Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 6 / 23 (50.000 ký tự/trang)
དང་པོར་སྐྱེས་པ་དང་། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ནའོ། །གཟུགས་ཀྱི་ཁམས་ཁོ་ན་དང་ཡིན་གྱི། རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་དེ།
བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་མི་བྱེད་པ་ནའོ། །ནང་གི་བཅུ་གཉིས་ཞེས་བྱ་བ་ལ། འདི་ཅི་ཞིག་ཏུ་གཟུང་བར་བྱ། ཅི་བཅུ་གཉིས་ནང་ཁོ་ན་ཡིན་གྱི། འོན་ཏེ་བཅུ་གཉིས་ཁོ་ན་ནང་གི་ཡིན་ཞེ་ན། གཉིས་ཀ་ལྟར་ཡང་ངེས་པར་གཟུང་སྟེ།
ངེས་པར་གཟུང་བ་ཉིད་ཀྱིས་ནི་གཞན་དག་ཕྱིའི་ཞེས་བྱ་བར་གྲུབ་བོ། །གྲངས་ཙམ་ཞིག་བསྟན་པས་ཁྱད་པར་དུ་རྟོག་པར་མི་འགྱུར་བས་དེའི་ཕྱིར། བཅུ་གཉིས་གང་དག་ཅེ་ན་ཞེས་དྲིས་སོ། །དེ་དམིགས་ཀྱིས་དགར་བའི་ཕྱིར། གཟུགས་ལ་སོགས་མ་གཏོགས་ཞེས་བྱ་བ་སྨོས་

སོ། །བདག་གི་དབང་དུ་བྱས་ན་ནི་ནང་གི་སྟེ། ནང་གི་ཉིད་ནི་ནང་གིའོ། །བདག་མེད་ན་ནང་གིའམ་ཕྱི་འདི་འགྱུར་ཏེ། ཚུལ་ཁྲིམས་མེད་པར་ནི་ལྷག་པའི་ཚུལ་ཁྲིམས་བསླབ་པར་མི་འགྱུར་རོ་ཞེ་ན། སེམས་ནི་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བདག་
ཏུ་སྨྲ་བ་རྣམས་ཀྱིས་ངར་འཛིན་པའི་རྟེན་ལ་བདག་ཅེས་བརྗོད་དེ། འདི་ལྟར་གཟེགས་ཟན་པ་ལ་སོགས་པ་རྣམས་ཀྱིས་ནི་ངར་འཛིན་པ་བདག་གི་ཡོན་ཏན་ཉིད་དམ། བདག་གི་ཡུལ་ཅན་ཉིད་དུ་རྟོགས་སོ། །ངར་འཛིན་པ་ཡང་སེམས་ལ་བརྟེན་ཏེ། དེ་ཡང་རྟོག་པའི་བདག་མེད་
པའི་ཕྱིར་ཏེ། གང་ཟག་སྨྲ་བར་རྣམ་པར་དཔྱད་པར་བྱའོ། །འདི་ལ་བདག་ཏུ་ང་རྒྱལ་བ་བཞག་པས་ན་སེམས་ཁོ་ན་བདག་ཡིན་ལ། སེམས་ལས་བྱུང་བ་རྣམས་ཀྱང་སེམས་ལ་བརྟེན་པའི་ཕྱིར་སེམས་ཁོ་ན་ལ་བདག་ཏུ་ཉེ་བར་འདོགས་སོ། །འདིར་སེམས་ལ་བདག་ཏུ་མངོན་པར་བཞེད་དོ་
ཞེས་བྱ་བ་འདི་ཡང་ཇི་ལྟར་རྟོགས་ཤེ་ན། དེའི་ཕྱིར། མཁས་པས་བདག་ཉིད་ཤིན་ཏུ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་ཡང་ལུང་གཞན་ལ་ལྟོས་ཏེ་དོན་དེ་ཉིད་ཀྱི་ཁུངས་ཡིན་གྱི། ཡན་གར་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གཞན་ལས་ཞེས་བྱ་བ་
རྒྱས་པར་སྨོས་ཏེ། འདི་ལས་ནི། སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་སེམས་དུལ་བ་གསུངས་སོ། །དེའི་ཕྱིར་འདིར་བདག་གི་སྒྲ་སེམས་ཁོ་ན་མངོན་པར་བཞེད་དོ་ཞེས་བྱ་བར་ཤེས་སོ། །དེའི་ཕྱིར། མིག་ལ་སོགས་པ་ནི་སེམས་བདག་ཏུ་གྱུར་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
བདག་ཏུ་གྱུར་པའི་ནི་བདག་དང་འདྲ་བའོ། །རྟེན་གྱི་དངོས་པོར་ཞེས་བྱ་བ་ནི་རྟེན་དང་འདྲ་བས་ན་རྟེན་ཏོ། །ཉེ་བར་གནས་པའི་ཕྱིར་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམས་ལ་གང་ཞིག་གཟུགས་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་པས་སེམས་ཡུལ་ན་མི་གནས་པའི་རྟེན་གྱི་དངོས་པོ་
གང་ཞིག་ཡོད་ཅེ་ན། ཁྱད་པར་གང་ཞིག་ཡོད་ན་སེམས་དེ་དག་འགྱུར་བའི་རྗེས་སུ་བྱེད་པར་འགྱུར་ལ། དེ་དག་འགྱུར་བའི་རྗེས་སུ་བྱེད་པ་ལས་ཀྱང་རྣམ་པར་ཤེས་པ་དེ་དག་ཡུལ་ན་མི་གནས་ཀྱང་མིག་ལ་སོགས་པ་དག་ཁོ་ན་མངོན་གྱི། གཟུགས་ལ་སོགས་པ་དག་ལ་ནི་མ་ཡིན་ཏེ། འདི་ལྟར་

ཚོར་བ་བདེ་བའམ་སྡུག་བསྔལ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ནི་ལུས་ཀྱི་ཡུལ་ལ་ཡོངས་སུ་གཅོད་ཀྱི། གཟུགས་ལ་སོགས་པ་ཡུལ་གྱི་ཡུལ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་འདི་ལས་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་
རྣམས་རྣམ་པར་ཤེས་པ་སྐྱེད་པའི་རྒྱུར་ཁྱད་པར་མེད་ཀྱང་རྟེན་ཉིད་དང་ཡུལ་ཉིད་དུ་འགྲུབ་པ་ཡིན་ཏེ། དེའི་ཕྱིར་ནང་གི་དང་ཕྱིའི་ཉིད་ཀྱང་ཡིན་པའོ། །གལ་ཏེ་མིག་ལ་སོགས་པ་དག་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོ་ཡིན་ན། དེ་ལྟ་ན་འོ་ན་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་
ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་ཡིད་ཀྱི་ཁམས་ཉིད་དུ་མ་གྱུར་པ་ཞེས་བྱ་བ་ན་ནི་དྲུག་པོ་འདས་མ་ཐག་པའི་གནས་སྐབས་མ་ཐོབ་པའོ། །ད་ལྟར་བའམ་མ་འོངས་པ་ནི་སེམས་ཀྱི་རྟེན་མ་ཡིན་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་
དེའི་ཚེ་ཡིད་ཀྱི་ཁམས་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །གང་གིས་ཡང་དེའི་ཚེ་ན་ཡང་ཞེས་བྱ་བ་ལ། འདས་པའམ་ད་ལྟར་བྱུང་བ་ཡིན་ཡང་རུང་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་དེ་དག་ཉིད་དེ་དག་སྟེ། ཡིད་ཀྱི་ཁམས་ཡིན་ནོ། །རྣམ་པར་ཤེས་པ་
འདས་པ་ལ་ནི་སྔར་མ་བྱུང་བའི་ཡིད་ཀྱི་ཁམས་ཉིད་དུ་འགྱུར་བའམ། མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་ཉིད་སྔར་ཡོད་པའམ་ལྡོག་པ་མེད་དེ། རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པའི་གཞན་གྱི་རྟེན་གྱི་དངོས་པོས་ཡིད་ཀྱི་ཁམས་སུ་འཇོག་པའི་ཕྱིར་རོ། །དེའི་ཕྱིར་
ཡིད་ཀྱི་མཚན་ཉིད་ལས་མི་འདའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་འབྱུང་སྟེ། དེ་ལྟ་མ་ཡིན་ན་ཅི་ལྟར་འགྱུར་ཞེ་ན། གལ་ཏེ་རྣམ་པར་ཤེས་པ་ད་ལྟར་འབྱུང་བ་དང་། མ་འོངས་པའི་ཡིད་ཀྱི་ཁམས་སུ་མི་འགྱུར་ན་ནི་འདས་པ་ཡང་ཡིད་ཀྱི་ཁམས་དང་། མིག་ལ་སོགས་པར་ཤེས་པར་མི་
མི་འགྱུར་རོ། །དེ་ལྟ་ཡིན་ན། ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར། ཁམས་བཅོ་བརྒྱད་པོ་དག་ནི་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན།

དེའི་ཕྱིར་གལ་ཏེ་རྣམ་པར་ཤེས་པ་མ་འོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ལ་རྒྱུ་བཤད་པ་ནི། མཚན་ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་དོ་ཞེས་བྱ་བ་སྟེ། འཁྲུལ་པ་རྣམས་ནི་མ་འོངས་པ་གཞན་དག་ཡིན་ཞིང་། ད་ལྟར་བྱུང་བ་གཞན་དག་ཡིན་ལ། འདས་པ་
གཞན་ཡིན་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་མ་འོངས་པ་དང་། ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཉིད་འདས་པའི་ཡང་ཡིན་ཏེ། རྣམ་པར་ཤེས་པ་མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་རྣམ་པར་གནས་པའི་ཕྱིར། འདས་པའི་དུས་སུ་
དེའི་མཚན་ཉིད་འཁྲུལ་པ་མེད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་རྣམས་ལ་རྣམ་པར་ཤེས་པའི་རྟེན་གྱི་རང་བཞིན་ཉིད་ནི་ཐམས་ཅད་ཀྱི་ཚེ་ཡོད་པ་མ་ཡིན་ལ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་འདས་པ་རྣམས་ལ་ནི་མངོན་པར་གསལ་བ་ཡིན་ནོ། །
དེའི་ཕྱིར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་ཤེས་པའི་ཁམས་དྲུག་ཅར་ཡང་ནང་གི་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཆོས་ཞེས་བྱ་བ་ནི་བརྟེན་པ་དང་བཅས་ཞེས་བྱ་བ་ལ། བརྟེན་པ་དང་བཅས་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་སྟེ། ལྷག་མ་ནི་དེ་དང་
མཚུངས་པ་དག་ཀྱང་ཡིན་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་བརྟེན་པ་དང་བཅས་པའི་ཡུལ་གྱི་མཚན་ཉིད་དོ། །ཡུལ་གང་ཞིག་རྣམ་པར་ཤེས་པ་གང་གི་དམིགས་པར་ངེས་ལ། གལ་ཏེ་ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེས་པ་འམ་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །སྐྱེ་བའི་ཆོས་ཅན་ཞེས་
བྱ་བ་ནི་མི་སྐྱེ་བའི་ཆོས་ཅན་ལས་ཁྱད་པར་དུ་བྱེད་པའོ། །དེ་ལྟར་ན་དེ་ནི་གཟུང་བ་འཛིན་པར་འགྱུར་བ་ཡིན་ལ། ཆོས་ཀྱི་ཁམས་ཀྱང་གཟུང་བ་འཛིན་པར་འགྱུར་བ་དེ་ལྟ་བུའི་མཚན་ཉིད་ཅན་ཡིན་པས་བརྟེན་པ་དང་བཅས་པ་ཞེས་བྱའོ། །གང་ལ་ཡོད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ། ཡིད་
ནི་ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ། སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་དུས་གསུམ་པ་དང་། དུས་མེད་པ་གང་ཡིན་པ་དེ་ནི་འགའ་ཡང་མེད་དོ། །མཐའ་ཡས་པ་ཞེས་བྱ་བ་ནི་ཡོངས་སུ་བགྲང་

དུ་མེད་པའོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར། འཕགས་པའི་གང་ཟག་ཐམས་ཅད་ལ་ནི་གདོན་མི་ཟ་བར་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་ཤེས་པ་འདི་སྐྱེ་སྟེ། དེའི་ཕྱིར་
ཆོས་ཀྱི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པ་ཡིན་ནོ། །དེའི་དམིགས་པ་ཡང་རང་གི་ངོ་བོ་དང་ལྷན་ཅིག་ཏུ་བྱུང་བ་མ་གཏོགས་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་ཤེས་པ་དེའི་དམིགས་པ་ཡང་རང་གི་བདག་ཉིད་ལ་བྱེད་པར་འགལ་བས་དེ་ཉིད་ཀྱིས་དེ་མི་
འཛིན་པའི་ཕྱིར་རང་གི་ངོ་བོ་སྟེ། བདག་ཉིད་མ་གཏོགས་པ་དང་ལྷན་ཅིག་འབྱུང་བ་སྟེ། དམིགས་པ་གཅིག་པས་སེམས་ལས་བྱུང་བ་རྣམས་མ་གཏོགས་པ་དང་། ཤིན་ཏུ་ཉེ་བའི་ཕྱིར་ཐོབ་པ་དང་སྐྱེ་བ་ལ་སོགས་པ་ལྡན་པ་རྣམས་མ་གཏོགས་པ་དེ་དག་ལས་གཞན་པའི་
ཆོས་ཐམས་ཅད་ཡིན་ནོ། །སེམས་མཚུངས་པར་ལྡན་པ་དང་བཅས་ཤིང་ལྷན་ཅིག་འབྱུང་བ་དང་བཅས་པ་དེ་ཡང་སེམས་གཞན་གྱིས་བདག་མེད་པར་འཛིན་པ་ཡིན་ཏེ། དེ་ལྟར་ན་སྐད་ཅིག་མ་གཉིས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་ཏེ། ཀུན་རྫོབ་གཅིག་པུས་རང་
ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འབྱུང་། །ཞེས་འཆད་པར་འགྱུར་རོ། །འོ་ན་ཁམས་བཅོ་བརྒྱད་པོ་ཐམས་ཅད་བདག་མེད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར། ཆོས་ཀྱི་ཁམས་བཞིན་དུ་བརྟེན་པ་དང་བཅས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་དག་ནི་རང་གི་
བྱེད་པ་ལ་ལྟོས་ནས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །ལྷག་མ་ནི་དེ་དང་མཚུངས་པ་དག་ཀྱང་ཡིན་ཞེས་བྱ་བ་ལ། གལ་ཏེ་ཆོས་ཞེས་བྱ་བ་བརྟེན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བ་ཉིད་ཀྱིས་དེ་ལས་གཞན་པ་
རྣམས་བརྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་ཉིད་དུ་གྲུབ་ན། ཡང་ཅིའི་ཕྱིར་རྩོམ་པར་བྱེད་ཅེ་ན། ཅི་ནས་ཀྱང་དེ་ཁམས་གཅིག་ལ་དེ་དང་མཚུངས་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་ཐམས་ཅད་གཉིས་ཀ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་བར་ཁྱད་པར་དུ་བྱ་བའི་ཕྱིར་རོ། །

