Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 8 / 23 (50.000 ký tự/trang)
ྱི་གཞན་དུ་ནི་མ་ཡིན་གྱི། མངལ་ནས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བའི་སེམས་ཅན་དུ་གྱུར་པའི་ཕྱིར་རོ། །

སྲོག་གི་དབང་པོས་ནི་གནས་པར་བྱེད་དེ། སྐྱེ་མཆེད་དྲུག་གི་རྒྱུན་རྒྱུན་མི་གཅོད་པར་བྱེད་པའི་ཕྱིར་རོ། །ཚོར་བ་རྣམས་ཀྱིས་ནི་ཉེ་བར་སྤྱོད་པར་བྱེད་དེ། འཇུག་པའི་རྟེན་ལ་ཕན་པ་དང་གནོད་པར་བྱེད་པ་ལ་ཞུགས་པའི་ཕྱིར་རོ། །དེ་ལྟར་ན་བཅུ་བཞི་པོ་འདི་དག་ནི་འཇུག་པ་ལ་གཙོར་བྱེད་པར་
ཞུགས་པའི་ཕྱིར་དབང་པོ་ཉིད་དོ། །རྣམ་པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྟེན་ལ་སོགས་པའི་རྣམ་པས་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་ལྡོག་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྡོག་པ་ནི་ལྡོག་པ་ཡིན་ཏེ། དེ་ཡང་སྐྱེ་མཆེད་དྲུག་གཏན་འགགས་པའོ། །དེའི་རྟེན་ནི་དད་པ་ལ་སོགས་པ་རྣམས་ཡིན་ཏེ།
དགེ་བའི་རྩ་བ་ཐམས་ཅད་སྐྱེ་བ་ལ་གཙོ་བོ་ཡིན་པའི་ཕྱིར་རོ། །སྐྱེ་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ཏེ། ནངས་ཀྱི་དང་པོར་ཡང་དག་པར་ངེས་པའི་ཕུང་པོ་ལ་གནས་པའི་ཕྱིར་རོ། །གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ཏེ། དེ་ནི་རྒྱུན་དང་ལྡན་པའི་ཕྱིར་ན་སྐྱེ་བ་གཞན་དུ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །
ཀུན་ཤེས་པ་དང་ལྡན་པའི་དབང་པོས་ཉེ་བར་སྤྱོད་པར་བྱེད་དེ། མཐོང་བའི་ཆོས་ལ་བདེ་བར་གནས་པས་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དབང་པོ་དེ་སྙེད་ཅིག་གསུངས་ཏེ། དེ་སྙེད་ཅིག་ཁོ་ནས་བརྗོད་པར་འདོད་པའི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་མ་རིག་པ་ལ་སོགས་པ་དང་། ངག་ལ་
སོགས་པ་རྣམས་དབང་པོ་ཉིད་དུ་ཁ་བསྐང་བར་མི་བྱ་སྟེ། མདོ་ཉིད་ལས་བཤད་པའི་དབང་པོའི་དོན་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་དག་གི་གོ་རིམས་ཀྱང་དེ་ཡིན་ནོ་ཞེས་བྱ་བ་ནི་མིག་གི་དབང་པོ་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་བར་རོ། །སེམས་ཀྱི་རྟེན་ཡིན་པའི་ཕྱིར་ན་སྔར་མིག་ལ་སོགས་པ་རྣམས་བཤད་དོ། །
དེའི་བྱེ་བྲག་གི་རྒྱུ་ཡིན་པའི་ཕྱིར་དེའི་མཇུག་ཐོགས་སུ་ཕོ་དང་མོའི་དབང་པོའོ་ཞེས་བྱ་བ་རྒྱས་པར་བརྗོད་པར་བྱའོ། །ཡང་ན་ལྡོག་པ་འཇུག་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སྐྱེ་མཆེད་དྲུག་འཇུག་པའི་རྟེན་ཉིད་དུ་སྔར་བཤད་དེ། དེ་བཞིན་དུ་གཞན་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །ངག་ནི་དབང་པོ་མ་ཡིན་པ་ཉིད་དེ། གང་ལ་ཞེ་ན།
ཚིག་སྨྲ་བར་བྱ་བ་ལ་སྟེ། སློབ་པའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །གང་ཞིག་གང་ལ་དབང་བྱེད་པ་དེ་དག་ནི་ལོགས་སུ་སློབ་པ་ལ་ལྟོས་པ་མ་ཡིན་ཏེ། མིག་ལ་སོགས་པ་བཞིན་ནོ། །བྱིས་པ་ནི་སྐྱེས་པ་ཙམ་གྱིས་སློབ་པ་མེད་པར་མིག་གིས་གཟུགས་ལྟའི། བསླབ་པའི་ཁྱད་པར་མེད་པར་སྨྲ་བ་ནི་མི་ནུས་ཏེ། འདི་ལྟར་

ལེགས་པར་སྦྱར་བ་དང་ཐ་མལ་པའི་ཡུལ་གྱི་བྱེ་བྲག་གིས་སློབ་པ་ལ་ལྟོས་ནས་ཚིག་ཐ་དད་པ་ཡིན་ནོ། །དེའི་ཕྱིར་དབང་པོའི་ཆོས་ལས་འདས་པའི་ཕྱིར་ངག་ལ་སོགས་པ་རྣམས་དབང་པོ་ཡིན་པར་མི་འོས་སོ། །རེ་ཞིག་ངག་གི་དབང་པོ་ཉིད་ཅི་ཞིག་ཡིན། གལ་ཏེ་གང་ལས་ཚིག་འབྱུང་བ་ཡིན་ན། དེ་ལྟ་ན་ནི་རྟོག་པ་དང་དཔྱོད་པ་
ལ་སོགས་པ་དག་དང་། དེ་དག་གིས་ཀུན་ནས་བསླངས་པའི་རླུང་རྣམས་ཀྱང་དེའི་དབང་པོ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཡང་མགྲིན་པ་དང་། རྐན་དང་། མཆུ་ལ་སོགས་པ་རྣམས་ལ་བརྟེན་ནས་འབྱུང་མོད་ཀྱི། དེ་ལྟར་ན་ཡང་རྟོག་པ་ལ་སོགས་པ་དག་སྟེ་ཀུན་ནས་སློང་བར་བྱེད་པའི་ཕྱིར་གཙོ་བོ་ཡིན་ནོ། །ལག་པ་
དང་རྐང་པ་ཡང་ལེན་པ་དང་འགྲོ་བ་ལས་གཞན་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ། ལག་པ་དེ་ཉིད་གཞན་དང་གཞན་དུ་འབྱུང་བ་ལ་ལེན་པ་ཞེས་བྱ་ལ། རྐང་པ་ཉིད་གཞན་དང་གཞན་དུ་འབྱུང་བ་ལ་འགྲོ་བ་ཞེས་བྱ་སྟེ། དེ་ལ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་ཡུལ་གཞན་དུ་ཕྱིན་པ་མེད་ཅིང་བྱ་བ་དོན་གཞན་དུ་གྱུར་པ་ཡང་
མེད་དོ། །དེའི་ཕྱིར་ལེན་པ་དང་འགྲོ་བ་ལག་པ་དང་རྐང་པ་ལས་གཞན་མ་ཡིན་ནོ། །དེའི་ཕྱིར་དེ་ལ་དབང་བྱེད་པ་ནི་མ་ཡིན་ཏེ། རང་ཉིད་ལ་ནི་དབང་བྱེད་པར་མི་རུང་ངོ་། །ཇི་ལྟར་མིག་གཟུགས་ལ་དབང་བྱེད་ཅིང་། མིག་གི་དབང་པོ་ལས་གཟུགས་གཞན་མ་ཡིན་ལ། རང་ཉིད་ལ་དབང་བྱེད་པ་མ་ཡིན་པ་དེ་བཞིན་དུ་
འདིར་ཡང་ཡིན་ནོ། །སྦྲུལ་ལ་སོགས་པ་ལ་ཞེས་བྱ་བ་ལ། སྦྲུལ་ལ་སོགས་པ་རྣམས་ལ་ལག་པ་དང་རྐང་པ་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ཁས་ལེན་པ་དང་བྲང་གིས་འགྲོ་བ་ཡིན་ཏེ། དེ་བཞིན་དུ་ཉ་ལ་སོགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །རྐུབ་ཀྱང་རྟུག་པར་བྱ་བ་ལ་དབང་པོ་མ་ཡིན་ཏེ་ཞེས་བྱ་བ་
ནི་མི་གཙང་བ་རྟུག་པར་བྱ་བ་ལའོ། །དེ་རླུང་གིས་ཀྱང་བྲོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་གཙང་བ་བྲོ་བར་བྱེད་པའི་ཕྱིར་རོ། །ཁ་ཅིག་ནི་ཁ་ནས་ཀྱང་རྟུག་པར་བྱེད་པར་མཐོང་བའི་ཕྱིར་རོ། །དེ་ལྟར་ན་དབང་པོའི་རྣམ་པར་གཞག་པ་འཆོལ་བར་འགྱུར་ཏེ། ཁས་ལེན་པ་དང་རྟུག་པའི་ཕྱིར་ལ། ལག་པ་གཉིས་
ཀྱིས་ལེན་པ་དང་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་རྐང་པ་གཉིས་ཀྱིས་ལེན་ཅིང་འགྲོའོ། །ཀུན་དུ་དགའ་བ་ནི་ཉོན་མོངས་པ་ཅན་གྱི་བདེ་བའོ། །དེ་ཉིད་ཀྱི་ཕྱིར། བདེ་བ་དེ་ནི་མོ་དང་ཕོའི་དབང་པོས་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་མདོམས་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་མདོམས་ཀྱི་དབང་པོ་ལུས་ཀྱི་དབང་པོ་ལས་

གཞན་མ་ཡིན་ཏེ། ཕོ་དང་མོའི་དབང་པོ་དག་ནི་ལུས་ཀྱི་དབང་པོའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ལྐོག་མ་ལ་སོགས་པ་རྣམས་ཀྱང་གྲངས་བཞིན་དུ་མེད་པ་ལ་སོགས་པ་ལ་དབང་བྱེད་པའི་ཕྱིར་དབང་པོ་ཐལ་བར་འགྱུར་ཏེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ས་བོན་དང་མྱུ་གུ་ལ་
སོགས་པ་རྒྱུར་གྱུར་པ་ཐམས་ཅད་ཀྱང་རང་གི་བྱ་བ་མྱུ་གུ་དང་། འདབ་མ་དང་། སྦལ་མིག་བཅས་པའི་མཚན་ཉིད་ལ་དབང་བྱེད་པའི་ཕྱིར་དབང་པོ་ཉིད་དུ་ཐལ་བར་འགྱུར་རོ། །དབང་པོའི་དོན་དེ་རྣམ་པར་གཞག་པའི་རྒྱུ་བཤད་ཟིན་ཏོ། །དེ་དག་གི་རང་གི་ངོ་བོ་བརྗོད་པར་བྱ་སྟེ། དེ་ལ་མིག་ལ་སོགས་པ་ཕོའི་
དབང་པོ་ལ་ཐུག་པ་རྣམས་ནི་བསྟན་ཟིན་ཏོ་ཞེས་བྱ་བ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་དང་། ལུས་ལས་ཕོ་དབང་མོ་དབང་དག །ཅེས་བྱ་བ་ལས་སོ། །སྲོག་གི་དབང་པོ་ནི་ཞེས་བྱ་བ་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །
ཞེས་བྱ་བ་དེ་ནས་སོ། །དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་དག་གི་ནང་ནས་ཞེས་བྱ་བ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །ཞེས་བྱ་བ་དེ་ནས་སོ། །བདེ་བ་ལ་སོགས་པ་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཤད་པར་བྱ་སྟེ་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་བདེ་བ་ལ་སོགས་པ་
རྣམས་ཀྱང་སེམས་ལས་བྱུང་བ་ཡིན་པའི་ཕྱིར་དད་པ་ལ་སོགས་པ་བཞིན་དུ་སེམས་ལས་བྱུང་བ་དག་གི་ནང་ནས་བཤད་པར་བྱ་བ་མ་ཡིན་ཞེ་ན། མ་ཡིན་ཏེ། སེམས་ལས་བྱུང་བ་དག་ཏུ་ནི་ཚོར་བ་དང་། འདུ་ཤེས་སེམས་པ་དང་ཞེས་སྤྱིའི་དབང་དུ་བྱས་ཀྱི། དེའི་ཕྱིར་འདི་ཉིད་དུ་དེ་དག་གི་ཁྱད་པར་གྱི་མཚན་ཉིད་
བསྟན་པའི་སྐབས་སུ་བབ་པས་དབང་པོའི་སྐབས་འདི་ཉིད་དུ་སྟོན་པར་བྱེད་དོ། །གལ་ཏེ་ཡིད་ཀྱི་མཚན་ཉིད་ནི་བཤད་ཟིན་ལ། དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ནང་ནས་འཆད་པར་འགྱུར་ཞིང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་རྣམས་འདི་ཉིད་ནས་འཆད་ན། གང་ཞིག་འདིར་
བཤད་པར་བྱ་བ་བརྗོད་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་པོ་གཞན་གང་ཞིག་ཡོད་ཅེ་ན། དེ་ནི་དེ་དག་ལས་གཞན་མེད་དོ། །འོ་ན་ཅི་ཞིག་ཅེ་ན། འདི་དག་གནས་སྐབས་གང་ཞིག་གིས་ཁྱད་པར་དུ་འཕགས་པ་ན། ཀུན་ཤེས་པར་བྱེད་པ་ལ་སོགས་པ་ཞེས་བྱ་བ་འཐོབ་པའི་གནས་སྐབས་དེ་བསྟན་

