་ཡང་ཚེ་ལྡོག་པ་མེད་པས་རྟག་ཏུ་ལྡོག་པ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་དེ་དག་ཕན་ཚུན་རྟེན་ཉིད་དུ་མི་རུང་ངོ་། །འོ་ན་ནི་ཚེའི་རྟེན་དུ་གྱུར་པ་ནི་ལས་ཡིན་གྱི། དྲོད་དང་རྣམ་པར་ཤེས་པ་དག་ནི་མ་ཡིན་ནོ། །དེ་ལྟར་ན་ལས་ཀྱི་འཕེན་པ་ཟད་པས་ཚེ་
ལྡོག་ལ། དེ་ལྡོག་པས་དྲོད་དང་རྣམ་པར་ཤེས་པ་དག་ལྡོག་པས་རྟག་ཏུ་ལྡོག་པ་མེད་པར་ཐལ་བར་མི་འགྱུར་རོ། །ཇི་ལྟར་ལས་ཚེའི་རྟེན་དུ་གྱུར་པ་ཡིན་ཞེ་ན། དེའི་ཕྱིར། ལས་ཀྱིས་ཇི་སྲིད་དུ་འཕངས་པ་དེ་སྲིད་དུ་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་རྗེས་སུ་འཇུག་པ་ནི་ལས་ཀྱི་འཕེན་

པའི་རྒྱུ་ཅན་ཡིན་ནོ། །དྲོད་དང་རྣམ་པར་ཤེས་པ་དག་གི་རྟེན་དུ་གྱུར་པ་ཡང་ལས་ཁོ་ན་ཡིན་པར་ཅིའི་ཕྱིར་མི་འདོད་དེ། སྲོག་གི་དབང་པོ་དང་ཅིག་ཅར་སྐྱེ་བའི་ཕྱིར་དང་། འཇིག་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །མ་ཤིའི་བར་དུ་རྣམ་པར་ཤེས་པ་ཐམས་ཅད་ཅེས་བྱ་བ་རྒྱས་པར་
འབྱུང་བ་ལ། རྣམ་པར་ཤེས་པ་ལས་ཀྱིས་ཇི་སྲིད་འཕངས་པ་དེ་སྲིད་དུ་རྗེས་སུ་འཇུག་པའི་ཕྱིར་སྲོག་ལྟར་ལས་ཀྱི་རྟེན་ཅན་དུ་འགྱུར་ན་ནི་དེ་ལྟར་ན་མ་ཤིའི་བར་དུ་རྣམ་པར་ཤེས་པ་དགེ་བ་དང་། ཉོན་མོངས་པ་ཅན་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ་པ་ཐམས་ཅད་སྲོག་
བཞིན་དུ་རྣམ་པར་སྨིན་པར་འགྱུར་རོ། །འོ་ན་དྲོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སྲོག་གི་དབང་པོ་དང་ལྷན་ཅིག་སྐྱེ་བ་དང་། འགག་པའི་ཕྱིར་དང་། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་ངོ་བོར་འགལ་བ་མེད་པས། དྲོད་ཀྱི་རྟེན་དུ་གྱུར་པ་ལས་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་ཞེས་
བྱ་བ་ལ་སོགས་པ་འབྱུང་ངོ་། །དྲོད་མེད་པའི་ཕྱིར་ཞེས་བྱ་བ་ལ། དྲོད་ནི་མེའི་ཁམས་ཡིན་ན། འབྱུང་བ་དག་ནི་གཟུགས་མེད་པའི་ཁམས་ན་ཡོད་པ་མ་ཡིན་ནོ། །དྲོད་མེད་པའི་ཕྱིར་གཟུགས་མེད་པའི་རྣམ་པར་ཤེས་པ་དེའི་རྟེན་ནི་ལས་ཡིན་པར་འགྱུར་རོ། །གང་ལ་ལར་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་
ལ། དངོས་པོ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའི་རང་བཞིན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་འདོད་པའི་སྒོ་ནས་འབྲེལ་པ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ། རྒྱུ་དང་འབྲས་བུའི་དངོས་པོ་འཁྲུལ་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །བཤད་ཟིན་ཏོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
སྲོག་བཞིན་དུ་རྣམ་པར་ཤེས་པ་ལས་ལ་བརྟེན་པ་ཉིད་ཡིན་ན་ནི་གཟུགས་མེད་པ་དག་ན་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དང་། དགེ་བ་མེད་པར་འགྱུར་རོ། །དེ་ལྟ་བས་ན་དེ་གཉིས་ཀྱི་རྟེན་དུ་གྱུར་པའི་ཚེ་ན་ཡོད་པ་ཁོ་ནའོ། །འཇིག་རྟེན་དང་བསྟན་བཅོས་དག་དང་འགལ་བའི་ཕྱིར་མེད་དོ་ཞེས་ནི་མི་སྨྲ་མོད་ཀྱི་རྫས་
གཞན་ནི་མེད་དོ་ཞེས་སྨྲའོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་དང་འབྲས་བུ་ངེས་པར་མ་ཟིན་པའི་ཕྱིར་རོ་ཞེས་སྔར་བཤད་པའི་གཏན་ཚིགས་ཁོ་ནའི་རྗེས་སུ་བསྙེག་གོ། །གལ་ཏེ་རྫས་གཞན་མ་ཡིན་ན། འོ་ན་དེ་ཅི་ཡིན་ཞེ་ན། དེའི་ཕྱིར། ཁམས་གསུམ་པའི་ལས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རིས་