གང་ཞིག་རང་གི་ལས་མི་བྱེད། །དེ་ནི་དེ་དང་མཚུངས་པའོ། །ཞེས་སྟོན་ཏེ། གང་རང་གི་ལས་བྱེད་པ་དེ་ནི་བརྟེན་པ་དང་བཅས་པའོ་ཞེས་བཤད་པར་འགྱུར་རོ། །དེ་དག་ལས་གང་གི་ལས་གང་ཡིན་ཞེ་ན། དེ་ལ་མིག་གང་གིས་གཟུགས་རྣམས་མཐོང་བའམ་ཞེས་རྒྱས་པར་འབྱུང་
ངོ་། །དེ་དང་མཚུངས་པའི་མིག་ལ་སློབ་དཔོན་རྣམས་ཀྱི་བློ་ཐ་དད་པར་འགྱུར་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྣམ་པ་བཞི་ཡིན་ནོ་ཞེས་ཟེར་རོ། །གཟུགས་རྣམས་མ་མཐོང་བར་འགག་པ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མིག་ད་ལྟར་བ་ནི་འགགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་
འགགས་པ་ཞེས་བྱ་སྟེ། མི་རྟག་པ་ཉིད་ཀྱི་བྱེད་པ་གནས་པའི་ཕྱིར་རོ། །མ་འོངས་པ་ནི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་འགག་པར་འགྱུར་བ་ཞེས་བྱ་སྟེ། དེ་ནི་གདོན་མི་ཟ་བར་ཇི་ལྟར་སྐྱེ་བ་དེ་བཞིན་དུ་འགག་པར་འགྱུར་བ་ཡིན་ནོ། །མི་སྐྱེ་བའི་ཆོས་ཅན་གང་ཡིན་པ་དེ་ཡང་རྐྱེན་
མ་ཚང་བ་ལས་མི་སྐྱེ་བ་ཉིད་ཡིན་པས་ཆེས་ཤིན་ཏུ་དེ་དང་མཚུངས་པ་ཡིན་ནོ། །ནུབ་ཕྱོགས་པ་རྣམས་ཀྱི་ལྟར་ན་རྣམ་པ་ལྔ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་ཞེ་ན། རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །མི་སྐྱེ་ཆོས་ཅན་ནི་རྣམ་པར་ཤེས་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་སྟེ། ཇི་
ལྟར་མིག་ད་ལྟར་བ་ཅུང་ཟད་ཅིག་ནི་རྣམ་པར་ཤེས་པ་དང་ལྡན་པ་ཡིན་ལ། འགའ་ཞིག་ནི་མི་ལྡན་པ་ཡིན་པ་དེ་བཞིན་དུ་མི་སྐྱེ་བའི་ཆོས་ཅན་ཡང་ཡིན་ནོ། །ཡིད་མི་སྐྱེ་བའི་ཆོས་ཅན་ཁོ་ན་དེ་དང་འདྲ་བ་ཡིན་ཏེ། སྐྱེས་པ་གདོན་མི་ཟ་བར་དམིགས་པ་འཛིན་པ་ཡིན་ནོ། །འདི་ལྟར་དམིགས་པ་
མེད་པའི་རྣམ་པར་ཤེས་པ་སྐྱེ་བ་ནི་ཡོད་པ་མ་ཡིན་ཏེ། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བའི་ཕྱིར་རོ། །རང་གི་དབང་པོའི་བྱེད་པས་ཞེས་བྱ་བ་ལ། རང་གི་དབང་པོའི་བྱེད་པ་སྨོས་པས་ནི། སྐལ་བ་མཉམ་པའི་རྒྱུ་ལ་སོགས་པའི་བྱེད་པ་གསལ་བར་བྱ་བའི་ཕྱིར་རོ། །
གཅིག་གི་མིག་བརྟེན་པ་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལྷ་སྦྱིན་གྱི་མིག་བརྟེན་པ་དང་བཅས་པ་གང་ཡིན་པ་དེ་ནི་ནག་པོ་ལ་སོགས་པ་ཐམས་ཅད་ཀྱི་ཡང་ཡིན་ནོ། །དེ་དང་མཚུངས་པ་རྣམས་ཀྱང་དེ་བཞིན་ཞེས་བྱ་བ་ལ། གཅིག་གི་མིག་དེ་དང་མཚུངས་པ་

གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡང་ཡིན་ཏེ། ཡིད་ཀྱི་བར་དུ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། ཐུན་མོང་མ་ཡིན་པའི་ཕྱིར་རྒྱུད་གཅིག་གིས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་འཇོག་གོ། །གཟུགས་ནི་གང་ཞིག་ལྟ་
བ་དེའི་བརྟེན་པ་དང་བཅས་པ་ཡིན་ལ། གང་མི་ལྟ་བ་དེའི་ནི་དེ་དང་མཚུངས་པ་ཡིན་ནོ། །དེའི་ཕྱིར་ཞེ་ན། ཐུན་མོང་མ་ཡིན་པའི་ཕྱིར་རྒྱུད་གཅིག་གི་དབང་གིས་གཟུགས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་གཞག་གོ། །གཟུགས་གང་ལ་གཅིག་ལྟ་
བ་དེ་ལས་ཞེས་རྒྱ་ཆེར་འབྱུང་བ་ལ། གཟུགས་ནི་ཐུན་མོང་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་དུ་མ་བསྐྱེད་པའི་ནུས་པ་ཡོད་དོ། །དེའི་ཕྱིར་དེ་ནི་རྒྱུད་དུ་མའི་དབང་གིས་རྣམ་པར་གཞག་པའི་ཕྱིར་གང་གིས་ལྟ་བ་དེའི་བརྟེན་པ་དང་བཅས་པ་ཡིན་གྱི། ཐམས་ཅད་ཀྱི་ནི་མ་
ཡིན་ནོ། །ལྷ་སྦྱིན་གྱིས་མིག་གིས་ནི་གཞན་ནམ་ཡང་ལྟ་བ་མ་ཡིན་ནོ། །བསྒྲེ་བ་ནི། གཟུགས་ཇི་ལྟ་བ་དེ་བཞིན་དུ་སྒྲ་དང་ཞེས་རྒྱས་པར་སྨོས་སོ། །སྒྲ་ནི་དེ་ལྟ་ཡིན་དུ་ཆུག་ན་ཞེས་བྱ་བ་ནི་རྒོལ་བ་པོ་རྗེས་སུ་ཡིད་མ་རང་བའོ། །དྲི་ལ་སོགས་པ་ནི་གང་དག་གཅིག་གིས་འཛིན་
པ་དེ་དག་གཞན་གྱིས་མི་འཛིན་ཏོ། །ཇི་ལྟར་ཞེ་ན། ཕྲད་ནས་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་མིག་ལ་སོགས་པ་བཞིན་དུ་དེ་དག་ཀྱང་ཐུན་མོང་མ་ཡིན་ནོ། །འདི་ལ་སྨྲས་པ། གཅིག་གི་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བའི་དྲི་ལ་སོགས་པ་གང་
དག་ཡིན་པ་ཞེས་བྱ་བ་ལ། རེས་འགའ་ཞིག་རྐྱེན་ཉེ་ན་དེ་དག་ཉིད་ཐུན་མོང་ཡིན་པའི་ཕྱིར་གཞན་གྱི་སྣ་ལ་སོགས་པའི་ཡུལ་དུ་སྐྱེས་པ་ན། དེ་དག་གི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བ་སྲིད་པ་དེ་ནི་ཡོད་ཀྱི། གཞན་གྱི་མིག་གིས་གཞན་ལྟ་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། ཐུན་མོང་
མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཆོས་ཀྱི་ཁམས་ཀྱང་ཐུན་མོང་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་རྒྱུད་དུ་མའི་དབང་གིས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་ཅིའི་ཕྱིར་རྣམ་པར་མི་འཇོག་ཅེ་ན། གཟུགས་ནི་ད་ལྟར་བྱུང་བ་ཁོ་ན་མཐོང་གི་འདས་པ་དང་། མ་འོངས་

པ་དང་། མི་སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། རེག་བྱའི་བར་དུ་ཡང་དེ་དང་འདྲའོ། །དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པའི་ངོ་བོ་རྒྱུད་དུ་མའི་དབང་གིས་བྱ་བ་བྱེད་པ་ལས་རྣམ་པར་གཞག་གོ། །ཆོས་ཞེས་བྱ་བ་ལ་ནི་རྣམ་པར་རྟོག་
པ་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། དེ་ནི་དུས་གསུམ་དང་། དུས་སུ་མ་གཏོགས་པ་ལ་ཡང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་གི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཇི་ལྟར་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་
ཡིན་ཞེ་ན། དེའི་ཕྱིར་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། དམིགས་པ་མེད་པའི་རྣམ་པར་ཤེས་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཡིད་ཀྱི་ཁམས་ཇི་ལྟ་བ་བཞིན་ནོ་ཞེས་དཔེར་བརྗོད་པ་སྨོས་སོ། །སྐྱེ་བའི་ཆོས་ཅན་གྱི་ཡིད་ནི་བརྟེན་
པ་དང་བཅས་པ་ཡིན་ལ། མི་སྐྱེ་བའི་ཆོས་ཅན་ནི་དེ་དང་མཚུངས་པ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །བརྟེན་པ་དང་བཅས་པའི་དོན་ཅི་ཞེ་ན། བརྟེན་པ་ནི་བརྟེན་པའོ། །དེ་འདི་དག་ལ་ཡོད་པས་བརྟེན་པ་དང་བཅས་པ་རྣམས་སོ། །དེ་ཡང་དབང་པོ་དང་། ཡུལ་དང་།
རྣམ་པར་ཤེས་པ་རྣམས་ཕན་ཚུན་བརྟེན་པ་གང་ཡིན་པ་སྟེ། རྟེན་དང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་ཕན་ཚུན་རྗེས་སུ་མཐུན་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཡང་ན་བྱེད་པ་ལ་བརྟན་པ་སྟེ། གང་ཞིག་གང་གིས་བྱེད་པ་ཡིན་པ་དེ་ལ་དེ་རྗེས་སུ་མཐུན་པའི་ངོ་བོའོ། །དཔེར་ན་མིག་གི་དབང་
པོའི་བྱེད་པ་ལྟ་བ་ཡིན་པ་དང་། རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། གཟུགས་ཀྱི་དེ་དག་གི་ཡུལ་གྱི་དངོས་པོར་གནས་པ་ཡོད་པ་ལྟ་བུ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཡང་ན་འབྲས་བུ་རེག་པ་འདྲ་བའི་ཕྱིར་ཏེ། རྟེན་མཚུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་
རོ། འདི་ལྟར་རེག་པ་ནི་དེ་དག་ལ་རག་ལས་པའི་ཕྱིར་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་བརྟེན་པས་བརྟེན་པ་ཡིན་ཏེ། དེའི་ཕྱིར་བརྟེན་པ་མཚུངས་པ་དག་སྟེ། རེག་པ་མཚུངས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་རེག་པ་ནི་སེམས་ལས་བྱུང་བའི་ཆོས་འབྲས་བུ་མཚུངས་

པ་དེས་ན་རྒྱུན་དངོས་པོར་མཚུངས་པའི་ཕྱིར་ཏེ། འདྲ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་དག་བརྟེན་པ་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ནི་བརྟན་པ་དང་བཅས་པ་དེ་དག་དང་འདྲ་བས་དེ་དང་མཚུངས་པ་དག་གོ། །ཚུལ་གང་གིས་
ཤེ་ན། བཤད་པ། རིགས་མཐུན་པས་མཚུངས་པའི་ཕྱིར་ཏེ། དེ་དང་འདྲ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་གཉིས་ཀ་ཡང་ལྟ་བ་དང་། སྐྱེ་མཆེད་གཅིག་དང་། ཁམས་གཅིག་ཡིན་ནའོ། །ཡང་ན་ཕན་ཚུན་རྒྱུ་ཡིན་པའི་རིགས་འདྲ་བ་སྟེ། ཕན་ཚུན་འབྲེལ་པའི་
ཕྱིར་དང་། ཕན་ཚུན་འདྲེན་པར་བྱ་བའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཁམས་རྣམས་ནི་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། དེ་ལ་གང་དག་མཐོང་བས་སྤོང་བར་འགྱུར་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་རྣམས་སོ། །གང་དག་བསྒོམ་པས་སྤོང་བར་འགྱུར་བ་དེ་དག་ནི་བསྒོམ་
པས་སྤང་བར་བྱ་བ་རྣམས་སོ། །ཟག་པ་མེད་པ་དག་ནི་སྤང་བར་བྱ་བ་མ་ཡིན་པའོ། །ཡང་རྣམ་པ་དགུ་ཆར་ཡང་རྡོ་བཅག་པའི་ཚུལ་དུ་ལམ་རྣམ་པ་གཅིག་གིས་སྤོང་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བའོ། །རྣམ་པ་དགུ། ལམ་རྣམ་པ་དགུས་པདྨའི་རྩ་བའི་ཐག་པའི་ཚུལ་དུ་སྤོང་བ་
གང་དག་ཡིན་པ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་རྣམ་པར་གཞག་པ་ནི། ཟག་པ་དང་བཅས་པས་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཡོད་དོ། །བསྒོམ་པས་སྤང་བར་བྱ་བ་དག་ཀྱང་ཡོད་ཅེས་རྒྱས་པར་མདོ་ཉིད་ལས་གསུངས་སོ། །རེ་ཞིག་
གཟུགས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །བཅུ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་གསལ་བར་བྱ་བའི་ཕྱིར་རོ། །ལྔ་ཡང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་གཏོགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་
ཁམས་དག་གོ། །འདི་ལྟ་བུ་ཅི་ཞིག་ཏུ་ངེས་པར་གཟུང་ཞེ་ན། ཁམས་ལྔ་པོ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་གི །དེ་དག་ཁོ་ན་བསྒོམ་པས་སྤང་བར་བྱ་བའོ་ཞེས་ནི་མ་ཡིན་ཏེ། ཐ་མའི་རྣམ་གསུམ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གཟུགས་ཅན་བཅུ་པོ་