པར་བྱ་དགོས་པས་ཀུན་ཤེས་པར་བྱེད་པ་ལ་སོགས་པའི་དབང་པོ་བཤད་པར་བྱ་སྟེ། དེ་བརྗོད་པར་བྱའོ་ཞེས་དེ་སྐད་དུ་བསྟན་པ་ཡིན་ནོ། །ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་ཞེས་བྱ་བ་ལ། ལུས་ཀྱི་དབང་པོ་སིམ་པ་ཡང་ཡོད་པས་སིམ་པ་མ་ཡིན་ཞེས་བྱ་བ་ཁྱད་པར་དུ་བྱས་སོ། །སེམས་ཀྱི་
སིམ་པ་མ་ཡིན་པ་ཡང་ཡོད་པས་ལུས་ཀྱི་ཞེས་བྱ་བ་སྨོས་སོ། །སིམ་པ་མ་ཡིན་པའི་བརྗོད་པའི་དོན་མ་གཏོགས་པའི་ཕྱིར་རྣམ་གྲངས་གཞན་གྱིས་དེའི་དོན་སྟོན་པར་བྱེད་པ་ནི། སིམ་པ་མ་ཡིན་པ་ཞེས་བྱ་བ་ནི་གནོད་པར་བྱེད་པ་སྟེ། སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བའོ། །འདི་སྐད་བསྟན་པར་འགྱུར་ཏེ།
རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བ་བཀག །འདི་སྐད་བསྟན་པར་འགྱུར་ཏེ། རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་དང་། རྣམ་པར་ཤེས་པ་གསུམ་དང་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བ་ཕན་འདོགས་པ་ནི་བདེ་བའི་དབང་པོའོ། །བསམ་གཏན་གསུམ་པ་ན་ཡང་བདེ་བའི་དབང་པོ་
ཡོད་པར་འདོད་ན། དེ་ནི་ལུས་ཀྱི་ཡིན་པར་འདོད་པ་ཡང་མ་ཡིན་ནོ་ཞེ་ན། དེའི་ཕྱིར། བསམ་གཏན་གསུམ་པ་ན། སེམས་ཀྱི་དེ་ནི་བདེ་དབང་པོ། །ཞེས་བྱ་བ་སྨོས་ཏེ། གནོད་པ་བྱེད་པ་ནི་སྡུག་བསྔལ་གྱི་དབང་པོའོ་ཞེས་བྱའོ་སིམ་པ་ནི་བདེ་བའོ། །སྐབས་སུ་བབ་པའི་ཕྱིར་ལུས་ཀྱི་དབང་པོ་དང་སྦྱར་བར་བྱའོ། །
འདིར་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ནི་སྔ་མ་བཞིན་ནོ། །སེམས་ཀྱི་ཞེས་བྱ་བ་འདིས་ནི་ལུས་ཀྱི་རྣམ་པར་གཅོད་དོ། །དེ་ཉིད་ཅེས་བྱ་བ་འདིས་ནི་སིམ་པ་མ་ཡིན་པ་རྣམ་པར་གཅོད་དེ། དེ་ཉིད་ཀྱི་ཕྱིར། དེ་ཉིད་ཅེས་བྱ་བ་སྨོས་ཏེ། སེམས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོ་ཡིན་ནོ། །ཡང་ཅིའི་ཕྱིར་
འདོད་པའི་ཁམས་དང་། བསམ་གཏན་དང་པོར་ལུས་ཀྱི་སིམ་པ་བདེ་བའི་དབང་པོར་རྣམ་པར་གཞག་ལ། བསམ་གཏན་གསུམ་པར་ནི་སེམས་ཀྱི་ཡིན་ཞེ་ན། དེའི་ཕྱིར། ལུས་ཀྱི་ཚོར་བ་ནི་མེད་དོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་མེད་ཅེ་ན། དེའི་ཕྱིར། དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ཞེས་བྱ་བ་
སྨོས་སོ། །གཞན་ན་དེ་ཡིད་བདེ་བ་ཡིན། །ཞེས་བྱ་བ་ལ། བསམ་གཏན་གསུམ་པ་ལས་གཞན་ཡིད་བདེ་བའི་དབང་པོ་ཡིན་ནོ། །གཞན་ན་ཞེས་བྱ་བ་སྨོས་པ་བསམ་གཏན་གསུམ་པའི་གོང་དུ་ཡང་དེར་ཐལ་བར་འགྱུར་བ་བཟློག་པའི་ཕྱིར། །འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པ་ན་ནི་ཞེས་བྱ་བ་

སྨོས་ཏེ། དེ་ནི་དེ་དག་ཁོ་ནར་སྲིད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་བསམ་གཏན་དང་པོ་དང་གཉིས་པ་བཞིན་དུ་བསམ་གཏན་གསུམ་པར་ཡང་དེའི་བདེ་བའི་དབང་པོར་མ་བཤད་ཅེ་ན། དེའི་ཕྱིར། བསམ་གཏན་གསུམ་པ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡིད་བདེ་བ་ནི་དགའ་བ་ཡིན་ལ།
དགའ་བའི་འདོད་ཆགས་དང་བྲལ་བས་ཀྱང་བསམ་གཏན་གསུམ་པ་ཐོབ་སྟེ། མདོ་ལས། དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་པ། དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་ཞེས་གསུངས་སོ། །དེའི་ཕྱིར་བསམ་གཏན་གསུམ་པ་ན་བདེ་བའི་དབང་པོ་ཁོ་ནར་བརྗོད་ཀྱི། ཡིད་བདེ་བའི་
དབང་པོར་ནི་མ་ཡིན་ནོ། །ཕན་འདོགས་པར་བྱེད་པའི་ཉམས་སུ་མྱོང་བར་མཚུངས་པ་ཡིན་ནོ། །ཡིད་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། འཇུག་པས་བྱས་པའོ། །སེམས་ཀྱི་བདེ་བའི་དབང་པོ་ནི་བརྟན་པར་འཇུག་པ་ཡིན་ལ། ཡིད་བདེ་བ་ནི་མི་བརྟན་པར་འཇུག་པ་ཡིན་ཏེ། སེམས་ཡ་ཡ་པོར་བྱེད་པའི་
ཕྱིར་རོ། །སེམས་ཀྱི་སིམ་པ་མ་ཡིན་པ། །མི་བདེ་བའོ་ཞེས་བྱ་བ་ལ། སེམས་ཀྱི་ཡིད་མི་བདེ་བ་ནི་གནོད་པར་བྱེད་པའོ། །ལུས་དང་སེམས་ཀྱི་སིམ་པ་དང་། སིམ་པ་མ་ཡིན་པའི་དབྱེ་བས་ཚོར་བ་གསུམ་པོ་དག་རྣམ་པར་གཞག་པ་བྱས་ཟིན་ཏོ། །ད་ནི་བཏང་སྙོམས་ཀྱི་དབང་པོ་བརྗོད་པར་བྱ་དགོས་པས།
དེའི་ཕྱིར། བཏང་སྙོམས་ནི་བར་མའོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སིམ་པ་ནི་བདེ་བའོ། །སིམ་པ་མ་ཡིན་པ་ནི་སྡུག་བསྔལ་ལོ་ཞེས་ཐལ་མ་ཐག་ཏུ་བཤད་ལ། འདིར་ནི་བར་མའོ་ཞེས་བཤད་པ་དེའི་ཕྱིར་སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་བར་མའོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར། སིམ་པ་
ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ཡང་མི་ཤེས་པ་དེའི་ཕྱིར་གསུང་རབ་ལས་གྲགས་པའི་རྣམ་གྲངས་གཞན་གྱིས་སྟོན་པ་ནི། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཞེས་བྱ་བ་ལ་སོགས་པའོ། །བདེ་བ་དང་སྡུག་བསྔལ་ལྟར་ལུས་དང་སེམས་ལ་བརྟེན་པའི་
ཕྱིར་དང་། དེ་དང་འདྲ་བར་ཕྱེ་ནས་མ་བསྟན་པའི་ཕྱིར་ཐེ་ཚོམ་ཟ་བ་ན་འདྲི་བ་ནི། ཅི་ལུས་ཀྱི་འམ། སེམས་ཀྱི་ཞེས་བྱ་བ་སྟེ། བཏང་སྙོམས་ཀྱི་དབང་པོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེའི་ཕྱིར་སྨྲས་པ། གཉིས་ཀའི་ཡིན་ནོ། །ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བདེ་བ་དང་། སྡུག་བསྔལ་དག་ནི་རྟེན་ཐ་དད་པ་ལ་གུས་པ་

མེད་པར་བྱས་ཏེ། བསྡུས་ནས་ཏེ་བསྡོམས་ནས་དབང་པོ་གཅིག་ཏུ་བྱས་པ་འདི་ལ་རྒྱུ་ཅི་ཞིག་ཡོད་དེ། དེ་བཞིན་གཤེགས་པ་རྣམས་ལ་ནི་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མངའ་བའི་ཕྱིར་དང་ཐམས་ཅད་ལ་དྲན་པ་ཉེ་བར་གནས་པའི་ཕྱིར། རྒྱུ་མེད་པར་ཆོས་སྟོན་པ་མི་མངའོ་ཞེ་ན། དེའི་ཕྱིར་མི་རྟོག་
ཕྱིར་ཞེས་བྱ་བ་སྨྲས་སོ། །བསྡུས་ནས་དབང་པོ་གཅིག་ཏུ་བྱས་པ་ལ་རྒྱུ་སྨྲས་པ་ནི། སེམས་ཀྱི་བདེ་བ་དང་སྡུག་བསྔལ་བ་ནི་ཕལ་ཆེར་རྣམ་པར་རྟོག་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཕལ་ཆེར་སྨོས་པས་ནི་དགའ་བའི་བདེ་བ་ཏིང་ངེ་འཛིན་ལས་སྐྱེས་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་སྤང་བར་བྱ་
བའི་ཕྱིར་རོ་ཞེས་བྱ་བ་འདི་སྟོན་ཏོ། །ལུས་ཀྱི་བདེ་བ་དང་སྡུག་བསྔལ་ནི་རྣམ་པར་རྟོག་པ་ལས་མི་སྐྱེའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་ཡུལ་གྱི་དབང་གིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། མཛའ་བ་དང་མི་མཛའ་བའི་རྣམ་པར་རྟོག་པ་སྤངས་པའི་དགྲ་བཅོམ་པ་རྣམས་ལ་ཡང་ཡུལ་ཡིད་དུ་འོང་བ་དང་། མི་འོང་བའི་
དབང་གིས་ངེས་པར་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཅེས་བྱ་བ་ལ། ལུས་ཀྱི་དང་སེམས་ཀྱི་བདེ་བ་དང་། སྡུག་བསྔལ་དག་བདེ་བའི་དབང་པོ། སྡུག་བསྔལ་གྱི་དབང་པོ། ཡིད་བདེ་བའི་དབང་པོ། ཡིད་མི་བདེ་བའི་དབང་པོ་ཞེས་དབང་པོ་ཐ་དད་དོ། །བཏང་སྙོམས་ནི་ལུས་ཀྱི་འམ། སེམས་
ཀྱི་འམ། རྣམ་པར་སྨིན་པ་ལས་སྐྱེས་པའམ། རྒྱས་པར་འབྱུང་བ་ཡིན་ཡང་རུང་སྟེ། རྣམ་པར་མི་རྟོག་པ་ཁོ་ནར་རང་གི་ངང་གིས་ཏེ། མངོན་པར་འདུ་བྱ་བ་མེད་པར་སྐྱེ་སྟེ། དེའི་ཕྱིར་དབང་པོ་གཅིག་ཏུ་བྱས་སོ། །ལུས་ཀྱི་བདེ་བ་ཡང་གཞན་དུ་ཕན་འདོགས་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལུས་ཀྱི་བདེ་བ་
དང་སྡུག་བསྔལ་ནི་ཉི་ཚེ་བར་ཞུགས་པར་ལུས་དང་སེམས་དག་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པ་ཡིན་ལ། ལུས་ཀྱི་བདེ་བ་དང་། སྡུག་བསྔལ་གྱི་དྲག་པ་དང་། མགྱོགས་པར་བྱེད་པ་དང་། རྒྱུན་ཆགས་པ་ཡང་ཡིན་གྱི། སེམས་ཀྱི་ནི་དེ་ལྟ་མ་ཡིན་ཏེ། ཡིད་ལ་སྨོན་པ་ཡོངས་སུ་རྫོགས་པ་དང་།
སྡུག་པའི་རྣམ་པར་རྟོག་པའི་རྒྱུ་ཅན་གྱིས་དུས་ཅུང་ཟད་ཕན་འདོགས་པའམ། གནོད་པར་བྱེད་དོ། །བཏང་སྙོམས་ལ་ནི་ལུས་ཀྱི་བཏང་སྙོམས་ནི་གཞན་དུ་ཕན་འདོགས་ལ། སེམས་ཀྱི་ཡང་གཞན་དུ་ཕན་འདོགས་སོ་ཞེས་བྱ་བའི་ཁྱད་པར་འདི་མེད་དེ། དེ་བས་ན་བཏང་སྙོམས་ལ་བྱེ་བྲག་མེད་པས་ཐ་དད་པ་མེད་

དོ། །ཟག་པ་མེད་པ་རྣམས་ཀྱི་སྐབས་སུ་བབ་པ་ལ། དེ་དག་ལ་ནི་ལོགས་སུ་བསྟན་པར་བྱ་བ་ཅུང་ཟད་ཀྱང་མེད་མོད་ཀྱི། འོན་ཀྱང་། མཐོང་བསྒོམ་མི་སློབ་ལམ་ལ་དགུ་གསུམ་ཡིན། །ལན་གསུམ་དུ་དབང་པོ་དགུ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པར་བརྗོད་དོ། །ཀུན་ཤེས་པར་བྱེད་
པའི་དབང་པོ་ལ་སོགས་པའི་དབང་པོ་རྣམས་བུམ་པ་ལྟར་བཏགས་སུ་ཡོད་པ་ཉིད་དུ་འགྱུར་བ་ཡིན་ནམ་ཞེ་ན་མི་འགྱུར་ཏེ། དབང་བྱེད་པའི་དོན་ནི་དབང་པོའི་དོན་ཡིན་ལ། ཚོགས་པ་དག་ཀྱང་རེ་རེ་ཞིང་དབང་བྱེད་པས་ཀུན་ཤེས་པར་བྱེད་པ་ལ་སོགས་པའི་དབང་པོ་ཉིད་ཡིན་གྱི། བུམ་པ་ལ་སོགས་པ་རྣམས་ནི་རེ་རེ་
ཞིང་བུམ་པ་ལ་སོགས་པར་བསྙད་པ་མ་ཡིན་ནོ། །མཐོང་བའི་ལམ་ལ་སོགས་པ་དག་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་དབང་པོའོ། །བདེ་བ་ལ་སོགས་པ་ཚོར་བའི་དབང་པོ་གསུམ་ནི་ཅི་རིགས་པར་རྟེན་གྱི་དབང་གིས་ཡིན་ཏེ། མཐོང་བ་དང་། བསྒོམ་པའི་ལམ་དག་ནི་ས་དྲུག་པ་དང་། ས་དགུ་
པ་ཡིན་པའི་ཕྱིར་རོ། །དགེ་ལ་ཐམས་ཅད་དག་ཏུ་ལྔ། །ཞེས་བྱ་བས་དད་པ་ལ་སོགས་པ་དག་ནི་ཐམས་ཅད་ན་ཡོད་ཀྱི། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་རྣམས་ནི་དེ་ལྟར་ཅིག་ཅར་སྲིད་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར། འདི་དག་ལམ་གསུམ་དུ་གོ་རིམས་བཞིན་དུ་ཀུན་ཤེས་པར་བྱེད་པའི་དབང་
པོ་ལ་སོགས་པ་ཉིད་ཅེས་བྱ་ཞེ་ན། མཐོང་བའི་ལམ་ལ་ནི་བདེན་པ་བཞི་མི་ཤེས་པ་ཀུན་ཤེས་སོ་སྙམ་དུ་ཞུགས་པའི་དབང་པོ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ནོ། །བསྒོམ་པའི་ལམ་ལ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱ་བ་ནི་མེད་ཀྱི་ཞེས་བྱ་བ་ནས་ཀུན་ཤེས་པར་བྱེད་པའི་དབང་པོ་ཉིད་ཀྱིས་ཤེས་པར་བྱ་བའི་
བདེན་པ་བཞི་སྟེ། དྲི་མེད་བཅུ་དྲུག་གཞན་རྣམས་མེད། །ཅེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་བསྒོམ་པའི་ལམ་ལ་སྔ་ནས་མེད་པ་ཀུན་ཤེས་པར་བྱ་བ་མེད་དེ། དེའི་ཕྱིར་བདེན་པ་བཞིའི་བདེན་པ་རྟོགས་པ་ཡིན་དང་གང་ཞིག་དབང་པོ་ཡིན་པ་དེ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །དེ་ཉིད་ཀུན་ཤེས་པར་བྱེད་པའོ་ཞེས་བྱ་
བ་ཉིད་འབྱུང་སྟེ། བསྒོམ་པའི་ལམ་ནི་མཐོང་བའི་ལམ་གྱིས་མངོན་པར་རྟོགས་པར་བྱས་ཟིན་པའི་བདེན་པ་བཞིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་མཐོང་བའི་ལམ་ཉིད་ཀྱིས་བདེན་པ་བཞི་ཀུན་ཤེས་པར་བྱས་ན་སྤང་བའི་ཕྱིར་བསྒོམ་པའི་ལམ་གྱིས་རྟོགས་པར་བྱེད་ཅེ་ན། ཕྲ་རྒྱས་ལྷག་མ་སྤང་བར་བྱ་བའི་ཕྱིར་རོ། །

