Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 9 / 23 (50.000 ký tự/trang)
་པའི་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱང་དེའི་ཚེ་རྙེད་མོད་ཀྱི། དེ་དག་འདིར་ནི་མ་སྨོས་ཏེ། དབང་པོའི་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །ཡང་རྫུས་ཏེ་སྐྱེ་བ་དག་གིས་
དུ་ཞིག་འཐོབ་ཅེ་ན་སྟེ། འདོད་པ་དག་ཏུ་དང་པོར་ཞེས་སྦྱར་རོ། །གལ་ཏེ་མཚན་མེད་པ་ཞིག་ཡིན་ན་སྟེ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་མེད་པའི་ཕྱིར་རོ། །ཕོ་ཉིད་དང་མོ་ཉིད་དུ་མངོན་པར་གསལ་བར་བྱེད་པ་ཡིན་པའི་ཕྱིར་ཕོའི་དབང་པོ་དང་མོའི་དབང་པོ་ལ་མཚན་ཞེས་བརྗོད་དོ། །རྫུས་ཏེ་སྐྱེ་བ་མཚན་
མེད་པ་རྣམས་ད་ལྟ་མེད་པས་འདིར་བསྐལ་པ་དང་པོ་པ་ལྟ་བུའོ་ཞེས་བྱ་བ་སྨོས་སོ། །མཚན་གཅིག་པ་ཞིག་ཡིན་ན་སྟེ་ཞེས་བྱ་བ་ནི། ཕོ་དང་མོའི་དབང་པོ་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རོ། །མི་རྣམས་ཀྱི་ནང་ན་ད་ལྟ་རྫུས་ཏེ་སྐྱེ་བ་མེད་པས་འདི་ལྟར་ལྷ་ལ་སོགས་པ་དག་ནའོ་ཞེས་བྱ་བ་སྨོས་སོ། །
འདི་ནི་སྐྱེ་གནས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བར་མཐོང་སྟེ། འདྲི་བ་ནི། ཅི་རྫུས་ཏེ་སྐྱེ་བ་ཡང་མཚན་གཉིས་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདོད་པའི་སྒྲ་ནི་ཡུལ་དག་གམ་ཡུལ་གྱི་འདོད་ཆགས་རྣམས་ལ་འཇུག་གི །ཁམས་ལ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར། འདོད་པའི་གཙོ་བོ་

ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདོད་པ་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ཡིན་ལ། དེ་གཙོ་བོར་གྱུར་པ་ནི་འདོད་པའི་ཁམས་ཡིན་ཏེ། དེའི་ཕྱིར་འདོད་པའི་ཁམས་ཞེས་བསྟན་ཏོ། །འདོད་པ་དང་གཟུགས་ཀྱི་ཁམས་གཉིས་ཀ་གཟུགས་ཡོད་པ་ཉིད་དུ་མཚུངས་བཞིན་དུ་
གཟུགས་ཀྱི་ཁམས་ཁོ་ན་གཟུགས་ཞེས་བྱ་བའི་སྒྲས་ཅིའི་ཕྱིར་བརྗོད་ཅེ་ན། དེའི་གཟུགས་གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་དེ་ནི་དང་བ་ཡིན་པའི་ཕྱིར་དང་། འོད་ཅན་ཡིན་པའི་ཕྱིར་གཙོ་བོ་ཡིན་ནོ། །མདོ་ལས་ཀྱང་ཞེས་བྱ་བ་འདིས་ནི་མདོ་ལས་གཙོ་བོ་ཡིན་པའི་ཕྱིར་
གཟུགས་ཀྱི་སྒྲས་གཟུགས་ཀྱི་ཁམས་གསུངས་སོ་ཞེས་སྟོན་ཏོ། །གོང་མར་གཅིག་ཅེས་བྱ་བ་ལ། །གཟུགས་མེད་པའི་ཁམས་ནི་གཟུགས་ཀྱི་ཁམས་པས་གོང་མ་ཡིན་ནོ། །ཡུལ་ན་མི་གནས་པས་གཟུགས་མེད་པའི་ཁམས་གཟུགས་ཀྱི་ཁམས་པས་གོང་མར་ཅི་ལྟར་བརྗོད་ཅེ་ན། དེའི་ཕྱིར་
སྙོམས་པར་འཇུག་པས་རིང་བའི་ཕྱིར་དང་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གཟུགས་སུ་སྙོམས་པར་འཇུག་པ་ནི་སྔ་ལ་གཟུགས་མེད་པར་སྙོམས་པར་འཇུག་པ་ནི་འཕྱི་བ་ཡིན་ནོ། །དེ་ལྟ་སྔ་ཕྱི་ཉིད་ཀྱིས་ཡིན་གྱི། འདོད་པའི་དང་གཟུགས་ཀྱི་ཁམས་ལྟར་ཡུལ་ན་གནས་པ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་
ཕྱིར་གཟུགས་མེད་པའི་ཁམས་ནི་གཟུགས་ཀྱི་ཁམས་པས་སྐྱེ་བས་ཆེས་མཆོག་ཡིན་པའི་ཡང་ཕྱིར་རོ། །དེར་ནི་བསྐལ་པ་སྟོང་ཕྲག་མང་པོར་ཆེས་རབ་ཏུ་ཞི་བ་རྣམ་པར་སྨིན་པར་འགྱུར་ཏེ། དེའི་ཕྱིར་ཡང་གོང་མ་ཡིན་ནོ། །སྲོག་གི་དབང་པོ་གཅིག་པུ་ཁོ་ན་དང་པོར་རྣམ་པར་སྨིན་པ་ཞེས་བྱ་བར་སྐབས་དང་སྦྱར་
རོ། །དེ་ན་གཟུགས་མེད་པའི་ཕྱིར་མིག་ལ་སོགས་པ་རྣམས་མ་ཡིན་ལ། དགེ་བ་དང་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གཞན་རྣམས་ཀྱང་མ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ་ནི་སྲོག་གི་དབང་པོ་རྫས་སུ་ཡོད་པ་ཉིད་ཀྱི་ཤེས་པར་བྱེད་པ་ཉིད་འདི་ཁོ་ན་ཡིན་ཏེ། དེ་མེད་ན་གང་རྙེད་པས་གཟུགས་མེད་པ་
དག་ཏུ་སྐྱེས་པ་ཞེས་བྱ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྐྱེ་བར་ཉིང་མཚམས་སྦྱོར་བར་ཁས་བླངས་པའི་ཕྱིར་ན་རྣམ་པར་སྨིན་པའི་སེམས་ཀྱིས་མཚམས་སྦྱོར་བར་ཡང་མི་རིགས་ལ། རྣམ་པར་སྨིན་པ་དང་འབྲེལ་པ་མེད་པར་སྐྱེ་བ་ཡང་མི་རིགས་པ་དེའི་ཕྱིར། གདོན་མི་ཟ་བར་སྐྱེ་བའི་རྟགས་སུ་གྱུར་པ་ཆོས་གཞན་

ཞིག་ཁས་བླང་བར་བྱ་དགོས་སོ་ཞེས་ཟེར་རོ། །གཟུགས་མེད་དག་ཏུ་འཆི་བ་ནི། །ཞེས་བྱ་བར་རྒྱས་པར་འབྱུང་བ་ནི་སྲོག་དང་། ཡིད་དང་། བཏང་སྙོམས་རྣམས་ཕན་ཚུན་མི་གཏོང་བའི་ཕྱིར་ཏེ། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །
ཞེས་འཆད་པར་འགྱུར་རོ། །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་དད་པ་ལ་སོགས་པ་མེད་པས་གཟུགས་མེད་པའི་ཁམས་སུ་འཆི་བ་ན་གདོན་མི་ཟ་བར་གསུམ་པོ་དེ་དག་འགག་གོ། །ཉིད་ཀྱང་ཞེས་བྱ་བའི་ཚིག་ཕྲད་དག་གི་གཉིས་ཀ་དོན་ཡང་གཅིག་སྟེ། སྔ་མས་ནི་
ཚོར་བ་ངེས་པར་འཛིན་ཏོ། །འོག་མས་ནི་གཟུགས་ཅན་འགག་པ་འགོག་སྟེ། ཁ་ཅིག་ན་རེ་དེ་ན་གཟུགས་ཡོད་དོ་ཞེས་ཟེར་རོ། །གཟུགས་ན་བརྒྱད་དེ་དག་གོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། རྫུས་ཏེ་སྐྱེ་བ་ཐམས་ཅད་ནི། །ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། རྫུས་ཏེ་སྐྱེ་བ་རྣམས་ལ་མེར་མེར་པོ་ལ་
སོགས་པ་རྣམས་མེད་པའི་ཕྱིར་དང་། རིམ་གྱིས་འཆི་བ་མེད་པའི་ཕྱིར་དབང་པོ་ཚང་བ་རྣམས་སྐྱེ་ཞིང་འཆི་བ་ཡིན་ནོ། །འདོད་པར་བཅུ་འམ་དགུ་འམ་བརྒྱད། །ཅེས་བྱ་བ་ལ། མཚན་གཉིས་པ་དབང་པོ་ཚང་བ་ཞིག་ཡིན་ན་ནི་བཅུ་འགག་གོ། །མཚན་གཅིག་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ནི་ཕོ་དང་མོའི་
དབང་པོ་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པའོ། །མཚན་མེད་པ་ནི་དེ་གཉིས་ཀ་དང་བྲལ་བའོ། །ཅིག་ཅར་འཆི་བ་ལ་ནི་འདོད་པར་བཅུ་འམ། དགུ་འམ། བརྒྱད་ཅེས་བྱ་བ་ཚུལ་དེ་ལྟ་བུ་ཡིན་ནོ། །རིམ་གྱིས་འཆི་བ་དག་ལ་ཞེས་བྱ་བ་འདི་གང་ལས་ཤེ་ན། རིམ་གྱིས་འཆི་བ་དག་ལས་བཞི་ཞེས་མཇུག་
ཐོགས་སུ་འཆད་པ་ལས་སོ། །མིག་ལ་སོགས་པ་རྣམས་སྔར་འགགས་ཟིན་པའི་ཕྱིར་དང་། ལུས་དང་། སྲོག་དང་། ཡིད་ཀྱི་དབང་པོ་དང་། བཏང་སྙོམས་རྣམས་ཕན་ཚུན་མི་འདོར་བས་སོ་སོར་འགག་པ་མ་ཡིན་པ་དེའི་ཕྱིར་རིམ་གྱིས་འཆི་བ་དག་ལས་བཞི་འགག་གོ། །ཚུལ་དེ་ལྟ་བུ་ཡིན་པར་ཞེས་བྱ་བ་རྒྱས་
པར་འབྱུང་བ་ལ། འཆི་བའི་སྲིད་པའི་སེམས་ནི་གསུམ་སྟེ། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་། དགེ་བའོ། །དེ་ལ་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་ནི་ཇི་སྐད་བཤད་པའི་དབང་པོ་འགག་པར་རིག་པར་བྱ་སྟེ། དབང་པོ་གཞན་མེད་པའི་ཕྱིར་རོ། །དགེ་ལ་

ཐམས་ཅད་དག་ཏུ་ལྔ། །ཞེས་བྱ་བ་ལ། ཐམས་ཅད་དག་ཏུ་ཞེས་བྱ་བ་ལ་ནི་ཁམས་གསུམ་ཆར་གྱི་འཆི་བ་ལས་ཡང་ཞེས་བྱ་བའི་དོན་ཏོ། །དགེ་བ་ལས་ནི་གདོན་མི་ཟ་བར་དད་པ་ལ་སོགས་པ་ལྔ་པོ་འགག་སྟེ། དད་པ་ལ་སོགས་པ་རྣམས་ནི་དགེ་བའི་སེམས་ལ་ངེས་པར་ཡོད་པའི་ཕྱིར་རོ། །འང་ཞེས་བྱ་
བའི་སྒྲས་ནི་ཇི་སྐད་བཤད་པའང་འགག་གོ་ཞེས་ཤེས་པར་བྱེད་དོ། །རྒྱས་པར་བརྩི་བར་བྱའོ་ཞེས་བྱ་བ་ནི་འདོད་པའི་ཁམས་ན་ཅིག་ཅར་འཆི་བ་ལ་བཅོ་ལྔའམ། བཅུ་བཞི་འམ། བཅུ་གསུམ་ཡིན་ལ། རིམ་གྱིས་འཆི་བ་དག་ལ་དགུ་ཞེས་བྱ་བའོ། །དབང་པོའི་སྐབས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
དབང་པོའི་ཕུང་པོར་དབང་པོའི་ཆོས་གནས་སྐབས་ཀྱི་ཁྱད་པར་དང་། བྱེད་པའི་ཁྱད་པར་ཐམས་ཅད་དཔྱད་དེ། དེས་ན་འདིར་ཡང་དཔྱད་པར་བྱ་སྟེ། བསྟན་བཅོས་འདི་ནི་དེའི་མཛོད་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དབང་པོ་མ་ཡིན་
པ་དག་གིས་ཀྱང་དགེ་སྦྱོང་གི་འབྲས་བུ་རྣམས་འཐོབ་མོད་ཀྱི། དབང་པོ་རྣམས་ཀྱི་སྐབས་སུ་བབ་པ་དེའི་ཕྱིར་དེ་རྣམས་ཁོ་ན་དཔྱད་པར་བྱའོ། །འབྲས་བུ་ཐ་མ་ཉིད་དགུས་འཐོབ། །ཅེས་བྱ་བ་ལ་དགུ་ཁོ་ནས་ངེས་པར་གཟུང་ངོ་། །བསྟན་བཅོས་ལས་ནི་གང་ཟག་འབྲས་བུ་ཐམས་ཅད་དུ་ཐོབ་པའི་དབང་དུ་
མཛད་ནས་འདོན་ཏོ། །མཐའ་ན་ཡོད་པའི་ཕྱིར་ཐ་མའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དག་ནི་མཐའ་མ་སྟེ། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་བཞིན་དུ་དང་པོ་ཡང་མཐའ་མ་ཡིན་ནོ། །དེ་གཉིས་ཀྱི་དབུས་ན་མ་ཡིན་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་
བ་དག་ནི་བར་མའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་དད་པ་ལ་སོགས་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་པ་དག་དང་ཞེས་བྱ་བར་སྨོས་སོ། །དེ་ལ་དགེ་བ་
ཡིན་པའི་ཕྱིར་དད་པ་ལ་སོགས་པ་རྣམས་ཡོད་དོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མཐོང་བའི་ལམ་ཡིན་པའི་ཕྱིར་དེ་ན་ཀུན་ཤེས་པར་བྱེད་པའི་དབང་པོ་ཡོད་དོ། །ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་པས་དེ་ན་ཀུན་ཤེས་པའི་དབང་པོ་ཡོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་ནི་མི་