དག་ནི་བསྒོམ་པས་སྤང་བར་བྱ་བ་ཉིད་ཡིན་ཏེ། བདེན་པ་དག་ལ་ལོག་པར་རྟོགས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ལོག་པར་རྟོགས་པ་མེད་ཅེ་ན། དམིགས་པ་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དག་ནི་དམིགས་པ་དང་བཅས་པ་ཉིད་ཡིན་དུ་ཟིན་ཡང་ཁ་ཕྱིར་
བལྟས་པར་འཇུག་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཉིད་དོ། །མཐོང་བས་སྤང་བར་བྱ་བ་རྣམས་ནི་ཁ་ནང་དུ་བལྟས་པས་འཇུག་སྟེ། ངེས་པར་རྟོག་པས་འཇུག་པའི་ཕྱིར་རོ། །སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ཏེ། ཟག་པ་དང་བཅས་པའི་ཕྱིར་རོ། །ཡང་གི་སྒྲ་ནི་བསྡུ་བའི་
དོན་ཏོ། །ཐ་མའི་གསུམ་རྣམ་གསུམ་ཞེས་བྱ་བ་ལ། འདོན་པའི་གོ་རིམས་ཀྱིས་མཐའ་ན་ཡོད་པའི་ཕྱིར་ཐ་མའོ། །ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་ནི་ཁམས་གསུམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བ་དག་གོ། །དེ་དག་དང་ལྷན་ཅིག་འབྱུང་བ་སྨོས་པས་ནི་དེ་དག་དང་མཚུངས་པར་
ལྡན་པ་སེམས་དང་སེམས་ལས་བྱུང་བ་རྣམས་དང་། དེ་དག་གི་མཚན་ཉིད་དང་། ཕྲ་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཐོབ་པ་སྡུད་དོ། །དེ་དག་གི་ཐོབ་པ་ཞེས་བྱ་བ་ནི་གང་དག་སྔར་སྐྱེས་པ་དང་། ཕྱི་ནས་སྐྱེ་བ་དེ་དག་སྡུད་དོ། །རྗེས་སུ་འབྲང་བ་དང་བཅས་པ་ཞེས་བྱ་བ་ནི་དེ་དག་གི་
རྗེས་སུ་འབྲང་བ་རྗེས་ཀྱི་ཐོབ་པ་དང་མཐུན་པའི་མཚན་ཉིད་རྣམས་སོ། །དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ནི་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །ལྷག་མ་མཚུངས་པར་ལྡན་པ་ཕྲ་རྒྱས་དག་དང་ལྷན་ཅིག་པ་རྣམས་
དང་ལྡན་པ་མ་ཡིན་པ་རྣམས་ཀྱི་ཆོས་ཀྱི་ཁམས་ཏེ། ཁམས་གསུམ་པོ་འདི་དག་ནི་མཐོང་བས་སྤང་བར་བྱ་བ་རྣམས་སོ། །ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་དག་འབྱུང་སྟེ། མ་མཐོང་བ་ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པ་དག་
གོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་དང་། འདུས་མ་བྱས་ཀྱིས་བསྡུས་པའི་ཁམས་གསུམ་པོ་དེ་ཉིད་དེ། ཉེས་པ་མེད་པ་ནི་སྤང་བར་མི་འོས་ལ། ཆོས་ཟག་པ་མེད་པ་རྣམས་ཀྱང་ཉེས་པ་མེད་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ཉིད་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁ་ཅིག་ན་རེ་གང་གི་ཕྱིར་སོ་སོའི་སྐྱེ་

བོ་ཉིད་དང་། ངན་སོང་བའི་ལུས་དང་། ངག་གི་ལས་ཀྱང་འཕགས་པའི་ལམ་དང་འགལ་བའི་ཕྱིར་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་ལ་སོགས་པ་ལྟར་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། འདི་ལྟར་ལམ་གྱི་སྐད་ཅིག་དང་པོར་སྐྱེས་པ་ན་སོ་སོའི་
སྐྱེ་བོ་ཉིད་དང་མི་ལྡན་པ་འཐོབ་པ་དང་། རྒྱུན་དུ་ཞུགས་པ་ལོག་པར་མི་ལྟུང་བའི་ཆོས་ཅན་ནོ་ཞེས་ཀྱང་བཤད་ན། ངན་སོང་བའི་ལུས་དང་ངག་གི་ལས་མ་སྤངས་པར་ནི་ངན་སོང་ཟད་པར་ཡང་མི་རིགས་སོ། །དེའི་ཕྱིར་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། དེ་དག་དང་ལྷན་ཅིག་པའི་འབྱུང་
བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་ཉུང་བར་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་ལན་བརྗོད་པར་བྱ་སྟེ། སོ་སོའི་སྐྱེ་བོ་ཉིད་དང་། ངན་སོང་བའི་ལུས་དང་། ངག་གི་ལས་དེ་དག་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མདོར་བསྡུ་བ་ནི་འདི་ཡིན་
ནོ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་ཅན་མིན་མཐོང་ཡང་མིན། །ཞེས་བྱ་བ་འདིས་ནི་སོ་སོའི་སྐྱེ་བོ་ཉིད་སྤང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །གཟུགས་མིན་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་ཅན་ཡིན་ཡང་ངན་སོང་བའི་ལུས་དང་། ངག་གི་ལས་མཐོང་བས་སྤང་བར་བྱ་བ་
མ་ཡིན་ནོ་ཞེས་སྟོན་ཏོ། །དྲུག་པ་མིན་སྐྱེས་མིན་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་ཅན་ཡིན་ཡང་། མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ། བཅུ་ནི་བསྒོམ་པས་སྤང་བྱ་ཡིན་ནོ། །ལྔ་ཡང་ཞེས་བཤད་ན། ཡང་ཅིའི་ཕྱིར། གཟུགས་མིན་དྲུག་པ་མིན་
སྐྱེས་མིན། །ཞེས་བརྗོད་ཅེ་ན། ངེས་པར་བྱ་བའི་ཕྱིར་རོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་བཤད་པ་དེར་ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ལ། ཉོན་མོངས་པ་ཅན་ཡིན་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མཐོང་བས་སྤང་བར་བྱ་བ་མ་
ཡིན་ཞིང་། ཉོན་མོངས་པ་ཅན་ཡིན་ཡང་ཚོར་བ་ལ་སོགས་པ་དྲུག་པ་ལས་སྐྱེས་པ་མ་ཡིན་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་ལ། གཟུགས་ཀྱང་མ་ཡིན་ནོ། །སོ་

སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་ཞེས་བྱ་བའི་དོན་ཏོ། །མི་དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་གང་ཡིན་པ་དེ་ཉོན་མོངས་པ་ཅན་མ་ཡིན་པར་མི་རིགས་སོ་ཞེས་བྱ་བ་ལོག་པར་རྟོགས་
པ་ལ་དེ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་རོ། །དགེ་བའི་རྩ་བ་ཀུན་དུ་ཆད་པ་དང་། །ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་དེ་དགེ་བ་ཡིན་པར་འགྱུར་ན་ནི་དགེ་བའི་རྩ་བ་ཆད་པ་རྣམས་སོ་སོའི་སྐྱེ་བོ་མ་ཡིན་པར་འགྱུར་ལ། དགེ་བ་ཡིན་པའི་ཕྱིར་དང་། དེ་ཡང་ཆད་པའི་ཕྱིར་འཕགས་པ་
ཉིད་དུ་འགྱུར་ན་དེ་ནི་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དགེ་བ་མ་ཡིན་ནོ། །ཉོན་མོངས་པ་ཅན་ཡང་མ་ཡིན་ཏེ། ཉོན་མོངས་པ་ཅན་སྨྲས་པ་ནི་མི་དགེ་བ་ལ་མངོན་པར་འདོད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། མི་དགེ་བ་ཡང་མ་ཡིན་ཏེ་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་
པའི་ཕྱིར་ཏེ། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་སོ་སོའི་སྐྱེ་བོ་ཉིད་དང་ལྡན་པའི་ཕྱིར་རོ། །མི་དགེ་བ་ཡིན་ན་ནི་ས་དེ་པའི་ཉོན་མོངས་པ་སྤངས་པ་ལྟར་དེའི་རང་བཞིན་སྤང་བར་འགྱུར་ན། སོ་སོའི་སྐྱེ་བོ་ཉིད་ཀྱི་རང་བཞིན་ནི་སྤངས་པར་འདོད་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན།
དེ་ལ་དམིགས་པའི་འདུན་པ་འདོད་ཆགས་སྤངས་པས་སྤོང་བར་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་ཏེ། དེ་ལྟ་བས་ན་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །ལུས་དང་ངག་གི་ལས་ནི་གཟུགས་ཡིན་ན་གཟུགས་ནི་ཉོན་མོངས་པ་ཅན་ཡིན་ཡང་རུང་སྟེ། མཐོང་
བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་ཞེ་ན། བདེན་པ་དག་ལ་སོགས་པར་མི་རྟོགས་པའི་ཕྱིར་དང་མཐོང་བས་སྤང་བར་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་བསླང་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ན་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་
ཡང་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་དེ་སྤོང་ན་ནི་བཟོད་པ་སྐྱེས་པ་ན་ཡང་དེས་སྤང་བར་བྱ་བ་རྣམས་དང་ལྡན་པའི་ཕྱིར་འཕགས་པ་ཡང་སོ་སོའི་སྐྱེ་བོར་འགྱུར་རོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་ཡང་སོ་སོའི་སྐྱེ་བོ་ཉིད་བསྒོམ་པས་སྤང་བར་བྱ་བ་ཉིད་ཡིན་པའི་

ཕྱིར་སློབ་པ་དང་ཡང་ལྡན་པས་ཉེས་པ་ཤིན་ཏུ་ཆེན་པོར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཉིད་དང་ལྷན་ཅིག་ཏུ་དེའི་ཐོབ་པ་གཅོད་ཕྱིར་རོ། །འོ་ན་ཇི་ལྟར་མ་སྤངས་ཤེ་ན། དེ་ལ་དམིགས་པའི་ཉོན་མོངས་པ་དག་མ་
སྤངས་པའི་ཕྱིར་ཏེ། སྔར་ནི་དེ་ཉམས་པ་ཉིད་ཡིན་གྱི་སྤངས་པ་ནི་མ་ཡིན་ནོ། །ཡང་བྲལ་བ་དང་སྤངས་པ་དག་གི་ཁྱད་པར་ནི་ཞིག་ཅེ་ན། ཅུང་ཟད་ཅིག་དང་བྲལ་བ་ནི་བྲལ་བ་ཡིན་ཏེ། ཅུང་ཟད་ཟ་བ་བཞིན་ནོ། །རབ་ཏུ་བྲལ་བ་ནི་སྤངས་པ་སྟེ། བྲལ་བ་ལ་དམིགས་པའི་ཉོན་མོངས་པ་
རྣམས་སྐྱེ་ལ། དམིགས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་སྲིད་པ་ནི་མེད་དོ། །གལ་ཏེ་སྤངས་པ་ལ་དམིགས་པའི་ཉོན་མོངས་པ་མི་སྐྱེ་ན་འོ་ན་ནི་དང་པོའི་རྣམ་པ་སྤངས་ཀྱང་དེའི། ཡུལ་ཅན་དྲི་མ་རྣམས་ཀྱི་ལྡན། །ཞེས་ཅི་སྟེ་བརྗོད་ཅེ་ན། ཚུལ་དེ་ནི་ཉོན་མོངས་པ་ཅན་ཡིན་ལ། སོ་སོའི་
སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི། ལུང་དུ་མ་བསྟན་པ་ཡིན་པས་འགལ་བ་མེད་དོ། །དྲུག་པ་ལས་སྐྱེས་པ་ཡང་མ་ཡིན་ཏེ། དྲུག་པ་ཞེས་བྱ་བ་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་བྱ་བ་ལ། དྲུག་པ་ལས་སྐྱེད་པ་ནི་དྲུག་པ་སྐྱེས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའོ། །དྲུག་པ་ལས་སྐྱེས་པ་མ་
ཡིན་པར་ནི་དྲུག་པ་མིན་སྐྱེས་ཏེ། དབང་པོ་ལྔ་ལས་སྐྱེས་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར། དེ་ལས་གཞན་ལས་སྐྱེས་པ་ནི་དྲུག་པ་ལས་མ་སྐྱེས་པ་སྟེ་ཞེས་བྱ་བ་སྨོས་ཏེ། དེ་ཡང་ཁ་ཕྱིར་བལྟས་པར་ཞུགས་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །མིག་དང་ཆོས་ཀྱི་ཁམས་
ཕྱོགས་ནི། །ལྟ་བ་ཡིན་ཏེ་ཞེས་འབྱུང་སྟེ། །དེ་ལ་ཆོས་ཐམས་ཅད་ཀྱི་ནང་ནས་ལྟ་བའི་རང་བཞིན་ནི་ཆོས་གཉིས་ཡིན་ཏེ། གཟུགས་ཅན་རྣམས་ལས་ནི་མིག་གི་དབང་པོའོ། །གཟུགས་ཅན་མ་ཡིན་པ་རྣམས་ལས་ནི་ཤེས་བྱ་རྟོགས་པར་སེམས་པ་རྒྱུ་བ་གསལ་བ་ཅན་གྱི་ཤེས་རབ་ཁ་ནང་དུ་
བལྟས་པར་ཞུགས་པའོ། །དེ་ལ་རེ་ཞིག་མིག་གི་མཚན་ཉིད་ནི། །དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བཤད་ཟིན་ཏོ། །གལ་ཏེ་ཡང་དག་པའི་ལྟ་བ་སྨོས་པས་འདི་དག་གསུམ་ཆར་ཡང་བསྟན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་

ཀྱི། སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པའི་ས་བསྟན་པར་བྱ་བའི་ཕྱིར་དང་། སྐྱེ་བའི་རིམ་པ་བསྟན་པར་བྱ་བའི་ཕྱིར་རྣམ་པ་གསུམ་དུ་དབྱེ་བར་བྱའོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་བཞིན་དུ་ཕྲ་རྒྱས་ཀྱི་རང་
བཞིན་ཡིན་པའི་ཕྱིར་ཕྲ་རྒྱས་བསྟན་པར་སྟོན་པའི་དུས་ལ་བབ་པར་འགྱུར་རོ། །ཇི་སྐད་ཅེ་ན། བདག་དང་བདག་གི་རྟག་ཆད་དང་། །ཞེས་བྱ་བ་ལ་སོགས་པར་རོ། །ལྟ་བ་གསུམ་པོ་དག་གི་རང་གི་ངོ་བོར་ནི་གཞན་དུ་སྟོན་པའི་སྐབས་མེད་པས་འདི་ཉིད་དུ་དེ་དག་གི་རང་གི་ངོ་བོ་
བསྟན་ཏོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པ་ཡོད་པས་དེའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་པ་དང་བཅས་པའོ་ཞེས་
ཁྱད་པར་རྣམ་པ་གསུམ་བརྗོད་དོ། །སློབ་པའི་ཟག་པ་མེད་པའི་ཤེས་རབ་ནི་སློབ་པའི་ལྟ་བ་སྟེ། སློབ་པ་སྨོས་པ་ནི་མི་སློབ་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཟག་པ་མེད་པ་སྨོས་པ་ནི་ཟག་པ་དང་བཅས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །མི་སློབ་པའི་ཟག་པ་མེད་པའི་ཤེས་
རབ་ནི་མི་སློབ་པའི་ལྟ་བའོ། །སྤྲིན་དང་བཅས་པ་དང་། སྤྲིན་མེད་པའི་མཚན་མོ་དང་། ཉིན་མོའི་གཟུགས་ལ་ལྟ་བ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་སྣང་བ་དང་བྲལ་བའི་ཕྱིར་མུན་པས་ཟིལ་གྱིས་གནོན་པའི་ཕྱིར་མཚན་མོ་སྒང་གཤོང་སྤེལ་མ་དག་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་དེ་
བཞིན་དུ། འཇིག་རྟེན་པའི་ཉོན་མོངས་པ་ཅན་དག་གིས་ཆོས་ལ་ལྟའོ། །འཇིག་རྟེན་གྱི་ལྟ་བས་ནི་འགྲོ་བ་རྟག་ཏུ་མཚན་མོར་གྱུར་པར་མཐོང་སྟེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་མེད་པའི་ཕྱིར་རོ། །དེ་ལ་ནི་མ་རིག་པའི་རྐྱེན་གྱི་དྲ་བས་གཡོགས་པའི་ཕྱིར། ཉོན་མོངས་པ་ཅན་གྱི་ཆོས་
ཀུན་དུ་སྤྱོད་པའི་གནས་སྐབས་ན་འགྲོ་བ་སྤྲིན་དང་བཅས་པའི་མཚན་མོ་དང་འདྲ་བར་འགྱུར་ཏེ། འདི་ལྟར་མི་རྟག་པ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་ངོ་བོ་ཡོད་པར་མི་མཐོང་བར་རྟག་པ་ལ་སོགས་པའི་ངོ་བོ་ཡོད་པ་མ་ཡིན་པ་རྟོག་པའི་ཕྱིར་རོ། །དེ་ནས་འཇིག་རྟེན་པའི་