འདི་ལྟར་མཐོང་བའི་ལམ་གྱིས་ནི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་སྤང་བར་བྱ་བའི་ཕྱིར་ཀུན་ཤེས་པར་བྱེད་པ་ཡིན་ལ། བསྒོམ་པའི་ལམ་གྱིས་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་ཀུན་ཤེས་པ་ཡིན་ནོ། །ཀུན་ཤེས་སོ་སྙམ་པ་དང་ལྡན་པ་ནི་ཀུན་ཤེས་པ་ཟད་པ་དང་། མི་སྐྱེ་བ་
ཤེས་པའི་མཚན་ཉིད་ཅན་ཏེ། དེ་འདི་ལ་ཡོད་པས་སམ་ཀུན་ཤེས་པ་བསྲུང་བའི་ངང་ཚུལ་འདི་ལ་ཡོད་པས་ན་ཀུན་ཤེས་པ་དང་ལྡན་པ་སྟེ། ལྡན་པའི་དོན་དང་། དེའི་ངང་ཚུལ་ཅན་གྱི་དོན་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །ཀུན་ཤེས་པའི་དབང་པོ་དང་འདི་ལ་ཁྱད་པར་ཅི་ཞིག་
ཡོད། དེས་ཀྱང་ཀུན་ཤེས་པ་ཉིད་ཤེས་པ་ཡིན་ནོ་ཞེ་ན། དེའི་ཕྱིར། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དེ་ལྟ་བུའི་དབང་པོ་ནི་ཞེས་བྱ་བ་ནི་ཀུན་ཤེས་པ་རྟོགས་པ་དང་། སྲུང་བའི་ངང་ཚུལ་ཅན་གྱི་ཞེས་བྱ་བའི་ཐ་ཚིག་གོ། །འདིར་རང་གི་ངོ་བོ་སྟོན་པའི་དབང་དུ་བྱས་
པ་ཡིན་པས། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོ་ཞེས་བྱ་བ་ལ་སོགས་པས་དེ་དག་རང་གི་ངོ་བོ་བསྟན་ཞིང་། འཆད་པར་འབྱུང་བའི་སྲོག་གི་དབང་པོ་ལ་སོགས་པ་རྣམས་རང་གི་ངོ་བོ་བསྟན་ཟིན་པར་བྱ་སྟེ། རང་གི་ངོ་བོ་བསྟན་ནས་ཞེས་བྱ་བ་འདི་མངོན་པར་བརྗོད་དོ། །རྣམ་པའི་བྱེ་བྲག་
བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལ་སོགས་པ་སྟེ། ཆོས་མངོན་པ་ནི་ཆོས་རབ་ཏུ་རྣམ་པར་དབྱེ་བར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ། །གསུམ་ནི་དྲི་མེད་ཅེས་བྱ་བ་ལ། གསུམ་ནི་དྲི་མ་མེད་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་སྟེ། དགུ་རྣམ་གཉིས་ཞེས་འབྱུང་བའི་ཕྱིར་དང་
ཟག་པ་མེད་པའི་ལམ་གསུམ་གྱིས་བསྡུས་པའི་ཕྱིར་འདི་དག་ཟག་པ་དང་བཅས་པ་ནི་མེད་དོ། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་དང་བཅས་པ་ཁོ་ནའོ། །ཞེས་ངེས་པར་གཟུང་སྟེ། དགུ་རྣམ་གཉིས་ཞེས་གསུངས་པའི་ཕྱིར་དང་། ལམ་གྱི་བདེན་པའི་དང་། འདུས་མ་བྱས་ཀྱིས་མ་བསྡུས་པའི་ཕྱིར་
རོ། །གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི། གཟུགས་ཅན་ཞེས་བརྗོད་པར་འཇུག་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར་སྨོས་སོ། །དགུ་རྣམ་གཉིས་ཞེས་བྱ་བ་འབྱུང་སྟེ། ལམ་དང་ལམ་མ་ཡིན་པས་བསྡུས་པའི་ཕྱིར་རོ། །གལ་ཏེ་གཅིག་ཏུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པར་

ངེས་པའི་ཕྱིར་དགུ་རྣམ་གཉིས་ཞེས་བྱ་བ་མ་སྨྲས་ཀྱང་། གཉིས་ཉིད་དུ་རྟོག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ནི་བཞི་ཁོ་ན་མ་ཡིན་གྱི། དགུ་ཆར་ཡང་རྣམ་པ་གཉིས་ཡིན་ནོ་ཞེས་དད་པ་ལ་སོགས་པ་གཅིག་ཏུ་ཟག་པ་མེད་པ་ཉིད་ཡིན་པ་དགག་པར་བྱ་བའི་ཕྱིར་ཡིན་པར་འགྱུར་རོ། །ཁ་
ཅིག་ན་རེ་དད་པ་ལ་སོགས་པ་རྣམས་ནི་ཟག་པ་མེད་པ་ཁོ་ན་ཡིན་གྱི། ཟག་པ་དང་བཅས་པ་ནི་མེད་དོ་ཞེས་ཟེར་རོ། །དོན་དེ་ཉིད་ལ་ཁུངས་སྨྲས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པར་རོ། །
ཐམས་ཅད་ཅེས་བྱ་བ་ནི་ལྔ་ཆར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཟག་པ་མེད་པ་ལྟར་སོ་སོའི་སྐྱེ་བོ་རྣམས་ལ་མེད་པ་མ་ཡིན་ལ། དད་པ་ལ་སོགས་པ་རྣམས་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡོད་པ་ཡང་མ་ཡིན་ཏེ། དགག་པ་མཛད་པའི་ཕྱིར་རོ། །དེའི་ཕྱིར་ཟག་པ་མེད་པ་ཁོ་ན་
ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེ་ན། འདི་དད་པ་ལ་སོགས་པ་རྣམས་ཟག་པ་མེད་པའི་ཁུངས་སུ་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཟག་པ་མེད་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་མེད་པར་དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱི་དབང་དུ་མཛད་པར་གྱུར་ན་ནི་འདི་ཁུངས་སུ་
འགྱུར་བ་ཞིག་ན། འདི་ནི་ཟག་པ་མེད་པ་རྣམས་ཁོ་ནའི་དབང་དུ་མཛད་པ་ཡིན་ཏེ། དེའི་ཕྱིར་འདི་ཁུངས་སུ་མི་རུང་ངོ་། །འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར། འདི་ལྟར་འཕགས་པའི་གང་ཟག་རྣམ་པར་གཞག་པ་མཛད་ནས་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །
མདོ་ལས་ནི་དགེ་སློང་དག་དབང་པོ་ལྔ་པོ་འདི་དག་ཙམ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དགེ་སློང་དག་དབང་པོ་ལྔ་པོ་འདི་དག་རབ་ཡིན་པའི་ཕྱིར་དང་། རྣོ་བ་ཡིན་པའི་ཕྱིར་དང་།
བསྟེན་པ་ཡིན་པའི་ཕྱིར་དང་། ཡོངས་སུ་རྫོགས་པའི་ཕྱིར་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་བས་ཆེས་རྟུལ་བ་དང་། ཆེས་ཞན་པ་དག་གིས་ནི་དགྲ་བཅོམ་པ་ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཡིན་ནོ། །དེ་བས་ཆེས་རྟུལ་བ་དང་། ཆེས་ཞེན་པ་དག་གིས་ན་རྣམ་པར་གྲོལ་བ་དུས་དང་

སྦྱོར་བ་ཡིན་ནོ། །དེ་བས་ཆེས་རྟུལ་བ་དང་ཆེས་ཞན་པ་དག་གིས་ནི་མཐོང་བས་ཐོབ་པ། དེ་བས་ཆེས་རྟུལ་བ་དང་ཆེས་ཞན་པས་ནི་དད་པས་མོས་པ། དེ་བས་ཆེས་རྟུལ་བ་དང་ཆེས་ཞན་པས་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །དེ་བས་ཆེས་རྟུལ་བ་དང་ཆེས་ཕྲ་བས་ནི་དད་པས་རྗེས་སུ་འབྲང་བ་ཡིན་ནོ་ཞེས་བྱ་བ་ནས།
གང་ལ་དབང་པོ་ལྔ་པོ་འདི་དག་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེའི་ཕྱིར་དེ་ལྟར་ན་འཕགས་པའི་གང་ཟག་རྣམ་པར་གཞག་པར་མཛད་ནས། གང་ལ་དབང་པོ་ལྔ་པོ་འདི་དག་ཅེས་གསུངས་ཏེ། གང་དག་འདིར་དབང་དུ་
མཛད་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །དེ་ལྟར་མ་ཡིན་ན་གང་ལ་དབང་པོ་ལྔ་པོ་འདི་དག་ཅེས་མི་གསུང་བར་འགྱུར་བ་ཞིག་གོ། །དེའི་ཕྱིར་དེར་དད་པ་ལ་སོགས་པའི་དབང་པོ་ཐམས་ཅད་ཀྱི་དབང་དུ་མཛད་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །དེའི་ཕྱིར་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་ཟག་པ་དང་བཅས་པ་
དག་དང་ལྡན་པ་མི་འགལ་ལོ། །ཡང་ན་སོ་སོའི་སྐྱེ་བོ་རྣམ་པ་གཉིས་ཏེ། ནང་པ་དང་། ཕྱི་རོལ་པའོ། །དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་ནི་ནང་པ་ཞེས་བྱ་སྟེ། བདེན་པ་མངོན་པར་རྟོགས་པར་རུང་བའི་ཕྱིར་དང་། དེའི་ཚོགས་སོགས་པར་རུང་བའི་ཕྱིར་རོ། །དགེ་བའི་རྩ་བ་ཀུན་དུ་ཆད་པ་ནི་ཕྱི་རོལ་པ་སྟེ། བཟློག་པའི་ཕྱིར་
རོ། །དེ་ལྟ་མ་ཡིན་ན་ནི་ཕྱི་རོལ་གསུངས་པ་ལ་དོན་མི་མངའ་བར་འགྱུར་རོ། །དགེ་བའི་རྩ་བ་ཀུན་དུ་ཆད་པ་དང་། ཀུན་དུ་མ་ཆད་པ་གཉིས་ཆར་འཕགས་པའི་ཆོས་མ་ཐོབ་པར་མཚུངས་པའི་སྒོ་ནས་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པས་ནང་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར། ཕྱི་རོལ་ཞེས་གསུངས་སོ། །རྣམ་པ་ཐམས་
ཅད་དུ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་རྣམ་པར་རོ། །ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་ཆུང་ངུའི་ཆུང་ངུ་ཡང་མེད་པའོ། །དེ་ལྟ་མ་ཡིན་ན་ནི་གང་ལ་དབང་པོ་ལྔ་པོ་འདི་དག་མེད་པ་དེ་ནི་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུངས་པར་འགྱུར་རོ། །དད་པ་ལ་སོགས་པ་ཟག་པ་དང་བཅས་
པ་ཉིད་དུ་རབ་ཏུ་བསྒྲུབ་པ་ལ་ཁུངས་གཞན་སྨོས་པ་ནི། མདོ་ལས་ཀྱང་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །མདོ་འདི་ཡང་ཟག་པ་མེད་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེ་ན། དེའི་ཕྱིར། ཆོས་ཀྱི་འཁོར་ལོ་མ་བསྐོར་བ་ཁོ་ན་ཉི་ཚེ་ཞེས་བྱ་བ་དྲངས་ཏེ། ཆོས་ཀྱི་འཁོར་