ལྕོགས་པ་མེད་པས་བསྡུས་པའི་ཕྱིར་དང་། དེ་ན་ཚོར་བ་བཏང་སྙོམས་ཁོ་ན་ཡོད་པས་བཏང་སྙོམས་ཀྱི་དབང་པོ་ཡང་ཡོད་དོ། །དེ་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་དབང་པོའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བར་ཆད་མེད་པའི་ལམ་ལའོ། །རྗེས་སུ་
ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་ལའོ། །གཉིས་ཀས་ཀྱང་ཞེས་བྱ་བ་ནི་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གཉིས་ཀས་སམ། དབང་པོ་གཉིས་ཀས་སོ། །དེ་འཐོབ་སྟེ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །ཇི་ལྟར་ཞེ་ན། བྲལ་བའི་ཐོབ་པའི་ཞེས་བྱ་བ་རྒྱས་པར་འབྱུང་
བ་ལ། བར་ཆད་མེད་པའི་ལམ་ནི་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་ཏེ། བྲལ་བའི་ཐོབ་པ་སྐྱེ་བའི་གེགས་སུ་གྱུར་པའི་ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྲལ་བའི་ཐོབ་པ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱི་རྒྱུ་མཐུན་པ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །རྣམ་པར་གྲོལ་
བའི་ལམ་དང་ལྷན་ཅིག་ཏུ་བྲལ་བའི་ཐོབ་པ་སྐྱེ་བའི་ཕྱིར། རྣམ་པར་གྲོལ་བའི་ལམ་ནི་བྲལ་བའི་ཐོབ་པའི་རྟེན་ཉིད་ཡིན་ནོ། །དེ་ལྟར་ན་བྲལ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི་འབྲས་བུ་མ་ཡིན་ཞིང་། དེའི་ཐོབ་པ་ཡང་མ་ཡིན་ན། ཇི་ལྟར་ཀུན་ཤེས་པའི་དབང་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་
བོ་ཞེས་བརྗོད་ཅེ་ན། བར་ཆད་མེད་པའི་ལམ་རྣམས་ནི་རྣམ་པར་གྲོལ་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ། །རྒྱལ་པོའི་འཁོར་གྱིས་བྱས་པ་རྒྱལ་པོ་ལ་ཉེ་བར་འདོགས་པ་བཞིན་ཏེ། དེ་བཞིན་དུ་བར་ཆད་མེད་པའི་ལམ་གྱིས་བྱས་པ་རྣམ་པར་གྲོལ་བའི་ལམ་རྣམས་ལ་ཉེ་བར་འདོགས་པ་ཡིན་ནོ། །
དགྲ་བཅོམ་པ་ཉིད་ནི་དད་པ་ལ་སོགས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་མ་གཏོགས་པ་དང་ཞེས་བྱ་བ་ལ། རེ་ཞིག་དད་པ་ལ་སོགས་པ་དག་ནི་དགེ་བའི་སེམས་ལས་བྱུང་ངོ་། །དགྲ་བཅོམ་པ་ཉིད་ནི་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ན་བར་ཆད་མེད་པའི་ལམ་ནི་ཀུན་ཤེས་པའི་དབང་པོ་སྟེ། དེ་
ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །རྣམ་པར་གྲོལ་བའི་ལམ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དེ་ཡང་ཟད་པ་ཤེས་པའི་ཚེ་ནའོ། །བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་དག་ནི་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་། བརྟེན་པ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ནི་མ་

གཏོགས་ཏེ། མཐོང་བའི་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་དང་ཞེས་བྱ་བ་ལ། ཡིད་ཀྱི་དབང་པོ་ནི་རྡོ་རྗེ་ལྟ་བུ་དང་། ཟད་པ་ཤེས་པ་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པའོ། །བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ལ་གང་ཡང་རུང་
བ་ཞིག་དང་ཞེས་བྱ་བ་ལ། དགྲ་བཅོམ་པ་ཉིད་ཀྱི་རྟེན་ནི་དགུ་སྟེ། བསམ་གཏན་བཞི་དང་། མི་ལྕོགས་པ་མེད་པ་དང་། ཁྱད་པར་ཅན་དང་། གཟུགས་མེད་པ་གསུམ་དག་གོ། །མདོ་ལས་དགེ་སློང་དག་བསམ་གཏན་དང་པོ་ལ་བརྟེན་ནས་ཟད་པར་སྨྲའོ་ཞེས་བྱ་བ་ནས། ཅི་ཡང་མེད་
པའི་སྐྱེ་མཆེད་ལ་བརྟེན་ནས་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལ་བསམ་གཏན་གསུམ་པ་ལ་བརྟེན་ནས་ཐོབ་ན་ནི་བདེ་བའི་དབང་པོའོ། །བསམ་གཏན་དང་པོ་དང་། གཉིས་པ་ལ་བརྟེན་ནས་ཐོབ་ན་ནི་ཡིད་བདེ་བའི་དབང་པོའོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་
ཅན་དང་། བསམ་གཏན་བཞི་པ་དང་། གཟུགས་མེད་པ་གསུམ་ལ་བརྟེན་ནས་ཐོབ་ན་ནི་བཏང་སྙོམས་ཀྱི་དབང་པོའོ། །དེ་ལྟར་རྟེན་གྱི་བྱེ་བྲག་གིས་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་རྣམས་ལས་གང་ཡང་རུང་བ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་བོ། །གཉིས་ནི་བདུན་
དང་བརྒྱད་དང་དགུས། །ཞེས་བྱ་བ་ལ་འཐོབ་བོ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །རེ་ཞིག་གལ་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི་དེ་དབང་པོ་བདུན་དག་གིས་འཐོབ་བོ། །ཇི་ལྟར་བྱས་ནས་ཤེ་ན། ལམ་མི་ལྕོགས་པ་མེད་
པའི་ས་པ་ཡིན་པའི་ཕྱིར་ན་བཏང་སྙོམས་ཀྱི་དབང་པོ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་ཁོ་ནས་འཐོབ་བོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་
པ་མཐར་གྱིས་པ་དེ་ཁོ་ན་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ན་ནི་དེའི་ཚེ་དབང་པོ་བརྒྱད་དག་གིས་འཐོབ་སྟེ། སྔ་མ་བདུན་ལ་ཀུན་ཤེས་པའི་དབང་པོས་བསྣན་པ་བརྒྱད་ཡིན་ནོ། །གཉིས་ཀ་ཡང་བསྒོམ་པའི་ལམ་ཡིན་པའི་ཕྱིར་ན་དེའི་བར་ཆད་

མེད་པ་དང་། རྣམ་པར་གྲོལ་བའི་ལམ་དག་ལ་ཀུན་ཤེས་པའི་དབང་པོ་ཁོ་ན་ཡིན་གྱི། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་གཉིས་ཀ་ཐ་དད་པའི་ཕྱིར་རྒྱུན་དུ་ཞུགས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དག་ཇི་ལྟ་བ་བཞིན་ནི་མ་ཡིན་ཏེ། དེ་ལྟར་
འདིར་ནི་མ་ཡིན་ནོ། །ཅི་སྟེ་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཞིག་གིས་ཞེས་བྱ་བ་ལ། གང་ཞིག་འཇིག་རྟེན་པའི་ལམ་གྱིས་འདོད་པར་གཏོགས་པའི་ཉོན་མོངས་པ་རྣམས་ལས་རྣམ་པ་དྲུག་སྤངས་པ་དེ་ནི་དགུས་ཏེ། མཐོང་བའི་ལམ་ཁོ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ལྟ་
བུ་སྟེ། དེ་དང་འདྲ་བ་ཁོ་ནར་དབང་པོ་དགུས་འཐོབ་བོ། །གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་ཞེས་བྱ་བ་ལ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས། ཕྱིར་མི་འོང་བའི་འབྲས་བུ་ཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན། དེ་དབང་པོ་བདུན་གྱིས་འཐོབ་སྟེ།
ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཇི་ལྟ་བ་བཞིན་ནོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེ་བརྒྱད་ཀྱིས་འཐོབ་སྟེ། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཀུན་ཤེས་པའི་དབང་པོ་བརྒྱད་པ་ཡིན་པ་དེ་དང་འདྲའོ། །ཅི་སྟེ་འདོད་ཆགས་དང་བྲལ་བ་ཞིག་གིས་ཞེས་བྱ་
བ་ལ། དེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་ཞིང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་སོ་སོའི་སྐྱེ་བོར་གྱུར་པས་མཐོང་བའི་ལམ་སྐྱེས་པ་ཞིག་སྟེ། དེ་ནི་དེའི་ཚེ་བདེན་པ་མངོན་པར་རྟོགས་པའི་མཐར་འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་དགུ་པ་
སྤངས་པའི་ཕྱིར་ཕྱིར་མི་འོང་བ་ཁོ་ན་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། བར་ཆད་མེད་པའི་ལམ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། རྣམ་པར་གྲོལ་བའི་ལམ་ལ་ཀུན་ཤེས་པའི་དབང་པོ་དང་། དད་པ་ལ་སོགས་པ་རྣམས་དང་། ཡིད་དེ་དེ་ཁོ་ན་དང་
འདྲའོ། །འདི་ནི་ཁྱད་པར་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་ལྕོགས་པ་མེད་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་ན་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དག་ལ་ནི་རྟག་ཏུ་བཏང་སྙོམས་ཁོ་ན་ཡིན་གྱི། ཕྱིར་མི་འོང་བའི་འབྲས་བུ་ལ་ནི་རྟེན་གྱི་བྱེ་བྲག་ལས་བདེ་བ་དང་། ཡིད་

བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་སྟེ། བསམ་གཏན་གསུམ་པ་ལ་བརྟེན་ནས་ཐོབ་པ་ན་ནི་བདེ་བའི་དབང་པོའོ། །བསམ་གཏན་དང་པོ་དང་། གཉིས་པ་ལ་བརྟེན་ནས་བདེན་པ་དག་ཀྱང་མཐོང་ན་ནི་ཡིད་བདེ་བའི་དབང་པོའོ། །མི་ལྕོགས་པ་མེད་པ་དང་།
བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པ་ལ་བརྟེན་ནས་འཐོབ་ན་ནི། བཏང་སྙོམས་ཀྱི་དབང་པོའོ། །གང་གི་ཚེ་འདི་མཐར་གྱིས་པ་ཞིག་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དབང་པོ་རྣོན་པོ་ཁོ་ན་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་ཉེ་བར་བསྡོགས་པ་ནས་བསམ་གཏན་ལ་འཇུག་
པར་ནུས་ཀྱི། དབང་པོ་རྟུལ་པོ་ནི་མ་ཡིན་ནོ། །ཚོར་བ་སྤོ་བར་དཀའ་བའི་ཕྱིར་དང་། དབང་པོ་རྣོན་པོ་ཡང་ངེས་པ་མེད་པའི་ཕྱིར་རོ། །གང་གི་ཚེ་འདི་མཐར་གྱིས་པ་ཞིག་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་བསམ་གཏན་གྱི་དངོས་གཞིའི་ས་པའི་
ཡིད་བདེ་བའི་དབང་པོ་ལྷག་མ་ཡིན་ནོ། །བར་ཆད་མེད་པའི་ལམ་ལ་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་སྟེ་ཞེས་བྱ་བ་ལ། གལ་ཏེ་བསམ་གཏན་ལ་འཇུག་པའམ། མི་འཇུག་ཀྱང་ངོ་། །དེ་ནི་གཉིས་ཀས་ཀྱང་འཐོབ་བོ་ཞེས་བྱ་བ་ནི་བཏང་སྙོམས་དང་། ཡིད་བདེ་བའི་དབང་པོ་གཉིས་ཀས་ཏེ།
གོ་རིམས་བཞིན་དུ་དེ་དག་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་ཡིན་པའི་ཕྱིར་རོ། །འོན་ཏེ་འཇིག་རྟེན་ལས་འདས་པས་ཞེས་བྱ་བ་ལ། གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཅིང་། དབང་པོ་རྣོན་
པོ་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་བསམ་གཏན་ལ་འཇུག་པ་ན་ནི་དེ་ལ་སྔར་སྨོས་པ་བདུན་དང་། བསམ་གཏན་གྱི་དངོས་གཞིའི་ས་པའི་ཡིད་བདེ་བའི་དབང་པོ་བརྒྱད་པ་དང་། ཀུན་ཤེས་པའི་དབང་པོ་དགུ་པ་ཡིན་ནོ། །འབྲས་བུ་ཐ་མ་གཉིས་དགུས་འཐོབ། །ཅེས་བྱ་བ་འདི་ལ་འགལ་བ་
བསྟན་པའི་ཕྱིར། འོ་ན་ཆོས་མངོན་པ་ལས་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་འཇུག་པ་ལས་སོ། །ཚོར་བ་གསུམ་ཅིག་ཅར་མངོན་དུ་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་དགུ་ཁོ་ནས་འཐོབ་བོ། །དེའི་ཕྱིར་འགལ་བ་མེད་དོ། །བསྟན་བཅོས་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །འདིར་དགོངས་པ་གང་ཡིན་

ཞེ་ན། དེའི་ཕྱིར། བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བདེ་བས་ཐོབ་པ་ལ་ཡོངས་སུ་ཉམས་ཤིང་ཡང་ཡིད་བདེ་བས་འཐོབ་ལ། དེ་ལས་ཡོངས་སུ་ཉམས་ཏེ། སླར་བཏང་སྙོམས་ཀྱིས་འཐོབ་ཀྱི། ས་ཐ་དད་པ་ཡིན་པའི་ཕྱིར་དང་།
ཕན་ཚུན་རྣམ་པ་འགལ་བའི་ཕྱིར་དང་། རྫས་ཉིད་མཚུངས་པར་ལྡན་པ་ཡིན་པའི་ཕྱིར། །བདེ་བ་ལ་སོགས་པ་རྣམས་དུས་གཅིག་ཏུ་སྲིད་པ་ཡོད་པ་ནི་མ་ཡིན་ནོ། །འདི་ཕྱིར་མི་འོང་བ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕྱིར་མི་འོང་བའི་འབྲས་བུ་ཡང་དགྲ་བཅོམ་པ་ཉིད་ལྟར་བདེ་བ་དང་། ཡིད་བདེ་བ་
དང་། བཏང་སྙོམས་རྣམས་ཀྱིས་འཐོབ་སྟེ། དེའི་ཕྱིར་དེ་ཡང་ཡོངས་སུ་ཉམས་ནས་དབང་པོ་བཅུ་གཅིག་དག་གིས་འཐོབ་པར་འགྱུར་རོ་སྙམ་དུ་སེམས་ན། འདི་ནི་ཡོངས་སུ་ཉམས་ཕན་ཆད། །ཅེས་བྱ་བ་རྒྱས་པར་འབྱུང་སྟེ། ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ནི་འདོད་
པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་ཕྱིས་བདེ་བའི་དབང་པོས་འཐོབ་པ་མི་སྲིད་དེ། བདེ་བའི་དབང་པོ་ནི་བསམ་གཏན་གསུམ་པའི་ས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། འདི་ནི་ཉམས་ཕན་ཆད་ནམ་ཡང་བདེ་བའི་དབང་པོས་འཐོབ་པ་མེད་
དོ་ཞེས་བྱ་བ་སྨོས་སོ། །ཅི་གང་ལས་བདེ་བའི་དབང་པོས་ཐོབ་པ་ཁོ་ན་བཀག་པས་ཡིད་བདེ་བ་འཐོབ་པར་འགྱུར་རམ་ཞེ་ན། དེའི་ཕྱིར་བཤད་པ། གལ་ཏེ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་བསམ་གཏན་གྱི་དངོས་གཞི་ལ་འཇུག་ན་ནི་འཐོབ་པར་འགྱུར་བ་ཞིག་གོ། །དེ་ནི་ཡོད་པ་མ་ཡིན་ཏེ། །འདི་ལྟར་ཡོངས་
སུ་ཉམས་པར་གྱུར་པ་གང་ཡིན་པ་དེ་ནི་དབང་པོ་རྟུལ་པོ་ཡིན་ལ། གང་ཞིག་དབང་པོ་རྟུལ་པོ་ཡིན་པ་དེ་ནི་རྣམ་པར་གྲོལ་བའི་ལམ་དགུ་པ་བསམ་གཏན་གྱི་དངོས་གཞི་ལ་འཇུག་པར་མི་ནུས་སོ། །དབང་པོ་རྣོན་པོས་ནུས་མོད་ཀྱི། དེ་ལ་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བུ་ཡོད་མོད་ཀྱི།
འོན་ཀྱང་དེ་དབང་པོ་རྟུལ་པོ་ཡིན་ཀྱང་མཐར་གྱིས་པར་གྱུར་པས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཅིང་། དེ་ལས་ཡོངས་སུ་ཉམས་པར་གྱུར་པས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། དབང་པོ་སྤོ་བར་བྱེད་ལ། དབང་པོ་འཕོས་པས་དབང་པོ་རྣོན་པོར་ཡང་གྱུར་ནས་མཐར་གྱིས་པའི་ཚུལ་གྱིས་ཕྱིར་མི་འོང་བའི་