མཐུན་པ་ནི་དེ་ལྟ་བུར་གྱུར་པའི་འདུ་བྱེད་ཅི་རིགས་པར་སྐྱེ་མཆེད་དྲུག་གི་བདག་ཉིད་ཅན། རྟེན་དང་བཅས་པ་དེ་དག་ཁོ་ན་ཡིན་ལ། དེ་གནས་པ་ནི་རྒྱུན་ཆགས་པར་རྗེས་སུ་འཇུག་པའོ། །དེའི་དུས་ནི་ཇི་སྲིད་ཀྱི་བར་དུ་དེ་རྗེས་སུ་འཇུག་པར་འགྱུར་བའོ། །དེའི་འཕེན་པ་ནི་ཉིང་མཚམས་སྦྱོར་བའི་
སྐད་ཅིག་མ་ལ་ཅི་རིགས་པར་སྐྱེ་བ་སྔ་མའི་ལས་ཀྱིས་རྒྱུའི་དངོས་པོར་གནས་པར་བྱས་པའོ། །ཡང་རྒྱུའི་དངོས་པོ་དེ་ཅི་ཞིག་ཅེ་ན། ནུས་པ་སྟེ། འདི་ལྟར། ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རིས་མཐུན་པའི་རྒྱུན་གྱི་མཚན་ཉིད་ཅན་གྱིས་གནས་པའི་དུས་ངེས་པའི་
རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། གནས་པའི་དུས་ཀྱི་འཕེན་པ་ཞེས་བྱ་སྟེ་དུས་དེའི་རྒྱུན་འཕེན་པར་བྱེད་པའི་ཕྱིར་རོ། །འབྲུ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དཔེར་ན་ས་བོན་གྱི་མྱུ་གུ་ལ་གང་ཞིག་སྨིན་པའི་དུས་ཀྱི་བར་དུ་བརྒྱུད་ནས་འབྲུའི་རྒྱུན་གྱི་རྒྱུར་འགྱུར་བ། འབྲུ་རྣམས་ཀྱི་སྨིན་
པའི་དུས་ཀྱི་འཕེན་པ་ནུས་པའི་ཁྱད་པར་གྱི་མཚན་ཉིད་ཅན་བསྐྱེད་པ་དེ་དང་འདྲའོ། །མདའ་འཕངས་པ་དག་གི་གནས་པའི་དུས་ཀྱི་འཕེན་པ་བཞིན་ནོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་མདའ་འཕངས་པའི་གནས་པ་ནི་ཡུལ་གཞན་དུ་སྐྱེ་བ་རྒྱུན་རྗེས་སུ་འཇུག་པའོ། །དེའི་དུས་ནི་གང་ཕྱིན་ཆད་དེ་མི་འབྱུང་
བའི་མུ་མཚམས་སོ། །དེའི་འཕེན་པ་ནི་རྒྱུའི་དངོས་པོར་རྣམ་པར་གནས་པའོ། །མདའི་སྐད་ཅིག་དང་པོའི་དེ་ཡང་རྩོལ་བར་གྱུར་པ་ཕུལ་དུ་བྱུང་བས་བསྒྲུབས་པའི་རླུང་གི་ཁམས་ཀྱིས་བསྐྱེད་པའི་ནུས་པའི་ཁྱད་པར་ལས་སོ། །གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱེ་བྲག་པ་ནི་མདའ་འཕངས་
པ་ལ་རླུང་གི་ཁམས་གྱིས་བསྐྱེད་པའི་ནུས་པའི་ཁྱད་པར་ལས་ཡུལ་དག་ཏུ་རྒྱུན་སྐྱེ་བའི་བདག་ཉིད་ཅན་མི་འདོད་པས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ད་ལྟར་སེམས་ཏེ། བྱེ་བྲག་པའི་ལྟར་ན་འགྲོ་བའི་ཕྱིར་ན་ཐོག་མར་མདའ་ལ་ལས་སྐྱེ་ལ། དེ་ལས་ནི་འགྲོ་བའི་རྒྱུ་འདུ་བྱེད་དོ། །འདུ་བྱེད་ལས་ནི་མ་ལྟུང་
གི་བར་དུ་འགྲོ་བའོ། །མདའི་འགྲོ་བ་ནི་ཡུལ་གཞན་དུ་ཕྱིན་པ་ཡིན་གྱི། སྐྱེ་བ་ནི་མ་ཡིན་ནོ། །དེའི་ཞེས་བྱ་བ་ནི་བྱེ་བྲག་པའིའོ། །དེ་ནི་གཅིག་པུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདུ་བྱེད་གཅིག་པུ་ཡིན་པའི་ཕྱིར་རོ། །གེགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། ནམ་མཁའ་ལ་ནི་རེག་པ་དང་ལྡན་པའི་རྫས་

དང་འབྲེལ་པའི་བདག་ཉིད་ཅན་གྱི་ཐོགས་པ་འགའ་ཡང་ཡོད་པ་མ་ཡིན་ན། །གེགས་ཆེན་པོ་དང་། འབྲིང་དང་། ཆུང་ངུ་བྱས་ན་ནི་འདུ་བྱེད་བྱེ་བྲག་མེད་བཞིན་དུ་ཕྱིན་པའི་དུས་ཀྱི་བྱེ་བྲག་ཏུ་འགྱུར་ན། གེགས་ནི་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར། ཡུལ་གཞན་དག་ཏུ་མགྱོགས་པ་
དང་། ཆེས་དང་། ཤིན་ཏུ་ཆེས་མགྱོགས་པར་ཕྱིན་པའི་དུས་ཀྱི་བྱེ་བྲག་ཡོད་པའི་ཕྱིར་མ་ལྟུང་བར་དུ་འགྲོ་བར་འདུ་བྱེད་གཅིག་པུའི་རྒྱུ་ཅན་མ་ཡིན་ནོ། །ལྟུང་བ་ཡང་མི་འཐད་དོ་ཞེས་བྱ་བ་ནི་འདུ་བྱེད་གཅིག་པུ་ཡིན་པའི་ཕྱིར་དང་། གེགས་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་རླུང་གིས་དེ་ལ་