ལོ་མ་བསྐོར་བར་ནི་འཇིག་རྟེན་ན་སེམས་ཅན་རྣམས་ལ་དད་པ་ལ་སོགས་པ་ཟག་པ་མེད་པ་དག་ཡོད་པ་ཉིད་མ་ཡིན་ཏེ། སངས་རྒྱས་འབྱུང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་གོང་རོལ་ན་སེམས་ཅན་རྣམས་
ཀྱི་དད་པ་ལ་སོགས་པ་ཟག་པ་དང་བཅས་པ་ཁོ་ན་ཞེས་བྱ་བར་ཤེས་སོ། །འདིར་དབང་པོ་རྣོན་པོ་ལ་སོགས་པ་བསྟན་པ་ནི་ཡིད་ཀྱི་དབང་པོའི་དབང་དུ་མཛད་ནས་ཡིན་ནོ་ཞེ་ན། མ་ཡིན་ཏེ། དད་པ་ལ་སོགས་པའི་དབང་པོ་ཕུན་སུམ་ཚོགས་པས་སྐལ་བ་དང་ལྡན་པ་ཡིན་པའི་ཕྱིར་རོ། །འདི་ལྟར་མདོ་ལས་ནི་སྐལ་བ་
དང་ལྡན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཆོས་བཤད་དུ་གསོལ། སེམས་ཅན་དབང་པོ་རྣོན་པོ་དག་ཀྱང་མཆིས། །ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱི་ཆོས་ཀུན་ཤེས་པར་འགྱུར། །ཞེས་བྱ་བའི་བར་དུ་གསུངས་ཀྱི། ཡིད་ཀྱི་དབང་པོ་ནི་མ་ཡིན་ནོ། །ཡིད་ཀྱི་དབང་པོ་ཡིན་ན་ནི་དགེ་བའི་རྩ་བ་ཀུན་དུ་
ཆད་པ་རྣམས་སྐལ་བ་མི་ལྡན་པའི་ཕྱིར་རོ། །ཡང་ངས་ཇི་སྲིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་དད་པ་ལ་སོགས་པ་དག་ཟག་པ་དང་བཅས་པ་ཉིད་དུ་རབ་ཏུ་བསྒྲུབ་པ་ལ་ལུང་གཞན་ཡིན་ནོ་ཞེས་སྟོན་ཏོ། །ཅི་སྟེ་ཡང་མདོ་འདི་ཉིད་ཟག་པ་མེད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ་སྙམ་ན། དེའི་ཕྱིར།
ཟག་པ་མེད་པ་རྣམས་ལ་ནི་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཡང་ལམ་ལ་སྐྱེ་བ་དང་འགག་པ་ཡོད་པས་ཀུན་འབྱུང་བ་དང་། མི་སྣང་བ་གཉིས་སྲིད་མོད་ཀྱི་རོ་མྱོང་བ་དང་། ཉེས་དམིགས་ནི་མི་སྲིད་པས་ལམ་ལ་ཡོངས་སུ་བརྟག་པ་རྣམ་པ་འདི་མི་རིགས་སོ། །དེའི་ཕྱིར་དད་པ་ལ་སོགས་པ་དག་ཟག་པ་དང་བཅས་པ་དང་། ཟག་
པ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །རེ་ཞིག་གཅིག་ཏུ་ཞེས་བྱ་བ་ནི་བྱེ་བྲག་མེད་ཅེས་བྱ་བའི་དོན་ཏོ། །སྲོག་ནི་རྣམ་སྨིན་ཞེས་བྱ་བ་ལ། སྲོག་གི་དབང་པོ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་སྟེ། བཅུ་གཉིས་གཉིས་ཞེས་འབྱུང་བའི་ཕྱིར་རོ། །བྱིན་གྱིས་བརླབས་པའི་ཚེ་ཇི་ལྟར་ཞེས་ཏེ། དེ་རྣམ་
པར་སྨིན་པ་མ་ཡིན་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། འོ་ན་དགེ་སློང་དགྲ་བཅོམ་པའི་ཞེས་བྱ་བ་ལ་སོགས་པ་འདི་སྨོས་སོ། །སྲོག་གི་དབང་པོ་གང་ཡིན་པ་དེ་དག་གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་ཅི་ཚེ་རབས་གཞན་གྱི་ལས་ཡིན་ནམ། འོན་ཏེ་ད་ལྟར་བྱུང་བའི་ཚེ་རབས་ཀྱི་ཡིན་ཞེས་བྱ་བའོ། །བསྟན་བཅོས་ལས་

ཞེས་བྱ་བ་ནི་དེ་སྐྱེ་བ་ད་ལྟར་བའི་ལས་ཀྱི་འབྲས་བུ་ཡིན་ནོ་ཞེས་ལུང་གིས་སྟོན་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་མ་ཡིན་པའོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ཐོབ་པའོ། །སེམས་ལ་དབང་ཐོབ་པ་ཞེས་བྱ་བ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །གང་
ཟག་ལ་ཞེས་བྱ་བ་ནི་གང་དུ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་སྟེ། གང་དག་འགོག་བྱམས་ཉོན་མོངས་མེད། །ཅེས་བྱ་བ་ལ་སོགས་པའོ། །འཚོ་བའི་ཡོ་བྱད་ཅེས་བྱ་བ་ལ་འཚོ་བའི་ཆེད་ཀྱི་ཡོ་བྱད་ནི་འཚོ་བའི་ཡོ་བྱད་དེ། དེ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ཕུལ་ནས་དེ་བསམས་ཏེ། དེ་ཆེར་བསམས་
ཤིང་སེམས་ལ་གཞག་སྟེ་འདུན་པ་བསྐྱེད་ནས་སོ། །ཇི་ལྟར་ཞེ་ན། བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚེའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་དུའོ། །དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། སྨོན་ལམ་དེའི་ཤུགས་དང་རབ་ཀྱི་མཐའ་པའི་མཇུག་
ཐོགས་སུ་བརྗོད་པའི་རྣམ་པར་རིག་བྱེད་ཀྱི་ཤུགས་ཀྱིས་དགེ་འདུན་ནམ་གང་ཟག་ལ་འབུལ་བའི་སེམས་པའི་འབྲས་བུ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ཁོ་ནའོ། །རྣམ་པར་སྨིན་པའི་ལྷག་མ་རྣམ་པར་སྨིན་པར་བྱེད་དོ་ཞེས་བྱ་བར་འབྱུང་ངོ་། །དུས་མ་ཡིན་པར་འཆི་བས་ཚེའི་རྣམ་པར་སྨིན་པ་ཡོངས་
སུ་མ་རྫོགས་ཤིང་། རྣམ་པར་སྨིན་པའི་ལས་གང་ཡིན་པ་དེའི་རྣམ་པར་སྨིན་པ་ལྷག་མ་སྟེ། རབ་ཀྱི་མཐའ་པའི་བསམ་གཏན་བཞི་པའི་བསྒོམས་པའི་སྟོབས་ཀྱིས་དྲངས་ནས་སོ་སོར་མྱོང་བར་བྱེད་དོ། །དེའི་ཕྱིར་དེ་ལྟར་ན་གཞན་དག་ནི་རྣམ་པ་འདིས་ཀྱང་སྲོག་ནི་དེའི་རྣམ་པར་སྨིན་པ་ཁོ་ན་ཡིན་པར་འགྱུར་
ཏེ། སྙོམས་པར་འཇུག་པའི་མཐུས་སྐྱེ་བ་གཞན་སྔ་མ་ལས་མྱོང་བར་འགྱུར་བར་ངེས་པའི་ལས་ཀྱིས་འཕངས་པའི་ཚེ་དག་དྲངས་ནས་འདིར་སོ་སོར་མྱོང་བར་བྱེད་དོ་ཞེས་ཟེར་རོ། །ཚེའི་འདུ་བྱེད་དག་ཇི་ལྟར་གཏོང་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེའི་དེ་ལྟ་བུར་འགྱུར་རོ་ཞེས་བྱ་བ་ལ། ཚེའི་རྣམ་པར་
སྨིན་པ་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཀྱི་དེ་ཉིད་ལ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལའོ། །ཚེ་དང་མཐུན་པ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་སྲོག་གནས་པ་དང་མཐུན་པ་དག་གོ། །རྣམ་པ་འདིས་ཀྱང་སྲོག་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ། །འགལ་བ་དག་ཅེས་བྱ་བ་ནི་འབྱུང་

བ་ཆེན་པོ་དག་སྟེ། ཚེ་དང་ཞེས་བྱ་བར་སྦྱར་རོ། །འདི་ལྟ་བུ་ཡིན་ཏེ་ཞེས་སྨྲ་བ་ནི་བསྟན་བཅོས་མཁན་པོའོ། །དེ་དག་གི་དེ་ལྟ་བུ་ནི་ཏིང་ངེ་འཛིན་གྱི་མཐུ་ཁོ་ན་སྟེ་ཞེས་བྱ་བ་ལ། དེ་དག་གི་ནི་རྣལ་འབྱོར་པ་དག་གི་སྟེ། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་གྱི་བསམ་གྱིས་མི་ཁྱབ་བོ་
ཞེས་འབྱུང་བའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུ་དང་སྦྱར་རོ། །ཚེ་རབས་གཞན་སྔ་མ་ལ་བྱེད་པའི་ལས་སྐྱེས་པ་ནི་སྔོན་གྱི་ལས་སྐྱེས་པའོ། །གནས་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་རྒྱུན་ནོ། །གནས་པའི་དུས་ནི་དབང་པོའི་འབྱུང་བ་ཆེན་པོ་རྣམས་གནས་པའི་དུས་སོ། །དེའི་འཕེན་
པ་ནི་དུས་ཀྱི་འཕེན་པ་སྟེ། གནས་པའི་དུས་ཀྱི་འཕེན་པའི་ཤུགས་ཞེས་བྱ་བའི་དོན་ཏོ། །འཕེན་པའི་ཤུགས་དེ་ཡང་ཡང་སྲིད་པར་མཚམས་སྦྱོར་བའི་སྐད་ཅིག་སྟེ། གང་གིས་རྒྱུན་དུས་དེ་སྲིད་དུ་འཇུག་པར་འགྱུར་ཞིང་། སྔོན་གྱི་ལས་དག་གིས་དེ་ལྟ་བུའི་རང་བཞིན་གྱི་ནུས་པ་གཞག་པ་དེ་ནི་འཕེན་པའི་
ཤུགས་ཞེས་བྱའོ། །དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་ཞེས་བྱ་བ་ལ། དབང་པོ་རྣམས་དང་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་ཀྱི་འཕེན་པ་སྔོན་གྱི་ལས་ལས་སྐྱེས་པ་ནི་ཏིང་ངེ་འཛིན་གྱི་མཐུས་ཟློག་པར་བྱེད་ལ། དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་ཀྱི་འཕེན་པ་སྔོན་མེད་པ་ནི་ཏིང་ངེ་
འཛིན་གྱི་མཐུས་འཕེན་པར་བྱེད་དེ། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་མཐུས་འཕངས་པའི་སྲོག་གི་དབང་པོ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ལ་དེ་ལས་གཞན་པ་ནི་རྣམ་པར་སྨིན་པ་ཡིན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པ་ལས་གཞན་པ་སྔོན་གྱི་ལས་ལས་སྐྱེས་པ་གང་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་
འདི་ལྟ་བུ་ཞེས་བྱ་བ་འདི་ཡིན་ནོ་ཞེས་བྱ་བར་གསལ་བར་བརྗོད་པར་བྱའོ་ཞེ་ན། དེ་ནི་རྒྱས་པ་ལས་འབྱུང་བ་ཞིག་སྟེ། དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་ཀྱི་འཕེན་པ་ནི་ཏིང་ངེ་འཛིན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །བཙུན་པ་མཐའ་ཡས་གོ་ཆ་ན་རེ་ནི་ཁྱད་པར་སྟོན་པ་དེ་དག་བཞི་ཀ་ཡང་སྐྱོན་དང་
བཅས་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ཞེ་ན། དང་པོ་ལྟར་ན་ནི་ཚེའི་རྣམ་པར་སྨིན་པའི་ལས་མཐོང་བའི་ཆོས་ཀྱི་འབྲས་བུ་ཅན་དུ་འགྱུར་ན། ཚེའི་རྣམ་པར་སྨིན་པའི་ལས་ནི་མཐོང་བའི་ཆོས་ཅན་ལ་མྱོང་བར་འགྱུར་བར་ཡང་མི་རིགས་ཏེ། ལས་འབྲས་བུ་ཉེ་ལ་འབྲས་བུ་རིང་བ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་རྒྱས་

པར་འབྱུང་ངོ་། །གཉིས་པ་ལྟར་ན་ལས་རྣམས་ངེས་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་རྣམ་པར་སྨིན་པ་ལྷག་མ་སྨིན་པར་བྱེད་པར་འགྱུར་ན་ནི་ལས་གསུམ་པོ་མཐོང་བའི་ཆོས་དང་། ལན་གྲངས་གཞན་དང་། སྐྱེས་ནས་མྱོང་བར་འགྱུར་བ་རྣམས་ངེས་པར་མེད་པར་འགྱུར་རོ། །ཇི་ལྟ་ཞེ་ན། འདིར་
སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་སྨིན་པར་འགྱུར་ལ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པ་ལྷག་མ་ནི། ལན་གྲངས་གཞན་ལ་ཡིན་ནོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མཐོང་བའི་ཆོས་ལ་རྣམ་པར་སྨིན་པར་འགྱུར་ལ། དེ་ཉིད་ཀྱི་སྐྱེ་བ་གཉིས་པ་དང་། དེ་ཉིད་ཀྱི་སྐྱེ་བ་གསུམ་པ་ལ་
ཡིན་པས། ལས་དེ་ཉིད་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བར་ཡང་འགྱུར་ཞིང་། དེ་ཉིད་སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ནོ། །གསུམ་པ་ལྟར་ན་ནི་གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་རྣམས་ལ་འགལ་བ་ཉིད་མི་སྲིད་པའི་ཕྱིར་ཕན་འདོགས་པར་བྱེད་
པར་འགྱུར་བ་དེ་དག་ཚེ་རྒྱུན་གཅོད་པར་བྱེད་པར་ཇི་ལྟར་འགྱུར་ཏེ། གནོད་པར་བྱེད་པ་མ་ཡིན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བཞི་པ་ལྟར་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཟད་པའི་ཕྱིར་དང་། སྔོན་མེད་པ་སྐྱེས་པའི་ཕྱིར་འཆི་འཕོས་པ་དང་། སྐྱེས་པར་འགྱུར་ཏེ། དེའི་ཕྱིར་ཚེ་རབས་གཞན་བཞིན་
དུ་སོ་སོར་ཐར་པའི་སྡོམ་པ་གཏང་བར་འགྱུར་ཏེ། བསླབ་པ་ཕུལ་དང་འཆི་འཕོ་དང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་རང་གི་ལུགས་སྨྲས་པ་ནི་ཚེ་མ་ངེས་པ་འཕེན་པ་ཡིན་ཏེ། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་འབྱུང་བའི་ཕྱིར་དུས་མ་ངེས་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་
ཅད་ཀྱང་ཀྱེ་མ་མ་ལ་བདག་ཚེ་རིང་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཀྱི། ཚེ་བརྒྱ་འམ་སྟོང་ཞེས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེང་སང་ནི་མི་རྣམས་ཚེ་ལོ་བརྒྱ་པའོ་ཞེས་གསུངས་ཤེ་ན། དེ་ཡན་ཆད་ན་བཅུད་ཀྱིས་ལེན་པ་ལ་སོགས་པ་དག་ཏུ་གནས་
པའི་རྒྱུ་འབྱུང་བ་ཆེན་པོའི་ཆ་རྐྱེན་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་བསྟན་བཅོས་ཀྱི་དོན་མ་རྟོགས་པས་དེ་སྐད་དུ་སྨྲས་པ་ཡིན་ཏེ། མཐོང་བའི་ཆོས་ཀྱི་འབྲས་བུ་ཅན་དུ་འགྱུར་ན་ཞེས་གང་སྨྲས་པ་དེ་ནི་འདོད་པ་ཉིད་དེ། མཆོད་རྟེན་རྙིང་པ་ལ་སོགས་པ་གསོས་པ་ལས་ཚེ་