ཡང་དག་པའི་ལྟ་བས་ལྟ་བ་ཆོས་ཡོངས་སུ་དག་པར་འགྱུར་ཏེ། སྤྲིན་དང་བྲལ་བས་ཟླ་བའི་འོད་ཀྱིས་མུན་པ་བཅོམ་པའི་མཚན་མོའི་གཟུགས་དམིགས་པ་བཞིན་ནོ། །འཇིག་རྟེན་པའི་ལྟ་བས་ཉོན་མོངས་པ་ཅན་མ་ཡིན་པ་དག་གིས་ནི་དེ་ལྟར་ཆོས་ལ་བལྟ་སྟེ།
སྤྲིན་གྱི་དྲ་བ་ལྟ་བུའི་གཏི་མུག་མེད་པའི་ཕྱིར་རོ། །མི་རྟག་པ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་ངོ་བོར་ལྟ་བ་ཡོད་མོད་ཀྱི་ཡོངས་སུ་གསལ་བ་ནི་མ་ཡིན་ནོ། །དེ་ནས་སློབ་པའི་ལྟ་བ་ནི་ཉི་མའི་དཀྱིལ་འཁོར་སྤྲིན་གྱིས་གཡོགས་པའི་ཉིན་མོ་གཟུགས་མཐོང་བ་བཞིན་ཏེ། སློབ་
པའི་ལྟ་བ་དག་གིས་ནི་དེ་ལྟར་ཆོས་ལ་ལྟའོ། །སློབ་པ་ལ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་མངོན་དུ་གྱུར་པའི་ཕྱིར་འགྲོ་བ་ཉིན་མོ་ལྟ་བུར་གྱུར་པ་ཡིན་ཏེ། མ་རིག་པའི་སྤྲིན་གྱི་དྲ་བ་ལྷག་མ་དང་བཅས་པའི་ཕྱིར་ནི་སྤྲིན་དང་བཅས་པ་ལྟ་བུར་འགྱུར་རོ། །ཇི་ལྟར་ཉི་མའི་འོད་ཟེར་གྱིས་མུན་པ་
བསལ་བའི་ཉིན་མོ་གཟུགས་དམིགས་པ་ལྟར་མི་སློབ་པའི་ལྟ་བ་དག་གིས་ཆོས་ལ་ལྟ་བ་ཡང་དེ་བཞིན་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པའི་སྤྲིན་གྱི་དྲ་བ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་མི་སློབ་པས་ནི་ཆོས་ལ་གསལ་བར་ལྟ་བར་འགྱུར་རོ། །འོ་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་
འདས་ཀྱིས་གཟིགས་པ་ཕུལ་དུ་བྱུང་བར་འགྱུར་བ་ཞེས་བྱ་བ་བརྗོད་པར་བྱའོ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་སྤྲིན་གྱི་དྲ་བ་མ་ལུས་པ་དང་བྲལ་བའི་ཕྱིར་ལ། དགྲ་བཅོམ་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །རྣལ་འབྱོར་
པ་རྣམས་ཇི་ལྟ་ཇི་ལྟར་ཤེས་རབ་གོམས་པའི་སྒོ་ནས་སྙིང་གི་མུན་པ་སྤོང་བ་དེ་ལྟ་དེ་ལྟར་དམིགས་པ་རྣམ་པར་དག་པར་ཁྱད་པར་དུ་འགྱུར་ཏེ། འདི་ལྟར་དམིགས་པ་རྣམ་པར་དག་པ་དང་། རྣམ་པར་དག་པ་མ་ཡིན་པ་ནི་ཅུང་ཟད་ཀྱང་མེད་ཀྱི། རྣམ་པར་དག་པས་རྣམ་པར་དག་པར་འགྱུར་ཞེས་
བྱ་བ་ནི་བློ་དྲི་མ་དང་བཅས་པས་དྲི་མ་ཅན་དུ་བྱས་པ་དང་། དག་པས་དག་པར་བྱས་པར་ངེས་པར་གཟུང་བའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། ལྟ་བ་རྣམས་ནི་རྣམ་པ་ལྔ་སྟེ། ལུང་དུ་མ་བསྟན་པ་དང་། ཉོན་མོངས་པ་ཅན་དང་། དགེ་བ་ཟག་པ་དང་བཅས་པ་དང་། སློབ་པ་དང་།

མི་སློབ་པའི་དབྱེ་བས་སོ། །དེ་ལ་ལུང་དུ་མ་བསྟན་པའི་རིགས་པས་ནི་མི་ལྟ་བ་ཡིན་གྱི། རྣ་བ་ལ་སོགས་པ་དང་། ཤེས་རབ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཐམས་ཅད་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་རིགས་ལས་ནི་ལྟ་བ་ལྔ་པོ་དེ་དག་ལས་གཞན་པའི་ཤེས་རབ་ལྟ་བ་མ་
ཡིན་ཏེ། དེ་ཡང་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་ལ་སོགས་པ་དང་ལྷན་ཅིག་སྐྱེ་བའོ། །སློབ་པའི་རིགས་ལས་ནི་ལྟ་བ་མ་ཡིན་པའི་ཤེས་རབ་འགའ་ཡང་མེད་དོ། །མི་སློབ་པའི་རིགས་ལས་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པས་ལྟ་བ་མ་
ཡིན་ནོ། །དགེ་བ་ཟག་པ་དང་བཅས་པའི་རིགས་ལས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ཡིན་གྱི། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཡང་ཅིའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ལ་
ཞེས་བྱ་བ་སྨྲས་ཏེ། དགེ་བ་ཟག་པ་དང་བཅས་པ་ཉིད་དུ་ཁྱད་པར་མེད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ལ་བྱའི། རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཞེ་ན། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་བྱ་
བ་འབྱུང་སྟེ། རྟོག་པར་བྱེད་པ་ནི་ལྟ་བ་ཡིན་ཏེ། ངེས་པར་སེམས་པ་ལས་ཞུགས་པ་ཡིན་པའི་ཕྱིར་རོ། །ངེས་པར་རྟོག་པ་ནི་ཡུལ་ངེས་པར་སེམས་པ་སྔོན་དུ་འགྲོ་བ་ཅན་ངེས་པར་འདྲེན་པར་བྱེད་པ་ཅན་ཡིན་ན་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་
རྒྱས་པར་རོ། །ཇི་ལྟར་ངེས་པར་སེམས་པ་ལ་མི་འཇུག་པའི་ཕྱིར་མིག་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་རྟོག་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་རབ་གཞན་ལ་རྟོག་པ་ལ་སེམས་པར་མ་ཞུགས་པའི་ཕྱིར། རྟོག་པར་
བྱེད་པ་མ་ཡིན་པས་ལྟ་བ་མ་ཡིན་ཏེ། དེ་ཡང་གོང་ཁོ་ནར་རྒྱས་པར་བཤད་ཟིན་ཏོ། །གལ་ཏེ་རྟོག་པར་བྱེད་པ་མ་ཡིན་པའི་ཕྱིར་ཤེས་རབ་ལྟ་བ་ཡིན་ན་ནི་འོ་ན་ནི་མིག་ཀྱང་རྟོག་པར་བྱེད་པ་ཉིད་མེད་ན་ཇི་ལྟར་ལྟ་བ་ཡིན་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ་ཞེས་བྱ་བ་ལ། མིག་ནི་གཟུགས་ལ་ལྟ་བའི་

དོན་གྱིས་ལྟ་བ་ཞེས་བརྗོད་དེ། ངེས་པར་རྟོག་པར་བྱེད་པའི་དོན་གྱིས་ནི་མ་ཡིན་ལ། ཤེས་རབ་ནི་ངེས་པར་རྟོག་པར་བྱེད་པའི་དོན་གྱིས་ཡིན་གྱི། ལྟ་བའི་དོན་གྱིས་ནི་མ་ཡིན་པས། གཉིས་ཀ་ཡང་ལྟ་བ་ཉིད་ཡིན་པར་འགལ་བ་མེད་དོ། །གང་གི་ཕྱིར་མིག་
གིས་གཟུགས་རྣམས་མཐོང་ཞེས་བྱ་བ་ལ། གཟུགས་མཐོང་བ་ནི་གཟུགས་ལ་ལྟ་བ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་ལྟ་བའི་དོན་གྱིས་མིག་ལ་ལྟ་བ་ཞེས་བྱའོ། །གལ་ཏེ་མིག་གིས་མཐོང་བར་འགྱུར་ན་རྣམ་པར་ཤེས་པ་གཞན་དང་ལྡན་པས་ཀྱང་མཐོང་བར་འགྱུར་རོ་ཞེ་ན་ཞེས་བྱ་བ་
ནི་རྣམ་པར་ཤེས་པ་གཞན་མངོན་དུ་གྱུར་པས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣ་བ་ལ་སོགས་པར་རང་གི་རྣམ་པར་ཤེས་པ་ལ་ལྟོས་པ་མེད་པ་རྣམས་ལ་ཡང་ཉན་པ་ལ་སོགས་པ་ཡོད་པར་ཁས་བླངས་པའི་ཕྱིར་དང་། ཡུལ་ཐམས་ཅད་ཅིག་ཅར་དམིགས་པར་ཐལ་བར་འགྱུར་
རོ་ཞེ་ན། མིག་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་པ་ཉིད་དེ། མིག་འགའ་ཞིག་ཁོ་ནས་ལྟ་བར་ཁས་བླངས་པའི་ཕྱིར་རོ། །གང་གི་ཚེ་རྣམ་པར་ཤེས་པ་དང་བཅས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པའོ། །རྣམ་པར་ཤེས་པ་རྣམས་ནི་ཅིག་ཅར་དབང་པོ་རྣམས་ལ་གནས་པ་ཡང་
མ་ཡིན་པས་ཡུལ་ཐམས་ཅད་ཅིག་ཅར་དམིགས་པར་ཡང་མི་འགྱུར་རོ། །དེ་ལྟ་ན་འོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་ཤེས་པ་ཁོ་ན་ལྟ་བ་ལ་ནུས་པ་དང་ལྡན་པར་སྣང་བའི་ཕྱིར་རྣམ་པར་ཤེས་པ་ཉིད་ཀྱིས་མཐོང་བར་འགྱུར་རོ་ཞེ་ན། དེ་ལ་བརྟེན་པའི་རྣམ་ཤེས་མིན། །ཞེས་
བྱ་བ་ནི་མིག་ལ་བརྟེན་པའི་འོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བའི་མིན་ཕྱིར་ལོ། །ཞེས་བྱ་བ་སྨོས་སོ། །ལོའི་སྒྲ་ནི་རྒྱུ་འདིས་ནི་རྣམ་པར་ཤེས་པ་མཐོང་བ་འགོག་པར་ནུས་པ་མ་ཡིན་ནོ་ཞེས་མི་འདོད་པར་བསྟན་པའི་དོན་དུའོ། །སློབ་
དཔོན་འདུས་བཟང་ན་རེ། རྣམ་པར་ཤེས་པ་ནི་མཐོང་བ་མ་ཡིན་ཏེ། རིགས་པ་དང་ལུང་མེད་པའི་ཕྱིར་དང་། འཇིག་རྟེན་དང་འགལ་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པས་མཐོང་ངོ་ཞེས་རྣམ་པར་གཞག་པའི་རྒྱུ་མེད་པར་རིགས་པ་མེད་དོ། །གང་ཞིག་ཐོས་པ་ལས་མིག་གི་རྣམ་པར་

ཤེས་པ་མཐོང་ངོ་ཞེས་བྱ་བར་རྟོག་པར་འགྱུར་བ་ལུང་ཡང་འགའ་ཡང་ཡོད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མིག་ཁོ་ན་མཐོང་བའི་སྒྲས་དེ་དང་དེར་གསུངས་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་བ་འདི་ནི་འཇིག་རྟེན་དང་འགལ་བ་ཡང་ཡིན་ཏེ། མིག་མེད་ན་ལོང་བ་
ཞེས་སྨྲའི་མིག་གི་རྣམ་པར་ཤེས་པ་མེད་ན་ནི་མ་ཡིན་ལ། གང་ཞིག་མིག་དང་མི་ལྡན་པར་འགྱུར་བ་དེ་ལ་ནི་ལོང་བ་ཞེས་བརྗོད་ཀྱི། མིག་གི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་མ་ཡིན་ཏེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ནི་མིག་གི་རྣམ་པར་ཤེས་པ་མངོན་དུ་གྱུར་པ་མེད་
པ་ནི་མིག་དང་མི་ལྡན་པ་ལས་ལོང་བར་འགྱུར་བ་མ་ཡིན་ནོ། །མིག་དང་མི་ལྡན་པའི་ལོང་བ་ཐམས་ཅད་ཀྱང་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་མཐོང་བ་དང་བྲལ་བར་མི་རིགས་སོ་ཞེས་ཟེར་ཏེ། ཞར་ལ་འོངས་པས་ཆོག་གི་སྐབས་སུ་བབ་པ་ཉིད་བརྩམ་པར་བྱ་བའོ། །འདི་ནི་ཕྱོགས་ཙམ་
ཞིག་ཡིན་གྱི། གཞུང་མངས་པ་འཇིགས་པས་རྣམ་པར་དཔྱད་པ་རྒྱས་པར་ནི་མ་བྱས་ཏེ། དཀྱུས་མ་ཉིད་བརྩམ་པར་བྱའོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་བར་འགྱུར་ན་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཏེ། གལ་ཏེ་རྣམ་པར་ཤེས་པས་མཐོང་ན་རྩིག་པ་ལ་སོགས་པ་དག་ལ་ཐོགས་
པ་མེད་པའི་ཕྱིར་མཆོད་པ་ལྟར་རྩིག་པ་ལ་སོགས་པས་ཆོད་པའི་གཟུགས་ཀྱང་མཐོང་བར་གྱུར་པ་ན་ཆོད་པ་ནི་མཐོང་བས་ཡང་མ་ཡིན་ཏེ། དེའི་ཕྱིར་གང་གིས་ན་ཆོད་པ་མི་མཐོང་བར་འགྱུར་བ་ལྟ་བའི་བདག་ཉིད་མ་ཡིན་པར་རྒྱུ་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་གཟུགས་ཆོད་པ་མི་མཐོང་བའི་ཕྱིར་
རྣམ་པར་ཤེས་པ་ལྟ་བའི་བདག་ཉིད་ཅན་མ་ཡིན་ལ། ལྟ་བའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་ན་མཆོད་པ་ཡང་མི་མཐོང་ངོ་། །མིག་ནི་ལྟ་བའི་བདག་ཉིད་ཡིན་ཡང་བར་དུ་ཆོད་པ་ལ་ཐོགས་པས་བར་དུ་ཆོད་པའི་གཟུགས་མི་མཐོང་བ་དང་། ཐོགས་པ་མེད་པས་བར་དུ་མ་ཆོད་པར་མཐོང་བར་འགལ་
བ་མེད་དོ། །བསྒྲིབས་པ་ལ་ནི་མིག་གི་རྣམ་པར་ཤེས་པ་མི་སྐྱེ་བ་ཉིད་དེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལྟ་བའི་བདག་ཉིད་མ་ཡིན་པའི་ཕྱིར་བསྒྲིབས་པ་མི་མཐོང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མ་སྐྱེས་པའི་ཕྱིར་མི་མཐོང་བའོ། །ཅི་སྟེ་མི་སྐྱེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་ཤེས་པ་