གེགས་བྱེད་དོ་ཞེས་བྱ་བ་ལ། རླུང་གིས་གེགས་བྱས་པའི་འདུ་བྱེད་ནི་ལས་ཆེན་པོ་དང་། འབྲིང་དང་། ཆུང་ངུའི་རྒྱུ་ཡིན་ལ། མཐར་ནི་འདུ་བྱེད་མེད་པའི་ཕྱིར་དང་། ལྕི་བ་ཉིད་ཀྱི་ཕྱིར་ལྟུང་བ་ཡིན་ནོ་ཞེས། །དྲུང་དུ་ལྟུང་བའམ་ཞེས་བྱ་བ་ལ། གཞུ་རྒྱུད་དང་རྣམ་པར་ཕྱེ་མ་ཐག་ཏུ་རླུང་དང་
ལྡན་པའི་ཕྱིར་རོ། །འདི་ལྟར་རེག་པ་དང་ལྡན་པའི་རྫས་དང་ལྡན་པ་ལས་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བྱེ་བྲག་པ་རྣམས་ཀྱི་མདོ་ཡིན་ནོ། །ཡང་ན་གཞར་ཡང་ཞེས་བྱ་བ་ལ། མི་ལྟུང་བར་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། རླུང་ལ་ཁྱད་པར་མེད་པའི་ཕྱིར་
ཞེས་བྱ་བ་སྨོས་ཏེ། གང་ལས་ཕྱིས་གེགས་བྱེད་ཀྱི་སྔར་མ་ཡིན་པར་འགྱུར་བ། ཕྱིས་རླུང་ལ་ཁྱད་པར་ཡོད་པ་ནི་མ་ཡིན་ནོ། །དེ་ལས་ཁྱད་པར་མེད་པའི་ཕྱིར་ནི་ལྡན་པ་ལ་ཡང་ཁྱད་པར་མེད་དོ། །གང་ཞིག་ལས་བཞིན་དུ་འདུ་བྱེད་ཀྱང་དུ་མ་སྙམ་དུ་སེམས་པ་དེའི་ཡང་ཡུལ་གཞན་དུ་མགྱོགས་པ་དང་
ཆེས་དང་། ཤིན་ཏུ་ཆེས་མགྱོགས་པར་ཕྱིན་པའི་དུས་ཀྱི་བྱེ་བྲག་མི་འཐད་དེ། འདུ་བྱེད་ལ་ནི་ལས་བརྩམ་པར་བྱ་བ་ལ་བྱེ་བྲག་ཡོད་པ་མ་ཡིན་ལ། གང་ཞིག་འདུ་བྱེད་ཆེས་གསལ་བས་བསྐྱེད་པའི་ལས་ཀྱིས་ཅིག་ཅར་རྫས་ཡུལ་མང་པོ་གནོན་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། རིམ་གྱིས་རང་གི་རྟེན་དུ་རྡུལ་ཕྲ་རབ་
ཙམ་གྱི་ཕྱོགས་དང་ལྡན་པ་དང་། རྣམ་པར་བྱང་བའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་སྐད་དུ་ཚེ་རྫས་གཞན་ཁོ་ན་ཅིག་ཡོད་དོ་ཞེས་ནི་བརྗོད་དེ། །སྲོག་དྲོད་དང་འདྲེ་བར་འབྱུང་བའི་ཕྱིར་ཏེ། རྫས་སུ་མེད་པ་ལ་ནི་འདྲེ་བ་མི་འཐད་དོ། །ཡང་ཅི་ཚེ་ཟད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་

འབྱུང་ངོ་། །འོན་ཏེ་གཞན་དུ་ཡང་ཡིན་ཞེ་ན་ཞེས་བྱ་བ་ལ། ཚེ་ཡོད་ཀྱང་རྒྱུ་མཚན་གཞན་གྱིས་ཡིན་ཞེས་བྱ་བའི་དོན་ཏོ། །བཏགས་པ་ལས་ཞེས་བྱ་བ་འདིས་ནི་ཚེ་ཡོད་ཀྱང་འཆི་བ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །དང་པོ་ནི་ཚེའི་རྣམ་པར་སྨིན་པ་ཅན་ཡིན་གྱི། ལོངས་སྤྱོད་ཀྱི་རྣམ་
པར་སྨིན་པ་ཅན་ནི་མ་ཡིན་ཏེ། ལས་ཀྱིས་འཕངས་པའི་སྲོག་གི་དབང་པོ་རྒྱུན་ཡོངས་སུ་རྫོགས་པའི་ཕྱིར་ཚེའི་རྣམ་པར་སྨིན་པ་ཅན་གྱི་ལས་ཡོངས་སུ་གཏུགས་པ་ཡིན་ནོ། །གཉིས་པ་ནི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ནོ། །ལས་ཡོངས་སུ་གཏུགས་པ་ལས་སོ་ཞེས་བྱ་བར་སྦྱར་ཏེ།
ཚེའི་རྣམ་པར་སྨིན་པ་ཅན་ནི་མ་ཡིན་ནོ། །གསུམ་པ་ནི་གཉིས་ཀའོ། །ཚེ་དང་ལོངས་སྤྱོད་རྣམ་པར་སྨིན་པ་ཅན་དག་སྟེ། ལས་ཡོངས་སུ་ཟད་པ་ལས་ཞེས་བྱ་བར་སྦྱར་རོ། །བཞི་པ་ནི་ཚེ་དང་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ལས་དག་མ་ཟད་ཀྱང་ཡ་ང་བ་ཡོངས་སུ་མི་སྤོང་བས་སོ། །
བག་མེད་པ་སྤྱོད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མར་མེ་བཞིན་ཏེ། ཇི་ལྟར་མར་མེ་ནི་རེས་འགའ་སྙིང་པོ་ཟད་པ་ཉིད་ལས་འགག་ལ། རེས་འགའ་ནི་འབྲུ་མར་ཟད་པ་ཉིད་ལས་ཡིན་གྱི། སྙིང་པོ་ཟད་པ་ལས་ནི་མ་ཡིན་ནོ། །རེས་འགའ་ནི་གཉིས་ཀ་ཟད་པ་ལས། རེས་འགའ་ནི་གཉིས་ཀ་