འབྲས་བུ་ཐོབ་པ་ན། གལ་ཏེ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་བསམ་གཏན་གྱི་དངོས་གཞི་ལ་འཇུག་ན་ནི་དེའི་ཕྱིར་མི་འོང་བའི་འབྲས་བུ་དེ་བརྒྱད་དག་གམ། དགུ་དག་གིས་ཐོབ་པར་འགྱུར་རོ། །ཅི་སྟེ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་བདེ་བའི་དབང་པོས་ཐོབ་ནས་ཡོངས་སུ་ཉམས་པ་སྟེ། ཡང་ཡིད་
བདེ་བ་དང་། བཏང་སྙོམས་དག་གིས་ཐོབ་པར་འགྱུར་རོ་སྙམ་ན། དེའི་ཕྱིར་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་ཞེས་བྱ་བ་སྨོས་སོ། །ཡོངས་སུ་ཉམས་པ་མེད་པའི་རྒྱུ་ནི། དེའི་འདོད་ཆགས་དང་བྲལ་བ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་
གཉིས་ཀྱིས་ཐོབ་པར་བྱས་པས་འདོད་ཆགས་དང་བྲལ་བ་ནི་བརྟེན་པ་ཡིན་ཏེ། འབྲས་ལས་ཉམས་འགྱུར་དང་པོ་ལས་མ་ཡིན་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་དེ་ལས་ཉམས་པ་མེད་དོ། །དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་བ་ཡིན་པས། དབང་པོ་དུ་ཞིག་དང་ལྡན་ན་
ཞེས་བྱ་བ་འདི་ཡང་དཔྱད་པར་བྱའོ། །བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་སྟེ། གདོན་མི་ཟ་བ་ཁོ་ནར་གསུམ་དང་ལྡན་པར་འགྱུར་གྱི། འདི་དག་ཁོ་ན་དང་ལྡན་པ་མ་ཡིན་ནོ། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ས་དང་
སེམས་ཅན་གྱི་རྟེན་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དད་པ་ལ་སོགས་པ་རྣམས་ནི་ས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ཡང་སེམས་ཅན་གྱི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་མ་ཡིན་ལ། དད་པ་ལ་སོགས་པ་ལས་གཞན་པ་དག་ནི་གཉིས་ག་ལས་ཁྱབ་པར་བྱེད་པ་མ་ཡིན་ཏེ། དེའི་
ཕྱིར་ལྷག་མ་རྣམས་དང་ནི་མ་ངེས་ཏེ། བཏང་སྙོམས་ལ་སོགས་པ་གསུམ་ལས་གཞན་པ་གང་དག་ཡིན་པ་དེ་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །དེ་ལ་རེ་ཞིག་མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་དག་ནི་གཟུགས་མེད་པར་སྐྱེས་པ་དག་དང་མི་ལྡན་ཏེ། གཟུགས་ཀྱི་འདོད་ཆགས་
དང་བྲལ་བ་རྣམས་དེར་སྐྱེས་པའི་ཕྱིར་གཟུགས་མི་སྲིད་དོ། །འདོད་པའི་ཁམས་ན་ནི་གང་གིས་མ་ཐོབ་པ་དང་། རྣམ་པར་ཉམས་པ་དག་དང་མི་ལྡན་ནོ་ཞེས་བྱ་བ་ལ། གང་ལ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུ་མ་སྐྱེས་པ་དག་དང་། དམུས་ལོང་ལ་སོགས་པ་རྣམས་ལ་ཕྱིས་ཀྱང་མ་སྐྱེས་པ་དག་

དང་མི་ལྡན་ནོ། །རྣམ་པར་ཉམས་པ་དག་ནི་སྐྱེས་ནས་གནོད་པ་བྱས་པའམ། ནད་ཀྱིས་ཆུད་ཟོས་པ་དག་གོ། །ལུས་ཀྱི་དབང་པོ་ལོགས་སུ་སྨོས་པ་ནི་འདོད་པའི་ཁམས་སུ་གང་གིས་མ་ཐོབ་པ་དང་། རྣམ་པར་ཉམས་པ་དག་དང་མི་ལྡན་ནོ་ཞེས་བྱ་བའི་ལྷག་མ་འདི་མིག་ལ་སོགས་པ་དག་
ཁོ་ན་ལ་སྲིད་པའི་ཕྱིར་ཏེ། ལུས་ཀྱི་དབང་པོ་ལ་ནི་མ་ཡིན་ནོ། །ལུས་ཀྱི་དབང་པོ་ནི་གཟུགས་མེད་པའི་ཁམས་སུ་འཁྲུལ་པ་ཡིན་ནོ། །ཕོ་དང་མོའི་དབང་པོ་དག་ན་མིག་ལ་སོགས་པ་ལྟར་འཁྲུལ་མོད་ཀྱི་འདི་ཁྱད་པར་ཡོད་དེ། གཟུགས་ཀྱི་ཁམས་ན་ཡང་ཕོ་དང་མོའི་དབང་པོ་དག་མེད་དོ། །བདེ་བའི་
དབང་པོ་དང་ནི་བསམ་གཏན་བཞི་པ་དང་། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོ་དང་མི་ལྡན་ནོ་ཞེས་བྱ་བ་ལ། བསམ་གཏན་གསུམ་པའི་གོང་ན་བདེ་བའི་དབང་པོ་མེད་པའི་ཕྱིར་ལ། ས་འཕོས་པས་བསམ་གཏན་གསུམ་པར་གཏོགས་པའི་བདེ་བའི་དབང་པོ་ཡོངས་སུ་བཏང་བའི་ཕྱིར་རོ། །འཕགས་
པ་ནི་སྐྱེས་ཀྱང་སྔར་བསྐྱེད་པའི་བསམ་གཏན་གསུམ་པའི་བདེ་བ་ཟག་པ་མེད་པ་དང་ལྡན་པ་ཉིད་དེ། དེ་ནི་ཟག་པ་མེད་པ་རྣམས་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་སྤངས་པ་མེད་ལ། མི་ལྡན་པ་ཡིན་པའི་ཕྱིར་ས་འཕོས་པས་གཏོང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་འཕགས་པ་ལས་ཁྱད་པར་དུ་བྱས་པའི་ཕྱིར་སོ་
སོའི་སྐྱེ་བོ་ཞེས་བྱ་བ་སྨོས་སོ། །ཡིད་བདེ་བའི་དབང་པོ་དང་ནི་ཞེས་བྱ་བ་ལ། འཕགས་པ་ནི་བསམ་གཏན་གཉིས་པའི་གོང་དུ་སྐྱེས་ཀྱང་ཟག་པ་མེད་པའི་ཡིད་བདེ་བའི་དབང་པོ་དང་ལྡན་པས། སོ་སོའི་སྐྱེ་བོ་ཁོ་ན་དང་ཞེས་ཁྱད་པར་དུ་བྱས་སོ། །སྡུག་བསྔལ་གྱི་དབང་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ།
སྡུག་བསྔལ་གྱི་དབང་པོ་དང་ནི་འདོད་པར་གཏོགས་པ་ཁོ་ན་ཡིན་པས་དེ་དང་། གཟུགས་དང་། གཟུགས་མེད་པར་སྐྱེས་པ་མི་ལྡན་ནོ། །ཡིད་མི་བདེ་བ་དང་འདོད་ཆགས་དང་བྲལ་བ་མི་ལྡན་པའི་རྒྱུ་ནི་སྔ་མ་བཞིན་ནོ། །དད་པ་ལ་སོགས་པ་དག་དང་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དད་པ་ལ་
སོགས་པ་རྣམས་ནི་གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་ལོག་པར་ལྟ་བ་ཆེན་པོ་ཡོངས་སུ་རྫོགས་པ་དེ་དག་ཀུན་དུ་སྤྱོད་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་ཞེས་བྱ་བ་ལ། ཟག་པ་མེད་པའི་ཕྱིར་སོ་སོའི་སྐྱེ་བོ་དང་མི་ལྡན་ནོ། །མཐོང་བའི་ལམ་གཏང་བའི་ཕྱིར་འབྲས་བུ་ལ་གནས་པ་དང་མི་ལྡན་

ནོ། །ཀུན་ཤེས་པའི་དབང་པོ་དང་ནི་ཞེས་བྱ་བ་ལ། ཟག་པ་མེད་པའི་བསྒོམ་པའི་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར། སོ་སོའི་སྐྱེ་བོ་དང་། མཐོང་བ་དང་། མི་སློབ་པའི་ལམ་ལ་གནས་པ་རྣམས་མི་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་ཞེས་བྱ་བ་ལ། མི་སློབ་པའི་ལམ་གྱི་བདག་
ཉིད་ཡིན་པའི་ཕྱིར་སོ་སོའི་སྐྱེ་བོ་དང་། སློབ་པ་དག་དང་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་དག་ཏུ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མིག་ལ་སོགས་པ་བཞི་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་དང་ལྡན་ནོ། །འདོད་པའི་ཁམས་ན་ཐོབ་པ་དང་མ་ཉམས་པ་ཡང་མིག་ལ་སོགས་པ་དག་དང་ལྡན་
ནོ། །ལུས་ཀྱི་དབང་པོ་དང་ནི་འདོད་པ་དང་། །གཟུགས་ཀྱི་ཁམས་སུ་སྐྱེས་པ་དག་ལྡན་ནོ། །ཕོ་དང་མོའི་དབང་པོ་དང་ནི་འདོད་པའི་ཁམས་ཁོ་ནར་ཐོབ་པ་དང་། མ་ཉམས་པ་ལྡན་ནོ། །བདེ་བའི་དབང་པོ་ནི་བསམ་གཏན་བཞི་པའི་འོག་ཏུ་སྐྱེས་པ་དང་། བསམ་གཏན་བཞི་པ་ལ་སོགས་པར་སྐྱེས་པའི་
འཕགས་པ་དང་ལྡན་ནོ། །ཡིད་བདེ་བའི་དབང་པོ་དང་ནི་བསམ་གཏན་གསུམ་པའི་འོག་ཏུ་སྐྱེས་པ་དང་། བསམ་གཏན་གསུམ་པ་ལ་སོགས་པར་སྐྱེས་པའི་འཕགས་པ་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་ནི་འདོད་པའི་ཁམས་སུ་སྐྱེས་པ་ལྡན་ནོ། །ཡིད་མི་བདེ་བའི་དབང་པོ་དང་ནི་འདོད་པའི་འདོད་
ཆགས་དང་མ་བྲལ་བ་ལྡན་ནོ། །དད་པ་ལ་སོགས་པ་དག་དང་ནི་དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་མཐོང་བའི་ལམ་ལ་གནས་པ་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ནི་བསྒོམ་པའི་ལམ་ལ་གནས་པ་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་
མི་སློབ་པའི་ལམ་ལ་གནས་པ་དག་ལྡན་ནོ། །དེ་ལྟར་མ་བཀག་པའི་གནས་སྐབས་དེ་དག་ཏུ་ནི་ཇི་སྐད་བཤད་པ་དང་ལྡན་པར་རིག་པར་བྱའོ། །བདེ་ལུས་ལྡན་ལ་བཞི་དག་དང་། །ཞེས་བྱ་བ་ལ། བདེ་བའི་དབང་པོ་ལ་བཏང་སྙོམས་དང་། སྲོག་དང་། ཡིད་དག་གིས་ཁྱབ་པའི་ཕྱིར་འཁྲུལ་པ་མེད་
དོ། །གང་ཞིག་བདེ་བའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་དབང་པོ་བཞི་དག་དང་ལྡན་ནོ་ཞེས་བྱ་བར་རྒྱས་པར་བཏང་སྙོམས་ལ་སོགས་པ་ལྟར་འཁྲུལ་པ་བརྗོད་པར་བྱའོ། །དེ་བཞིན་དུ་ལུས་ཀྱི་དབང་པོ་དང་ལྡན་པ་ཡང་བརྗོད་པར་བྱའོ། །འཁྲུལ་པ་ནི་སྔ་མ་བཞིན་ནོ། །མིག་སོགས་ལྡན་ལ་