ཁོ་ན་ཡུལ་ལ་བྱེད་པ་ཡིན་གྱི། མིག་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ཁོ་ན་ལ་བྱེད་པ་ཡིན་ལ། མིག་ཡང་ཐོགས་པ་མེད་པ་ཡིན་ནོ། །དེའི་ཕྱིར་ཡུལ་དང་དབང་པོ་ཡོད་ན་རྣམ་པར་ཤེས་པ་ཅིའི་ཕྱིར་མི་སྐྱེ། གང་གི་ལྟར་ན་མིག་གིས་མཐོང་ཞིང་རྣམ་པར་ཤེས་པས་
ཤེས་པ་དེ་ལྟར་ན་ནི་རྣམ་པར་ཤེས་པ་རྟེན་མིག་དང་ལྷན་ཅིག་ཏུ་ཡུལ་གཅིག་ལ་འཇུག་པའི་ཕྱིར། གཟུགས་གང་ཞིག་མིག་གིས་མཐོང་བ་དེ་ཉིད་རྣམ་པར་ཤེས་པས་རྣམ་པར་ཤེས་སོ། །དེའི་ཕྱིར་རྟེན་དང་ལྷན་ཅིག་ཡུལ་ལ་འཇུག་ཅིང་། མིག་ཀྱང་ཐོགས་པ་དང་བཅས་པའི་ཕྱིར་ཆོད་པའི་
གཟུགས་ལ་འཇུག་པ་མེད་པ་དང་མཐོང་བ་མེད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ཡང་མི་སྐྱེ་བར་རུང་ངོ་། །མིག་ཀྱང་ལུས་ཀྱི་དབང་པོ་བཞིན་དུ་ཞེས་རྒྱས་པར་འབྱུང་བ་ལ། ལུས་ཀྱི་དབང་པོ་དང་རེག་བྱ་ལྟར་ཡུལ་དང་ཕྲད་པ་ཡིན་ན་ནི་ཆོད་པ་མི་མཐོང་བར་འགྲུབ་པ་ཞིག་གོ། །ཐོགས་པ་དང་བཅས་
པའི་ཕྱིར་བར་ཆོད་ཀྱིས་བར་དུ་བཅད་པའི་ཡུལ་དང་མ་ཕྲད་པའི་ཕྱིར་མི་རེག་གོ་ཞེས་བྱ་བར་ནི་རིགས་ན་མིག་གི་དབང་པོ་ནི་ཡིད་ལྟར་མ་ཕྲད་པའི་ཡུལ་ཅན་ཡིན་པའི་ཕྱིར་བར་དུ་གཅོད་པས་ཅུང་ཟད་ཀྱང་བྱེད་པ་མ་ཡིན་པས་བར་དུ་ཆོད་པའི་གཟུགས་ཀྱང་ཅི་སྟེ་མི་མཐོང་། མཆིང་བུ་དང་། ལྷང་ཚེར་
དང་། ཤེལ་དང་། ཆུ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་མིག་ཐོགས་པ་དང་བཅས་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་རང་གི་ཡུལ་གཅིག་པ་ལ་སོགས་པས་ཆོད་པ་ལ་མི་འཇུག་ན། མཆིང་བུ་དང་ལྷང་ཚེར་ལ་སོགས་པ་དག་གིས་ཆོད་པ་ལ་ཡང་དེ་ཁོ་ན་ལྟར་མི་འཇུག་པར་
འགྱུར་བ་ཞིག་ན། མཆིང་བུ་ལ་སོགས་པ་དག་གིས་བར་དུ་ཆོད་པ་ནི་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་ཐོགས་པ་དང་བཅས་པ་ཉིད་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ལ་སྣང་བ་ལ་གེགས་མེད་ན་ཞེས་བྱ་བ་འབྱུང་སྟེ། མིག་གི་སྣང་བའི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ཕྱིར་ལྷང་ཚེར་ལ་
སོགས་པ་གང་ལ་སྣང་བ་ལ། གེགས་མེད་ན། དེས་གཟུགས་བསྒྲིབས་བཞིན་དུ་ཡང་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཉིད་ཡིན་པས་དེས་ཆོད་པའི་གཟུགས་ཀྱང་མཐོང་ལ། རྩིག་པ་ལ་སོགས་པ་གང་དུ་གེགས་ཡོད་ན་ནི་དེས་ཆོད་པའི་གཟུགས་ལ་མིག་གི་རྣམ་པར་ཤེས་པ་མི་སྐྱེ་སྟེ།

ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་བས་ན་མི་སྐྱེ་བའི་ཕྱིར་རྩིག་པ་ལ་སོགས་པ་དག་གིས་བསྒྲིབས་པ་མི་མཐོང་ངོ་། །འོ་ན་གང་མདོ་ལས་ཞེས་བྱ་བ་ནི་ལུང་དང་འགལ་བར་སྟོན་ཏོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་ན་ནི་འདི་སྐད་དུ། མིག་གི་རྣམ་པར་ཤེས་པས་གཟུགས་རྣམས་
མཐོང་ནས་ཞེས་བྱ་བར་གསུངས་པར་འགྱུར་བ་ཞིག་ན། མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་འཛིན་པར་མི་འགྱུར། མངོན་རྟགས་སུ་འཛིན་པར་མི་འགྱུར་ཞེས་བྱ་བ་དེ་སྐད་དུ་རྒྱ་ཆེར་གསུངས་པ་ཡང་ཡིན་ཏེ། དེའི་ཕྱིར་མིག་ཁོ་ནས་མཐོང་གི་རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་
བྱ་བར་ངེས་སོ། །དེ་ནི་དེ་ལྟར་མ་ཡིན་ཏེ། ལུང་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །ཡང་འདིར་དགོངས་པ་གང་ཡིན་ཞེ་ན། འདིར་དགོངས་པ་ནི་དེ་ལ་བརྟེན་ཏེ་ཞེས་བྱ་བ་འདི་ཡིན་ཏེ་ཞེས་བྱ་བ་སྟེ། མིག་ལ་བརྟེན་ནས་རྣམ་པར་ཤེས་པས་གཟུགས་རྣམས་མཐོང་ནས་ཞེས་བྱ་བའི་དོན་ཏོ། །
ཇི་ལྟར་དེ་ལ་བརྟེན་ནས་རྣམ་པར་ཤེས་པས་ཞེས་བྱ་བ་ཡིན་གྱི། མིག་ཁོ་ནས་མ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པར་བྱ་ཞེ་ན། དེའི་ཕྱིར། དཔེར་ན་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པར་བྱས་ནས་ཞེས་བྱ་བ་སྨོས་ཏེ། མདོ་དེ་ཉིད་ལས་ཡིད་ཀྱིས་ཆོས་རྣམས་ཤེས་པར་བྱས་ནས་མཚན་མར་འཛིན་
པར་མི་འགྱུར། མངོན་རྟགས་སུ་འཛིན་པར་མི་འགྱུར་ཞེས་གསུངས་སོ། །ཡིད་ནི་འདས་པ་ཡིན་པའི་ཕྱིར་ཆོས་རྣམས་རྣམ་པར་མི་ཤེས་སོ་ཞེས་བྱ་བ་ལ་འདས་པ་ནི་བྱེད་པ་ཞིག་པའི་ཕྱིར་རམ། བརྗོད་དུ་མེད་པའི་ཕྱིར་རམ་ཡིད་ཀྱིས་ཆོས་རྣམ་པར་མི་ཤེས་སོ། །འོ་ན་ཅི་ཞེ་ན། ད་ལྟར་བ་ཡིན་པའི་
ཕྱིར། ཡིད་ཀྱི་རྣམ་པར་ཤེས་པས་ཡིན་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་ཞེས་བྱ་བར་རྟོགས་སོ། །གལ་ཏེ་དེར་ཡིད་ཀྱི་མཚན་ཉིད་ཅན་ཡིན་པའི་ཡིད་ཀྱི་སྒྲས་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་གསུངས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། མིག་ལ་སོགས་པའི་སྐབས་ཡིན་པས་ན་མ་ཡིན་ནོ་ཞེས་
བྱ་བར་ཁོང་དུ་ཆུད་དེ། གང་གི་ཚེ་མིག་ལ་སོགས་པ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ཡིན་པ་དེ་བཞིན་དུ་ཡིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་རོ། །ཡང་ན་བརྟེན་པའི་ལས་རྟེན་ལ་ཉེ་བར་བཏགས་པ་ཡིན་ཏེ་ཞེས་བྱ་བ་ལ། བརྟེན་པ་མིག་གི་རྣམ་པར་ཤེས་པ་དེའི་

ལས་གཟུགས་མཐོང་བ་དེའི་རྟེན་མིག་དག་ལ་ཉེ་བར་བཏགས་པ་ཡིན་ནོ། །དེ་ཉིད་ལ་དཔེ་ནི། དཔེར་ན་ཁྲེའུ་དག་འབོད་དོ་ཞེས་བྱ་བ་སྟེ། བརྟེན་པའི་ལས་འབོད་པ་དེའི་རྟེན་ལ་ཉེ་བར་འདོགས་པ་བཞིན་ནོ། །ཇི་ལྟར་མདོ་ལས་མིག་གི་རྣམ་པར་ཤེས་པར་བྱ་བའི་ཞེས་བྱ་བ་ལ།
རྣམ་པར་ཤེས་པ་ནི་དེའི་བརྟེན་པ་རྣམ་པར་ཤེས་པའི་ལས་ཡིན་གྱི། མིག་གི་ནི་མ་ཡིན་ནོ། །དེ་བཞིན་དུ་མདོ་ལས་ཀྱང་བརྟེན་པའི་ལས་རྟེན་ལ་བརྗོད་དོ་ཞེས་སྟོན་པར་བྱེད་དོ། །དེ་ཉིད་ལ་ལུང་གཞན་སྨྲས་པ་ནི། མདོ་ལས་བྲམ་ཟེ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །གལ་ཏེ་མིག་གིས་མཐོང་ན་
ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྒོ་ཉིད་དུ་ངེས་པར་གསུངས། སྒོ་ནས་ནི་གཞན་གྱིས་མཐོང་བ་ཡིན་གྱི་སྒོས་ནི་མ་ཡིན་ཏེ། དེའི་ཕྱིར་མིག་གི་སྒོ་ནས་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་བར་ཤེས་སོ། །དེར་ནི་ལྟ་བ་ལ་སྒོ་ཞེས་བྱ་བར་ཟད་དོ་ཞེས་བྱ་བ་ལ། མདོ་དེར་ནི་ལྟ་བ་གང་ཡིན་པ་དེ་མིག་གི་ལས་
ཡིན་ཞིང་ལྟ་བ་དེ་ལ་སྒོ་ཞེས་བརྗོད་པ་ཡིན་ཏེ། དེའི་ཕྱིར་མིག་ཉིད་ཀྱིས་མཐོང་གི །རྣམ་པར་ཤེས་པས་ནི་མ་ཡིན་ནོ། །སྒོ་དང་ལྟ་བ་གཉིས་དོན་ཐ་མི་དད་པ་ཉིད་ཡིན་ན་ནི་བརྗོད་པ་དོན་མེད་པའི་ཕྱིར་འདི་ནི་མི་རུང་ངོ་། །ཅི་ཞེ་ན། མིག་གིས་གཟུགས་རྣམས་མཐོང་བར་བྱ་བ་ལ་ལྟ་བ་ཡིན་ནོ་ཞེས་དེ་སྐད་སྨྲས་
པར་འགྱུར་བའོ། །ཡིད་ནི་ཆོས་རྣམས་ཤེས་པར་བྱ་བ་ལ་སྒོ་ཡིན་ནོ་ཞེས་བྱ་བ་གསུངས་པར་དེར་ཡང་ཡིད་འདས་པ་ཁོ་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་གྱུར་པས་སྒོ་ཞེས་གསུངས་ཏེ། ཡིད་འདས་པས་ཆོས་རྣམ་པར་ཤེས་པར་ནུས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་གཟུགས་མཐོང་
བའི་རྟེན་ཡིན་པའི་ཕྱིར་མིག་ལ་རྟེན་ཞེས་གསུངས་ཀྱི་དེ་ལ་མཐོང་བའི་ནུས་པ་ནི་ཡོད་པ་མ་ཡིན་ཏེ། བེམས་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་ན་གང་གིས་རྣམ་པར་ཤེས། གང་གི་ལྟར་ན་མིག་གིས་མཐོང་བ་དེའི་ལྟར་ན་ནི་རྣམ་པར་ཤེས་པས་གཟུགས་མཐོང་ངོ་། །རྣམ་
པར་ཤེས་སོ་ཞེས་ཐ་སྙད་རིགས་ན། གང་གི་ལྟར་ན་རྣམ་པར་ཤེས་པས་མཐོང་བ་དེའི་ལྟར་ན་ནི་གཞན་གྱིས་རྣམ་པར་ཤེས་པ་མེད་པས་ཐ་སྙད་མེད་པར་འགྱུར་རོ་ཞེ་ན། འདི་ཉིད་ལ་ཁྱད་པར་ཅི་ཡོད་དེ་ཞེས་བྱ་བ་ལ། མཐོང་བ་དང་རྣམ་པར་ཤེས་པ་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། གང་གིས་

ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གིས་གཟུགས་མཐོང་བ་དམིགས་པ་དེ་ཉིད་ཀྱིས་འདི་རྣམ་པར་ཤེས་པ་ཡིན་ནོ། །གལ་ཏེ་དམིགས་པ་མཐོང་བ་ཡིན་ན་སྒྲ་ལ་སོགས་པ་དག་ཏུ་ཡང་དམིགས་པ་མཐོང་བར་འགྱུར་རོ་ཞེ་ན། ཐོག་མའི་དམིགས་པ་ལ་མཐོང་བར་འདོད་ཀྱི། དམིགས་པ་
ཐམས་ཅད་ནི་མ་ཡིན་ནོ། །དཔེར་ན་ཤེས་རབ་འགའ་ཞིག་ལ་མཐོང་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལྟ་བའི་རང་བཞིན་བརྒྱད་མཐོང་བ་ཡང་ཡིན་ཞིང་། རབ་ཏུ་ཤེས་པ་ཡང་ཡིན་ལ། དེ་དག་ལས་གཞན་རྣམས་ནི་རབ་ཏུ་ཤེས་པ་ཁོ་ན་ཡིན་པ་དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ནི་མཐོང་བ་ཡང་
ཡིན་ཞིང་རྣམ་པར་ཤེས་པ་ཡང་ཡིན་གྱི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་ནོ། །གཞན་དག་ན་རེ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་གང་བྱེད་པ་ན་མཐོང་ངོ་ཞེས་བརྗོད་པ། རྣམ་པར་ཤེས་པ་ལས་མ་གཏོགས་པའི་བྱ་བ་གཞན་འདྲ་བ་ཞིག་མེད་ལ།
བྱ་བ་མེད་པར་ཡང་བྱེད་པ་པོ་ཉིད་མི་རིགས་ཏེ། འགྲོ་བ་པོ་ཉིད་བཞིན་ནོ་ཞེས་ཟེར་རོ། །དེ་ནི་ཀླན་ཀར་མི་རུང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་ཤེས་པ་ལ་ནི་རྣམ་པར་ཤེས་པ་ཞེས་བརྗོད་ན། དེ་ལ་ནི་བྱེད་པ་པོ་དང་བྱེ་བྲག་ཀྱང་མེད་དེ། རྣམ་པར་ཤེས་པ་ལས་མ་གཏོགས་པའི་
རྣམ་པར་ཤེས་པའི་བྱ་བ་མེད་པའི་ཕྱིར་རོ། །ཇི་སྐད་དུ། འདུས་བྱས་ཐམས་ཅད་སྐད་ཅིག་མས། །མི་གནས་བྱ་བ་ག་ལ་ཡོད། །གང་དག་འབྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པོར་བརྗོད། །ཅེས་གསུངས་སོ། །དེ་བཞིན་དུ་འདི་ལ་ཡང་རུང་བར་འགྱུར་རོ་ཞེས་བྱ་བ་ལ། ཅི་ཞེ་ན། མིག་
ལ་བྱེད་པ་པོ་དང་བྱ་བའི་བྱེ་བྲག་མེད་ཀྱང་མིག་གིས་མཐོང་ངོ་ཞེས་བྱ་བ་འདིར་འགྱུར་རོ་ཞེས་སྟོན་ཏོ། །གཞན་དག་ན་རེ་ནི་མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ལ་ཞེས་བྱ་བ་ནི་མཐོང་བ་ནི་ལྟ་བའོ། །དེའི་རྟེན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ལ། མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་
པའི་ཕྱིར་མཐོང་བ་ཞེས་བྱའོ། །དཔེར་ན་སྒྲོགས་པའི་རྟེན་དུ་གྱུར་པའི་ཞེས་བྱ་བ་ནི་དེ་ཉིད་ལ་འཇིག་རྟེན་ལ་གྲགས་པའི་དཔེ་སྨྲས་པ་སྟེ། སྒྲ་སྒྲོགས་མོད་ཀྱི་དེའི་རྟེན་དུ་གྱུར་པའི་ཕྱིར་དྲིལ་སྒྲོགས་སོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །དེ་ལྟར་ན་མིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་

མཐོང་བའི་རྟེན་དུ་གྱུར་པའི་ཕྱིར་མིག་གིས་མཐོང་ངོ་ཞེས་བྱ་བ་ཡིན་ན། དེ་ལྟ་ན་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་མིག་གིས་རྣམ་པར་ཤེས་སོ་ཞེས་བྱ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བྱེད་པ་པོ་དང་བྱ་བའི་ཐ་སྙད་འདི་ནི་འཇིག་རྟེན་པ་ཡིན་ལ། འཇིག་རྟེན་ན་
ཡང་། རྣམ་པར་ཤེས་པ་དེ་ནི་མཐོང་བ་ཞེས་གྲགས་ཀྱི་རྣམ་པར་ཤེས་སོ་ཞེས་བྱ་བར་ནི་མ་ཡིན་ནོ། །ཤེས་པར་བྱེད་པ་སྨྲས་པ། འདི་ལྟར་དེ་སྐྱེས་ན་གཟུགས་མཐོང་ངོ་ཞེས་འཛེར་གྱི། རྣམ་པར་ཤེས་སོ་ཞེས་ནི་མི་ཟེར་རོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་ཞེས་རྒྱས་པར་འབྱུང་སྟེ། འཇིག་རྟེན་
ན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་བསྟན་བཅོས་ལས་ཀྱང་། དེ་མཐོང་བར་བརྗོད་དོ་ཞེས་སྟོན་ཏོ། །མིག་དང་ཕྲད་ཅིང་ཞེས་བྱ་བ་ནི་མིག་གིས་བལྟས་ཤིང་དེ་ལ་སྣང་བར་གྱུར་པ་སྟེ། དེའི་ཡུལ་གྱི་དངོས་པོར་གྱུར་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མཐོང་བའི་རྟེན་དུ་གྱུར་པའི་ཕྱིར་མིག་
གིས་མཐོང་ངོ་ཞེས་བྱ་ན། འོ་ན་ནི་གང་གི་རྟེན་དུ་གྱུར་པས་རྣམ་པར་ཤེས་པས་གཟུགས་རྣམ་པར་ཤེས་སོ་ཞེས་བརྗོད་དོ། །དེ་ལ་རྣམ་པར་ཤེས་པ་ལས་ཐ་དད་པའི་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར། རྣམ་པར་ཤེས་པ་ནི་ཡོད་པ་ཙམ་གྱིས་ཞེས་བྱ་བ་སྨོས་སོ། །སློབ་དཔོན་གྱིས་
ཕྱོགས་པ་དག་ན་རེ་མིག་ནི་ཉེ་བ་ཙམ་གྱིས་མཐོང་ངོ་ཞེས་བསྟན་པར་མི་ནུས་ཏེ། དེ་དང་མཚུངས་པའི་མིག་ཀྱང་ཡོད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་དེ་ལྟ་མ་ཡིན་པས་དེ་ཡོད་པ་ཙམ་གྱིས་གཟུགས་རྣམ་པར་ཤེས་སོ་ཞེས་བརྗོད་དེ། དཔེར་ན་ཉི་མས་ཉིན་པར་བྱེད་དོ་ཞེས་བྱ་བ་བཞིན་ནོ། །འདི་ལྟར་གླིང་
རྣམས་ཀྱི་སྣང་བའི་གནས་ནི་ཉིན་པར་ཡིན་ལ། དེ་ཡང་འོད་དང་བཅས་པའི་ཉི་མ་ལས་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཉི་མ་ཡོད་པ་ཉིད་ལས་ཉིན་པར་བྱེད་དོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ཡིན་ནོ་ཞེས་ཟེར་རོ། །འདི་ལ་མདོ་སྡེ་པ་རྣམས་ན་རེ་ནི་ཞེས་བྱ་བ་ལ། ཅི་མིག་གིས་མཐོང་ངམ། རྣམ་
པར་ཤེས་པས་མཐོང་ངོ་ཞེས་བྱ་བའི་སྐབས་གང་ཡིན་པ་དེར་རོ། །དེ་དག་ཇི་སྐད་ཟེར་ཞེ་ན། ནམ་མཁའ་ལྡད་པ་འདི་ཅི་དགོས་ཞེས་བྱ་བ་སྟེ། རྣམ་པར་དཔྱད་པ་འདི་ནི་ནམ་མཁའ་འཆའ་བ་དང་འདྲ་བར་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་རྣམ་པར་དཔྱད་པ་འདི་དགོས་པ་མེད་ཅེ་ན། དེའི་

ཕྱིར། མིག་དང་གཟུགས་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། འབྲས་བུའི་ཡོད་པ་ནི་རྒྱུའི་ཡོད་པ་སྔོན་དུ་འགྲོ་བ་ཡིན་ན། དེ་ལ་ལྟ་བ་ནི་སུ་ཞིག་ཡིན། ལྟ་བ་ནི་གང་ཞིག་ཡིན། འདི་ལ་ཚིག་ཙམ་གྱིས་དད་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར། འདི་ནི་བྱེད་པ་མེད་
པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱེད་པ་མེད་པ་ཞེས་བྱ་བ་ནི་རྒྱུའི་ཡོད་པ་ལས་ཐ་དད་པའི་བྱ་བ་འགག་པ་སྟེ། དེ་ལས་ཐ་དད་པའི་བྱ་བ་ཁས་བླངས་ན་སྐད་ཅིག་མར་འཇིག་པ་ལ་གནོད་པར་འགྱུར་ན། དངོས་པོ་རྣམས་སྐད་ཅིག་ཕན་ཆད་གནས་པ་ནི་ཚད་མ་དག་དང་འགལ་ལོ། །ཆོས་
ཙམ་ཞེས་བྱ་བ་ནི་ནང་གི་བྱེད་པའི་སྐྱེས་བུ་འགོག་པར་བྱེད་པའོ། །རྒྱུའི་བྱེད་པ་དང་ནང་གི་བྱེད་པའི་སྐྱེས་བུ་མེད་ཀྱང་རྒྱུ་དང་འབྲས་བུ་དག་ལ་རྒྱུ་དང་འབྲས་བུའི་འབྲེལ་པར་མི་འགལ་ལོ་ཞེས་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ་ཞེས་བྱ་བ་སྨོས་སོ། །ཐ་སྙད་གདགས་པའི་དོན་དུ་ཞེས་བྱ་བ་ནི་
འཇིག་རྟེན་དང་བསྟན་བཅོས་སུའོ། །འདུན་པ་ནི་སྒོ་ནས་ཞེས་བྱ་བའི་དོན་གྱི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པའོ། །འདི་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཐ་སྙད་པའི་དོན་ནི་བཏགས་པ་ཡིན་པའི་ཕྱིར་རོ། །ཅི་ཞིག་ལས་ཤེ་ན། སྒྲའི་སྒོ་ནས་འབྱུང་བ་ནི་འབྱུང་བ་པོ་ལ་ལྟོས་པའི་ཕྱིར་ཞེས་བྱ་
བ་ལ་སོགས་པ་ལས་ཏེ། དོན་དམ་པར་བཙལ་ན་མི་དམིགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བས་ནི་ཐ་སྙད་པའི་དོན་ལ་མངོན་པར་ཞེན་པ་ནི་བཅོམ་ལྡན་འདས་ཀྱིས་དགག་པར་མཛད་དོ་ཞེས་སྟོན་པར་བྱེད་དོ། །ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ལ་ལྗོངས་ཀྱི་མི་
དང་ལྗོངས་ཀྱི་མི་ངེས་པ་སྟེ། གཏན་ལ་ཕབ་པའི་ཚིག་ལྗོངས་ཀྱི་མིའི་ཚིག་གོ། །ཅིའི་ཕྱིར་འདི་འདིར་ངེས་པར་བྱས་ཞེས་དེ་དག་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཅིའི་ཕྱིར་འདི་ནི་ངེས་པའི་ཚིག་ཡིན་གྱི། ཐམས་ཅད་དོན་དང་ལྡན་པར་རྟོགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་མིང་
ལ་རབ་ཏུ་བརྒྱུག་པར་མི་བྱའོ་ཞེས་བྱ་བ་ལ། རྟོག་པ་དང་རབ་ཏུ་བརྒྱུག་པར་བྱ་ཞེས་བྱ་བ་འདི་ནི་དོན་གཅིག་གོ། །ལུས་ལ་སོགས་པ་ལས་ཐ་དད་པའི་བདག་ནི་ཡོད་དེ་ཞེས་བྱ་བར་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའི་སྒོ་ནས་བདག་དང་སྲོག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་

ལྷག་པར་སྒོ་གདགས་པར་མི་བྱའོ། །ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ཡིན་ནོ་ཞེས་བྱ་བ་ལ། འདིར་ནི་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ་ལ་གྲགས་པའི་ཆོས་མངོན་པར་བཤད་པའི་སྐབས་སུ་བབ་པས་དེའི་ཕྱིར་དེ་དག་ཉིད་ཕྱོགས་ཕྱི་མར་གནས་པར་བྱེད་དོ། །གལ་ཏེ་གང་ཡང་
རུང་བ་ཞིག་བཙུམས་ན་གཟུགས་གང་ཡང་རུང་བ་ཞིག་དམིགས་པའི་ཕྱིར་གཉིས་ཀས་མཐོང་བར་ནུས་པར་གྲུབ་བཞིན་དུ། ཡང་ཅིའི་ཕྱིར། ཅི་མིག་གཅིག་གིས་ཞེས་རྒྱས་པར་སྤྱོད་ཅེ་ན། གཉིས་ཀ་ཕྱེ་ན་མཐོང་བ་གང་ཡིན་པ་དེ་ཅི་རིམ་གྱིས་སམ་འོན་ཏེ་ཅིག་ཅར་ཡིན་ཞེས་བྱ་བ་འདི་མ་དཔྱད་པས་དེའི་
ཕྱིར་དེ་དམིགས་ཀྱིས་ངེས་པར་བྱ་བའི་ཕྱིར་རྩོམ་མོ། །འདི་ལ་ངེས་པ་མེད་དེ་མིག་ནི་གཉིས་ཀ་དག་གིས་ཀྱང་མཐོང་སྟེ། ཀྱང་གི་སྒྲས་ནི་གཅིག་གིས་ཀྱང་ངོ་། །འདིར་གཉིས་ཁོ་ན་འམ་གཅིག་ཁོ་ནས་ཞེས་ངེས་པར་ནི་མི་གཟུང་ངོ་། །ངེས་པ་འདི་གང་ལས་ཤེ་ན། གསལ་བར་མཐོང་ཕྱིར་རོ། །ཆོས་མངོན་
པ་པ་སྨོས་པ་ནི་མདོ་སྡེ་པ་རྣམས་ལས་ཁ་ཅིག་གཅིག་གིས་མཐོང་ངོ་ཞེས་བྱ་བར་འདོད་པར་བསྟན་པའི་ཕྱིར་རོ། །འདི་ལྟར་གཉིས་ཀ་ཕྱེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་གཅིག་བཙུམས་ནས་གཟུགས་གང་ཞིག་རྒྱུན་ཆགས་སུ་འཇུག་པ་མི་གསལ་བར་དམིགས་པ་དེ་ཉིད་གཉིས་ཀ་ཕྱེ་བས་ཆེས་
གསལ་བར་དམིགས་ཏེ། གཅིག་གིས་མཐོང་ན་ནི་སྔ་མ་དང་ཕྱི་མ་དག་ཏུ་མཐོང་བ་ཁྱད་པར་དུ་མི་འགྱུར་རོ། །གང་ཡང་རུང་བ་ཞིག་གཞན་དུ་གྱུར་ན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་ཕྱེ་བ་གང་ཡིན་པ་དེ། ཕྱེད་བཙུམས་པའམ། ཕྱེད་བཙུམས་པ་དེ་ཐམས་ཅད་ཕྱེ་བའམ་ཐམས་ཅད་བཙུམས་ན།
དེ་ནས་ཟླ་བ་གཉིས་སུ་འཛིན་པར་མི་འགྱུར་ཏེ། དེའི་ཕྱིར་མིག་གཅིག་གིས་མཐོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་མིག་གཅིག་ཕྱེ་བ་དང་། གཉིས་པ་ཕྱེད་བཙུམས་ན་ཟླ་བ་གཉིས་སུ་འཛིན་པར་མི་འགྱུར་རོ། །དེའི་ཕྱིར་གཉིས་ཀ་ཡང་དེར་ཅིག་ཅར་ནུས་སོ་ཞེས་བྱ་བར་ངེས་སོ། །གལ་ཏེ་གཉིས་ཀས་མཐོང་
ན་རྟེན་རྣམ་པར་ཆད་པས་རྣམ་པར་ཤེས་པ་རྣམ་པར་ཆད་པས་སེམས་ཅན་གཅིག་གི་དབང་པོ་ལྟར་སྐད་ཅིག་མ་གཅིག་ལ་རྣམ་པར་ཤེས་པ་གཉིས་སུ་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། རྟེན་རྣམ་པར་ཆད་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཡུལ་ན་མི་གནས་པའི་ཕྱིར་རོ། །མིག་གི་རྣམ་