འཕེལ་བར་འདོད་པ་ཁོ་ན་ཡིན་ནོ། །མདོ་ལས་ཀྱང་སྲོག་ནི་རྣམ་པར་སྨིན་པ་ཡིན་གྱི། འདས་པའི་ལས་ཁོ་ནའི་ནི་མ་ཡིན་ནོ་ཞེས་གསུངས་ཏེ། རེ་ཞིག་སྲོག་ནི་རྣམ་པ་ཐམས་ཅད་དུ་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ། །གལ་ཏེ་བསམ་གཏན་ལ་སོགས་པའི་སྟོབས་ཁོ་ན་ལས་ཡིན་ལ་
རག་མོད། ཅིའི་ཕྱིར་ལྷུང་བཟེད་ལ་སོགས་པ་ལ་ལྟོས་ཤེ་ན། ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པའི་ཕྱིར་རོ། །བཞི་པ་ལྟར་ན་ལས་ཀྱི་རྣམ་པར་སྨིན་པ་ཟད་པས་འཆི་འཕོ་དང་། སྐྱེ་བར་འགྱུར་ཏེ། དེའི་ཕྱིར་སྐྱེ་བ་གཞན་བཞིན་དུ་སོ་སོར་ཐར་པའི་སྡོམ་པ་གཏང་བར་འགྱུར་ཏེ་ཞེས་གང་སྨྲས་པ་དེ་ལ་ཡང་བརྗོད་
པར་བྱ་སྟེ། འདིར་འཆི་འཕོ་བ་དང་སྐྱེ་བ་ཡང་མི་རིགས་ལ། སྡོམ་པ་གཏོང་བ་ཡང་མ་ཡིན་ཏེ། སྔར་གྱི་རིས་མཐུན་པ་རྗེས་སུ་འཇུག་པའི་ཕྱིར་དང་། སྔ་ན་མེད་པའི་རིས་མཐུན་པ་མ་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་ཇི་སྐད་སྨྲས་པའི་ཉེས་པར་ཐལ་བར་མི་འགྱུར་རོ། །ཚེ་མ་ངེས་པ་འཕེན་ལ། ཆ་རྐྱེན་
མ་ཚང་བས་འཆི་བར་འགྱུར་རོ་ཞེས་གང་སྨྲ་ན། དེ་ལྟར་འདོད་ན་ནི་ལོངས་སྤྱོད་ཟད་པ་ཁོ་ན་ལས་འཆི་བར་འགྱུར་གྱི། ཚེ་ཟད་པ་ལས་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་དང་ཚེ་ཟད་པ་ཡིན་གྱི། བསོད་ནམས་ཟད་པ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པ་མུ་བཞི་ལ་གནོད་པར་འགྱུར་རོ། །སྤྲོས་པས་
ཆོག་གོ། །བསྟན་བཅོས་ལ་འཇུག་པར་བྱ་སྟེ། དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ལ། འོ་ན་དགེ་སློང་དགྲ་བཅོམ་པའི་ཚེའི་འདུ་བྱེད་འཇོག་པར་བྱེད་པའི་ཞེས་བྱ་བའི་དྲི་བ་དེ་ལས་དྲི་བ་གཞན་འདི་འབྱུང་ངོ་། །ཅིའི་ཕྱིར་ཚེའི་འདུ་བྱེད་དག་བྱིན་གྱིས་རློབ་པར་བྱེད་ཅེ་ན་ཞེས་བྱ་བ་ལ། སངས་རྒྱས་
བཅོམ་ལྡན་འདས་ནི་གཞན་ལ་ཕན་པའི་དོན་དུའོ། །གཞན་ནི་བསྟན་པ་གནས་པར་བྱ་བའི་དོན་དུ་ཡང་ངོ་། །གལ་ཏེ་བསྟན་པ་གནས་པ་ཡང་གཞན་ལ་ཕན་པའི་དོན་ཁོ་ན་མ་ཡིན་ནམ་ཞེ་ན། འདི་ལ་ཁྱད་པར་ཡོད་དེ། བསྟན་པ་གནས་པར་གྱུར་ཀྱང་གཞན་ལ། ཕན་པ་འགའ་ཞིག་ལ་གཞན་ནུས་པ་
མཐོང་ངོ་། །དེ་ཉིད་ཀྱི་ཕྱིར། དེ་ལ་གཞན་ནུས་པ་མཐོང་བ་ཡིན་ནོ་ཞེས་བྱ་བར་སྨོས་སོ། །གཞན་ལ་ཕན་པ་ཆུང་བ་དང་། །ཞེས་བྱ་བ་ནི་ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་བསླང་བ་ཉེ་བར་ལོངས་སྤྱོད་པས་བྱས་པའོ། །ནད་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ནི་ནད་དང་། འབྲས་དང་། ཟུང་རྔུ་ལ་

སོགས་པ་ལྟ་བུ་སྟེ། སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་རོ། །ཚངས་སྤྱོད་འདི་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལུས་ནད་ལ་སོགས་པའི་སྣོད་དུ་གྱུར་པའི་ཕྱིར་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་འཇུག་པའི་ཚེ་དེ་དང་བྲལ་ན་དགའ་བར་འགྱུར་གྱི། ཞུགས་པ་ན་ནི་མ་ཡིན་ཏེ། དེའི་
ཚེ་སེམས་དང་སེམས་ལས་བྱུང་བ་འགག་པའི་ཕྱིར་རོ། །འོ་ན་གང་དུ་འམ་གང་ཞིག་གི་ཞེས་བྱ་བ་ལ། གང་དུ་ཞེས་བྱ་བ་འདིའི་ལན་ནི་མིའི་ནང་ཁོ་ན་དག་ཏུ་སྟེ། གླིང་གསུམ་པོ་དག་ཏུའོ་ཞེས་བྱ་བ་སྟེ། བསྟན་པ་མེད་པའི་ཕྱིར་བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ནོ། །གང་ཞིག་གི་ཞེས་བྱ་བའི་ལན་ནི། དགྲ་བཅོམ་
པ་ཕོ་མོ་ཞེས་བྱ་བ་སྟེ། ཟ་མ་ལ་སོགས་པ་རྣམས་ལ་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །གཉིས་ཀ་སྨོས་པ་ནི་དགྲ་བཅོམ་པ་དུས་མི་སྦྱོར་བར་རྣམ་པར་གྲོལ་བའི་ཡིན་གྱི། ཕྱིར་མི་འོང་བ་དང་། རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །དེ་ནི་རབ་ཀྱི་མཐའ་པའི་
བསམ་གཏན་ཐོབ་པས་ཏིང་ངེ་འཛིན་ལ་དབང་ཞིང་། ཉོན་མོངས་པ་མེད་པས་ཉོན་མོངས་པ་དག་གིས་ཀྱང་རྒྱུད་མ་བརྟན་པ་ཡིན་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྱིར་མི་འོང་བ་ལ་ནི་ཏིང་ངེ་འཛིན་ལ་དབང་བ་སྙེད་ཡོད་མོད་ཀྱི། ཉོན་མོངས་པ་དག་གིས་རྒྱུད་ཉེ་བར་མ་བརྟན་པ་ནི་མ་
ཡིན་ཏེ། ཉོན་མོངས་པ་དང་བཅས་པའི་ཕྱིར་རོ། །རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ནི་ཉོན་མོངས་པ་དག་གིས་རྒྱུད་ཉེ་བར་མ་བརྟན་པ་ཡིན་མོད་ཀྱི། ཏིང་ངེ་འཛིན་ལ་དབང་བ་ཉིད་ནི་མ་ཡིན་ཏེ། གཅིག་ནི་ཉོན་མོངས་པས་བཅིངས་ལ། གཉིས་པ་ལ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་མེད་དོ། །སྲོག་གཏོང་
བ་དང་། བྱིན་གྱིས་རློབ་པའི་ཞར་ལ་འདི་དཔྱད་པར་བྱ་སྟེ། མདོ་ལས་བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མིང་ཐ་དད་པས་དོན་ཐ་དད་པར་དོགས་པ་བྱས་ནས་འདྲི་བ་ནི། དེ་དག་ལ་ཁྱད་པར་ཅི་ཡོད་ཅེས་བྱ་བའོ། །ཁ་ཅིག་ན་རེ་ཅུང་ཟད་ཀྱང་མེད་དེ་ཞེས་
བྱ་བ་ལ། ཇི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གང་ནས་གསུངས་ཤེ་ན། ཆོས་མངོན་པ་ལས་སོ། །ཇི་ལྟར་གསུངས་ཤེ་ན། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་བྱ་བར་རོ། །སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཞེས་འབྱུང་བའི་ཕྱིར་རོ། །སྲོག་གི་འདུ་

བྱེད་དག་ནི་ད་ལྟར་བྱུང་བའི་ལས་ཀྱི་འབྲས་བུ་ཡིན་པར་རྟོགས་སོ། །ཚེའི་འདུ་བྱེད་ཀྱང་གཏོང་ངོ་ཞེས་བྱ་བ་ནི་སྔར་བསླངས་པ་གཏོང་བ་ཡིན་ནོ། །གང་དག་གིས་རིས་མཐུན་པར་ཞེས་བྱ་བ་ལ་སོགས་པ་ལ། ལས་གང་དག་གིས་རིས་མཐུན་པ་མ་འོངས་པ་གནས་པར་འགྱུར་
བ་དེ་དག་ནི་ཚེའི་འདུ་བྱེད་དག་ཡིན་ལ། སྔོན་གྱི་ལས་གང་དག་གིས་ད་ལྟ་དུས་གཞན་གྱི་བར་དུ་འཚོ་བ་དེ་དག་ནི་སྲོག་གི་འདུ་བྱེད་དག་ཡིན་ནོ། །སྲོག་གི་འདུ་བྱེད་དག་ཅེས་མང་པོའི་ཚིག་གང་ཡིན་པའི་མང་པོའི་ཚིག་ཅིའི་ཕྱིར་ཡིན་ཞེས་ཟེར་བ་ལ། མང་པོའི་ཚིག་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཚེ་དང་སྲོག་
གི་འདུ་བྱེད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲོག་གི་འདུ་བྱེད་ཀུན་ལ་གནས་པ་མང་པོ་རྣམས་ལ་གཏོང་ཞིང་བྱིན་གྱིས་རློབ་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་གཏོང་བའམ་བྱིན་གྱིས་རློབ་པ་ལ་ནི་དགོས་པ་ཡོད་པ་མ་ཡིན་ཏེ། དེས་གཞན་ལ་ཕན་པ་དང་། བསྟན་པ་གནས་པའི་མཚན་ཉིད་ཅན་གྱི་དོན་
ཐོབ་པར་མི་བྱེད་པའི་ཕྱིར་དང་། ཚེ་སྐད་ཅིག་མ་གཅིག་ལུས་པ་ལས་གཏོང་བ་དང་བྱིན་གྱིས་རློབ་པའི་སེམས་ཀུན་དུ་སྤྱོད་པ་མི་རིགས་པའི་ཕྱིར་རོ། །དུས་གཞན་གྱི་བར་དུ་འདུག་པའི་ཞེས་བྱ་བ་ལ། འདིས་ནི་ཚེ་སྐད་ཅིག་མ་ཉིད་དུ་སྟོན་པར་བྱེད་དོ། །གནས་པའི་ངང་ཚུལ་ཅན་ནི་འདུག་པ་སྟེ། ཇི་ལྟར་བྱེ་བྲག་
པ་རྣམས་ཀྱི་ལྟ་བ་བདག་དང་ཡིད་སྦྱོར་བ་བརྟན་པའི་སྲོག་ཡིན་པ་དེ་དག་ནི་འདི་ན་མེད་དོ། །འདུ་བྱེད་མང་པོ་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མདོ་སྡེ་པ་ན་རེ་ནི་འདིས་ཅི་རིགས་པར་གཟུགས་ལ་སོགས་པ་ལྔ་དང་། ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་མཚན་ཉིད་ཅན་སྲོག་
གི་དབང་པོ་འགོག་པར་མཛད་དོ་ཞེས་ཟེར་རོ། །དེ་ཉིད་གྱི་ཕྱིར་རྫས་གཅིག་པུ་ནི་མེད་དོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཚེའི་དབང་པོ་རྫས་སུ་ཡོད་པར་གྱུར་ན་ནི་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ཞེ་ན། སྲོག་དག་བྱིན་གྱིས་བརླབས་ནས་ཚེ་དག་གཏོང་ངོ་ཞེས་གསུངས་པར་འགྱུར་རོ། །འཆི་བ་
ལ་མངའ་བ་ཉིད་དུ་བསྟན་པའི་ཕྱིར་ནི་ཞེས་བྱ་བ་ནི་འཆི་བ་ལ་མངའ་བ་ཉིད་འདི་ལ་ཡོད་པས་སོ། །ཟླ་བ་གསུམ་ཁོ་ན་བྱིན་གྱིས་བརླབས་ཀྱི་མ་ཚང་བ་དང་ལྷག་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། འདུལ་བའི་དོན་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །དུས་དེ་ཙམ་གྱིས་རབ་བཟང་གི་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་ཟླ་བ་