ལྔ་དང་ལྡན། །ཞེས་བྱ་བ་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་རྣམས་ནི་རེ་རེ་ཞིང་བཏང་སྙོམས་ལ་སོགས་པ་བཞིས་ཁྱབ་པའི་ཕྱིར་ན་གང་ཞིག་མིག་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་ནི་གདོན་མི་ཟ་བར་དབང་པོ་ལྔ་དང་ལྡན་ནོ། །དེ་ལ་མིག་
གི་དབང་པོ་དང་ལྡན་པ་ནི་གདོན་མི་ཟ་བར་རྣ་བ་ལ་སོགས་པ་དག་དང་ལྡན་པ་མ་ཡིན་ཏེ། འདོད་པའི་ཁམས་ན་དེ་དག་མ་ཐོབ་པ་དང་། ཉམས་པ་སྲིད་པའི་ཕྱིར་རོ། །རྣ་བ་དང་། སྣ་དང་། ལྕེའི་དབང་པོ་དག་དང་ལྡན་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བ་འབྱུང་སྟེ། མིག་ལ་སོགས་པ་དེ་
དག་ནི་ལུས་ཀྱི་དབང་པོ་མེད་པར་མི་འབྱུང་སྟེ། དེ་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །ཕན་ཚུན་ནི་མ་ཡིན་ཏེ། ཕན་ཚུན་ལྟོས་པ་མེད་པར་འཇུག་པའི་ཕྱིར་རོ། །ཡིད་བདེ་ལྡན་ཡང་སྟེ། མིག་ལ་སོགས་པའི་དབང་པོ་དང་ལྡན་པ་ལྟར་བཏང་སྙོམས་དང་། སྲོག་དང་། ཡིད་དང་། བདེ་བ་དང་། ཡིད་
བདེ་བ་དང་། དབང་པོ་ལྔ་དང་ལྡན་ནོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །བསམ་གཏན་གཉིས་པར་སྐྱེས་པ་བསམ་གཏན་གསུམ་པ་མ་འཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གཉིས་པར་སྐྱེས་པ་ལ་ལུས་ཀྱི་བདེ་བ་མེད་ཅིང་། སེམས་ཀྱི་
བདེ་བ་མེད་དེ། དེའི་ཕྱིར་ཡིད་བདེ་བ་དང་ལྡན་པ་ནི་མིག་ལ་སོགས་པ་ལྟར་བདེ་བའི་དབང་པོ་དང་ཡང་གདོན་མི་ཟ་བར་ལྡན་པ་མ་ཡིན་ནོ་སྙམ་དུ་སེམས་ཏེ་འདྲི་བ་ནི། བདེ་བའི་དབང་པོ་གང་དང་ལྡན་པ་ཡིན། །ཞེས་བྱ་བའོ། །བསམ་གཏན་གསུམ་པའི་ས་པའི་ཉོན་མོངས་པ་ཅན་དང་ལྡན་ཞེས་བྱ་བ་
ལ། ས་འོག་མ་པའི་མི་སྲིད་པའི་ཕྱིར་དང་། གོ་རིམས་བཞིན་སྦྱོར་བ་ལ་རག་ལས་པའི་ཕྱིར་དང་། སྐྱེ་བ་ལ་རག་ལས་པའི་ཕྱིར་བསམ་གཏན་གསུམ་པའི་ས་པའི་དགེ་བ་དང་ལུང་དུ་མ་བསྟན་པ་མི་སྲིད་པའི་ཕྱིར་ཏེ། གང་གི་ཕྱིར་འོག་མར་སྐྱེས་པ་ས་གོང་མ་པའི་ཉོན་མོངས་པ་དག་དང་ལྡན་
པ་དེ་ཉིད་ཀྱི་ཕྱིར། ཉོན་མོངས་པ་ཅན་དང་ལྡན་ནོ་ཞེས་སྨོས་སོ། །སྡུག་བསྔལ་དང་ལྡན་བདུན་དང་གདོན་མི་ཟ་བར་ལྡན་ནོ་ཞེས་བྱ་བར་སྙེགས་ཏེ། དེ་ཉིད་ཀྱི་ཕྱིར། གང་ཞིག་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་འདོད་པའི་ཁམས་སུ་སྐྱེས་པ་སྟེ།

དེའི་ཕྱིར་ངེས་པར་ལུས་ཀྱི་དབང་པོ་དང་། ཡིད་བདེ་བ་མ་གཏོགས་པ་ཚོར་བའི་དབང་པོ་བཞི་དང་། ཡིད་དང་སྲོག་གི་དབང་པོ་དག་དང་ལྡན་པས་གདོན་མི་ཟ་བར་བདུན་དང་ལྡན་ནོ། །དབང་པོ་ལྷག་མ་འཁྲུལ་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མོའི་དབང་སོགས་ལྡན་བརྒྱད་དང་།
གདོན་མི་ཟ་བར་ལྡན་ནོ་ཞེས་བྱ་བར་སྦྱར་ཏེ། ཕོ་དང་། མོ་དང་། ཡིད་མི་བདེ་བ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་མོའི་དབང་པོ་དང་ལྡན་པ་དེ་ནི་འདོད་པའི་ཁམས་སུ་སྐྱེས་པ་སྟེ། གདོན་
མི་ཟ་བར་བརྒྱད་དང་ལྡན་ནོ། །གང་དག་དང་ཞེ་ན། བདུན་པོ་དེ་དག་དང་མོའི་དབང་པོ་དང་ཞེས་བྱ་བ་སྨོས་སོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །གང་ཞིག་ཕོའི་དབང་པོའམ་ཡིད་མི་བདེ་བའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་དབང་པོ་བརྒྱད་དང་ལྡན་
པ་ཡིན་ཏེ། ཇི་སྐད་དུ་བཤད་པ་བདུན་དང་། བརྒྱད་པ་ཕོའི་དབང་པོའམ་ཡིད་མི་བདེ་བའི་དབང་པོ་དེ་དང་ལྡན་ནོ། །གང་གི་ཕྱིར་གང་ཞིག་ཡིད་མི་བདེ་བ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་ཚོར་བ་ལྔ་དང་། ལུས་དང་། སྲོག་དང་། ཡིད་དང་ལྡན་ཏེ། ལྷག་མ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །
དད་པ་ལ་སོགས་པ་དང་ལྡན་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དད་པའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་དབང་པོ་བརྒྱད་དང་ལྡན་ཏེ། དད་པ་ལ་སོགས་པ་རྣམས་ནི་བཏང་སྙོམས་ལ་སོགས་པ་དག་མེད་པར་མི་འབྱུང་ཞིང་། དེ་བཞིན་དུ་ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ་ལྔ་པོ་དེ་དག་དང་། བཏང་སྙོམས་དང་། སྲོག་དང་། ཡིད་དག་དང་ལྡན་ནོ་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་རེ་རེ་ཞིང་བརྩོན་འགྲུས་ལ་སོགས་པ་དག་དང་ལྡན་པ་ཡང་
བརྗོད་པར་བྱའོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །ཀུན་ཤེས་ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་ལ་བཅུ་གཅིག་ལྡན། །ཞེས་བྱ་བ་ལ། དབང་པོ་ལྡན་ཞེས་བྱ་བའི་སྒྲ་ནི་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་

པོ་དང་ལྡན་པ་ལ་ཞེས་རེ་རེ་དང་སྦྲེལ་བར་བྱའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཁོ་ན་ལ་ཀུན་ཤེས་པ་ཞེས་བརྗོད་དེ། དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་སྙམ་དུ་བདེན་པ་བཞི་ཀུན་ནས་
ཤེས་པ་ཡིན་པས་ཀུན་ཤེས་པ་ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར། ཀུན་ཤེས་པ་ལ་དབང་བྱེད་པས་ན་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ་ཞེས་བྱ་བ་སྨོས་ཏེ། མ་ལུས་པར་ཀུན་ཤེས་ཞེས་བྱ་བའི་དོན་ཏོ། །ཀུན་ཤེས་པའི་དབང་པོ་ཡང་ཀུན་ཤེས་པ་ཡིན་མོད་ཀྱི་མ་ལུས་པར་ནི་མ་ཡིན་ཏེ། སྤང་བར་
བྱ་བ་ལྷག་མ་དང་བཅས་པའི་ཕྱིར་རོ། །གང་ཞིག་ཀུན་ཤེས་པའི་དབང་པོ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསྒོམ་པའི་ལམ་གྱིས་བསྡུས་པའི་ཕྱིར་ཀུན་ཤེས་པའི་དབང་པོ་དང་ནི་སློབ་པ་ཁམས་གསུམ་དུ་སྐྱེས་པ་ཡང་ལྡན་པ་སྲིད་དོ། །བཅུ་གཅིག་མ་གཏོགས་པ་རྣམས་དང་ནི་ལྡན་པ་ཡང་ཡོད།
མི་ལྡན་པ་ཡང་ཡོད་དེ། དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་ཡང་ཞེས་བྱ་བ་ལ། མི་སློབ་པའི་ལམ་གྱིས་བསྡུས་པའི་ཕྱིར་ཀུན་ཤེས་པའི་དབང་པོ་ལྡོག་གོ། །གཞན་རྣམས་ལྡན་པ་ནི་འཁྲུལ་བ་ཡིན་ནོ། །ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་
བྱ་བ་ལ། གདོན་མི་ཟ་བར་ཞེས་བྱ་བར་སྦྱར་རོ། །མཐོང་བའི་ལམ་ནི་འདོད་པའི་ཁམས་ཁོ་ནར་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་ལུས་ཀྱི་དབང་པོ་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ངེས་པ་ལ་འཇུག་པའི་ཚེ་ཡིད་མི་བདེ་བ་མི་སྲིད་དོ་ཞེ་ན། དེའི་ཕྱིར། ཚོར་བའི་དབང་པོ་བཞི་དག་དང་། །ཞེས་བྱ་བ་སྨོས་སོ། །
ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །དེ་དག་དང་འབྲེལ་པའི་ཕྱིར་འདིར་ཕོ་དང་མོའི་དབང་པོ་དག་ཀྱང་གང་རུང་ཞིག་བརྗོད་པར་བྱའོ་ཞེས་བྱ་བའི་བརྒལ་བའི་ཚིག་ནི་བརྗོད་པར་མི་བྱ་སྟེ་འཁྲུལ་བའི་ཕྱིར་རོ། །རེས་འགའ་རིམ་གྱིས་འཆི་བའི་གནས་སྐབས་སུ་ཕོ་འམ། མོའི་དབང་པོ་
འགགས་དང་དེའི་ཚེ་སྐྱེ་བ་སྐྱེ་ཞིང་ངེས་པ་ལ་འཇུག་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར། མོ་ཡིན་ལ་མོའི་དབང་པོ་དང་མི་ལྡན་པ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བརྗོད་དེ། མོའི་དབང་པོ་འགགས་ཀྱང་དེའི་རིས་མཐུན་པ་མི་འགག་པའི་ཕྱིར་རོ། །ཕོའི་དབང་པོ་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །གསུམ་

ལྡན་ཞེས་བྱ་བ་ལ་སོགས་པས་གནས་སྐབས་མ་ངེས་པར་དབང་པོའི་ལྡན་པ་བཤད་ཟིན་ཏོ། །བཏང་སྙོམས་ཀྱི་དབང་པོ་དང་ལྡན་པའི་གང་ཟག་གང་ཡིན་པ་དེ་ནི་འདོད་པའི་ཁམས་སུ་སྐྱེས་པའམ། སྲིད་པའི་རྩེ་མོའི་བར་དུ་སྐྱེས་པ་ཞིག་ཡིན་གྱི། གང་དབང་པོ་གསུམ་ཁོ་ན་ཡོད་པ་འཕགས་པའམ་
སོ་སོའི་སྐྱེ་བོའི་གང་ཟག་གཅིག་པུ་ནི་འགའ་ཡང་ཡོད་པ་མ་ཡིན་པས་འདིར་གང་ཟག་སྤྱིར་གྱི་དབང་དུ་བྱས་ཀྱི། གང་ཟག་གཅིག་ནི་མ་ཡིན་ནོ། །དབང་པོ་ཉི་ཤུ་རྩ་གཅིག་ལས་ཁ་ཅིག་ནི་འཁྲུལ་པ་ཡིན། རྣམ་པ་གཅིག་ཏུ་ན་དབང་པོ་རྣམས་ལ་མེད་པ་མི་འབྱུང་བའི་འབྲེལ་བ་དཔྱད་པ་ཡིན་གྱི། རྒྱུད་
གཅིག་ལ་ནི་མ་ཡིན་པས་དེ་ནི་གང་ཟག་ངེས་པར་བརྗོད་པར་བྱའོ། །ཡང་གང་ཞིག་ནང་ན་ཉུང་བ་དག་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདིར་ནི་ཉུང་བ་དག་དང་ལྡན་པ་འགོག་པ་ཡིན་གྱི། མང་བ་དག་ཏུ་ལྡན་པ་ནི་མ་ཡིན་ནོ། །དགེ་བའི་རྩ་བ་ཀུན་དུ་ཆད་པ་ནི་དགེ་བའི་ཆོས་ཐམས་ཅད་དང་མི་ལྡན་པའི་ཕྱིར་
དགེ་མེད་ཅེས་བྱའོ། །དགེ་བའི་རྩ་བ་ཀུན་དུ་ཆད་པ་ལ་ནི་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་སྲིད་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར། ཚོར་བ་ལྔ་དག་དང་ཞེས་བྱ་བ་སྨོས་སོ། །འདོད་པའི་ཁམས་ལས་གཞན་པ་ནི་དགེ་བའི་རྩ་བ་ཀུན་དུ་ཆད་པ་ཡོད་པ་མ་ཡིན་ནོ། །འདོད་པའི་ཁམས་ན་ལུས་ཀྱི་དབང་
པོ་འཁྲུལ་པ་ཡང་མ་ཡིན་ཏེ། དེའི་ཕྱིར། ལུས་དང་ཞེས་བྱ་བ་སྨོས་སོ། །ཚོར་བར་བྱེད་པ་ནི་མྱོང་བ་སྟེ་ཚོར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོའི་འདྲི་བ་སྟེ་བྱེད་པ་པོ་ཡིན་ནོ། །ཡང་ན་ཚོར་བ་ནི་ཚོར་བ་སྟེ་ཞེས་བྱ་བ་ནི་དངོས་པོ་བསྒྲུབ་པའོ། །ཤེས་པར་བྱེད་པ་སྟོན་པ་ནི། དཔེར་ན་ཕུན་སུམ་ཚོགས་པ་
ལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བའོ། །དགེ་མེད་ཡིན་པ་ཉིད་ཀྱི་ཕྱིར་ན་དད་པ་ལ་སོགས་པ་རྣམས་དང་། དྲི་མ་མེད་པ་དག་དང་ལྡན་པ་ཡང་མ་ཡིན་ནོ། །མིག་ལ་སོགས་པ་ཕོའི་དབང་པོའི་མཐར་ཐུག་པ་མ་ཐོབ་པ་དང་། ཉམས་པ་རྣམས་དང་ཡང་ལྡན་པ་མ་ཡིན་ནོ། །གཟུགས་མེད་བྱིས་
པ་དེ་བཞིན་ནོ། །ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བའི་སྒྲ་ནི་གྲངས་ཙམ་ཞིག་དང་སྦྱར་གྱི། གང་དག་དང་དགེ་མེད་ལྡན་པ་དེ་དག་ཁོ་ན་དང་ལྡན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། །ཞེས་བྱ་བ་སྨོས་སོ། །བྱིས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་མིང་ཡིན་ནོ་ཞེས་བྱ་བ་འདི་