པར་ཤེས་པ་ནི་འཁར་གཞོང་དང་རྒྱ་ཤུག་བཞིན་རྟེན་དང་བརྟེན་པའི་ངོ་བོས་མིག་ལ་གནས་ཏེ། དེ་དག་གྱུར་པས་འགྱུར་བའི་ཕྱིར་མིག་ལ་དེའི་རྟེན་ཞེས་བྱའོ། །དེའི་ཕྱིར་རྟེན་གཅིག་ལ་རག་ལས་པའི་ཕྱིར་དང་། དེ་ཡང་གཅིག་ཡིན་པའི་ཕྱིར་མིག་བརྒྱས་ཀྱང་རྣམ་པར་ཤེས་པ་གཅིག་བསྐྱེད་པར་འགལ་བ་
མེད་ན། གཉིས་ཀྱིས་ཡིན་པ་ལ་ལྟ་སྨོས་ཀྱང་ཅི་དགོས། མིག་རྣག་གིས་བར་ཆོད་པ་གཅིག་ཀྱང་རྣམ་པར་ཤེས་པ་དུ་མ་སྐྱེད་པར་ཐལ་བར་འགྱུར་ན། ཡུལ་ན་མི་གནས་པ་དེའི་རྟེན་རྣམ་པར་ཆད་པས་རྣམ་པར་ཆད་པ་ཡང་མ་ཡིན་ནོ། །གཟུགས་བཞིན་དུ་ཞེས་བྱ་བ་ནི་མི་མཐུན་པའི་དཔེའོ། །ཅི་འདི་དག་
ཡུལ་དང་ཕྲད་པ་ཞིག་གམ་ཞེས་བྱ་བ་ལ་སོགས་པ་ལ་ཐེ་ཚོམ་འདི་ག་ལས་ཤེ་ན། གཉིས་ཀ་ཡང་བསྙད་པ་མཐོང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་མིག་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་གཟུགས་ལ་ཐོགས་སོ་ཞེས་གསུངས་ནས། མ་ཕྲད་པ་ལ་ནི་ཐོགས་པ་མི་རིགས་སོ། །
སླར་ཡང་དེའི་ལྷའི་མིག་གིས་སེམས་ཅན་དག་ལ་ལྟའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། རིང་བ་གང་དག་ཡིན་པ་དང་། ཉེ་བ་གང་དག་ཡིན་པ་ཞེས་གསུངས་ནས། ཡུལ་དང་ཕྲད་པ་ཉིད་ཡིན་ན་ནི་ཉེ་བ་དང་། རིང་བའི་རྣམ་པར་གཞག་པར་མི་སྲིད་དོ། །དེའི་ཕྱིར། མིག་དང་ཡིད་དང་རྣ་བ་དང་། །ཡུལ་
དང་མ་ཕྲད་ཅེས་བྱ་བ་སྨོས་སོ། །ཤེས་པར་ཡོད་པ་ཅི་ཞིག་ཡོད་ཅེ་ན། འདི་ལྟར་གཟུགས་རྒྱང་རིང་པོ་ནས་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཡུལ་དང་མ་ཕྲད་པའོ་ཞེས་བྱ་བར་ཤེས་པར་བྱེད་དོ། །མིག་ལ་ཡོད་པའི་མིག་སྨན་མི་མཐོང་ཞེས་བྱ་བ་ལ། འདིས་ནི་འདི་ཡུལ་དང་ཕྲད་པ་ཡིན་པ་ཟློག་པར་
བྱེད་པའོ། །དེ་ལྟ་ཡིན་དང་ཡུལ་དང་མ་ཕྲད་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་བར་འགྱུར་རོ། །གང་དག་བརྟེན་ནས་བྱུང་སྟེ་ཡུལ་ལ་གནས་སོ་ཞེས་ཡུལ་དང་ཕྲད་པར་འདོད་པ་དེ་དག་གི་དེ་ཡང་འདོད་པ་ཙམ་དུ་ཟད་དེ། ཉེ་བ་དང་རིང་བ་དག་ལ་དུས་མཉམ་པར་རྟོགས་པའི་ཕྱིར་རོ། །ཆོས་འདི་ནི་ནག་པ་
ལ་སོགས་པ་འགྲོ་བ་དང་ལྡན་པ་རྣམས་ལ་མཐོང་བ་ཡང་མ་ཡིན་ནོ། །མིག་ནི་འོད་ཟེར་ཡིན་པའི་ཕྱིར་མར་མེ་བཞིན་དུ་ཐག་ཉེ་བ་དང་རིང་བ་དག་ལན་ཅིག་གསལ་བར་བྱེད་པར་མི་འགལ་ལོ་ཞེ་ན། བལྟ་བར་འདོད་པ་རྣམས་མུན་ཁུང་ན་སྣང་བ་ཚོལ་བའི་ཕྱིར་འོད་ཟེར་ཉིད་མ་གྲུབ་བོ། །མིག་གི་འོད་ཟེར་

ཉུང་བའི་ཕྱིར་ཕྱི་རོལ་གྱི་སྣང་བ་ཚོལ་བར་བྱེད་དོ་ཞེ་ན། ཉུང་ངུ་ནི་མང་པོས་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་དམིགས་པ་ཉིད་དུ་ཡང་མི་འགྱུར་རོ། །དཔེ་དོན་དང་མཚུངས་པ་ཡང་མ་ཡིན་ཏེ། བར་མེད་པ་ཕྲད་པ་གསལ་བར་བྱེད་པའི་ཕྱིར་རོ། །མར་མེ་ནི་སྡོང་བུ་དང་མར་ལ་སོགས་
པ་ཕྲད་པ་སྲེག་ཅིང་སྣང་བར་བྱེད་ན། མིག་ནི་མེ་ལྟར་མིག་སྨན་ལ་སོགས་པ་ཤིན་ཏུ་ཉེ་བ་རྣམས་འཛིན་པར་བྱེད་པ་མ་ཡིན་ནོ། །ཤེལ་ལ་སོགས་པས་ཆོད་པ་ཡང་དམིགས་པས་མ་ཕྲད་པར་འཛིན་པའི་ཕྱིར་དང་། ཐེ་ཚོམ་མཐོང་བའི་ཕྱིར་ན་མིག་ནི་ཡུལ་དང་ཕྲད་པ་མ་ཡིན་ནོ། །ཕྲད་པ་ཡིན་ན་ནི་རེང་རེང་
པོ་ལྟར་མཐོ་ཡོར་ལ་མི་ཡིན་སྙམ་དུ་དེའི་ཁྱད་པར་དག་ལ་ཐེ་ཚོམ་ཟ་བར་ཡང་མི་རིགས་ཏེ། དེ་དང་བདག་ཉིད་ཐམས་ཅད་ཀྱིས་ཉེ་བའི་ཕྱིར་རོ། །དཔག་ཚད་སྟོང་ཕྲག་དུ་མས་བསྐལ་པ་དང་ཕྲད་པ་མི་ཕྲད་པའི་ཡང་ཕྱིར་ཏེ། ལན་ཅིག་ཕྱེ་མ་ཐག་ཏུ་མིག་ཟླ་བ་དང་ཕྲད་དོ་ཞེས་བྱ་བར་བརྗོད་པ་ནི་མི་རིགས་ཏེ།
དེ་སྐད་དུ་ཡང་། མིག་དེ་འགྲོ་དང་ལྡན་འགྱུར་ན། །རྒྱང་རིང་ཡུན་རིང་གྱིས་མཐོང་འགྱུར། །ཉེ་བ་དང་ནི་རིང་བ་ཡི། །གཟུགས་ནི་མཚུངས་ན་དེ་གོ་ཅི། །གལ་ཏེ་གཟུགས་མཐོང་མིག་འགྲོ་ན། །འགྲོ་ལ་ཡོན་ཏན་ཅི་ཞིག་ཡོད། །བལྟ་བར་བྱ་བ་ངེས་པ་ནི། །འདོད་ཅེས་བྱ་བ་དོན་མེད་འགྱུར། །ཞེས་བཤད་
དོ། །དེའི་ཕྱིར་མིག་ནི་ཡུལ་དེའི་ཕྱིར་དང་མ་ཕྲད་པ་ཉིད་ཡིན་ནོ། །དེ་བཞིན་དུ་སྒྲ་རྒྱང་རིང་པོ་ནས་ཐོས་སོ་ཞེས་བྱ་བ་ནི་རྣ་བ་ཡུལ་དང་མ་ཕྲད་པ་ཉིད་ཀྱིས་ཤེས་པར་བྱེད་པ་སྟེ། ཡུལ་དང་ཕྲད་པ་ཉིད་ཡིན་ན་ནི་སྣ་ལྟར་ཕྲད་པའི་ཡུལ་ཁོ་ན་རྟོགས་པར་འགྱུར་གྱི། རིང་བ་ནི་མ་ཡིན་ནོ། །སྒྲ་རྒྱང་རིང་པོ་ནས་ཐོས་སོ་ཞེས་བྱ་
བ་ཇི་ལྟར་རྟོགས་ཤེ་ན། ཕྱོགས་ལ་སོགས་པའི་བྱེ་བྲག་གི་སྒོ་ནས་ངེས་པའི་ཕྱིར་རོ། །ལྷོ་ཕྱོགས་ཀྱི་སྒྲའོ། །བྱང་ཕྱོགས་ཀྱིའོ། །རྒྱང་རིང་བའོ། །ཉེ་བའོ་ཞེས་དེ་ལྟར་ངེས་པའི་ཕྱིར་ཏེ། ཕྲད་པ་ལ་དེ་མི་རིགས་ཏེ། དྲི་ལ་སོགས་པ་བཞིན་ནོ། །ཡུལ་དང་ཕྲད་པ་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །
འདི་ན་ཞེས་བྱ་བ་ནི་མི་དག་ནའོ། །གལ་ཏེ་མི་གཡུལ་དང་མ་ཕྲད་པ་ཉིད་ཀྱིས་སྣ་ལ་སོགས་པ་དག་ལས་ཁྱད་པར་དུ་གྱུར་ན་ནི་དེ་ལྟར་ན། བསམ་གཏན་པ་རྣམས་ལ་ལྷའི་མིག་གཟུགས་ཕྲ་བ་དང་། ཆོད་པ་དང་། ཐག་རིང་བ་ལ་སོགས་པར་འཛིན་པར་བྱེད་པ་སྐྱེ་བར་མི་འགལ་ཏེ། འབད་རྩོལ་གྱི་ཁྱད་པར་

ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་ཡང་བརྗོད་པར་བྱའོ། །ཡུལ་དང་ཕྲད་པ་ཉིད་ཡིན་ན་ནི་ལྷའི་དང་། ལྷའི་མ་ཡིན་པ་དག་ལ་ཁྱད་པར་མེད་པའི་ཕྱིར་འབད་རྩོལ་དོན་མེད་པར་འགྱུར་རོ། །གལ་ཏེ་མིག་ཡུལ་དང་མ་ཕྲད་པ་ཡིན་ན་ཅིའི་ཕྱིར་ཐག་རིང་བ་དང་། བར་དུ་ཆོད་པ་ཐམས་ཅད་མི་
མཐོང་ཞེ་ན། བཤད་པ། ནུས་པའི་ཁྱད་པར་ལས་ཏེ། ཁབ་ལོང་བཞིན་ནོ། །ཁབ་ལོང་གིས་མ་ཕྲད་པའི་ལྕགས་འདྲེན་ཞེས་ཏེ། ཆོད་པ་དང་། ཐག་རིང་བ་དང་། མངོན་དུ་ཕྱོགས་པར་མི་གནས་པ་ཐམས་ཅད་འདྲེན་པར་ནི་མི་ནུས་པ་ཉིད་དེ། དེ་བཞིན་དུ་མིག་ཀྱང་ཡུལ་དང་མ་ཕྲད་པ་ཡིན་མོད་
ཀྱི། མ་ཕྲད་པ་ཐམས་ཅད་མཐོང་བ་མ་ཡིན་ནོ། །ཡུལ་དང་ཕྲད་པ་ཉིད་ཡིན་ན་ཡང་ཐལ་བར་འགྱུར་བ་འདི་མཚུངས་སོ་ཞེས་འཆད་པ་ནི། ཅིའི་ཕྱིར་མིག་སྨན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མིག་སྨན་ནམ་ཐུར་མ་ནི་ཕྲད་པ་མི་མཐོང་ངོ་། །ཇི་ལྟར་སྣ་ལ་སོགས་པ་ཞེས་བྱ་བ་ལ་ནུས་པ་ཐ་དད་
པས་ཕྲད་པ་ཡུལ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ། །ཇི་ལྟར་ཐམས་ཅད་མ་ཡིན་ཞེ་ན། ལྷན་ཅིག་སྐྱེས་པའི་དྲི་མི་འཛིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྣ་ལ་སོགས་པ་དབང་པོ་དང་ལྷན་ཅིག་འབྱུང་བའི་དྲི་དང་། རོ་དང་། རེག་བྱ་དག་ནི་ཕྲད་པ་ཡིན་པ་ཡང་སྣ་ལ་སོགས་པ་དག་གིས་མི་འཛིན་ཏེ།
དེ་བཞིན་ནོ། །ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ཕྲད་པ་ནི་ཕན་ཚུན་འདབ་ཆགས་པར་འབྱུང་བ་ཡིན་ལ། དེ་ཡང་ཡུལ་ན་གནས་པའི་ཕྱིར་གཟུགས་ཅན་རྣམས་ཁོ་ན་ཡིན་ན་ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་མི་གནས་ཏེ། དེའི་ཕྱིར་རང་གི་ཡུལ་དང་ཕྲད་པར་མི་ནུས་
པ་ཉིད་དོ། །རྣ་བའི་ནང་དུ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཐག་རིང་པོ་ནས་ཀྱང་ཐོས་པའི་ཕྱིར་རྣ་བ་ཡུལ་དང་མ་ཕྲད་པ་ཡིན་པར་སེམས་སོ། །མུ་སྟེགས་བྱེད་ཁ་ཅིག་ན་རེ། སྒྲ་རྒྱུན་ཆགས་པར་འཇུག་པའི་རིམ་པས་རྣ་བས་འོངས་པ་རྟོགས་པར་བྱེད་པའི་ཕྱིར་རྣ་བ་ནི་ཡུལ་དང་ཕྲད་པ་ཁོ་ན་ཡིན་
ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། ལག་པར་བཅངས་པས་དྲིལ་བུའི་སྒྲ་འགགས་མ་ཐག་ཏུ་སྒྲ་མི་ཐོས་པའི་ཕྱིར་རོ། །དེ་ཞིག་ཀྱང་གང་ཞིག་བར་ནས་ཆུ་རླབས་ཀྱི་ཚུལ་དུ་འོང་བའི་སྒྲ་དེ་འཛིན་པ་སུས་བཟློག །དེའི་ཕྱིར་དྲིལ་བུའི་ཡུལ་ན་གནས་པའི་སྒྲ་ཁོ་ན་འཛིན་གྱི། ཆུ་རླབས་ཀྱི་ཚུལ་དུ་རྣ་