གསུམ་གོང་མ་འོག་ཏུ་བྱིན་གྱིས་བརླབས་པ་ལ་དགོས་པ་མི་མངའོ། །གང་ཡང་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུན་པ་དང་། སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། རྫུ་འཕྲུལ་ཡང་ཡིན་ལ། རྐང་པ་ཡང་ཡིན་པས་རྫུ་འཕྲུལ་གྱི་རྐང་པའོ། །རྐང་པའི་དོན་
ནི་རྟེན་གྱི་དོན་ཏེ། རྫུ་འཕྲུལ་ནི་ཡོན་ཏན་ཐམས་ཅད་གྱི་རྟེན་ཡིན་པའི་ཕྱིར་རོ། །འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཞེས་བྱ་བ་ལ། བསྐལ་པ་ནི་གཅིག་ཚང་བའོ། །བསྐལ་པ་ལས་ལྷག་པ་ནི་བསྐལ་པ་ལས་ལྷག་པ་སྟེ། བསྐལ་པ་ལས་བླ་ལྷག་ཅེས་བྱ་བའི་དོན་ཏོ། །དེ་ཡང་བསྒྲུབ་པའི་
ཕྱིར་ཞེས་བྱ་བ་ལ་ནི་ཞལ་གྱིས་བཞེས་པ་བསྒྲུབ་པར་བྱ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། ཚིག་ཙམ་དུ་འགྱུར་བས་སོ། །ཕུང་པོ་དང་། འཆི་བདག་གི་བདུད་དག་ཅེས་བྱ་བ་ལ་ཕུང་པོའི་བདུད་ལས་རྒྱལ་བར་བྱ་བའི་ཕྱིར་བཏང་ལ། བཏང་ན་འགྲོངས་པར་འགྱུར་བས་དེ་ནས་འཆི་བདག་གི་བདུད་ལས་རྒྱལ་
བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་སོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་སྲོད་ལ་ནི་ལྷའི་བུའི་བདུད་བཏུལ་ལོ། །ཐུན་གཉིས་པ་ལ་ལྷའི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས། ཐུན་གསུམ་པ་ལ་ཉོན་མོངས་པའི་བདུད་བཏུལ་ལོ། །ཡངས་པ་ཅན་དུ་ཟླ་བ་གསུམ་སྐུ་ཚེའི་
འདུ་བྱེད་ཀྱང་བྱིན་གྱིས་བརླབས་ནས་སོ། །ཇི་སྐད་དུ། ཁྱོད་ཀྱིས་བྱང་ཆུབ་བརྙེས་ནས་ནི། །འདོད་པའི་ཁམས་ཀྱི་དབང་ཕྱུག་བཏུལ། །བྱང་ཆུབ་བར་ཆད་མེད་ལམ་དུ། །ཁམས་གསུམ་དབང་ཕྱུག་ཕན་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་དང་། ལྷའི་བུའི་བདུད་དག་བདུད་ཉིད་ཡིན་
པ་དེ་ནི་ཕུང་པོ་དང་། འཆི་བདག་གི་བདུད་ལས་འདའ་བར་བྱ་བ་ལ། བར་དུ་གཅོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཅོམ་ལྡན་འདས་ནི་བདུད་བཞི་ལས་རྣམ་པར་རྒྱལ་བ་ཡིན་ནོ་ཞེས་བྱ་བར་འཐད་པ་ཡིན་ནོ། །ཞར་ལ་འོངས་པ་སྟེ་དྲི་བ་གཞན་བྱུང་བ་གང་ཡིན་པ་རྫོགས་སོ། །བཅུ་གཉིས་གཉིས་
ཞེས་བྱ་བ་ལ་བཅུ་གཉིས་ནི་རྣམ་པ་གཉིས་ཁོ་ནའོ་ཞེས་བྱ་བ་དང་། བཅུ་གཉིས་ཁོ་ན་རྣམ་པ་གཉིས་སོ་ཞེས་བྱ་བར་ངེས་པར་གཟུང་ངོ་། །གཉིས་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ཡང་ཡིན་ལ། རྣམ་པར་སྨིན་པ་མ་ཡིན་པ་ཡང་ཡིན་པའོ། །དབང་པོ་ཉི་ཤུ་རྩ་གཅིག་པོ་རྣམས་ལ་ཁྱད་པར་མེད་པའི་ཕྱིར་དེ་དག་མི་ཤེས་

པས་འདྲི་བ་ནི། བཅུ་གཉིས་གང་ཞེ་ན་ཞེས་བྱ་བའོ། །དེའི་ཕྱིར། ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །ཐ་མ་བརྒྱད་ནི་གཅིག་ཏུ་དགེ་བ་ཡིན་ལ། རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཡིད་མི་བདེ་བ་ཡང་དགེ་བའང་མི་དགེ་བའི་ཡིན་གྱི།
ལུང་དུ་མ་བསྟན་པ་ནི་མེད་དེ། དེའི་ཕྱིར། ཐ་མ་བརྒྱད་དང་ཡིད་མི་བདེ་བ་མ་གཏོགས་སོ། །སྲོག་གི་དབང་པོ་ལས་གཞན་པ་རྣམས་ཞེས་བྱ་བ་ནི་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོས་སོ། །སྲོག་གི་དབང་པོ་ལས་གཞན་པ་རྣམས་ཞེས་བྱ་བ་ནི་ཡིད་མི་བདེ་བ་ལས་གཞན་པ་ཚོར་བ་བཞི་དང་། ཡིད་
དང་། མིག་ལ་སོགས་པ་བདུན་ནོ། །དེ་ལ་མིག་ལ་སོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་ལ་སོགས་པ་རྣམས་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་བྱུང་བ་མ་གཏོགས་པའི་བྱེ་བྲག་གཞན་མེད་པ་དེའི་ཕྱིར་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དགེ་
བ་དང་། ཉོན་མོངས་པ་ཅན་རྣམས་དང་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ་པ་རྣམས་ནི་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་ཡིན་ཡང་། འབད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ནོ། །ཅི་རིགས་པར་
ཞེས་བྱ་བ་ལ། འདི་དག་ནི་སྤྱོད་ལམ་ལ་སོགས་པ་མངོན་པར་འདུ་བྱ་བར་ཞུགས་པའི་ཕྱིར་རྟོག་པ་དང་བཅས་པ་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ནོ། །དེ་ལ་འདོད་པའི་ཁམས་ན་ནི་གསུམ་ཆར་ཡང་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་བཟོའི་གནས་པ་མ་གཏོགས་པ་དག་གོ། །གཟུགས་མེད་
པའི་ཁམས་ན་ནི་སྤྱོད་ལམ་ལ་སོགས་པ་མེད་པའི་ཕྱིར་གསུམ་ཀ་ཡང་མེད་དོ། །དེ་ལ་འདོད་པ་ན་སྤྱོད་པའི་སྤྱོད་ལམ་པ་དང་། བཟོའི་གནས་པ་ལ་ནི་ཡིད་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་དག་གོ། །བདེ་བ་དང་སྡུག་བསྔལ་གཉིས་ཀ་ནི་མེད་དེ། དེ་དག་ནི་འདོད་པའི་ཁམས་རྣམ་པར་
ཤེས་པའི་ཚོགས་ལྔ་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ནོ། །འདི་གཉིས་ནི་རྟོག་པ་དང་བཅས་པ་ཡང་ཡིན་ནོ། །ཡིད་མི་བདེ་བ་ཡང་མ་ཡིན་ཏེ། དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་སྤྱོད་ལམ་པ་ལ་ནི་ཡིད་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་

ཀྱི་དབང་པོ་རྣམས་སོ། །དེ་ལ་ནི་བསམ་གཏན་གསུམ་པའི་ཡིད་ཀྱི་ས་པའི་བདེ་བ་ཡོད་པ་ཡིན་ནོ། །སྤྲུལ་པ་ནི་ས་ལྔ་ཆར་ལ་ཡང་ཡིད་དང་། བཏང་སྙོམས་ཀྱི་དབང་པོ་གཉིས་སོ། །བདེ་བ་དང་། ཡིད་བདེ་བའི་དབང་པོ་གཉིས་ནི་མེད་དེ། སྦྱོར་བའི་ཁྱད་པར་གྱི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །
ལྷག་མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བ་ལ། དད་པ་ལ་སོགས་པ་བརྒྱད་དང་། ཡིད་མི་བདེ་བའོ། །ཡང་ཇི་ལྟར་དེ་རྣམས་རྣམ་པར་སྨིན་པ་མ་ཡིན་པར་གྲུབ་ཅེ་ན། གཅིག་ཏུ་རྣམ་པར་སྨིན་པ་ཉིད་དང་། རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པ་མ་ཡིན་པ་ཡང་ཡིན་པ་བསྟན་པ་ལས་སོ། །
དེ་ལྟར་ན་སྲོག་གི་དབང་པོ་ནི་རྣམ་པར་སྨིན་པ་ཁོ་ནའོ། །དགུ་ནི་རྣམ་པར་སྨིན་པ་མ་ཡིན་པ་ཁོ་ནའོ། །བཅུ་གཉིས་ནི་རྣམ་པ་གཉིས་སོ། །མདོ་འདི་ལྟར་དྲང་ཞེ་ན་ཞེས་བྱ་བ་ལ། གལ་ཏེ་ཡིད་བདེ་བ་དང་། བཏང་སྙོམས་མྱོང་བར་འགྱུར་བའི་ལས་ལྟར་ཡིད་མི་བདེ་བ་མྱོང་བར་འགྱུར་བ་ཡིད་མི་བདེ་བའི་
རྣམ་པར་སྨིན་པ་ཅན་དུ་མི་འདོད་པ་དེའི་ཕྱིར་མདོ་དང་འགལ་ལོ་ཞེས་སྟོན་ཏོ། །བདེ་བ་མྱོང་བར་འགྱུར་བའི་རེག་པ་ལྟར་མཚུངས་པར་ལྡན་པའི་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི། རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་ནི་མ་ཡིན་པས་མདོ་དང་འགལ་བ་མེད་དོ། །ལས་
འདི་ལ་ཡིད་མི་བདེ་བ་མྱོང་བར་འགྱུར་བའམ། ཡིད་བདེ་བ་དང་མཚུངས་པར་མྱོང་བར་འགྱུར་བ་སྟེ། མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །མྱོང་འགྱུར་རྣམ་པ་ལྔ་ཞེས་བྱ། །ཞེས་ཕྱི་ནས་འཆད་པར་འགྱུར་རོ། །འོ་ན་ནི་ཡིད་བདེ་བ་དང་། བཏང་སྙོམས་མྱོང་བར་འགྱུར་རོ། །ལས་ཀྱང་ཞེས་བྱ་བ་ལ་
སོགས་པ་ལ། ཡིད་མི་བདེ་བ་མྱོང་བར་འགྱུར་བའི་ལས་བཞིན་དུ་ཡིད་བདེ་བ་དང་། བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཀྱང་། ཡིད་བདེ་བ་དང་། བཏང་སྙོམས་དག་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་སོ་ཞེས་མཚུངས་པར་ལྡན་པའི་མྱོང་བར་འགྱུར་བ་
ཁོ་ནའི་དབང་དུ་མཛད་ནས་སྟོན་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཡིད་བདེ་བ་དང་། བཏང་སྙོམས་གཉིས་ཀྱང་ཡིད་མི་བདེ་བ་དང་འདྲ་བར་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཇི་ལྟར་དགའ་བ་དེ་ལྟ་ཡིན་ལ་རག་སྟེ་ཞེས་བྱ་བ་ནི་གཉིས་

ཀ་ལྟར་ཡང་འགལ་བ་མེད་པའི་ཕྱིར་རོ། །ཡིད་བདེ་བ་དང་། བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ནི་ཡིད་བདེ་བ་དང་། བཏང་སྙོམས་ཀྱི་རྣམ་པར་སྨིན་པ་ཅན་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་མཚུངས་པར་ལྡན་པ་ཞེས་བྱ་བ་གཉིས་ཀ་ལྟར་ཡང་
འགལ་བ་མེད་དོ། །དེའི་ཕྱིར་ཇི་ལྟར་དགའ་བ་དེ་ལྟར་ཡིན་ལ་རག་གོ། །གོ་སྐབས་མེད་པས་དེ་ནི་དེ་ལྟར་ཤེས་སོ་ཞེས་བྱ་བ་ལ། གོ་སྐབས་མེད་པ་ནི་མི་སྲིད་པའོ། །གལ་ཏེ་ཡིད་མི་བདེ་བ་ལྟར་ཡིད་བདེ་བ་དང་། བཏང་སྙོམས་དག་ལ་རྣམ་པར་སྨིན་པའི་གོ་སྐབས་མེད་པར་གྱུར་ན་ནི་དེའི་ཕྱིར་ཡིད་བདེ་བ་དང་།
བཏང་སྙོམས་དག་ཀྱང་ཡིད་མི་བདེ་བ་དང་འདྲ་བར་མཚུངས་པར་ལྡན་པའི་མྱོང་བའི་དབང་དུ་མཛད་ནས་བསྟན་གྱི། རྣམ་པར་སྨིན་པར་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་མ་ཡིན་པ་དེ་ལྟར་ཤེས་པར་འགྱུར་རོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། གོ་སྐབས་མེད་པས་ན་ཡིད་མི་བདེ་བ་མྱོང་བར་འགྱུར་
བའི་ལས་དེ་ནི་མཚུངས་པར་ལྡན་པའི་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་གསུངས་སོ་ཞེས་བྱ་བ་དེ་ལྟར་ཤེས་ཏེ། གང་ལས་ཡིད་མི་བདེ་བར་མྱོང་བར་འགྱུར་བའི་ལས་ཀྱང་ཡིད་བདེ་བ་དང་། བཏང་སྙོམས་མྱོང་བར་འགྱུར་བའི་ལས་དང་འདྲ་བར་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་
གསུངས་སོ་ཞེས་བྱ་བར་ཤེས་པར་འགྱུར་བ། ཡིད་མི་བདེ་བ་ལ་ནི་ཡིད་བདེ་བ་དང་། བཏང་སྙོམས་ལྟར་རྣམ་པར་སྨིན་པ་སྲིད་པ་ཡོད་པ་མ་ཡིན་ནོ། །ཚིག་ཙམ་གྱིས་དད་པར་མི་འགྱུར་བར་དེའི་ཕྱིར་རྣམ་པར་སྨིན་པའི་གོ་སྐབས་ཟློག་པར་བྱེད་པའི་རྒྱུ་དྲིས་པ་ནི། འདི་ལ་རིགས་པ་ཅི་ཞིག་ཡོད། །ཅེས་བྱ་
བ་ལ་སོགས་པའོ། །རྒྱུ་སྨྲས་པ་ནི། ཡིད་མི་བདེ་བ་དེ་ནི་ཞེས་རྒྱས་པར་འབྱུང་བའོ། །ཡིད་མི་བདེ་བ་ནི་ཡིད་དུ་མི་འོངས་པས་བསམ་པ་ལ་སོགས་པ་ཀུན་དུ་རྟོག་པའི་ཁྱད་པར་དག་གིས་སྐྱེད་པར་བྱེད་ཅིང་ཞི་བར་བྱེད་པ་ཡིན་གྱི། རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ། །མིག་ལ་སོགས་པ་རྣམ་པར་སྨིན་པ་ནི་
རྣམ་པར་རྟོག་པ་ལ་མི་ལྟོས་པ་ལས་ཀྱི་འཕེན་པའི་དབང་གིས་འཇུག་པ་དང་། ལྡོག་པ་ཉིད་ཡིན་ནོ། །དེ་ལྟར་ན། ཡིད་བདེ་བ་ཡང་དེ་དང་འདྲ། །ཞེས་བྱ་བ་འདིས་ནི་འཁྲུལ་པར་སྟོན་ཏེ། ཡིད་བདེ་བ་ཡང་ཡིད་དུ་འོང་བ་བསམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དག་གིས་སྐྱེད་པར་བྱེད་ཅིང་ཞི་བར་བྱེད་པ་ཡིན་མོད་