ཇི་ལྟར་རྟོགས་ཤེ་ན། མདོ་ལས་འབྱུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། རྟག་པར་ལྟུང་བ་རྣམས་ནི་བདག་དང་བདག་གི་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་བྱིས་པ་དང་འདྲ་བས་བྱིས་
པ་ཡིན་ནོ། །གལ་ཏེ་གཅིག་ཏུ་དགེ་བའི་ཕྱིར། །དགེ་བ་སྨོས་པས་ནི་དད་པ་ལ་སོགས་པ་གཟུང་བར་བྱ་སྟེ་ཞེས་བྱ་བས་དགེ་བ་དག་ཁོ་ན་ཡིན་གྱི། མི་དགེ་བ་དང་ལུང་དུ་མི་བསྟན་པ་དག་མ་ཡིན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་རྣམས་ཀྱང་གཟུང་བར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་དད་པ་ལ་སོགས་པ་
ལྟར་གཅིག་ཏུ་དགེ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བརྒྱད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །ཞེས་འདིར་བརྒྱད་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེ་དག་འཛིན་ན་ནི་བཅུ་གཅིག་ཏུ་འགྱུར་གྱི། བརྒྱད་ནི་མ་ཡིན་ནོ། །བྱིས་པའི་སྐབས་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ལ། བྱིས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ལ་བྱ་སྟེ། སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་འཛིན་པ་མ་ཡིན་ནོ། །ཡང་ན་གཟུགས་མེད་པ་ན་ཀུན་ཤེས་པར་བྱེད་པའི་དབང་པོ་མེད་པའི་ཕྱིར་རོ། །ཡང་གང་
ཞིག་གང་ན་དབང་པོ་མང་པོ་དག་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མཚན་ཉིད་པ་ལ་ཟག་པ་མེད་པའི་ཆོས་མེད་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་དག་དང་མི་ལྡན་ནོ། །མཚན་གཉིས་པ་གདོན་མི་ཟ་བར་བཅུ་དགུ་དང་ལྡན་པ་ཡང་མ་ཡིན་ཏེ། སྲིད་པའི་དབང་དུ་བྱས་ནས་བརྗོད་པ་ཡིན་ནོ། །
དབང་པོ་ཚང་བ་གང་ཡིན་པ་ནི་མིག་ལ་སོགས་པ་ཕོའི་དབང་པོའི་མཐར་ཐུག་པ་ཐོབ་པ་དང་མ་ཉམས་པ་དག་དང་ལྡན་ནོ། །མཚན་གཉིས་པ་ཉིད་ཡིན་པའི་ཕྱིར། །དགེ་བའི་རྩ་བ་ཀུན་དུ་ཆད་པ་མེད་པའི་ཕྱིར་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དད་པ་ལ་སོགས་པ་དག་དང་། ཚོར་བ་ལྔ་དག་དང་།
སྲོག་དང་། ཡིད་དང་ལྡན་ནོ། །འཕགས་པ་ཆགས་བཅས་ཏེ་ཞེས་བྱ་བ་ལ། འཕགས་པ་སྨོས་པ་ནི་སོ་སོའི་སྐྱེ་བོ་ལས་ཁྱད་པར་དུ་བྱས་པའི་ཕྱིར་ཏེ། །དེ་ནི་ཟག་པ་མེད་པའི་དབང་པོ་དང་ལྡན་པ་མ་ཡིན་ནོ། །ཆགས་བཅས་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བ་ལས་ཁྱད་པར་དུ་བྱེད་པ་སྟེ། དེ་ནི་ཡིད་མི་བདེ་

བ་དང་ལྡན་པ་མ་ཡིན་ནོ། །མཚན་གཅིག་དྲི་མེད་གཉིས་མ་གཏོགས། །ཞེས་བྱ་བ་ལ། མཚན་གཅིག་ནི་ཕོའམ་མོའི་དབང་པོའོ། །དེ་ཅིའི་ཕྱིར་མ་གཏོགས་ཤེ་ན། མཚན་གཉིས་པ་ལ་འཕགས་པའི་ལམ་མི་སྐྱེ་བའི་ཕྱིར་རོ། །གལ་ཏེ་མཐོང་བའི་ལམ་ལ་གནས་པ་ཡིན་ན་ནི་དེའི་ཕྱིར་ཀུན་ཤེས་པའི་དབང་
པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་ཏེ། དེ་ཉིད་ནི་བསྒོམ་པ་དང་། མི་སློབ་པའི་ལམ་ཡིན་པའི་ཕྱིར་རོ། །འོན་ཏེ་བསྒོམ་པའི་ལམ་ལ་གནས་པ་ཡིན་ན་ནི་དེའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་ཏེ། དེ་དག་ནི་མཐོང་བ་དང་།
མི་སློབ་པའི་ལམ་ཡིན་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། ཅི་ལྟར་ཞེ་ན། ཁམས་རབ་ཏུ་དབྱེ་བའི་ཞར་ལ་འོངས་པ་ཞེས་བྱ་བ་འབྱུང་སྟེ། ཁམས་བཅོ་བརྒྱད་པོ་དེ་དག་ལས་དབང་པོ་རྣམས་ནི་དུ། དབང་པོ་མ་ཡིན་པ་ནི་དུ་ཞེས་དེ་ལྟར་ཁམས་རབ་ཏུ་དབྱེ་བའི་ཞར་
ལ་འོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་བཤད་ཟིན་ཏེ། གྲངས་དང་། མིང་དང་། རང་གི་ངོ་བོ་དང་། རྣམ་པ་རབ་ཏུ་དབྱེ་བ་བརྗོད་པའི་ཕྱིར་རོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཅི་འདུས་བྱས་ཀྱི་ཆོས་འདི་དག་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དཔྱོད་པ་འདི་ལ་དགོས་པ་ཅི་ཡོད་ཅེ་ན། ཆོས་རབ་ཏུ་རྣམ་
པར་དབྱེ་བའི་དོན་དུ་ཆོས་མངོན་པ་བསྟན་ཏོ་ཞེས་དང་པོ་ཉིད་དུ་ཁོ་ནར་བཤད་པ་མ་ཡིན་ནམ། ཡང་ན་ཇི་ལྟར་འུག་པ་པ་རྣམས་ཀྱི་ལྟར་ན་ཡན་ལག་ཅན་གྱི་རྫས་གཅིག་སྐྱེ་བ་དེ་དགག་པར་བྱ་བའི་དོན་དུ་རྫས་བརྒྱད་སྐྱེ་བའོ་ཞེས་རྒྱུ་དང་། རྐྱེན་རྣམས་ཀྱི་འབྲས་བུ་གཅིག་པ་ཉིད་དགག་པར་བྱ་བའི་ཕྱིར་རོ། །
ཇི་ལྟར་མཚན་ཉིད་ཐ་དད་པ་ཞེས་བྱ་བ་ནི་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཚོར་བ་ནི་མྱོང་བའི་མཚན་ཉིད་ཅན་ནོ་ཞེས་རང་གི་མཚན་ཉིད་ཐ་དད་པས་སོ། །འདུས་མ་བྱས་རྣམས་ཀྱང་མཚན་ཉིད་ཐ་དད་མོད་ཀྱི། སྐྱེ་བ་ནི་མ་ཡིན་པས་དེའི་ཕྱིར་འདུས་བྱས་སྨོས་སོ། །ངེས་པར་ལྷན་
ཅིག་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ལ། ཁ་ཅིག་ལྷན་ཅིག་སྐྱེ་བ་ཡོད་ཀྱི། ངེས་པར་ལྷན་ཅིག་སྐྱེ་བ་ནི་མ་ཡིན་ཏེ། དཔེར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང་། མིག་ལ་སོགས་པ་དག་ལྟ་བུ་སྟེ། མིག་ལ་སོགས་པ་དག་ནི་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་

ཕྱིར་ངེས་པ་སྨོས་སོ། །ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ། རྣམ་པ་དུ་མ་ཡོད་ཀྱང་མདོར་བསྡུས་པ་བརྗོད་པར་འདོད་ན་ལྔར་འགྱུར་རོ། །ཇི་ལྟར་ཞེ་ན། ཆོས་རྣམས་ནི་རྣམ་པ་གཉིས་ཏེ། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་མ་ཡིན་པ་
རྣམས་ལ་རྣམ་པ་བཞིར་དབྱེ་བ་བྱས་ཏེ་ལྔར་འགྱུར་རོ། །ཡང་ཅིའི་ཕྱིར་རྣམ་པ་ལྔར་བསྟན་ཞེ་ན། ལོག་པར་རྟོགས་པ་དགག་པའི་ཕྱིར་ཏེ། གཟུགས་ལ་ལོག་པར་རྟོགས་པ་དེ་དགག་པར་བྱ་བའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐ་དད་པར་བཤད་དོ། །སེམས་དང་སེམས་ལས་བྱུང་བ་དོན་གཞན་མ་
ཡིན་ནོ་སྙམ་པ་ལ། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་འཆད་པར་འགྱུར་རོ། །ཐོབ་པ་ལ་སོགས་པ་རྣམས་ནི་ཡོད་པ་མ་ཡིན་ནོ་སྙམ་པ་ལ། མི་ལྡན་པའི་འདུ་བྱེད་རྣམས་ཞེས་འཆད་པར་འགྱུར་རོ། །འདུས་མ་བྱས་རྫས་མ་ཡིན་ནོ་སྙམ་པ་ལ། བྲལ་བ་བློ་ཡིས་ཟད་པ་ཡིན། །ཞེས་འཆད་དོ། །
དེ་ལྟ་ན་བསྟན་པ་འདིས་ནི་ལོག་པར་རྟོགས་པ་དེ་རྣམས་བཀག་པར་འགྱུར་ལ། རང་གི་གྲུབ་མཐའ་ཡང་གསལ་བར་བྱས་པར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་པ་ཉིད་དོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ངེས་པར་ལྷན་ཅིག་སྐྱེ་བ་བསམ་པའི་སྐབས་ཡོད་པ་མ་ཡིན་ནོ། །ཆོས་གཟུགས་ཅན་རྣམས་ཀྱི་
ཞེས་བྱ་བ་ལ། ཆོས་གཟུགས་ཅན་རྣམས་ནི་རྣམ་པ་གཉིས་ཏེ། རྡུལ་ཕྲ་རབ་ཅེས་བྱ་བ་དང་། རྡུལ་ཕྲ་རབ་མ་ཡིན་པ་ཞེས་བྱ་བའོ། །རྡུལ་ཕྲ་རབ་ཅེས་བྱ་བ་ཡང་རྣམ་པ་གཉིས་ཏེ། འདོད་པ་ན་སྤྱོད་པ་རྣམས་དང་། གཟུགས་ན་སྤྱོད་པ་རྣམས་སོ། །འདོད་པ་ན་སྤྱོད་པ་རྣམས་ཀྱང་རྣམ་པ་གཉིས་ཏེ། དབང་
པོ་མེད་པ་རྣམས་དང་། དབང་པོ་དང་བཅས་པ་རྣམས་སོ། །གཟུགས་ན་སྤྱོད་པ་རྣམས་ཀྱང་དེ་དང་འདྲ་བར་རྣམ་པ་གཉིས་ཁོ་ནའོ། །ངེས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཐམས་ཅད་འཕེན་པའོ། །དེ་ལ་རེ་ཞིག །འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་རྒྱས་
པར་འབྱུང་ངོ་། །ཐམས་ཅད་པས་ཕྲ་བ་བསགས་པའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་སྟེ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་ནི་རྣམ་པ་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་། བསགས་པའི་རྡུལ་ཕྲ་རབ་པོ། །དེ་ལ་རྫས་ཀྱི་རྡུལ་ཕྲ་རབ་ནི་ཐམས་ཅད་པས་ཕྲ་བ་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡན་ལག་སྟེ། གང་

ཞིག་གཟུགས་གཞན་ནམ་བློས་ཀྱང་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་པའོ། །དེ་ཉིད་ཀྱི་ཕྱིར། དེ་ཆ་ཤས་མེད་པས་དེ་ལ་གཟུགས་ཀྱི་མཐའ་ཞེས་བྱ་སྟེ། སྐད་ཅིག་མ་ཕྱེད་མེད་པས་སྐད་ཅིག་མ་དུས་ཀྱི་མཐའ་ཉིད་ཡིན་པ་བཞིན་ནོ། །འདུས་པའི་རྡུལ་ཕྲ་རབ་ནི་གང་ལས་ཆེས་ཕྲ་བའི་འདུས་པ་གཞན་མེད་པ་
ཚོགས་པའི་ཡན་ལག་སྟེ། གཟུགས་གཞན་གྱིས་གཞོམ་པར་མི་ནུས་པ་གང་ཡིན་པའོ། །གལ་ཏེ་འདུས་པའི་རྫས་ཀྱི་ཡིན་པའི་ཕྱིར་སྐྱེ་བ་མི་རིགས་པ་མ་ཡིན་ནམ་ཞེ་ན། འདུས་པ་སྐྱེ་བ་ཞེས་དེ་སྐད་དུ་སྨྲ། འོ་ན་ཅི་ཞེ་ན། འདོད་པའི་ཁམས་ན་དབང་པོ་དང་སྒྲའི་རྡུལ་ཕྲ་རབ་མ་གཏོགས་པ་རྫས་བརྒྱད་ཕན་ཚུན་
འབྲེལ་བ་མེད་པར་སྐྱེའོ། །འདི་སྐད་དུ་རྫས་བརྒྱད་སྐྱེའོ། །གང་ཡང་རུང་བ་ཞིག་མ་ཚང་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེ་ནི་འདོད་པའི་ཁམས་ན་སྒྲ་དང་། དབང་པོ་དང་བྲལ་བའི་རྫས་བརྒྱད་མ་འབྲེལ་བར་སྐྱེ་བ་ཡིན་ནོ། །འདོད་པ་སྨོས་པ་ནི་གཟུགས་ཀྱི་ཁམས་གསལ་བར་བྱ་བའི་ཕྱིར་རོ། །དེ་ནི་དྲི་དང་
རོ་མེད་པས་རྣམ་པ་གཞན་དུ་ངེས་པར་སྐྱེ་བར་རྣམ་པར་གཞག་གོ། །ལུས་དབང་ལྡན་ལ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་དང་སྦྱར་ཏེ། འཁར་བ་ཅན་བཞིན་ནོ། །དེ་ནི་རྫས་དགུ་ངེས་པར་ལྷན་ཅིག་སྐྱེ་སྟེ། ལུས་ཀྱི་དབང་པོ་ནི་མིག་ལ་སོགས་པ་མ་གཏོགས་པར་ཡོད་པའི་ཕྱིར་རོ། །དབང་པོ་གཞན་ལྡན་རྫས་བཅུའོ། །
ཞེས་བྱ་བ་ལ། འདུས་པ་གང་ལ་མིག་ལ་སོགས་པ་གཞན་ཡོད་པ་དེ་ནི་རྫས་བཅུ་པ་ཡིན་ཏེ། མིག་ལ་སོགས་པ་རྣམས་ནི་ལུས་ཀྱི་དབང་པོ་མེད་ན་མི་འབྱུང་བའི་ཕྱིར་དང་། ཕན་ཚུན་ཐ་དད་པར་འཇུག་པའི་ཕྱིར་རོ། །རྡུལ་ཕྲ་རབ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་དབང་པོ་མེད་པ་
ནི་རྫས་དགུ་པའོ། །ལུས་ཀྱི་དབང་པོ་དང་ལྡན་པ་ནི་རྫས་བཅུ་པའོ། །དབང་པོ་གཞན་དང་ལྡན་པ་ནི་རྫས་བཅུ་གཅིག་པ་སྟེ། དེ་དག་ནི་རེས་འགའ་སྒྲ་མེད་པ་ཡང་ཡིན་ཏེ། སྒྲ་ནི་འབྱུང་བ་བརྡེགས་པ་ལས་སྐྱེས་པའི་ཕྱིར་ན་གཟུགས་ལ་སོགས་པ་བཞིན་དུ་རྟག་ཏུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་རྡུལ་ཕྲ་རབ་དེ་དག་
སྒྲ་དང་བཅས་པ་ཞིག་ཏུ་སྐྱེས་ན་ནི་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དབང་པོ་དང་ཐ་མི་དད་པའི་སྒྲ་མི་དམིགས་པར་དོགས་པར་བྱས་པ་དེའི་ཕྱིར། དབང་པོ་དང་ཐ་མི་དད་པའི་སྒྲ་ཡང་ཡོད་དེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་ལྟར་ན་འབྱུང་བ་རྣམས་ཐ་མི་དད་པ་ལས་འདི་ན་ཞེས་བྱ་བ་དང་། ངེས་པར་ལྷན་ཅིག་སྐྱེ་