ཡོད་ཀྱང་རླུང་ལ་སོགས་པས་སོ། །ཚེ་བཏང་བས་ལས་བརྗོད་པར་བྱའོ། །བརྗོད་པར་མི་བྱ་སྟེ། མུ་དང་པོའི་ཁོངས་སུ་འདུ་བའི་ཕྱིར་རོ། །དེའི་ཚེ་རྣམ་པར་སྨིན་པ་ཅན་གྱི་ལས་གང་ཡིན་པ་དེ་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པར་འགྱུར་བས། ཚེ་ཟད་པ་ཁོ་ནས་འཆི་བ་ཡིན་ནོ། །ཚེ་ཟད་ན་
ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལོངས་སྤྱོད་ཟད་ན་ཚེ་ཡོད་པ་ཡང་ལྟོས་ནས་ལོངས་སྤྱོད་ཟད་པས་འཆི་བར་བྱ་བ་ལ། ནུས་པ་ཡོད་ན་ཚེ་ཟད་ན་བཟློག་པར་བྱ་བ་མེད་པའི་ཕྱིར། ལོངས་སྤྱོད་ཟད་པ་འཆི་བར་བྱ་བ་ལ་ནུས་པ་དེའི་ཕྱིར། གཉིས་ཀ་ཟད་པ་ལས་ཞེས་བྱ་བའི་མུ་གསུམ་པ་
མི་རིགས་ཏེ། དེའི་ཕྱིར་སྲིད་པའི་དབང་དུ་བྱས་ནས་གཉིས་ཀ་ཟད་པ་ལས་འཆི་བར་བཤད་དེ། ཚེ་ཟད་ན་བསོད་ནམས་ཟད་པ་ལ་འཆི་བར་བྱ་བ་ལ་ནུས་པ་ཡོད་པ་ནི་མ་ཡིན་ནོ། །ཡང་བསྟན་བཅོས་གཞན་གྱི་སྒོ་ནས་དུས་མ་ཡིན་པར་འཆི་བ་ཡོད་པར་བསྟན་པའི་ཕྱིར། ཡེ་ཤེས་ལ་འཇུག་པ་

ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བཤད་པ་འདིས་ཇི་ལྟར་དུས་མ་ཡིན་པར་འཆི་བ་བསྟན་ཞེས་མི་ཤེས་ཤིང་འདྲི་བ་ནི། བཤད་པ་འདིའི་དོན་གང་ཡིན་ཞེས་བྱ་བའོ། །གང་ལ་ལུས་ལ་གནོད་པས་ཞེས་བྱ་བ་ལ། འགོག་པའི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་
པ་མ་གཏོགས་པའི་འདོད་པ་ན་སྤྱོད་པ་རྣམས་ཀྱི་ལུས་ལ་གནོད་པར་བྱ་བར་ནུས་ཏེ་དེའི་ཕྱིར་དེ་དག་གི་ཚེ་ལ་ནི་ལུས་ལ་གནོད་པར་བྱས་པས་གནོད་པ་ཡིན་ཏེ། ལུས་ཀྱི་རྒྱུད་ལ་མ་ལྟོས་པའི་ཚེ་འཇུག་པ་མེད་པས་ལུས་ཀྱི་རྒྱུད་ལ་རག་ལས་པའི་ཕྱིར་རོ། །དང་པོ་ཡིན་ནོ་ཞེས་བྱ་བ་ལ། འདོད་པ་ནི་སྤྱོད་པ་
ཞེས་བྱ་བ་ནས་བརྩམས་ཏེ། རྒྱུད་ལ་རག་ལས་ཏེ་འཇུག་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་བར་འདི་ནི་དང་པོའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་དང་། འདོད་པའི་ཁམས་སུ་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ནི་རྟེན་ལ་གནོད་པ་བྱས་པས་
ཚེ་ལ་གནོད་པ་མེད་དེ། རང་དང་གཞན་གྱི་གནོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི། དེ་ལྟར་སྐྱེས་པ་བཞིན་གནས་པས་བར་སྐབས་སུ་རྒྱུན་རྣམ་པར་འཆད་པ་མེད་དོ། །གཉིས་ཀ་ཡིན་ནོ་ཞེས་བྱ་བ་ལ། སྙོམས་པར་ཞུགས་པ་རྣམས་དང་ཞེས་བྱ་བ་ནས་བརྩམས་ནས་བརྗོད་
པར་བྱའོ་ཞེས་བྱ་བའི་བར་འདི་ནི་གཉིས་པའོ། །གློ་བུར་དང་བཅས་པ་ནི་དང་པོ་ཡིན་ནོ། །དེ་གློ་བུར་དང་བཅས་པ་ནི་ལུས་ལ་གནོད་པ་བྱས་པའི་སྒོ་ནས་ཏེ། གེགས་དང་བཅས་ཞེས་བྱ་བའི་དོན་ཏོ། །གློ་བུར་མེད་པ་ནི་གཉིས་པ་ཡིན་ནོ་ཞེས་བྱ་བ་ལ། དེའི་རྟེན་ལ་གནོད་པ་མེད་པའི་ཕྱིར་འདི་ནི་གློ་བུར་
མེད་ཅིང་གེགས་མེད་པ་ཡིན་ནོ། །དེ་ལྟ་བས་ན་དུས་མ་ཡིན་པར་འཆི་བ་ནི་ཡོད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚེ་རྒྱུད་ལ་རག་ལས་པ་དང་། གློ་བུར་དང་བཅས་པ་བཤད་པའི་ཕྱིར་རོ། །མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་མངོན་པ་ལས་བཤད་པ་འབའ་ཞིག་ཏུ་མ་ཟད་དེ། འོ་ན་ཅི་ཞེ་ན།
མདོ་ལས་ཀྱང་དུས་མ་ཡིན་པར་འཆི་བ་གསུངས་སོ། །བདག་རྒྱུར་གྱུར་པའི་འཆི་བ་ནི་བདག་ཉིད་འཆི་བའོ། །གཞན་རྒྱུར་གྱུར་པའི་འཆི་བ་ནི་གཞན་གྱིས་གསོད་པའོ། །མུ་བཞིར་ཞེས་བྱ་བ་འབྱུང་ངོ་། །དང་པོ་ལ། རབ་ཏུ་དགའ་བ་དང་། ཡིད་རབ་ཏུ་འཁྲུགས་པ་དག་གིས་ཞེས་བྱ་བ་ལ།