ཀྱི། འོན་ཀྱང་རྣམ་པར་སྨིན་པར་འདོད་པས་འདི་ནི་རིགས་པ་མ་ཡིན་ནོ། །ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་པ་ཉིད་དུ་བསྒྲུབས་པ་ལ་རིགས་པ་ནུས་པ་དང་ལྡན་པ་གཞན་སྨྲ་བ་ནི། འོ་ན་གལ་ཏེ་ཡིད་མི་བདེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེའི་ཕྱིར་ཞེས་བྱ་བ་སྟེ། མཚམས་མེད་པའི་རྒྱུ་ཅན་
གྱིས་ཡིད་མི་བདེ་བ་སྐྱེ་བས་ལས་དེ་རྣམ་པར་སྨིན་པར་འགྱུར་རོ། །དེ་ལྟར་ན་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་གྱི། སྐྱེས་ནས་མྱོང་བར་འགྱུར་བ་ཡང་མ་ཡིན་ནོ། །ཡིད་བདེ་བ་ཡང་དེ་དང་འདྲ་སྟེ་ཞེས་བྱ་བ་ལ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་དགེ་བ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཉིད་
ཡིན་ན་མི་རུང་བས། ཡིད་མི་བདེ་བ་བཞིན་དུ་ཡིད་བདེ་བ་ཡང་རྣམ་པར་སྨིན་པར་ཁས་བླང་བར་མི་བྱའོ་ཞེས་དེ་ལྟར་འཁྲུལ་པར་སྨྲས་པ་དང་། ཡང་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་པ་ཉིད་ལ་རྒྱུ་གཞན་སྨྲས་པ་ནི། འོ་ན་འདོད་ཆགས་དང་བྲལ་བ་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདོད་
ཆགས་དང་བྲལ་བ་རྣམས་ལ་ནི་སྡུག་བསྔལ་གྱི་དབང་པོ་ལྟར་ཡིད་མི་བདེ་བ་རྗེས་སུ་འཇུག་པ་ཡིན་ཏེ། སྟོན་པ་མྱ་ངན་ལས་འདས་ཀྱང་བདག་ལ་མྱ་ངན་ལ་སོགས་པ་མི་འབྱུང་ངོ་ཞེས་མདོ་ལས་བཀག་པའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམ་པར་སྨིན་པ་ནི་
འདོད་ཆགས་དང་བྲལ་བ་རྣམས་ལ་ལྡོག་པ་མ་ཡིན་ནོ། །དགོས་པ་མེད་པའི་ཕྱིར་ན་དགེ་བ་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། དེ་ནི་ཡིད་བདེ་བ་དང་འདྲ་བར་ཕན་འདོགས་པར་བྱེད་པ་མ་ཡིན་ནོ། །དེ་དག་གི་ཡིད་བདེ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་དང་བྲལ་བ་རྣམས་ལ་ཡིད་བདེ་བ་དགེ་བ་སྙོམས་
པར་འཇུག་པས་བསྡུས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བསམ་པའི་རྒྱུ་ཅན་ཡོད་མོད་ཀྱི། དགེ་བ་རྣམ་པར་སྨིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་གི་ཡིད་བདེ་བ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ཇི་ལྟ་བུ་ཡིན་པ་བརྗོད་པར་བྱ་དགོས་ཏེ། དེ་ཀུན་དུ་འབྱུང་བ་ནི་ཡོངས་སུ་གཅད་དུ་མེད་དོ། །ཅི་འདྲ་ཡང་
རུང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡིད་བདེ་བ་ནི་ཀུན་དུ་འབྱུང་བ་སྲིད་པས་རྣམ་པར་སྨིན་པའི་གོ་སྐབས་ཡོད་དེ། དེ་ནི་གང་གི་ཚེ་རེས་འགའ་ཕྱི་རོལ་གྱི་རྒྱུ་མཚན་མེད་པ་ནི་ཀུན་དུ་རྟོག་པ་མེད་པར་སྐྱེ་སྟེ། ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ནི་དེ་ལྟ་བུ་ཡིན་ནོ། །ཡིད་མི་བདེ་བ་ནི་རྣམ་པ་ཐམས་ཅད་དུ་ཡང་

ཀུན་དུ་མི་འབྱུང་བས་ཞེས་བྱ་བ་འབྱུང་བ་ལ། དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ན། དགེ་བ་གོ་ག་ལས་ཡིན། ལུང་ལས་ཀྱང་སྟེ། གང་ལ་བརྟེན་ནས་ཡིད་བདེ་བ་རྣམ་པར་སྨིན་པ་སོ་སོར་ཡང་དག་པར་མྱོང་བར་བྱེད་ཅེས་གསུངས་ཀྱི། དེ་ལྟར་ནག་པོའི་ཕྱོགས་ལ་ནི་གང་ལ་བརྟེན་
ནས་ཡིད་མི་བདེ་བ་རྣམ་པར་སྨིན་པ་སོ་སོར་ཡང་དག་པར་མྱོང་བར་བྱེད་ཅེས་མ་ཡིན་ནོ། །དེའི་ཕྱིར་ལུང་དང་རིགས་པ་ལས། ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ལ་བརྒྱད་པ་སྲོག་གི་དབང་པོ་དང་ལྡན་པ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་ལ་སོགས་པ་
ཕོའི་དབང་པོའི་མཐར་ཐུག་པ་རྣམས་ནི་བརྒྱད་པ་སྲོག་གི་དབང་པོ་དང་ལྡན་པའོ། །བདེ་འགྲོ་ནི་ལྷ་དང་མིའོ། །ངན་འགྲོ་ནི་ངན་སོང་གསུམ་མོ། །ཡིད་ཀྱི་དབང་པོ་ནི་གཉིས་ཀར་ཞེས་བྱ་བ་ལ། གཉིས་ཀ་ཞེས་བྱ་བ་ནི་བདེ་འགྲོ་དང་ངན་འགྲོ་དག་ཏུའོ། །གཉིས་ཀའི་ཞེས་བྱ་བ་ནི་དགེ་བ་དང་།
མི་དགེ་བའི་སྟེ། གང་གི་ཚེ་ཡིད་ཀྱི་དབང་པོ་རྣམ་པར་སྨིན་པ་ལས་སྐྱེས་པ་སྡུག་བསྔལ་དང་མཚུངས་པར་ལྡན་པར་གྱུར་པ་དེའི་ཚེ་ནི། བདེ་འགྲོ་འམ་ངན་འགྲོ་ན་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །གང་གི་ཚེ་རྣམ་པར་སྨིན་པ་ལས་སྐྱེས་པ་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་མཚུངས་
པར་ལྡན་པར་གྱུར་པ་དེའི་ཚེ་ནི་དགེ་བའི་ཡིན་ནོ། །བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ནི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བར་ནི་དམྱལ་བ་དག་མ་གཏོགས་པའི་བདེ་འགྲོའམ་ངན་འགྲོ་ནའོ། །སྡུག་བསྔལ་གྱི་དབང་པོ་ནི་མི་དགེ་བའི་ཞེས་བྱ་བ་ནི་བདེ་འགྲོ་དང་། ངན་
འགྲོ་དག་ཏུའོ། །བརྒྱད་པ་སྲོག་གི་དབང་པོ་དང་ལྡན་པ་རྣམས་ནི་བདེ་འགྲོ་ནི་དགེ་བའི་རྣམ་པར་སྨིན་པ་ཡིན་ལ་ཞེས་བཤད་ནས། མཚན་གཉིས་པའི་དབང་པོ་གཉིས་བདེ་འགྲོ་ན་དགེ་བའི་རྣམ་པར་སྨིན་པ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར། བདེ་འགྲོ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །བདེ་འགྲོ་ན་སྟེ་མི་དག་གི་ནང་
ནས་མི་དགེ་བའི་ལས་ཀྱིས་དབང་པོ་གཉིས་པོ་དེ་རྗེས་སུ་མི་འཚམ་པའི་གནས་སུ་རྙེད་པ་ཡིན་ཏེ། དེ་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དོ། །དབང་པོ་ནི་ལུས་ཀྱི་དབང་པོའི་ཕྱོགས་ཡིན་པའི་ཕྱིར་དགེ་བ་ཁོ་ནའི་ཡིན་ཏེ། ལུས་ཀྱི་དབང་པོ་བཞིན་དུ་བདེ་འགྲོ་ན་གཅིག་ཏུ་དགེ་བའི་ཁོ་ནའི་རྣམ་པར་སྨིན་པ་

ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དབང་པོ་ནི་མ་ཡིན་ཏེ། དགེ་བས་འཕངས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དབང་པོ་དུ་ནི་རྣམ་པར་སྨིན་པ་དང་བཅས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྨིན་པ་དང་ལྷན་ཅིག་པ་ནི་རྣམ་པར་སྨིན་པ་དང་བཅས་པ་དག་སྟེ། གང་དག་ལ་རྣམ་པར་སྨིན་པའི་འབྲས་
བུ་ཡོད་པ་ཞེས་བྱ་བའི་དོན་ཏོ། །གང་འདི་དག་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བཤད་མ་ཐག་པ་དེ་གཅིག་ནི། རྣམ་པར་སྨིན་བཅས་དེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ཏེ། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པ་རྣམས་ཁོ་ན་རྣམ་པར་སྨིན་པའི་རྒྱུ་མ་ཡིན་པའི་ཕྱིར་དང་།
དེ་ནི་གཉིས་ཀ་ལས་ལོག་པའི་ཕྱིར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་དང་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་དང་ཞེས་བྱ་བའི་ཐ་ཚིག་གོ། །རིམ་པ་གཞན་དུ་སྦྱར་བ་ཞེས་བྱ་བ་ནི། དེ་གཅིག་པུ། རྣམ་པར་སྨིན་བཅས་ནི། ཞེས་མཐར་རིག་པར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །རིམ་པ་གཞན་དུ་སྦྱར་ན་ནི་
ཇི་སྐད་བཤད་པའི་ངེས་པར་གཟུང་བར་རིག་སྟེ། དེ་ལྟ་མ་ཡིན་ན་དེ་ཁོ་ན་རྣམ་པར་སྨིན་པ་དང་བཅས་སོ་ཞེས་བྱ་བར་ངེས་པར་གཟུང་བར་ཤེས་པར་འགྱུར་རོ། །དེ་ལྟ་ན་གཞན་དག་རྣམ་པར་སྨིན་པ་མེད་པར་ཐལ་བར་འགྱུར་བས། བཅུ་རྣམ་གཉིས་ཞེས་བརྗོད་པར་མི་བྱའོ། །ཡིད་མི་བདེ་བ་རྣམ་པར་སྨིན་པ་དང་
བཅས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར། དེ་ནི་ལུང་དུ་མ་བསྟན་པ་ཡང་མེད་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ས་བོན་རུལ་བ་བཞིན་དུ་ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་མེད་པ་ཡིན་ལ། ཟག་པ་མེད་པ་ཡང་ས་བོན་གྲུང་པོ་རླན་གྱིས་མ་བརླན་པ་ལྟར་སྲེད་པས་མ་བརླན་པའི་ཕྱིར་
རྣམ་པར་སྨིན་པ་མེད་པ་ཡིན་ན། ཡིད་མི་བདེ་བ་ནི་དགེ་བ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་དང་། མི་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ། །མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཟག་པ་མེད་པའི་མེད་པ་ལ་རྒྱུ་སྨྲས་པ་སྟེ། མཉམ་པར་མ་བཞག་པའི་ཟག་པ་མེད་པ་འདུས་བྱས་ནི་
ཡོད་པ་མ་ཡིན་ནོ། །བཅུ་རྣམ་གཉིས་ཞེས་བྱ་བ་ལ། བཅུ་ཁོ་ན་རྣམ་པ་གཉིས་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བས་གཞན་རྣམ་པ་གཅིག་གོ་ཞེས་བྱ་བར་གྲུབ་པར་འགྱུར་རོ། །ཡིད་དང་ཚོར་གཞན་དད་ལ་སོགས། །ཞེས་བྱ་བ་ནི་ཡིད་དང་། ཚོར་བ་གཞན་དང་། དད་པ་ལ་སོགས་པ་རྣམས་སོ། །ཚོར་བ་ནི་

རིག་པའོ། །གཞན་སྨོས་པ་ནི་ཡིད་མི་བདེ་བ་མ་གཏོགས་པའི་ཚོར་བ་གཟུང་སྟེ། ཡིད་མི་བདེ་བ་བཤད་ཟིན་པའི་ཕྱིར་རོ། །དད་པ་ལ་སོགས་པ་ནི་སྟེ། གཟུང་ངོ་ཞེས་སྐབས་དང་སྦྱར་རོ། །གཞན་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གཞན་གང་ཞེ་ན། དབང་པོ་
བཅུ་གཅིག་གོ། །དེ་ལ་མིག་ལ་སོགས་པ་བདུན་དང་། བརྒྱད་པ་སྲོག་དང་ལྡན་པ་རྣམས་ནི་ལུང་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་མ་ཡིན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་ཟག་པ་མེད་པའི་ཕྱིར་རྣམ་པར་སྨིན་པ་མེད་པའོ། །དགེ་བ་བརྒྱད་ཅེས་བྱ་བ་མ་ཆགས་པ་ལ་སོགས་
པ་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་ཁོ་ནའོ་ཞེས་བྱ་བར་གཟུང་སྟེ། དེ་དག་ལས་གཞན་པ་རྣམས་ཀྱང་དགེ་བ་ཡིན་པའི་ཕྱིར་རོ། །ཡིད་མི་བདེ་བ་རྣམ་གཉིས་ཞེས་བྱ་བ་ལ། ཡིད་མི་བདེ་བའི་ནི་རྣམ་པར་སྨིན་པ་དང་བཅས་པའི་ཕྱིར་རྣམ་པ་གཉིས་ཁོ་ན་སྟེ། སྔར་ལུང་དུ་མ་བསྟན་པར་མེད་པར་བཤད་པའི་ཕྱིར་
རོ། །ཡིད་དང་ཚོར་གཞན་ནི། རྣམ་གསུམ་ཞེས་བྱ་བ་ལ། གཞན་སྨོས་པས་ནི་ཡིད་མི་བདེ་བ་ལས་གཞན་པའི་ཚོར་བ་གཟུང་ངོ་། །དབང་པོ་ལྔ་པོ་འདི་དག་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ནི་དགེ་བའོ། །མི་དགེ་བ་དང་མཚུངས་པར་ལྡན་པ་ནི་མི་དགེ་བའོ། །དེ་དག་ལས་གཞན་པ་རྣམ་པར་སྨིན་པ་ལས་
སྐྱེས་པ་དང་། སྤྱོད་ལམ་དང་། བཟོའི་གནས་པ་དང་། སྤྲུལ་པ་པ་དག་ནི་ལུང་དུ་མ་བསྟན་པ་རྣམས་སོ། །གཞན་ནི་རྣམ་པ་གཅིག་ཅེས་བྱ་བར་ངེས་པར་གཟུང་ངོ་། །ངེས་པར་མ་བཟུང་ན་ནི་ཅིར་འགྱུར་ཞེ་ན། ཅི་རྣམ་པ་གཅིག་ཡིན་ནམ་རྣམ་པ་གཉིས་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ལྟ་ན་ཡང་
ཐེ་ཚོམ་ཟ་བར་ཁོ་ནའོ། །ཅིར་ཞེ་ན། དགེ་བའམ། མི་དགེ་བའམ་ལུང་དུ་མ་བསྟན་པར་རོ། །ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་ཞེས་བྱ་བ་དང་། སྲོག་ནི་རྣམ་སྨིན་ཞེས་བྱ་བ་དང་། རྣམ་སྨིན་ལུང་དུ་མ་བསྟན་ཞེས་བྱ་བ་འབྱུང་བའི་ཕྱིར་ཐེ་ཚོམ་ཟ་བར་མི་འགྱུར་རོ། །དྲི་མེད་མ་གཏོགས་
འདོད་པར་གཏོགས། །ཞེས་བྱ་བ་ལ། དབང་པོ་ཐམས་ཅད་འདོད་པར་གཏོགས་སོ་ཞེས་བྱ་བ་འདི་ནི་སྤྱིར་བཏང་བ་ཡིན་ལ། དྲི་མེད་མ་གཏོགས་ཞེས་བྱ་བ་ནི་འདིའི་དམིགས་ཀྱིས་བསལ་བའོ། །དེ་ལྟར་ན་དྲི་མ་མེད་པ་ཁོ་ན་མ་གཏོགས་པའི་ལྷག་མ་ནི་འདོད་པར་གཏོགས་པའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །དྲི་མ་མེད་