བའི་ཕྱིར་ན་དབང་པོ་རྣམས་ནི་ཐ་མི་དད་པ་སྟེ། ཕན་ཚུན་རྣམ་པར་དབྱེ་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཇི་ལྟར་ན་ཐ་དད་པ་མེད་ན། འདུས་པ་ཁ་ཅིག་ཁོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདུས་པ་ཐམས་ཅད་ལ་ཐམས་ཅད་མཚུངས་པར་ཡོད་པས་
ཐམས་ཅད་ཀྱི་རང་གི་ངོ་བོ་དམིགས་པར་འགྱུར་གྱི། སྲ་བ་ལ་སོགས་པར་རེ་རེ་དམིགས་པར་ནི་མི་འགྱུར་རོ་སྙམ་དུ་སེམས་ན། གང་ཞིག་གང་ན་ཆེས་གསལ་བའི། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། བཤད་པ། མཐུའི་སྒོ་ནས་ཤས་ཆེ་བ་སྟེ། ནུས་པའི་སྒོ་ནས་ཤས་ཆེ་བའི་རྫས་ཏེ། ཚད་ཀྱི་སྒོ་
ནས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་དེ་ན་དམིགས་ཏེ་ཞེས་བྱ་བ་ལ། འབྱུང་བའི་འདུས་པ་སྲ་བ་ནི་སའི་འབྱུང་བ་མཐུའི་སྒོ་ནས་ཤས་ཆེ་སྟེ། དེའི་ཕྱིར་དེ་ཁོ་ན་དེར་དམིགས་ཀྱི། གཞན་དག་ནི་མ་ཡིན་ཏེ། བྱ་བ་ཤས་ཆེ་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་བརྗོད་པར་
བྱའོ། །དེ་ཉིད་ལ་དཔེ་ནི། དཔེར་ན་ཁབ་དང་སྡོང་བུའི་ཚོགས་ལ་རེག་པ་ལྟ་བུ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། དམིགས་པའི་རྒྱུ་ནི་ཡོད་པ་ཙམ་ཁོ་ན་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གསལ་བ་ཉིད་ཀྱང་ཡིན་ཏེ། དཔེར་ན་ཁབ་དང་། སྡོང་བུ་རྣམས་དང་། ཕྱེ་དང་། ལན་ཚྭ་དག་ཚད་མཉམ་
ཡང་ཁབ་དང་། སྡོང་བུའི་ཚོགས་ལ་མཐུའི་སྒོ་ནས་སྲ་བ་ཤས་ཆེ་བའི་ཕྱིར་ཁབ་ཀྱི་རེག་བྱ་ཁོ་ན་དམིགས་ཀྱི། སྡོང་བུའི་རེག་བྱ་ནི་མ་ཡིན་ནོ། །དེ་བཞིན་དུ་མཐུ་དང་ལྡན་པའི་ཕྱིར་ལན་ཚྭའི་རོ་ཁོ་ན་དམིགས་པར་འགྱུར་གྱི། ཕྱེའི་རོ་ནི་མ་ཡིན་ནོ། །གང་གི་ཕྱིར་ཟིལ་གྱིས་མནན་པས་མ་དམིགས་པ་ནི་མ་ཡིན་ཏེ།
འོ་ན་ཅི་ཞེ་ན། མེད་པས་ཀྱང་ཡིན་ནོ་ཞེས་འདྲི་བ་ནི། ཡང་ཇི་ལྟར་དེ་དག་ན་ཞེས་བྱ་བ་སྟེ། སྲ་བ་དང་། གཤེར་བ་དང་། དྲོ་བ་ལ་སོགས་པའི་འདུས་པ་དག་ལ་འབྱུང་བ་ལྷག་མ་གསུམ་ཡོད་པ་ཉིད་དུ་རྟོགས་ཤེ་ན། ལས་ཀྱི་སྒོ་ནས་ཏེ། འབྱུང་བ་རྣམས་ཀྱི་ལས་སོ་སོར་ངེས་པར་འཛིན་པ་དང་། སྡུད་པ་
དང་། སྨིན་པ་དང་། འཕེལ་བའི་བདག་ཉིད་ཅན་ནི། འཛིན་པ་ལ་སོགས་ལས་སུ་གྲུབ། །ཅེས་བྱ་བས་གོང་ཁོ་ནར་བཤད་ཟིན་ཏོ། །དེའི་ཕྱིར་གང་ན་གང་གི་ལས་དམིགས་པ་དེ་ན་དེ་ཡོད་པ་ཉིད་དོ་ཞེས་བྱ་བར་རྟོགས་ཏེ། འཛིན་པ་ལ་སོགས་པ་ལས་ནི་བྱེད་པ་པོ་ལ་ནི་ལྟོས་པའམ། བྱེད་པ་པོ་གཞན་དང་

ལྡན་པ་མེད་པའི་ཕྱིར་རོ། །དེ་ལ་རྡོ་ལ་སོགས་པའི་འདུས་པ་སྲ་བ་ལ་ནི་དྲུད་པ་དང་། མེ་འབྱུང་བ་དང་། འཕེལ་ཞིང་ལྟུང་བ་དག་ལས་ཆུ་དང་། མེ་དང་། རླུང་རྣམས་ཡོད་པ་ཉིད་དུ་རྟོགས་ལ། འདུས་པ་གཤེར་བ་ལ་ནི་གྲུ་ལ་སོགས་པ་རྣམས་འཛིན་པའི་ཕྱིར་དང་། དྲོ་བའི་ཕྱིར་དང་། གཡོ་བའི་
ཕྱིར་ལྷག་མ་རྣམས་ཡོད་པ་ཉིད་དུ་རྟོགས་སོ། །མེའི་འདུས་པ་དྲོ་བ་ལ་མེ་ལྕེ་རྣམས་བརྟེན་པ་དང་། བསྡུས་པ་དང་། གཡོ་བ་དག་ལས་ལྷག་མ་རྣམས་ཡོད་པ་ཉིད་དུ་རྟོགས་སོ། །རླུང་གི་འདུས་པ་གཡོ་བ་ལ་འཛིན་པ་དང་། གྲང་བ་དང་། དྲོ་བ་དག་དམིགས་པ་ལས་ལྷག་མ་རྣམས་ཡོད་པ་ཉིད་དུ་
རྟོགས་སོ། །རྐྱེན་དང་ཕྲད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མེ་ལ་སོགས་པའི་རྐྱེན་དང་ཕྲད་ན་ཟངས་ལ་སོགས་པ་རྣམས་གཤེར་བར་དམིགས་པའི་ཕྱིར་དེ་ལ་ཆུའི་ཁམས་ཡོད་པར་ཁོང་དུ་ཆུད་ལ། གྲང་བ་ལ་སོགས་པའི་རྐྱེན་དང་ཕྲད་པས་གཤེར་བ་ལ་སྲ་བ་ལ་སོགས་པ་མཐོང་བའི་ཕྱིར་དེ་ལ་སའི་ཁམས་
ཡོད་པ་ཉིད་དུ་ངེས་སོ། །དེ་བཞིན་དུ་སྲ་བའི་ཚོགས་དྲུད་པ་ལས་དྲོ་བ་དམིགས་པའི་ཕྱིར་མེ་ཡོད་པ་ཉིད་དང་། མངོན་པར་བརྡེགས་པ་ལས་ཡན་ལག་བྱེར་བ་ལས་རླུང་གི་ཁམས་ཡོད་པ་ཉིད་དུ་ཤེས་སོ། །ཡོད་པ་ནི་རྐྱེན་གྱི་མཐུའི་སྒོ་ནས་བྱ་བ་ཆས་ཆེ་བ་ཉིད་དུ་བྱེད་ཀྱི། མེད་པ་སྐྱེ་བར་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་
འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ་ཆུ་དག་ལ་གྲང་བའི་ཁྱད་པར་གྱི་སྒོ་ནས་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཡིན་ཏེ། མེ་ཆུང་ཆེས་པ་དང་། ཆེས་ཆུངས་པ་དང་། ཆུང་བ་དང་འདྲེས་པའི་ཕྱིར་ཆུ་དག་ལ་གྲང་བའི་ཁྱད་པར་ཏེ། གྲང་བ་དང་། ཆེས་གྲང་བ་དང་། གྲངས་ཆེས་པ་ཞེས་བྱ་བ་རུང་སྟེ། གྲང་བ་དང་
ནི་དྲོ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དངོས་པོ་རྣམས་མི་མཐུན་པའི་ཕྱོགས་དང་འདྲེས་པ་ཉིད་ལས་ཆེས་ཞན་པ་དང་། ཞན་ཆེས་པ་ལ་སོགས་པར་ཐ་དད་དོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། མ་འདྲེས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་སྒྲ་རྫས་གཞན་
དང་འདྲེས་པ་མེད་ཅིང་རང་གི་རིགས་ལས་མ་འདས་པ་གསལ་བ་དང་། ཆེས་གསལ་བ་དང་། གསལ་ཆེས་པ་ཡིན་པ་དང་། དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་ཅིག་ཅར་སྲིད་པ་མེད་མོད་ཀྱི། འོན་ཀྱང་རང་གི་རིགས་ལས་མ་འདས་པར་ཚོར་བ་ལ་ཁྱད་པར་མཐོང་བའི་ཕྱིར་ན་ཚོར་བ་བདེ་བ། མ་ཚོར་བ་

སྡུག་བསྔལ་དང་འདྲེས་པ་ལ་ལྟོས་པ་མེད་ལ། སྡུག་བསྔལ་མ་ཚོར་བ་བདེ་བ་དང་འདྲེས་པ་ལ་ལྟོས་པ་མེད་ལ་དེ་བཞིན་དུ་ཆུ་དག་ལ་ཡང་རྫས་གཞན་དང་འདྲེས་པ་མེད་ཅིང་། རང་གི་རིགས་ལས་མ་འདས་པ་གྲང་བར་ཁྱད་པར་དུ་འགྱུར་རོ། །གཞན་དག་ན་རེ་དེ་དག་ལ་ས་བོན་གྱི་སྒོ་ནས་ཡོད་
ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ས་བོན་གྱི་སྒོ་ནས་ཞེས་བྱ་བ་ནི་ནུས་པའི་སྒོ་ནས་སོ། །དེ་དག་ལ་ཞེས་བྱ་བ་ནི་སྲ་བ་ལ་སོགས་པའི་ཚོགས་པ་དག་ལའོ། །དེ་དག་ཅེས་བྱ་བ་ནི་ས་ལ་སོགས་པ་དག་གོ། །རང་གི་ངོ་བོར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རྫས་སུ་ནི་མ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་རང་གི་ངོ་བོར་
མ་ཡིན་ཞེ་ན། དེའི་ཕྱིར། ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་ཡོད་དོ་ཞེས་བྱ་བ་སྨོས་ཏེ། ས་བོན་རྣམས་ཞེས་བྱ་བར་རྟོགས་ཀྱི། གསེར་ལ་སོགས་པའི་ཁམས་རྣམས་རང་གི་ངོ་བོས་གནས་པ་ནི་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །ཤིང་གི་ཕུང་པོའི་ཆ་ཤས་ཆུང་ཡང་བསམ་གཏན་པ་དུ་མའི་མོས་པ་ཐ་
དད་པའི་ཕྱིར། རྣལ་འབྱོར་པ་རྣམས་ཀྱིས་ལྷག་པར་མོས་པའི་ཁྱད་པར་གྱི་སྒོ་ནས་གསེར་གྱི་ཁམས་སོ། །དངུལ་གྱི་ཁམས་སོ། །ཟངས་ཀྱི་ཁམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་སུ་ཡོངས་སུ་རྟོགས་ཀྱི། འགལ་བའི་ཕྱིར་ན་རང་གི་ངོ་བོར་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །བསམ་གཏན་པ་
རྣམས་ཀྱི་མོས་པ་ཐ་དད་པའི་ཕྱིར་འདི་ནི་མི་སྡུག་པ་ལྟར་མོས་པ་ཡིད་ལ་བྱེད་པ་ཡིན་གྱི་དེ་ཁོ་ན་ཡིད་ལ་བྱེད་པ་ནི་མ་ཡིན་ནོ་ཞེས་གང་བཤད་པ་ཡིན་ནོ། །དངོས་པོ་རྣམས་ནི་མཐོང་བ་ཐ་དད་པའི་རྗེས་སུ་བྱེད་པ་ན་རང་གི་བདག་ཉིད་ཡོངས་སུ་འགྱུར་བ་མ་ཡིན་ཏེ། གཅིག་ལ་ཅིག་ཅར་བདག་ཉིད་དུ་མི་འཐད་པའི་ཕྱིར་
རོ། །གལ་ཏེ་རྡུལ་ཕྲ་རབ་རྫས་བརྒྱད་པོ་ངེས་པར་ལྷན་ཅིག་སྐྱེ་ན། རླུང་ལ་ཁ་དོག་ཇི་ལྟར་ཡོད། །ཅེས་པ་འམ། ཡང་ན་གཤེར་བ་ཉིད་ལ་སོགས་པ་རྐྱེན་ཡོད་ན་སྲ་བ་ལ་སོགས་པ་རྣམས་ལ་གཤེར་བ་ཉིད་ལ་སོགས་པ་དམིགས་པའི་ཕྱིར་སྔར་ཡང་དེ་ཡོད་པ་ཉིད་དུ་སྨྲས་ན། གང་དང་འབྲེལ་པ་ལས་རླུང་ལ་
ཁ་དོག་དམིགས་པར་འགྱུར་བའི་རྐྱེན་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རླུང་ལ་ཁ་དོག་ཇི་ལྟར་ཡོད་པ་བརྗོད་པར་བྱའོ་ཞེ་ན། དོན་འདི་ནི་དད་པར་བྱ་བ་ཡིན་གྱི། རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། ལྐོག་ཏུ་གྱུར་པའི་དོན་ལ་ནི་རྣམ་པ་གཉིས་ཀྱིས་རྟོགས་ཏེ། རྗེས་སུ་དཔག་པ་