ལྷ་རྩེད་མོས་མྱོས་པ་རྣམས་ནི་རབ་ཏུ་དགའ་བ་སྟེ། དེ་དག་ནི་ཤིན་ཏུ་རྩེ་བ་དང་དགའ་བ་ལ་སོགས་པས་ལུས་དུབ་པ་དང་། དྲན་པ་མྱོས་པ་དག་གིས་གནས་དེ་ནས་འཆི་བར་འགྱུར། ཡིད་རབ་ཏུ་འཁྲུགས་པ་རྣམས་ནི་ཡིད་རབ་ཏུ་འཁྲུགས་པ་སྟེ། དེ་དག་ནི་ཕན་ཚུན་མིག་གིས་
མིག་ལ་བལྟས་པས་ཡིད་འཁྲུགས་པར་འགྱུར་ཞིང་། དེ་ནས་གནས་དེ་ནས་འཆི་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཡང་ཡིན་པར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་བདག་ཉིད་འགྲོངས་པར་འགྱུར་གྱི། གཞན་གྱིས་འགྲོངས་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི།
བདག་ཉིད་འགྲོངས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གནོད་པ་མི་མངའ་བའི་ཆོས་ཅན་དང་། སྐུ་ཚེ་གཏོང་བ་ལ་མངའ་བརྙེས་པ་ཡིན་ནོ། །གཉིས་པ་ནི་གཞན་གྱིས་གསོད་པ་ཁོ་ནར་འགྱུར་གྱི། བདག་ཉིད་འཆི་བར་མི་འགྱུར་བ་སྟེ། མངལ་
ན་འདུག་པ་ནུར་ནུར་པོ་དང་། གོར་གོར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པའི་གནས་སྐབས་ན་འདུག་པ་དང་། སྒོ་ང་ན་འདུག་པ་རྣམས་ལ་བདག་ཉིད་འཆི་བ་མེད་པའི་ཕྱིར་རོ། །གཉིས་ཀ་ནི་བདག་ཉིད་འཆི་བ་དང་། གཞན་གྱིས་གསོད་པ་ཡིན་ནོ། །འདོད་པ་
ན་སྤྱོད་པ་གཞན་དག་ཅེས་བྱ་བ་ནི་གང་དག་བཤད་པར་གྱུར་པ་ལས་གཞན་པ་རྣམས་སོ། །ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་འཆད་པར་འགྱུར་བའི་སྲིད་པ་བར་མ་ལ་སོགས་པ་འདོད་པ་ན་སྤྱོད་པ་རྣམས་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །བཞི་པ་ནི་གཉིས་ཀ་མ་ཡིན་ཞེས་བྱ་བ་སྟེ། བདག་ཉིད་
འཆི་བ་མ་ཡིན་ཞིང་། གཞན་གྱིས་གསོད་པ་མ་ཡིན་པའོ། །རྒྱལ་པོའི་དྲང་སྲོང་དང་། ཆོས་ལན་དང་། མཆོག་ཅན་དང་། གང་གཱ་ལེན་ལ་སོགས་པ་རྣམས་ན་སྔོན་གྱི་གཏམ་རྒྱུད་རྣམས་ལས་ཁོང་དུ་ཆུད་པར་བྱའོ། །རྒྱལ་བའི་ཕོ་ཉ་ནི་ཇི་སྲིད་ཕོ་ཉའི་དོན་མ་བྱས་པ་དེ་སྲིད་དུ་བདག་
ཉིད་འཆི་བ་མ་ཡིན་ཞིང་། གཞན་གྱིས་གསོད་པར་མི་འགྱུར་རོ། །རྒྱལ་བས་བསྟན་པ་ནི་དུས་འདི་སྲིད་ཅིག་གི་བར་དུ་འཚོ་བར་འགྱུར་རོ་ཞེས་བྱ་བའི་དུས་དེ་སྲིད་དུ་བདག་ཉིད་འཆི་བ་ཡང་མ་ཡིན་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །སྲིད་པ་ཐ་མ་པ་ཞེས་བྱ་བ་ནི་གང་གིས་སྐྱེ་བ་དེ་ཉིད་ལ་

དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བ་སྟེ། དེ་དག་དེ་མ་འཐོབ་པར་བདག་ཉིད་འཆི་བར་ཡང་མི་འགྱུར་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །དེ་ལྷུམས་ན་གནས་པ་ཞེས་བྱ་བ་ལ་ཇི་སྲིད་བྱང་ཆུབ་སེམས་དཔའ་ལྷུམས་ན་གནས་པ་དང་། འཁོར་ལོས་སྒྱུར་བ་མངལ་ན་གནས་པ་དེ་སྲིད་དུ་ཡུམ་
བདག་ཉིད་འཆི་བར་མི་འགྱུར་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །ཡང་ཅིའི་ཕྱིར་མདོ་ལས་བཙུན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །བསམ་གཏན་དང་གཟུགས་མེད་པ་གཞན་དག་ན་ནི་ཞེས་བྱ་བ་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་ལས་གཞན་པ་བསམ་གཏན་དང་། གཟུགས་མེད་
པ་དག་ན་ནི་ཉོན་མོངས་པ་གཞོམ་པར་བྱ་བའི་ཕྱིར་བདག་ཉིད་འཆི་བ་ནི་རང་གི་ས་པའི་འཕགས་པའི་ལམ་ལ་བརྗོད་དོ། །གཞན་གྱིས་གསོད་པ་ནི་ཉོན་མོངས་པ་གཞོམ་པ་ཁོ་ནའི་དབང་དུ་བྱས་ནས་ས་གོང་མའི་ཉེར་བསྡོགས་ཡིན་ཏེ། དེས་ས་འོག་མ་དག་ལས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །
དེས་ན་གཉིས་ཀ་མེད་དོ་ཞེས་བྱ་བ་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རང་གི་ས་པའི་འཕགས་པའི་ལམ་ཡང་མེད་པ་ཉིད་ལ། ས་གོང་མའི་ཉེར་བསྡོགས་ཀྱང་མེད་དེ། དེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །དེ་སྟན་འོ་ན་དེ་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ན་ཡང་མི་ལྕོགས་
པ་མེད་པའི་ས་པའི་འཕགས་པའི་ལམ་གཞན་གྱིས་གསོད་པར་འགྱུར་ཏེ། འདི་ལྟར་ཟག་པ་མེད་པའི་མི་ལྕོགས་པ་མེད་པས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་དང་། འཕགས་པའི་ལམ་ས་བརྒྱད་པོས་རང་དང་། གོང་མའི་ས་ལས་འདོད་ཆགས་དང་བྲལ་བར་འདོད་པ་དང་།
སྲིད་པའི་རྩེ་མོར་སྐྱེས་པའི་ཕྱིར་མི་འོང་བ་རྣམས་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་དུ་བྱས་པར་གྱུར་པ་ལས་ཟག་པ་ཟད་པ་ཡིན་ནོ། །འོ་ན་ནི་མཐའ་སྨོས་པས་དེ་ལ་སོགས་པ་གོའོ་ཞེས་བྱ་བ་ལ། འདིར་མཐའ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །དེ་ལ་སོགས་པ་ནི་དེ་ལ་
སོགས་པ་སྟེ། མཉམ་པར་གཞག་པ་ཉིད་དུ་མཚུངས་པའི་ཕྱིར་བསམ་གཏན་དང་པོའི་བར་ཡིན་གྱི། མཉམ་པར་མ་བཞག་པའི་ཕྱིར་འདོད་པའི་ཁམས་ནི་མ་ཡིན་ནོ། །དེ་ལ་སོགས་པ་གོ་བ་ནི་དེ་ལ་སོགས་པ་གོ་བའོ། །སྲིད་པའི་རྩེ་མོར་སྐྱེས་པ་ལྟར་དེ་ལ་སོགས་པར་སྐྱེས་པ་རྣམས་

ཀྱང་བདག་ཉིད་འཆི་བར་མི་འགྱུར་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །གཞན་ལས་ཀྱང་དེ་ལྟ་བུའི་མཚན་ཉིད་ཅན་གྱིས་བསྟན་པ་ཡོད་དོ་ཞེས་བསྟན་པའི་ཕྱིར། ལ་ལར་ནི་མཐའ་ཡང་དང་པོས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་དང་པོ་ནི་ཚངས་རིས་ཀྱི་ལྷ་
དག་ཡིན་ལ། མཐའ་ནི་ཚངས་པའི་མདུན་ན་འདོན་དག་དང་། ཚངས་པ་ཆེན་པོ་དག་སྟེ། བདེ་བ་སྐྱེ་བ་དང་པོས་བསྡུས་པའི་ཕྱིར་རོ། །ལ་ལར་དང་པོ་ཡང་མཐས་གོ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་མཐའ་ནི་འོད་གསལ་བ་རྣམས་ཏེ། དེ་སྨོས་པས་དེའི་དང་པོའི་ཚད་མེད་འོད་པ་
རྣམས་དང་། འོད་ཆུང་བ་རྣམས་རྟོགས་པར་འགྱུར་ཏེ། བདེ་བ་སྐྱེས་པ་གཉིས་པར་འདུས་པའི་ཕྱིར་རོ། །འདིར་ནི་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་དཔེར་བརྗོད་པ་ཡིན་པས་ཞེས་བྱ་བ་ལ། གཅིག་དཔེ་ཉིད་དུ་བརྗོད་ན་དེའི་རིགས་ཅན་གཞན་ཡང་ཡོད་ན་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་དེ་ཡང་འདི་
ན་མེད་དོ། །འདིར་འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ཡིན་ནོ་ཞེས་མ་གསུངས་ཏེ། དེའི་ཕྱིར་འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་དག་ལྟ་བུ་སྟེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་ལྟ་བུ་ཞེས་བྱ་བ་འདི་ནི་ཉེ་བར་སྦྱར་དུ་མི་རུང་ངོ་། །གལ་ཏེ་འདི་ལྟ་
སྟེ་ཞེས་བྱ་བའི་སྒྲ་དེ་དཔེར་བརྗོད་པ་ཡིན་ན་ནི། འདི་ལྟ་སྟེ། མི་རྣམས་དང་། ལྷ་ཁ་ཅིག་གོ་ཞེས་བྱ་བ་འདིར་ཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་མི་རྣམས་དང་། ལྷ་ཁ་ཅིག་དཔེར་གྱུར་པ་དག་དང་དཔེ་ལས་འབྱུང་བའི་དོན་འགའ་