འབྲུག་གི་བུ་གར་ཕྱིན་པ་ནི་མ་ཡིན་ནོ། །གསུམ་གཞན་དུ་ཞེས་བྱ་བ་ལ། གཞན་དུ་ཞེས་སྨོས་པ་ནི་ཡུལ་དང་ཕྲད་པ་ཉིད་དོ་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །གལ་ཏེ་ཡུལ་དང་ཕྲད་པ་དང་མ་ཕྲད་པ་ཡིན་པར་འདོད་ན་ནི་དེ་ལྟར་གཞན་དུ་དང་། གཞན་དུ་མ་ཡིན་པ་ཞེས་བྱ་བར་སྨྲ་
བར་འགྱུར་རོ། །སྣ་ཇི་ལྟར་ཡུལ་དང་ཕྲད་པ་ཡིན་ཞེ་ན་ཞེས་བྱ་བ་འབྱུང་སྟེ། གང་ལས་ཐེ་ཚོམ་ཟ་ཞེ་ན། དྲིའི་རྟེན་མེ་ཏོག་ལ་སོགས་པ་ཐག་རིང་པོ་འཛིན་པའི་ཕྱིར་ཏེ། རོ་དང་རེག་བྱ་དག་ནི་དེ་ལྟར་མ་ཡིན་ནོ། །དབུགས་མ་བརྔུབས་པར་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དབུགས་བརྔུབས་པ་དང་བཅས་
པས་དྲི་དང་ལྡན་པའི་མེ་ཏོག་གིས་བསྒོས་པའི་རླུང་སྣའི་དབང་པོ་དང་འདབ་ཆགས་པར་སྐྱེས་པ་ན་དྲི་འཛིན་པའི་ཕྱིར་རམ། དྲིའི་བྱུང་བ་ཆེན་པོས་དྲངས་པས་སྣའི་དབང་པོ་དང་འདབ་ཆགས་པར་སྐྱེས་པའི་དྲི་འཛིན་པའི་ཕྱིར་དང་། དྲངས་པ་མེད་པས་མ་བརྔུབས་པ་ལ་དྲི་དང་དབང་པོ་ཕྲད་པ་མེད་པ་དེའི་ཕྱིར་སྣ་
ནི་ཡུལ་དང་ཕྲད་པ་ཉིད་དུ་ངེས་སོ། །ཡུལ་དང་མ་ཕྲད་པ་ཉིད་ཡིན་ན་ནི་མིག་དང་རྣ་བ་བཞིན་དུ་བརྔུབས་པ་དང་བཅས་པ་དང་མ་བརྔུབས་པ་གཉིས་ལ་ཁྱད་པར་འགའ་ཡང་མེད་པའི་ཕྱིར་རོ། །ཁ་ཅིག་གིས་ནི་ལྡན་པའི་མིང་གཉིས་པ་ཅན་ཕྲད་པ་དོན་གཞན་ཞིག་འདོད་དེ། དཔེར་ན་བྱེ་བྲག་པ་རྣམས་ཀྱིས་འདོད་པ་
ལྟ་བུའོ། །དེའི་ཕྱིར། ཕྲད་པ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བ་དྲིས་སོ། །འདབ་ཆགས་པར་འབྱུང་བའོ་ཞེས་བྱ་བ་འབྱུང་སྟེ། དེ་ལྟར་ན་འདབ་ཆགས་པར་འབྱུང་བ་ལས་མ་གཏོགས་པའི་ཕྲད་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །འདབ་ཆགས་པར་འབྱུང་བ་ཡང་ཁ་
ཅིག་གི་ལྟར་ན་ནམ་མཁའི་ཁམས་མ་གཏོགས་པའི་གཟུགས་ཀྱིས་མ་ཆོད་པ་ཉིད་ཀྱི་ཕྱིར་ཡིན་ལ། གཞན་གྱི་ལྟར་ན་གཟུགས་ཐམས་ཅད་ཀྱིས་མ་ཆོད་པ་ཉིད་ཀྱི་ཕྱིར་ཡིན་ནོ། །ཅི་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་ཕན་ཚུན་རེག་ན་ནི་ཆ་ཤས་དང་བཅས་པར་ཐལ་བར་
འགྱུར་ལ། ཆ་ཤས་མེད་པ་ཉིད་ཡིན་ན་ཡང་སེམས་དང་སེམས་ལས་བྱུང་བ་ལྟར་རེག་པ་མེད་དོ། །ཅི་སྟེ་མི་རེག་ན་དེ་ལྟ་ཡིན་དང་གསུམ་ནི་ཡུལ་དང་ཕྲད་པའོ་ཞེས་བྱ་བར་འགལ་ཏེ། མ་རེག་པ་ནི་ཕྲད་པ་མ་ཡིན་ནོ། །འདིར་ནི་རྫས་ཀྱི་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི། འདུས་པའི་རྡུལ་ཕྲ་

རབ་ནི་མ་ཡིན་ཏེ། དེ་ནི་ཆ་ཤས་དང་བཅས་པའི་ཕྱིར་རོ། །འདྲེས་པར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་ཐ་མི་དད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེའི་དངོས་པོ་མེད་པར་ཐལ་བར་སྣང་ངོ་། །དེའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་མི་རེག་གོ། །འོན་ཏེ་ཕྱོགས་གཅིག་རེག་ན་ནི་ཞེས་བྱ་བ་ལ། འགའ་ཞིག་དག་
གིས་རེག་ཅིང་འགའ་ཞིག་དག་གིས་མི་རེག་ན་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་རོ། །གལ་ཏེ་མི་རེག་ན་རེག་པའི་མཚན་ཉིད་ཅན་ཐོགས་པ་ལས་སྒྲ་འབྱུང་བར་མཐོང་སྟེ། འདྲི་བ་ནི། འོ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་མ་ཡིན་ཞིང་། ཕྱོགས་
གཅིག་གིས་ཀྱང་མ་ཡིན་ཕན་ཚུན་མ་རེག་པས་ཐོགས་པ་མེད་པའི་ཕྱིར་ཇི་ལྟར་སྒྲ་འགྲུབ་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་ཟེར་བ་ནི་ཁ་ཆེ་བ་རྣམས་སོ། །གང་གི་ཕྱིར་རྡུལ་ཕྲ་རབ་ཀྱི་ཕན་ཚུན་མི་རེག་པ་དེ་ཉིད་ཀྱི་ཕྱིར་སྒྲ་འགྲུབ་བོ། །གལ་ཏེ་རེག་ན་ནི་ལ་ཆ་ལ་ལ་ཆ་གཞག་ལྟར་ལག་པས་ལག་པ་ལ་བསྣུན་ན་ཡང་
འབྱིང་བར་འགྱུར་ཏེ། གཅིག་པར་འགྱུར་རོ་སྙམ་དུ་བསམས་པའོ། །དེའི་ཕྱིར་ཐོགས་པ་དང་བཅས་པ་ཉིད་ཉམས་པར་འགྱུར་ལ། དེ་མེད་ན་ཐོགས་པ་མེད་པས་གང་ལས་སྒྲ་འབྱུང་བར་འགྱུར། སྐད་ཅིག་མ་ཡིན་པའི་ཕྱིར་ལྡན་པའི་དུས་མི་འཐད་པས་གཟེགས་ཟན་པ་ལྟར་ལྡན་པ་ལས་སྒྲ་འབྱུང་བར་ཁས་བླང་
བར་ཡང་མི་བྱ་སྟེ། འོ་ན་ཅི་ཞེ་ན། གསུང་རབ་ལས་བྱུང་བ་དག་ཁོ་ན་ལ་ལྡན་པའི་མིང་ངམ་ཕྲད་པའི་མིང་བཏགས་སོ། །འབྱུང་བ་བཞི་ཚན་འགའ་ཞིག་གིས་ནི་འབྱུང་བའི་ཁྱད་པར་གཞན་འདབ་ཆགས་སུ་སྐྱེད་པ་ན། གང་ཞིག་སྒྲ་སྐྱེད་པར་བྱེད་པར་འབྱར་བ་ཕྲད་པ་ཞེས་བྱ་བའི་མིང་ཐོབ་ལ། དེ་དང་ལྷན་ཅིག་
སྐྱེས་པའི་སྒྲ་འཛིན་པས་འདིར་ཅི་སྟེ་མི་དཔྱོད། ཇི་ལྟར་བསགས་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསགས་པ་ཅི་ཞིག་ཅེ་ན། བོང་བ་དང་སོ་ཕག་ལ་སོགས་པ་སྟེ། དེ་དག་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་འབྱར་བའི་ཕྱིར་བརྒྱབ་ན་བྱེ་མ་འདུས་པ་བཞིན་ཇི་ལྟར་མི་འཇིག་པར་འགྱུར། རླུང་གི་ཁམས་
ཀྱིས་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་རླུང་གི་ཁམས་ཀྱིས་བརྡབས་པའི་དངོས་པོ་རྣམས་ལ་ཡང་འབྲལ་བའི་རྒྱུ་མ་ཡིན་ནམ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདི་ནི་གཅིག་པུ་ངེས་པ་མེད་དེ། སེམས་ཅན་གྱི་ལས་ཀྱི་དབང་གིས་བྱུང་བའི་རླུང་གི་ཁམས་ཁ་ཅིག་ནི་འཇིག་པར་ཞུགས་པ་ཡིན་ཏེ།

དཔེར་ན་འཇིག་པའི་ཚེའི་ལྟ་བུའོ། །ཁ་ཅིག་ནི་འཛིན་པར་ཞུགས་པ་ཡིན་ཏེ། དཔེར་ན་ཆགས་པའི་ཚེ་ལྟ་བུ་སྟེ། དེ་བཞིན་དུ་གཞན་དུ་ཡང་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ཕན་ཚུན་མི་རེག་ན། ད་ནི་ཇི་ལྟར་འདབ་ཆགས་པར་ཕྲད་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
ཕན་ཚུན་ཕྲད་པ་མེད་པར་འདབ་ཆགས་པ་ཉིད་མི་རིགས་སོ། །དེ་དག་གི་དབུས་ན་ཅུང་ཟད་ཀྱང་མེད་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྣང་བ་ལ་སོགས་པའི་གཟུགས་གཞན་ནོ། །ཡང་ཞེས་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་དོན་ཏོ། །ཉེས་པ་མེད་དོ་ཞེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱིས་རེག་གམ།
ཕྱོགས་གཅིག་གིས་རེག་ཅེས་ཉེས་པ་བརྗོད་པ་གང་ཡིན་པའོ། །གཞན་དག་ན་རེ། ད་ནི་ཇི་ལྟར་འདབ་ཆགས་པར་ཕྲད་པས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ཉེས་པ་མེད་དོ་ཞེས་ཟེར་རོ། །དེ་ལྟར་བྱས་ནས་ཞེས་བྱ་བ་ལ། གལ་ཏེ་འདུས་པ་རྣམས་ཕན་ཚུན་རེག་པ་ནའོ། །ཅི་རེག་པའི་
རྒྱུ་ཅན་གྱི་ཞེས་བྱ་བ་ལ། གང་ལ་རེག་པ་རྒྱུར་ཡོད་པ་དེ་ནི་རེག་པའི་རྒྱུ་ཅན་ནོ། །རེག་པ་ཞིག་སྐྱེའམ་ཞེས་བྱ་བ་ནི། གང་ཞིག་གཞན་གྱིས་རེག་པའོ། །མ་རེག་པའི་རྒྱུ་ཅན་ཞེས་བྱ་བ་ནི། རེག་པ་རྒྱུར་གང་ལ་ཡོད་པའོ་ཞེས་ཚིག་རྣམ་པར་སྦྱར་ཏེ། རྡུལ་ཕྲ་རབ་རྣམས་ནི་ཕན་ཚུན་མ་རེག་པས་མ་རེག་པའོ། །
རྒྱུའི་ཕྱིར་ཞེས་བྱ་བ་ལ། རེག་པའམ་མ་རེག་པ་ཡང་རུང་སྟེ། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ནི་དེའི་རྒྱུ་སྟེ། རྒྱུའི་ཕྱིར་སྨྲས་པའོ། །རེས་འགའ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཚེ་བསགས་པ་ཞིག་རྡུལ་ཕྲ་རབ་ཀྱི་གནས་སྐབས་སུ་གྱུར་པ་དེའི་ཚེ་རེག་པའི་རྒྱུ་ཅན་གྱི་མ་རེག་པ་སྐྱེའོ། །རེས་འགའ་ནི་
མ་རེག་པའི་རྒྱུ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་རྡུལ་ཕྲ་རབ་རྣམས་བསགས་པར་མ་གྱུར་པ་དེའི་ཚེ་ནི། མ་རེག་པའི་རྒྱུ་ཅན་གྱི་རེག་པར་འགྱུར་ཏེ། དཔེར་ན་ཁ་བ་བཞིན་ནོ། །དེ་ནི་སྟེང་ནས་མ་རེག་པ་ལྟུང་ཞིང་། ས་ལ་བབ་ནས་རེག་པར་འགྱུར་རོ། །རེས་འགའ་ནི་རེག་པའི་རྒྱུ་ཅན་གྱི་རེག་
པ་སྐྱེ་སྟེ་ཞེས་བྱ་བ་ལ། གང་གི་ཚེ་བསགས་པ་དང་ལྡན་པ་བསགས་པ་སྟེ། འདུས་པ་རྣམས་འདུས་པ་དེའི་ཚེ་ནི་རེག་པའི་རྒྱུ་ཅན་གྱི་རེག་པར་འགྱུར་ཏེ། དཔེར་ན་འཇི་བའི་གོང་བུ་གཉིས་འདུས་པ་བཞིན་ནོ། །རེས་འགའ་ནི་མ་རེག་པའི་རྒྱུ་ཅན་གྱི་མ་རེག་པ་སྐྱེ་སྟེ། དཔེར་ན་ཉི་ཟེར་གྱི་རྡུལ་ལྟ་བུའོ། །

ཞེས་བྱ་བ་ལ། ཉི་ཟེར་གྱི་རྡུལ་ནི་རྒྱུན་གྱི་སྐད་ཅིག་གཉིས་པ་མ་ཕྲད་པའི་རྒྱུ་ཅན་མ་འཕྲད་པ་སྟེ། དེ་ནི་ཕན་ཚུན་མི་རེག་པས་མ་རེག་པ་ཞེས་བྱའོ། །སྐད་ཅིག་མར་འཇིག་པ་དང་འགལ་བ་ལ་རྒྱུ་སྨྲས་པ་ནི། སྐད་ཅིག་མ་ཕྱི་མར་གནས་པར་འགྱུར་རོ་ཞེས་བྱ་བ་སྟེ། རེག་པའི་སྐད་ཅིག་ནི་སྐྱེས་པའི་
སྐད་ཅིག་པས་འཕྱི་བ་ཡིན་ཏེ། བདག་ཉི