དང་། ཡིད་ཆེས་པའི་ལུང་གིས་སོ། །དེའི་ཕྱིར་འདིར་ནི་བཤད་མ་ཐག་པའི་རྗེས་སུ་དཔག་པ་མི་སྲིད་ཀྱི། ཡིད་ཆེས་པའི་ཚིག་ཚད་མ་ཉིད་དུ་གྱུར་པ་ཁོ་ན་ལས་རྟོགས་པར་བྱའོ། །དོན་འདི་ནི་མཆོག་ཏུ་ཡིད་ཆེས་པ་དག་གིས་གསུངས་སོ་ཞེས་བྱ་བར་རྟོགས་པར་བྱའི། དོན་འདི་རྗེས་སུ་དཔག་པས་བསྒྲུབ་པར་
བྱ་བ་ནི་མ་ཡིན་ནོ། །ཡང་ན་དད་པར་བྱ་བ་ཡིན་པ་འབའ་ཞིག་ཏུ་མ་ཟད་དེ། འོ་ན་ཅི་ཞེ་ན། རྗེས་སུ་དཔག་པར་བྱ་བ་ཡང་ཡིན་ནོ། །འདྲེས་པར་དྲི་འཛིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ། དྲི་དང་ལྡན་པའི་རྫས་དང་འདྲེས་པས་རླུང་གིས་དྲི་ཁྲིད་ནས་འོངས་པའི་ཕྱིར་དང་། འཛིན་པའི་ཕྱིར་དང་། དྲི་འོངས་
པ་ལ་ཡང་ཁ་དོག་འཁྲུལ་པ་མེད་པའི་ཕྱིར་རོ། །གཟུགས་ནི་གཟུགས་ཀྱི་ཁམས་ལ་དྲི་འཁྲུལ་གྱི། དྲི་ནི་གཟུགས་ལ་མ་ཡིན་ཏེ། དེའི་གང་ན་དྲི་ཡོད་པ་དེ་ན་གཟུགས་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །རྫས་དྲུག་དང་། བདུན་དང་། བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ན་
ནི་དྲི་དང་རོ་གཉིས་མེད་དེ། དེའི་ཕྱིར་དབང་པོ་དང་། སྒྲ་དང་བྲལ་བ་ནི་རྫས་དྲུག་དང་ལྡན་ནོ། །ལུས་ཀྱི་དབང་པོ་དང་ལྡན་པ་ནི་རྫས་བདུན་དང་ལྡན་ནོ། །དབང་པོ་གཞན་དང་ལྡན་པ་ནི་རྫས་བརྒྱད་པ་ཡིན་ནོ། །སྨྲས་པ། གཟུགས་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་དྲུག །ལུས་དབང་
ལྡན་པ་རྫས་བདུན་ཏེ། །དབང་པོ་གཞན་ལྡན་རྟག་རྫས་བརྒྱད། །ཅེས་སོ། །དེ་དག་སྒྲ་དང་བཅས་ན་ནི་རྫས་བདུན་དང་། བརྒྱད་དང་། དགུ་དང་ལྡན་ནོ། །དོན་གྱིས་བཤད་ཟིན་པ་དང་འདྲ་བ་ཉིད་ཀྱི་ཕྱིར། དེ་བཤད་ཟིན་པ་འདྲ་བའི་དངོས་པོ་ནི་བཤད་ཟིན་པ་འདྲ་བ་ཉིད་དོ། །བརྗོད་པ་དོན་མེད་པར་ཐལ་
བར་འགྱུར་བའི་ཕྱིར་ཡང་མི་བཤད་དོ། །ཡང་ཅི་འདིར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྫས་བརྒྱད་དང་ལྡན་པར་རོ། །རྫས་ཁོ་ན་རྫས་སུ་གཟུང་ཞེས་བྱ་བ་ནི་རྫས་ཀྱི་སྒྲས་ས་ལ་སོགས་པའི་རང་གི་མཚན་ཉིད་ཁོ་ན་བརྗོད་ཀྱི། སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་མ་ཡིན་པའོ། །འོན་ཏེ་སྐྱེ་མཆེད་ཀྱི་རྫས་ཞེས་བྱ་བ་ནི་སྐྱེ་མཆེད་
ཀྱི་རང་གི་མཚན་ཉིད་མང་པོ་རྣམས་ཀྱི་གཅིག་ཉིད་གང་ཡིན་པ་སྟེ། དཔེར་ན་རྣམ་པ་ཉི་ཤུའི་དབྱེ་བས་ཕྱེ་བ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གལ་ཏེ་རྫས་ཁོ་ན་ལ་རྫས་སུ་གྲུབ་གཟུང་ན་ནི་ཞེས་བྱ་བ་ལ། གལ་ཏེ་རྫས་ཁོ་ན་རྫས་ཀྱི་སྒྲས་གཟུང་གི །སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་མ་ཡིན་

ན་ནི་དེ་ལྟ་ཡིན་དང་ཧ་ཅང་ཉུངས་པར་སྨྲས་པ་ཡིན་ཏེ། རྡུལ་ཕྲ་རབ་དེ་ལ་བརྒྱད་དང་། དགུ་དང་། བཅུ་དང་། བཅུ་གཅིག་ལས་ཐ་དད་པའི་རྫས་གཞན་ཡང་ཡོད་པའི་ཕྱིར་ཏེ། དབྱིབས་དེ་ཡང་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་རོ། །ལྕི་བ་ཉིད་དང་། ཡང་བ་ཉིད་དག་ལ་ས་གང་
ཡང་རུང་བ་ཞིག་དང་། འཇམ་པ་ཉིད་དང་། རྩུབ་པ་ཉིད་དག་ལས་གང་ཡང་རུང་བ་ཞིག་ཀྱང་གདོན་མི་ཟ་བར་ཡོད་དེ། འདུས་པའི་གཟུགས་ནི་ལྕི་བ་ཉིད་དང་། ཡང་བ་ཉིད་དང་བྲལ་བའམ། འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་བྲལ་བ་འགའ་ཡང་མེད་དོ། །གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དག་ནི་རྡུལ་ཕྲ་
རབ་ཐམས་ཅད་ལ་མི་སྲིད་པས་ཁ་ཅིག་ལ་ནི་ཞེས་བྱ་བ་སྨོས་སོ། །འོན་ཏེ་སྐྱེ་མཆེད་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་དབང་དུ་བྱས་ནས་རྫས་སུ་བརྗོད་ཀྱི། རྫས་ཀྱི་རང་གི་མཚན་ཉིད་མ་ཡིན་ནའོ། །རྫས་བཞི་དང་ལྡན་པ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འབྱུང་བ་ལས་
གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི། འབྱུང་བ་ཇི་སྙེད་པ་དག་ཀྱང་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་སྨོས་སོ། །རྟེན་དུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་ས་ལ་སོགས་པ་སྟེ། དེ་ནི་རྒྱུར་བྱས་པའི་གཟུགས་ཀྱི་རྟེན་ཡིན་ནོ། །རྟེན་ཅན་དུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་སོ། །དེ་ལྟར་ན་དབྱིབས་
ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་འདུ་ལ། ལྕི་བ་ཉིད་ལ་སོགས་པ་རྣམས་ནི་རེག་བྱའི་སྐྱེ་མཆེད་ཀྱི་ཁོངས་སུ་འདུ་བའི་ཕྱིར་ཧ་ཅང་ཉུངས་པ་དང་ཧ་ཅང་མངས་པར་སྨྲས་པ་མ་ཡིན་ནོ། །གལ་ཏེ་རྟེན་དུ་གྱུར་པ་རྫས་ཁོ་ན་ལ་རྫས་སུ་གཟུང་བ་དེ་ལྟ་ན་ཡང་མངས་པ་ཉིད་ལས་མི་གྲོལ་ལོ། །ཅིའི་ཕྱིར་ཞེ་ན། རྒྱུར་བྱས་པའི་
གཟུགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་བ་བཞི་ཚན་གང་ཞིག་རྒྱུར་བྱས་པའི་གཟུགས་གཅིག་གི་རྟེན་ཡིན་པ་དེ་ཉིད་རྒྱུར་བྱས་པ་གཞན་གྱི་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེའི་རྟེན་ནི་འབྱུང་བ་བཞི་ཚན་གཞན་ཉིད་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །འབྱུང་བའི་རྫས་རྣམས་ནི་མང་པོ་ཉིད་ཡིན་ལ།
དེ་དག་ཀྱང་རྒྱུར་བྱས་པའི་གཟུགས་ལྟར་གདོན་མི་ཟ་བར་ཕན་ཚུན་ངེས་པར་ལྷན་ཅིག་སྐྱེ་བར་འགྱུར་རོ། །འདི་ནི་རིགས་ལས་རྫས་སུ་གཟུང་སྟེ་ཞེས་བྱ་བ་ནི་ས་ལ་སོགས་པའི་རིགས་སོ། །འབྱུང་བ་བཞི་ཚན་གཞན་དག་ཀྱང་འབྱུང་བ་བཞི་ཚན་གཅིག་གི་རིགས་གང་ཡིན་པ་དེ་ཁོ་ན་ལས་མི་འདའ་སྟེ། དེ་ཉིད་ཀྱི་རྒྱུ་བཤད་

པ། འབྱུང་བ་བཞི་ཚན་གཞན་དག་ཀྱང་ས་ལ་སོགས་པའི་རིགས་ལས་མི་འདའ་བའི་ཕྱིར་རོ། །མིག་ལ་སོགས་པ་རེ་རེའི་རྟེན་འབྱུང་བ་བཞི་ཚན་གང་དག་ཡིན་པ་དེ་དག་ནི་ཕན་ཚུན་འབྱུང་བ་བཞི་ཚན་གྱི་རིགས་ལས་མི་འདའ་སྟེ། དེའི་ཕྱིར་འབྱུང་བ་ཆེན་པོ་བཞི་ཞེས་འབྱུང་བའི་བཞི་ཚན་གཅིག་ཉིད་དུ་བཤད་དོ། །
དེ་ལྟར་འབད་དེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ཅུང་ཟད་ཅིག་ནི་རྫས་ཁོ་ན་རྫས་ཡིན་ལ། ཅུང་ཟད་ཅིག་ནི་སྐྱེ་མཆེད་ཀྱི་རྫས་ཡིན་ཞིང་། སླར་ཡང་རིགས་ཀྱི་རྫས་ཡིན་ནོ་ཞེས་དེ་ལྟར་བྱེ་བྲག་ཏུ་བསྟན་པར་བྱ་བའི་ཕྱིར་འབད་པ་འདི་ལ་དོན་ཅི་ཡོད། འདུན་པའི་སྒོ་ནས་ཞེས་བྱ་བ་ནི་འདུན་པ་ཞེས་བྱ་བའི་དོན་ཏེ།
མདོར་བསྡུས་པ་དང་། རྒྱས་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དོན་ལ་བརྟག་པར་བྱའོ་ཞེས་བྱ་བ་ནི་ཅི་རྫས་འདི་དག་ལྷན་ཅིག་ངེས་པར་སྐྱེ་བ་ཡིན་ནམ་མ་ཡིན་ཞེས་བྱ་བར་རོ། །གཟུགས་ཅན་རྣམས་ཀྱི་ངེས་པར་ལྷན་ཅིག་སྐྱེ་བ་བཤད་ཟིན་ཏོ་ཞེས་བྱ་བ་ནི། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་
རྫས་བརྒྱད། །ཅེས་བྱ་བ་ལ་སོགས་པས་སོ། །ལྷག་མ་རྣམས་ཀྱི་བརྗོད་པར་བྱའོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དང་ལྡན་པ་མ་ཡིན་པ་རྣམས་ཀྱིའོ། །སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་བྱ་བ་ལ། སེམས་ཐམས་ཅད་སེམས་ལས་བྱུང་བ་ཐམས་ཅད་དམ། སེམས་ལས་བྱུང་བ་ཐམས་
ཅད་སེམས་ཐམས་ཅད་དང་ལྷན་ཅིག་ངེས་པར་སྐྱེ་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་བྲལ་བ་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར། འདི་དག་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕན་ཚུན་རག་ལས་ཏེ། ལུས་ཀྱི་རྙེད་པའི་ཕྱིར་ཕན་ཚུན་
མེད་ན་འབྱུང་བར་མི་ནུས་སོ། །བཤད་པ། སེམས་ལས་བྱུང་བ་མེད་པ་ཡི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་འབྱུང་། །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ཞེས་བྱ་བ་ལ། འདུས་བྱས་ནི་སྐྱེ་བ་ལ་སོགས་པའི་མཚན་ཉིད་ནི་འཁྲུལ་པ་མེད་
པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་གཟུགས་དང་། སེམས་དང་སེམས་ལས་བྱུང་བ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དག་ཡིན་གྱི། འདུས་མ་བྱས་ནི་མ་ཡིན་ཏེ། སྐྱེ་བའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གང་ཅུང་ཟད་སྐྱེ་བ་ཞེས་སྨྲས་སོ། །ཐོབ་པའམ་ཞེས་བྱ་བ་ལ། སེམས་ཅན་དུ་སྟོན་