ཡང་སྦྲེལ་བར་མི་བྱེད་དེ། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་ཉིད་མ་ལུས་པ་དག་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཉེ་བར་བསྟན་པའི་དོན་ཞེས་བྱ་བ་ལ། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དེ་དག །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདིས་ཉེ་བར་བསྟན་པ་དེ་བཞིན་དུ་འདིར་ཡང་མཐའ་
སྨོས་པས་དེ་ལ་སོགས་པ་གོའོ། །དཔེར་ན་ཚངས་རིས་ཀྱི་ལྷ་ལྟ་བུ་སྟེ་ཞེས་བྱ་བ་དང་། འོད་གསལ་གྱི་ལྷ་རྣམས་ལྟ་བུ་སྟེ་ཞེས་བྱ་བའི་མདོའི་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་ཡང་ཉེ་བར་བསྟན་པའི་དོན་ཁོ་ན་ཡིན་ནོ། །ཧ་ཅང་ཐལ་བས་ཆོག་གོ་ཞེས་བྱ་བ་ལ། སྒྲ་གཅིག་དོན་དུ་མ་དང་ལྡན་པ་ཉིད་ཀྱིས་

གདོན་མི་ཟ་བར་འདིར་ཉེ་བར་བསྟན་པའི་དོན་ཡིན་པའི་ཕྱིར་དཔེའི་དོན་དུ་མི་འགྱུར་བ་མ་ཡིན་ནོ་ཞེས་པའི་ཐལ་བ་མཐོང་བ་ཡིན་ནོ། །སྲོག་བཤད་ཟིན་ཏོ། །སྲོག་དང་མཚན་ཉིད་རྣམས་དང་ནི། །ཞེས་དེའི་མཇུག་ཐོགས་སུ་མཚན་ཉིད་རྣམས་བསྟན་པ་དེའི་ཕྱིར། མཚན་ཉིད་རྣམས་དག་ནི་སྐྱེ་བ་དང་ཞེས་བྱ་བ་
རྒྱས་པར་སྨོས་སོ། །འདུས་བྱས་སུ་མངོན་ནོ་ཞེས་བྱ་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། འདི་དག་ནི་འདུས་བྱས་ཀྱི་ངོ་བོ་གསལ་བར་བྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་དག་གོ། །བཟློག་པ་ནི་ཞེས་བྱ་བ་ནི་གང་ལ་མེད་པའོ། །དེ་ལ་སྐྱེ་བས་ན་ཆོས་དེ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ལ། འདིས་
ཡོངས་སུ་གཟུང་བའི་དངོས་པོ་རྣམས་སྐྱེ་བའི་ཕྱིར་རོ། །གནས་པས་ནི་གནས་པར་བྱེད་དོ་ཞེས་བྱ་བ་ལ། སྐྱེས་ལ་མ་འགགས་པ་འབྲས་བུ་འཕེན་པ་ལ་གེགས་མེད་པར་གནས་པར་བྱེད་པ་ལ་ཉེ་བར་གྱུར་པའི་རྒྱུ་ནི་གནས་པ་ཡིན་པས་གནས་པར་བྱེད་དོ་ཞེས་བྱ་བའོ། །རྒ་བས་ནི་རྒས་པར་བྱེད་དོ་ཞེས་
བྱ་བས་ནི་སྟོབས་ཆུང་བར་བྱེད་དེ། འཇིག་པ་ལ་མངོན་དུ་ཕྱོགས་པར་གནས་པར་བྱེད་ཅེས་བྱ་བའི་དོན་ཏོ། །མི་རྟག་པ་ཉིད་ཀྱིས་ནི་འཇིག་པར་བྱེད་དོ་ཞེས་བྱ་བ་ལ། འདུ་བྱེད་འགོག་པ་ལ་ལྷན་ཅིག་སྐྱེས་པའི་རྒྱུ་ཁྱད་པར་དུ་འཕགས་པ་ནི་མི་རྟག་པ་ཉིད་དོ། །མདོ་ལས་གསུམ་པོ་འདི་དག་ནི་ཞེས་བྱ་
བ་ལ། མདོ་ལས་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གསུངས་སོ། །གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་བཞི་ཡིན་ན་ནི་དེར་བཞི་པ་ཡང་བརྗོད་པར་འགྱུར་ན། གསུངས་པ་ཡང་མ་ཡིན་ལ། མདོ་ནི་ཚད་མ་ཡང་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་ཁོ་ན་ཡིན་ནོ། །བཞི་པ་མ་བསྟན་
པ་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི། དེར་གང་ཞིག་མ་གསུངས་ཞེས་བྱ་བའོ། །གནས་པ་ནི་གཞན་དུ་འགྱུར་བ་ཉིད་ཀྱི་ཁྱད་པར་ཉིད་དུ་ཉེ་བར་བླངས་པས་འདུས་བྱས་ཀྱི་མཚན་ཉིད་དུ་ཉེ་བར་བླངས་སོ་སྙམ་དུ་བསམས་པའོ། །གནས་པ་དང་གཞན་དུ་འགྱུར་བ་ནི་གནས་པ་དང་གཞན་དུ་འགྱུར་བའོ་སྙམ་དུ་
བསམས་ནས། འོ་ན་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ནི་རྒ་བའི་རྣམ་གྲངས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། །ཇི་ལྟར་དངོས་པོ་འབྱུང་བས་སྐྱེ་བའི་རྣམ་གྲངས་འབྱུང་བ་ཡིན་པ་དང་། དངོས་པོ་འཇིག་པས་མི་རྟག་པ་ཉིད་ཀྱི་འཇིག་པ་ཡིན་པ་དེ་བཞིན་དུ་དངོས་པོ་གནས་སྐབས་གཞན་དུ་བསྒྲུབ་པའི་