པའི་དབང་པོ་མ་གཏོགས་པའི་རྒྱུ་སྨྲས་པ་ནི། དེ་ནི་ལྡན་པ་མ་ཡིན་པ་ཁོ་ན་ཡིན་ནོ་ཞེས་བྱ་བའོ། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་དང་ཞེས་བྱ་བ་ནི། དྲི་མེད་དང་ཞེས་རྗེས་སུ་དྲང་བའི་དོན་ཏེ། མ་གཏོགས་ཞེས་བྱ་བར་སྦྱར་རོ། །སྡུག་བསྔལ་དག་ཅེས་བྱ་བ་ནི་སྡུག་བསྔལ་དང་།
ཡིད་མི་བདེ་བ་དག་སྟེ། གཉིས་ཀ་ཡང་རྗེས་སུ་མི་མཐུན་པའི་ཕྱིར་སྒྲ་གཅིག་གིས་བརྗོད་དོ། །གཟུགས་ཀྱི་ཁམས་ན་ནི་མོ་དང་ཕོ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བའི་དབང་པོ་དག་དང་། སྔར་སྨོས་པའི་ཟག་པ་མེད་པ་གསུམ་མ་གཏོགས་པ་དབང་པོ་ལྷག་མའོ། །མི་མཛེས་པར་བྱེད་པའི་ཕྱིར་
ཞེས་བྱ་བ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱིས་ཅིའི་ཕྱིར་མི་མཛེས་ཏེ། གཏན་ཚིགས་སྔ་མ་ཁོ་ན་ལེགས་སོ། །འདིར་ཕོའི་དབང་པོའི་རྒྱུ་མཚན་ཅན་དུ་མཐོང་ནས་དྲི་བ་ནི་ཕོའི་དབང་པོའི་མེད་ན་ད་ནི་ཇི་ལྟར་ན་དེ་དག་ཕོ་ཞེས་བྱ་བའོ། །ཚུལ་བཞིན་མ་ཡིན་པས་དྲིས་པའི་ཕྱིར་འདྲི་བ་འདི་ནི།
གང་ལས་འབྱུང་ཞེས་བྱ་བ་སྟེ། དེ་ནི་ཕོའི་ངོ་བོ་ཕོའི་དབང་པོ་ལས་གཞན་པ་འདོད་པའི་ཁམས་ན་ཡོད་པ་གང་ཡིན་པ་དེ་ནི་ཡོད་དོ། །དེ་ནི་ང་རོ་དང་། གཡོ་བ་དང་། དབྱིབས་ཀྱིས་བསྡུས་པ་ཡིན་ཏེ། དེ་ཡང་འདོད་པའི་ཁམས་ན་ཕོའི་ཁམས་ན་ཕོའི་དབང་པོ་དང་ལྷན་ཅིག་ཏུ་རྒྱུ་བར་མཐོང་གི །མོའི་
དབང་པོ་དང་ལྷན་ཅིག་རྒྱུ་བར་ནི་མ་ཡིན་ནོ། །སྡུག་བསྔལ་གྱི་དབང་པོ་མེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལུས་དང་བའི་ཕྱིར་བརྡེགས་པ་ལས་སྐྱེས་པའི་སྡུག་བསྔལ་གྱི་དབང་པོ་མེད་ལ། མི་དགེ་བ་མེད་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པའི་ཡང་མེད་དོ། །ཡིད་མི་བདེ་བའི་དབང་པོ་མེད་དོ་
ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་རྒྱུས་བསྐྱེད་པ་དང་། རྐྱེན་གྱིས་བསྐྱེད་པ་ཞིག་ཏུ་འགྱུར་གྲང་། དེ་ལ་རྒྱུས་བསྐྱེད་པ་མེད་དེ། རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །ཞི་གནས་ཏེ་ཏིང་ངེ་འཛིན་གྱིས་ཁོང་ཁྲོ་དང་བྲལ་བའི་ཕྱིར་དེ་དག་གི་རྒྱུད་ལ་རྩུབ་པ་ཉིད་མེད་དེ། དེའི་ཕྱིར་དེའི་རྒྱུ་ཅན་ཡིད་
མི་བདེ་བའི་དབང་པོ་ཡང་མེད་དོ། །རྒྱུད་ལ་ཡོད་པའི་རྩུབ་པ་ནི་ཁོང་ཁྲོ་བའོ། །དེའི་ཕྱིར་འདིས་ནི་དེ་ན་རྩུབ་པས་བསྐྱེད་པའི་ཡིད་མི་བདེ་བ་མེད་དོ་ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར་ཞེས་བྱ་བས་ནི་དེ་ལ་མནར་སེམས་ཀྱིས་བསྐྱེད་པ་མེད་དོ་ཞེས་བྱ་བ་

འདི་ཤེས་པར་བྱེད་དོ། །མནར་སེམས་ནི་རབ་ཏུ་འཁྲུག་པའོ། །དེའི་གཞི་ནི་ཡུལ་ལོ། །དེའི་ཕྱིར་འདིས་ནི་ཡུལ་གྱིས་བསྐྱེད་པའི་ཡིད་མི་བདེ་བ་མེད་དོ་ཞེས་བྱ་བར་ཤེས་ཏེ། དེ་ན་མནར་སེམས་ཀྱི་གཞི་དགུ་མེད་པའི་ཕྱིར་རོ། །དེ་དག་ཀྱང་ང་ལ་དོན་མ་ཡིན་པ་བྱས་པ་དང་། བྱེད་
པ་དང་། བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་མནར་སེམས་ཀྱི་གཞི་གསུམ་མོ། །ངའི་བཤེས་ལ་དོན་མ་ཡིན་པ་བྱས་པ་དང་། བྱེད་པ་དང་། བྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གཞན་གསུམ་མོ། །ངའི་དགྲ་ལ་དོན་བྱས་པ་དང་། བྱེད་པ་དང་། བྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གཞན་གསུམ་མོ། །
གཟུགས་མེད་གཏོགས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དང་གི་སྒྲས་ནི་ཕོ་དང་མོའི་དབང་པོ་དག་དང་། སྡུག་བསྔལ་དག་དང་། དྲི་མ་མེད་པ་ཞེས་བྱ་བ་དང་སྦྲེལ་ཏེ། སྐབས་སུ་བབ་པའི་ཕྱིར་ན་མ་གཏོགས་པ་ཞེས་བྱ་བར་སྦྱར་རོ། །བདེ་བ་ཞེས་བྱ་བ་ནི་བདེ་བ་དང་། ཡིད་བདེ་བ་དག་སྟེ། ཕན་འདོགས་
པར་བྱེད་པ་ཉིད་དུ་མཚུངས་པས་གཉིས་ཀ་ཡང་སྒྲ་གཅིག་གིས་བརྗོད་དོ། །གཟུགས་ཅན་སྨོས་པས་ནི་མིག་ལ་སོགས་པ་དབང་པོ་ལྔ་པོ་རྣམས་བསྡུས་སོ། །གལ་ཏེ་གཟུགས་ཅན་སྨོས་པས་ཕོ་དང་མོའི་དབང་པོ་གཉིས་ཀྱང་གཟུང་བ་མ་ཡིན་ཞེ་ན། གལ་ཏེ་གཟུགས་ཅན་སྨོས་པས་ཉིད་ཀྱིས་མིག་ལ་སོགས་
པ་ལྔར་ཕོ་དང་མོའི་དབང་པོ་གཉིས་ཀྱང་བཀག་ན་ནི་དེ་ལྟ་ཡིན་དང་། སྡུག་བསྔལ་ལ་སོགས་པ་རྣམས་བསལ་བར་བྱ་བའི་ཕྱིར་སླར་ཡང་འབད་པས་གཞན་དག་གིར་བྱ་དགོས་སོ། །དེའི་ཕྱིར་འདིར་དབང་པོ་གཟུགས་ཅན་དངོས་སུ་དགག་པ་ཉིད་དུ་བརྗོད་པར་འདོད་དོ། །ལྷག་མ་རྣམས་ནི་སྐབས་དང་
མཐུན་པར་སྦྱར་བ་ཁོ་ནས་བཀག་པ་ཉིད་དོ། །ཡིད་དང་ཚོར་བ་རྣམ་གསུམ་ཞེས་བྱ་བ་ལ། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པ་ཡིན་པའི་ཕྱིར་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡིན་པའི་ཕྱིར་གསུམ་ཉིད་དོ། །བདེ་བ་ནི་བསམ་
གཏན་གསུམ་པའི་ས་པའི་སེམས་ཀྱི་ཡིན་ལ། འདོད་པའི་ཁམས་དང་། བསམ་གཏན་དང་པོ་ན་ནི་ལུས་ཀྱི་ཁོ་ན་ཡིན་ནོ། །དེ་ལ་ལུས་ཀྱི་བདེ་བ་དང་། བསམ་གཏན་གྱི་དབང་པོ་དག་དང་། རྣམ་པར་ཤེས་པ་ལྔའི་བདག་ཉིད་ཀྱི་ཡིད་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ། །སེམས་ཀྱི་བདེ་བ་དང་། བཏང་

སྙོམས་དང་། ཡིད་བདེ་བ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་གྱི་ཡིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ལྷག་མ་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དག་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་
ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པ་ཡིན་ནོ། །གཉིས་ཀྱིས་སྤང་བྱའི་ཡིད་མི་བདེ། །ཞེས་བྱ་བ། ཡིད་མི་བདེ་བ་དང་ལྡན་པས་ན་ཡིད་མི་བདེ་བའོ། །དེའི་དངོས་པོ་ནི་ཡིད་མི་བདེ་བ་ཉིད་དེ། ཡིད་མི་བདེ་ཞེས་བྱ་བའི་དོན་ཏོ། །མཉམ་པར་གཞག་
པ་མེད་པའི་ཕྱིར་ཟག་པ་མེད་པ་མེད་དོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་། མཚུངས་པར་ལྡན་པ་ནི་མཐོང་བས་སྤང་བར་བྱ་བའོ། །ལྷག་མ་དགེ་བ་དང་ཉོན་མོངས་པ་ཅན་ནི་བསྒོམ་པས་སྤང་བར་བྱ་བའོ། །མིག་ལ་སོགས་པ་བདུན་དང་། སྲོག་དང་། སྡུག་བསྔལ་གྱི་དབང་པོ་ནི་ཅི་རིགས་
པར་གཟུགས་ཅན་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་། དྲུག་པ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་
བཤད་པ་བཞིན་ནོ། །གཅིག་ཏུ་ཟག་པ་དང་བཅས་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ། །ལྔ་པོ་ནི་སྤང་བར་བྱ་མིན་ཡང་། ཞེས་བྱ་བ་ལ། ཡང་གི་སྒྲ་ཡོད་པའི་ཕྱིར་དང་། སྐབས་སུ་བབ་པའི་ཕྱིར་དང་། བསྒོམ་པས་སྤང་བར་བྱ་བ་དག་ཀྱང་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཟག་པ་
མེད་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པ་དག་ཡིན་ལ། དགེ་བ་ཟག་པ་དང་བཅས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །གསུམ་མིན་ཞེས་བྱ་བ་ལ། ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གང་དུ་ཡང་ནི་སྤང་བྱ་མ་ཡིན་པ་ཉིད་དེ། ཟག་པ་མེད་པ་རྣམས་ནི་ཉེས་པ་མེད་པའི་ཕྱིར་རོ། །གལ་ཏེ་
གཟིངས་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ལས་ལམ་ཡང་སྤང་བར་བྱ་བ་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། གསུངས་མོད་ཀྱི་མཐོང་བ་དང་བསྒོམ་པ་དག་གིས་ནི་སྤང་བར་བྱ་བ་མ་ཡིན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཚེ་གཏོང་བས་སྤོང་བ་ཞེས་བྱ་བ་ཡིན་ནོ། །ཁམས་

གང་དུ་དང་པོ་ཉིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པ་ཞེས་བྱ་བ་ཁོ་ན་དང་པོར་རྙེད་པ་དྲིས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་གསལ་བར་བྱ་བའོ། །འདོད་པར་དང་པོར་རྣམ་སྨིན་གཉིས། །ཞེས་བྱ་བ་
ལ། དང་པོར་ཞེས་བྱ་བ་ཅིའི་དོན་དུ་ཡིན་ཞེ་ན། མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་རྣམ་པར་སྨིན་པས་བསྡུས་པ་རྣམས་ཕྱིས་རིམ་གྱིས་རྙེད་པའི་ཕྱིར་རོ། །རྫུས་ཏེ་སྐྱེ་བས་མིན་ཞེས་བྱ་བ་ལ། རྫུས་ཏེ་སྐྱེ་བ་རྣམས་ནི་དབང་པོ་ཚང་བར་སྐྱེ་བའི་ཕྱིར། ཅིའི་ཕྱིར་ཡིད་དང་བཏང་
སྙོམས་ཀྱི་དབང་པོ་དག་མ་ཡིན་ཞེ་ན། རྣམ་པར་སྨིན་པའི་དབང་དུ་བྱས་པའི་ཕྱིར་རོ། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་བྱ་བས་དེ་དག་དེའི་ཚེ་གདོན་མི་ཟ་བར་ཉོན་མོངས་པ་ཅན་དུ་འགྱུར་ལ། རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དད་པ་ལ་སོགས་པ་རྣམས་ཀྱང་དེའི་ཚེ་རྙེད་མོད་
ཀྱི། དེ་དག་དགེ་བ་ཡིན་པའི་ཕྱིར། །རྣམ་པར་སྨིན་པ་ནི་མ་ཡིན་ནོ། །ནུར་ནུར་པོ་ལ་སོགས་པའི་གཟུགས་དབང་པོ་མ་ཡིན