པ་ཁོ་ན་ཐོབ་པ་དང་ལྷན་ཅིག་གདོན་མི་ཟ་བར་སྐྱེའི། སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་མ་ཡིན་ནོ། །སེམས་ཅན་དུ་མི་འགྲང་བ་ལ་ཐོབ་པ་མེད་དོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པའི་ཕྱིར་ལ། ཐོབ་པ་ནི་ཐུན་མོང་མ་ཡིན་པའི་
ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བྱེ་བྲག་ཏུ་བྱ་བའི་ཕྱིར་རམ་ཞེས་བྱ་བའི་སྒྲ་སྨོས་སོ་ཞེས་བཤད་དེ། ཅུང་ཟད་ཅིག་ཐོབ་པ་དང་ལྷན་ཅིག་སྐྱེ་ལ། ཅུང་ཟད་ཅིག་མི་སྐྱེ་བའི་ཕྱིར་རོ། །བཤད་མ་ཐག་པའི་འདུས་བྱས་རྣམ་པ་བཞི་ལས་གཟུགས་ནི་གཟུགས་ཀྱི་ཕུང་པོ་བསྟན་པར་རྣམ་པར་ཕྱེ་ཟིན་ཏོ། །སེམས་
ནི་ཁམས་བསྟན་པར་རྣམ་པར་ཕྱེའོ། །སེམས་ལས་བྱུང་བ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་ནི་རྣམ་པར་དབྱེ་བ་མ་བྱས་ཏེ། དེའི་ཕྱིར་སེམས་ལས་བྱུང་བའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། སེམས་བྱུང་རྣམ་ལྔ་སྟེ་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་གང་དག་ཅིག་ཅེ་ན། དེའི་ཕྱིར། ས་མང་ལ་
སོགས་ཐ་དད་ཕྱིར། །ཞེས་བྱ་བ་སྨོས་སོ། །གང་དག་སེམས་ཐམས་ཅད་ལ་འབྱུང་བ་དེ་དག་ནི་ས་མང་པོ་པའོ། །གང་དག་དགེ་བ་ཁོ་ན་ལ་འབྱུང་བ་དེ་དག་ནི་དགེ་བའི་ས་མང་པོ་པ་རྣམས་སོ། །གང་དག་ཉོན་མོངས་པ་ཅན་ཁོ་ན་ལ་འབྱུང་བ་དེ་དག་ནི་ཉོན་མོངས་པའི་ས་མང་པོ་པའོ། །གང་དག་མི་དགེ་བ་ཁོ་
ན་ལ་བྱུང་བ་དེ་དག་ནི་མི་དགེ་བའི་ས་མང་པོ་པ་རྣམས་སོ། །གང་དག་ཉོན་མོངས་པ་ཆུང་ངུ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་དེ་དག་ནི་ཉོན་མོངས་པ་ཆུང་ངུ་པའི་ས་པ་རྣམས་སོ། །ས་ཞེས་བྱ་བ་ནི་གོ་སྐབས་ཀྱི་ཡུལ་ཏེ་ཞེས་བྱ་བ་ལ། གོ་སྐབས་ཞེས་བྱ་བ་ནི་གོ་འམ་སྐྱེ་བའོ། །གང་ཞིག་
གང་གིས་གོ་སྐབས་ཀྱི་ཡུལ་ཡིན་པ་ཞེས་བྱ་བ་ལ། གང་དུ་གང་གིས་གོ་མི་རྡུག་པ་དེ་ནི་དེའི་གོ་སྐབས་ཀྱི་ཡུལ་ཏེ། དེ་ཉིད་ལ་འཇིག་རྟེན་ནས་ཞེས་བྱའོ། །དེ་ལ་འདི་དག་ལ་ས་མང་པོ་ཡོད་པས་ན་ས་མང་པོ་པ་རྣམས་ཏེ། གང་དག་རྣམ་པ་ཐམས་ཅད་དུ་སེམས་ཐམས་ཅད་དང་ལྷན་ཅིག་སྐྱེ་འམ། ཁམས་
གསུམ་པ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་འམ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་ལྷན་ཅིག་སྐྱེའོ། །དེ་ཉིད་ཀྱི་ཕྱིར། སེམས་ནི་ས་ཆེན་པོ་པ་ཡིན་ཏེ། སེམས་གཞན་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །གོ་སྐབས་ཀྱི་ཡུལ་ནི་གོ་སྐབས་ཀྱི་ཡུལ་ལོ། །

ཆོས་བཅུ་པོ་འདི་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲག་གོ་ཞེས་བྱ་བའི་སྒྲ་ནི་ཡིད་ལ་བྱེད་པ་དང་། བཏང་སྙོམས་མི་རྩོལ་བ་གཉིས་སེམས་ཀྱི་སྐད་ཅིག་གཅིག་ལ་འགལ་བས་མི་འདོད་པར་བསྟན་པར་བྱ་བའི་ཕྱིར་རོ། །ཚོར་བ་མྱོང་བ་ཞེས་སྔར་ཚོར་བའི་རང་གི་ངོ་བོར་བཤད་པས་ད་ལྟར་རབ་ཏུ་དབྱེ་བ་ཙམ་
ཞིག་སྟོན་པ་ནི། མྱོང་བ་རྣམ་པ་གསུམ་སྟེ་ཞེས་བྱ་བའོ། །དབང་པོ་རྣམ་པར་གཞག་པར་ལུས་ཀྱི་དང་། སེམས་ཀྱི་དབྱེ་བ་རྣམ་པ་ལྔར་བཤད་པ་གང་ཡང་ཡིན་པ་དེ་ནི་མྱོང་བ་རྣམ་པ་གསུམ་ལས་མ་འདས་སོ་ཞེས་བསྟན་པའི་ཕྱིར་ཡང་མྱོང་བ་རྣམ་པ་གསུམ་སྟེ་ཞེས་བཤད་དོ། །དེ་ལ། བདེ་བ་དང་། སྡུག་
བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཉམས་སུ་མྱོང་བ་ནི་གོ་རིམས་བཞིན་དུ་ལུས་ལ་ཕན་འདོགས་པ་དང་། གནོད་པ་དང་། སྙོམས་པར་བྱེད་པ་འདོད་པ་དང་། མི་འདོད་པ་དང་། གཉིས་ཀ་ལས་བཟློག་པའི་རེག་པས་བསྐྱེད་པ་ཡིན་པར་རིག་པར་བྱའོ། །སེམས་པ་ནི་
སེམས་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ལ། སེམས་པ་ནི་ཡིད་གཡོ་བ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དམན་པ་དང་། བར་མ་དང་། གྱ་ནོམ་པ་སེམས་གཡོ་བ་དང་། རབ་ཏུ་གཡོ་བ་སྟེ། གང་ཞིག་ཡོད་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་ལྟར་སེམས་དམིགས་པ་ལ་
གཡོ་བར་འགྱུར་བ་སྟེ། སྐད་ཅིག་གཞན་དུ་མི་གནས་ཤིང་། །བྱེད་མེད་ཡིད་ཀྱང་གང་གིས་ན། །བྱེད་དང་བཅས་པར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་བཤད་དོ། །ཡུལ་ལ་མཚན་མར་འཛིན་པའོ། །ཞེས་བྱ་བ་ལ། མཚན་མ་ནི་ཡུལ་གྱི་བྱེ་བྲག་སྟེ། སྐྱེས་པ་དང་། བུད་མེད་
ལ་སོགས་པའི་དམིགས་པའི་རྣམ་པར་གཞག་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །འདུན་པ་ནི་བྱེད་འདོད་པའི་ཞེས་བྱ་བ་ནི་དམིགས་པ་འཛིན་པར་འདོད་ཅེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་མངོན་པར་འདོད་པ་སྔོན་དུ་འགྲོ་བ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི་
འདུན་པའི་རྩ་བ་ཅན་དུ་བརྗོད་དོ། །གལ་ཏེ་འདུན་པ་ལ་མངོན་པར་དད་པའི་བདག་ཉིད་ཅན་ཡིན་ན་འདུན་པ་དང་སྲེད་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྲེད་པ་ནི་མངོན་པར་ཞེན་པའི་མཚན་ཉིད་ཅན་ཡིན་ལ། འདུན་པ་ནི་མངོན་པར་འདོད་པའི་མཚན་ཉིད་ཅན་ཡིན་པར་ཁྱད་པར་ཡོད་དོ། །རེག་པ་

ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་རྒྱུ་དང་འབྲས་བུར་གྱུར་པ་དག་ཕན་ཚུན་རེག་པ་དང་འདྲ་བ། གནས་སྐབས་དེ་དང་ལྡན་པ་དག་ལས་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ། ཚོར་བ་ཐམས་ཅད་ཀྱི་རྒྱུ་རེག་པ་ཞེས་བྱ་བ་ཞིག་
སྐྱེ་བ་དེ་ལ་རེག་པ་ཞེས་བརྗོད་དོ། །ཤེས་རབ་སྟེ་ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ལ། རབ་ཏུ་རྣམ་པར་འབྱེད་པར་བྱེད་པས་ན་རབ་ཏུ་རྣམ་པར་འབྱེད་པ་སྟེ། གང་གིས་རང་དང་སྤྱིའི་མཚན་ཉིད་འདྲེས་པའི་ཆོས་རྣམས་ལ་མེ་ཏོག་དག་དང་འདྲ་བར་རབ་ཏུ་རྣམ་པར་འབྱེད་པར་བྱེད་ཅིང་། རྣམ་པར་
འབྱེད་པར་བྱེད་པའི་བློ་ནི་འདི་དག་ཟག་པ་དང་བཅས་པ་རྣམས་སོ། །འདི་དག་ནི་ཟག་པ་མེད་པ་རྣམས་སོ། །འདི་དག་ནི་གཟུགས་ཅན་མ་ཡིན་པ་རྣམས་སོ། །འདི་དག་ནི་གཟུགས་ཅན་རྣམས་སོ་སྙམ་དུ་རྣམ་པར་འབྱེད་པའི་རྟོགས་པའོ། །དྲན་པ་ནི་དམིགས་པ་མི་བརྗེད་པའོ་ཞེས་བྱ་བ་ནི་དམིགས་པ་
འཛིན་པ་ལ་ཉམས་པ་མེད་པའི་རྒྱུའོ་ཞེས་བྱ་བའི་དོན་ཏོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ལ། དམིགས་པ་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་མཐུན་པར་སེམས་པ་སེམས་ལས་འབྱུང་བའི་ཆོས་ནི་ཡིད་ལ་བྱེད་པ་སྟེ། གང་ཞིག་ལ་འཇིག་རྟེན་པ་རྣམས་སེམས་གཏོད་པ་ཞེས་སྨྲ་
བའོ། །ཡིད་ལ་བྱེད་པས་ན་ཡིད་ལ་བྱེད་པ་སྟེ། ལྕགས་བྱེད་པ་བཞིན་ནོ། །སེམས་མཚུངས་པར་ལྡན་པ་དང་བཅས་པ་དམིགས་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། དེ་ལ་ནི་ལག་པས་རིལ་བ་བྷྲྀང་ག་ར་ལྟར་འཇུག་ཅིང་། སེམས་དམིགས་པ་ལ་འཛུད་པར་བྱེད་དོ། །མོས་པ་ནི་འདོད་
པའོ་ཞེས་བྱ་བ་ནི་འདི་ནི་འདི་ལྟར་ཡིན་ནོ་སྙམ་པ་སྟེ། དམིགས་པ་ལ་བྱིང་བྱིང་པོ་མེད་པ་ཉིད་དོ། །གཞན་དག་ན་རེ་འདོད་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་ངེས་པར་ཇི་ལྟ་བ་བཞིན་དུ་ངེས་པར་འཛིན་པའོ་ཞེའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ། རྩེ་ནི་དམིགས་པ་དང་ཡུལ་ཞེས་བྱ་བའི་
དོན་ཏོ། །གང་ཡོད་ན་སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་གཅིག་པར་འབྱུང་བའི་ཆོས་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། རྣམ་པར་མ་སྤྲོས་པའི་ཚུལ་གྱིས་ཡུལ་འཛིན་པ་ལ་མི་གཡེངས་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་དཔལ་ལེན་ན་རེ་ས་མང་པོ་པ་རྣམས་ནི་མེད་ཀྱི། གལ་ཏེ་བརྟག་

ན་ནི་གསུམ་ཁོ་ན་ཞིག་སྟེ། མདོ་ལས་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དག་ནི་ལྷན་ཅིག་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་ཡིན་ནོ། །མདོ་གཞན་ལས་སེམས་ལས་བྱུང་བའི་ཆོས་གཞན་ཡང་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཆེས་ཐམས་ཅད་ནི་འདུན་པའི་རྩ་བ་ཅན་ཡིད་
ལ་བྱེད་པ་ལས་བྱུང་བ། རེག་པའི་ཀུན་འབྱུང་བ་ཅན་ཚོར་བ་ལ་བརྟེན་པ། དྲན་པའི་བདག་པོ་ཅན་ཏིང་ངེ་འཛིན་གཙོ་བོར་གྱུར་པ། ཤེས་རབ་མཆོག་ཏུ་གྱུར་པ། རྣམ་པར་གྲོལ་བའི་སྙིང་པོ་ཅན་མྱ་ངན་ལས་འདས་པའི་མཐར་ཐུག་པའོ་ཞེས་གསུངས་པ་ཇི་ལྟར་ས་མང་པོ་པ་དག་གསུམ་ཁོ་ནར་གསུངས།
དེ་ལྟར་ན་གལ་ཏེ་ཇི་ལྟར་སེམས་ཀྱི་རྒྱུན་གཅིག་ལ་མཚན་ཉིད་ཐ་དད་པ་བཅུ་ཡོད་པ་ཉིད་དུ་རྟོགས་པར་བྱ་ཞེ་ན། དེའི་ཕྱིར། སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས་ཞེས་བྱ་བ་སྨོས་ཏེ། བརྩོན་འགྲུས་མེད་པ་དང་། ཤེས་རབ་མེད་པ་དང་། དད་པ་མེད་པ་དག་གིས་རྟོགས་པར་མི་ནུས་སོ། །འདི་ལྟར་
ཕྲ་བ་ཞིག་གི་སྟེ། གང་ཞིག་རྒྱུན་རྣམས་ལ་ཡང་ཡོངས་སུ་གཅད་པར་དཀའ་ན་སྐད་ཅིག་མ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་ཅན་དག་གིས་ཁ་ཅིག་ནི་རང་གི་ངོ་བོའི་སྒོ་ནས་ཡོངས་སུ་གཅད་པར་བྱ་བར་ནུས་ལ། ཁ་ཅིག་ནི་བྱ་བའི་སྒོ་ནས་ཡོངས་སུ་གཅད་
པར་བྱ་བར་ནུས་པས་ཡོངས་སུ་གཅད་པར་དཀའ་ན་ཞེས་བྱ་བ་སྨོས་སོ། །སེམས་པ་དང་ཡིད་ལ་བྱེད་པ་དག་ནི་ཤིན་ཏུ་མཚན་ཉིད་ཐ་དད་དོ་སྙམ་དུ་མཐོང་བས། རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལ་ཡང་ཞེས་བྱ་བ་སྨོས་ཏེ། ཨ་རུ་ར་ལ་སོགས་པ་སྨན་ལུས་ཅན་རྣམས་ལ་ཡང་སྟེ། ཨ་རུ་ར་ལ་
ནི་ལན་ཚྭའི་རོ་མ་གཏོགས་པ་ལྷག་མ་རོ་ལྔ་དག་ཡོད་པ་ཡིན་ནོ། །དབང་པོ་གཟུང་བར་བྱ་བ་རྣམས། །ཞེས་བྱ་བ་ནི་ལྕེའི་དབང་པོས་གཟུང་བར་བྱ་བ་རྣམས་ཏེ། ངེས་པར་གཟུང་བར་དཀའ་བས་ཡོངས་སུ་གཅད་པར་དཀའ་ན། ཆོས་གང་དག་ལུས་ཅན་མ་ཡིན་ཞིང་བློས་བཟུང་བ་སྟེ། ཡིད་ཀྱི་རྣམ་པར་
ཤེས་པ་ཙམ་གྱིས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། །དེའི་ཕྱིར། དེ་རྣམས་ནི་ཡིད་ཆེས་པས་བསྟན་པའི་ཕྱི