ཕྱིར་གནས་པ་གཞན་དུ་འགྱུར་བ་ཉིད་ནི་རྒ་བའི་རྣམ་གྲངས་ཡིན་ནོ། །མདོ་ལས་ནི་ཡིད་བྱུང་བའི་ཕྱིར་ཆོས་གང་དག་བྱ་བ་རྒྱས་པར་འབྱུང་སྟེ། མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་གྱི། མཚན་ཉིད་པ་མ་ཡིན་ལ། ཆོས་མངོན་པ་ལས་འབྱུང་བ་ནི་མཚན་ཉིད་པ་
ཡིན་གྱི། དགོངས་པ་ཅན་མ་ཡིན་པས་འགལ་བ་མེད་དོ། །ཡང་དུས་འཕོ་བས་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། མ་འོངས་པར་གྱུར་ནས་ད་ལྟར་བར་འགྱུར་བ་དང་། ད་ལྟར་བར་གྱུར་ནས་འདས་པར་འགྱུར་བ་གང་ཡིན་པའོ། །སྐྱེ་བས་ནི་འདུ་བྱེད་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
སྐྱེ་བ་ལ་སོགས་པ་རྣམས་ལ་དུས་སྤོ་བར་བྱ་བ་ལ་ནུས་པ་ཡོད་དོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། གལ་ཏེ་དེ་དག་མེད་ན་ཇི་ལྟར་འདས་པ་དང་། མ་འོངས་པ་འདུས་བྱས་སུ་རྟོགས། འདུས་མ་བྱས་ཀྱང་རང་གི་མཚན་ཉིད་ལ་གནས་པ་ཡོད་པའི་ཕྱིར་ཞེས་བྱ་བ་ལ། དེའི་ཕྱིར་གནས་པས་འདུས་བྱས་སུ་
མི་རྟོགས་ཏེ། འཁྲུལ་པའི་ཕྱིར་རོ། །གནས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཕྱོགས་ལ་བརྟེན་པའི་ཕྱིར་གདུལ་བ་རྣམས་འདུས་མ་བྱས་ལ་ཡང་འདུས་བྱས་ལྟར་རམ། འདུས་བྱས་ལ་ཡང་འདུས་མ་བྱས་ལྟར་རྟོགས་པར་འགྱུར་ན་ནི། མི་རུང་བས་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་དེ་མ་སྨོས་ལ།
གང་དག་འདུས་བྱས་མི་འཁྲུལ་བ་དེ་དག་ནི་མདོ་ལས་འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་སོ། །གནས་པ་དང་རྒ་བ་བསྡུས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དགོས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར། འདི་དག་ནི་ནང་ན་ཆགས་པའི་གཞི་ཡིན་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་དག་གི་ནང་ན་སྟེ།
འདུ་བྱེད་ཀྱི་ནང་འདི་ན་སྟེ། གནས་པ་ནི་ཆགས་པའི་གཞི་སྟེ། ཆགས་པའི་གནས་ཡིན་པས་གནས་པ་དེ་ལ་མ་ཆགས་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གནས་པ་དཔལ་དང་འདྲ་བ་འདི་རྣ་ནག་མ་དང་ལྷན་ཅིག་ཏུ་སྟེ། བཀྲ་ཤིས་མ་དང་ལྷན་ཅིག་ཏུ་བསྟན་ཏོ། །གང་གི་ཕྱིར་བཀྲ་ཤིས་དང་བཀྲ་
ཤིས་མ་མ་ཡིན་པ་བཞིན་དུ་འདི་ཡང་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་འདི་ལ་ཆགས་པར་མི་བྱའོ། །དེ་ལྟ་མ་ཡིན་ན་ནི་གཞན་དུ་འགྱུར་བ་ཙམ་ཞིག་གསུངས་པར་འགྱུར་ཏེ། འདིར་གནས་པའི་ཚིག་གིས་དགོངས་པ་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར་རོ། །དེ་ལྟར་བསྟན་ན་འདུས་བྱས་ཀྱི་གནས་པ་

གཞན་དུ་འགྱུར་བ་ཉིད་དུ་མངོན་ཏེ། འདུས་མ་བྱས་ཀྱི་གནས་པ་ལ་ནི་དེ་མེད་དོ། །སྐྱེ་བ་ལ་སོགས་པ་དེ་དག་ཀྱང་རྩ་བའི་ཆོས་ལྟར་འདུས་བྱས་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་གཞན་དག་ཀྱང་ཡོད་པར་འགྱུར་རོ་ཞེ་ན། དེ་དག་ཀྱང་སྐྱེ་བའི་སྐྱེ་བ་ལ་སོགས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
ཁ་ཅིག་ངེས་པར་གཟུང་བར་བྱ་བའི་དོན་དུ་དེ་དག་ལ་དེ་དག་ཁོ་ན་ཡོད་ཀྱི། དེ་དག་ལ་གཞན་ནི་མ་ཡིན་ནོ་ཞེས་ཀྱང་གི་སྒྲ་འདོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་གང་ལས་མཐུན་པའི་མཚན་ཉིད་རྣམས་གསུངས་ཤེ་ན། སྐྱེ་བ་ལ་སོགས་པ་རྣམས་འདུས་བྱས་ཡིན་པའི་ཕྱིར་དང་
Luận tạng Tây Tạng (Tengyur) — Tập 144 | Tra cứu Kinh điển | Tàng Kinh Việt