Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 144
Văn bản gốc(Tây Tạng)
Trang 7 / 23 (50.000 ký tự/trang)
ད་ཐོབ་མ་ཐག་ཏུ་ཕན་ཚུན་རེག་པའི་ཕྱིར་རོ། །སྐད་ཅིག་མར་གནས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རེག་པའི་དུས་སུ་འགག་པའི་ཕྱིར་མི་རེག་གོ། །བཙུན་པ་ན་རེ་ནི་རེག་པ་ནི་མེད་ཀྱི། འདབ་ཆགས་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་ཟེར་རོ། ། བྱེ་བྲག་ཏུ་སྨྲ་བའི་ལུགས་ལས་འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་ནི་གཟུགས་འབའ་ཞིག་ཉིད་དུ་མ་ཟད་ཀྱི་བར་དུ་ནམ་མཁའ་ཡང་མི་འདོད་དོ། །བཙུན་པའི་ལུགས་འདོད་པར་བྱའོ་ཞེས་ཟེར་བ་ནི་བསྟན་བཅོས་མཁན་པོའོ། །སློབ་དཔོན་འདུས་བཟང་ན་རེ། བཙུན་པའི་ལུགས་འདོད་པར་ཡང་མི་བྱ་ལ། སྡང་བར་ཡང་མི་བྱའོ། །འོ་ན་ཅི་ཞེ་ན། བཙའ་བར་བྱ་སྟེ། གལ་ཏེ་འདི་དག་ལ་བར་ཅུང་ཟད་མེད་ན། དེ་ལྟར་ན་ཆ་ཤས་དང་བཅས་པའམ། གོ་གཅིག་པར་འགྱུར་རོ་ཞེས་ཉེས་པ་སྔ་མ་ལས་མི་འདའ་བའི་ཕྱིར་ཇི་ལྟར་བཙུན་པའི་ལུགས་འདོད་ཅེས་ཟེར་རོ། །འདིར་བསྟན་བཅོས་མཁན་པོ་བཙུན་པའི་ ལུགས་ལ་རྗེས་སུ་ཡི་རང་བའི་རྒྱུ་སྨྲ་བ་ནི། དེ་ལྟར་མ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་བཙུན་པའི་ལུགས་ལས་གཞན་དུ་རྡུལ་ཕྲ་རབ་ཀྱི་བར་དག་ཏུ་ནམ་མཁའ་འདོད་ནའོ། །བར་སྟོང་པ་དག་ཏུ་ཞེས་བྱ་བ་ནི། གཟུགས་གཞན་གྱིས་མ་བཀག་པ་དག་ཏུའོ། ། འགྲོ་བ་ལ་འགོག་པ་ནི་ཐོགས་པ་སྟེ། དེ་ནི་རྡུལ་ཕྲ་རབ་ཀྱི་བར་སྟོང་པ་དག་ལ་མི་རིགས་པས་ཐོགས་པ་དང་བཅས་པ་ཉིད་ཉམས་པར་འགྱུར་རོ། །ཡང་འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་རེག་པར་འགྱུར་བས་ཞེས་གང་སྨྲས་པ། དེའི་ལན་སྨྲས་པ། ཇི་སྐད་དུ་བྱེ་བྲག་པ་རྣམས་ཡན་ལག་དག་ལས་ཡན་ལག་ཅན་ནོ་ཞེས་སྨྲས་པ་ལྟར་རྡུལ་ཕྲ་རབ་རྣམས་བསགས་པ་དག་གཞན་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྡུལ་ཕྲ་རབ་དེ་དག་ཁོ་ན་བསགས་པ་ཡིན་ནོ། །རེག་པ་ཡིན་ཏེ་དཔེར་ན་གཟུགས་སུ་རུང་བ་ལྟ་བུའོ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་ཕན་ཚུན་ ལྟོས་པ་རྣམས་ཁོ་ན་གཟུགས་སུ་རུང་གི །མེད་པའི་ཕྱིར་འདུས་པ་ནི་མ་ཡིན་པ། དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་བསགས་པ་ཁོ་ན་ལ་རེག་གི་འདུས་པ་དག་ལ་ནི་མ་ཡིན་ཏེ། འདུས་པ་རྣམས་རྡུལ་ཕྲ་རབ་ཀྱི་ལས་ཐ་དད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྡུལ་ཕྲ་རབ་རྣམས་ལས་འདྲེས་ པར་འགྱུར་བ་དང་། ཆ་ཤས་དང་བཅས་པ་ཉིད་ཀྱི་ཉེས་པ་སོ་ན་འདུག་པ་ཉིད་དོ། །འོན་ཏེ། ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་ཞེས་གང་སྨྲས་པ་དེ་ལ་བཤད་པ་ནི། གལ་ཏེ་རྡུལ་ཕྲ་རབ་ལ་ཕྱོགས་ཐ་དད་པར་རྟོག་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཕྱོགས་ ཆས་ཐ་དད་པ་ནི་ཕྱོགས་ཐ་དད་པ་སྟེ། ཤར་ནི་གཞན་ཉིད་ཡིན་ལ། ནུབ་ཀྱང་གཞན་ཉིད་ཡིན། སྟེང་ནི་གཞན་ཉིད་དུ་ཡིན་ཞིང་། འོག་གི་བར་དུ་གཞན་ཡིན་ནོ། །དེ་ལྟར་ན་ཕྱོགས་ཆ་ཐ་དད་པ་ཡོད་པ་ཉིད་ཀྱི་ཕྱིར་རེག་པ་འབའ་ཞིག་ཏུ་མ་ཟད་ཀྱི། མ་རེག་པ་ཡང་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་རོ། །གལ་ ཏེ་ཕྱོགས་ཆ་ཐ་དད་པར་རྟོག་པ་མ་ཡིན་ན་ནི་རེག་ཀྱང་ཐལ་བར་མི་འགྱུར་རོ། །གང་དུ་ཞེ་ན། ཆ་ཤས་དང་བཅས་པ་ཉིད་དུ་སྟེ། གོ་གཅིག་པར་ནི་མ་ཡིན་ནོ། །ཅི་སྟེ་ཞེ་ན། ཐལ་བར་མི་འགྱུར་བའོ། །ཕྱོགས་ཆ་ཐ་དད་པར་བརྗོད་པ་ནི་ཆ་ཤས་དང་བཅས་པར་བརྗོད་པའི་རྣམ་གྲངས་ཡིན་ནོ། །མྱུར་དུ་འཇུག་ པས་ཞེས་བྱ་བ་ནི་ལྟ་བ་དེ་དང་། ཉན་པའི་བྱེ་བྲག་མྱུར་དུ་འཇུག་པས་སོ། །མགལ་མེའི་འཁོར་ལོ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ལ། དཔེར་ན་ཡུལ་གཞན་དུ་མྱུར་དུ་འཇུག་པས་མགལ་མེ་ལ་འཁོར་ལོའི་བློར་འགྱུར་བ་བཞིན་ནོ། །འོན་ཏེ་མཉམ་པ་དང་མི་མཉམ་པ་ཞིག་ལ་ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་ པ་མཐོང་ན་ནི་མཉམ་པའོ། །སྐྲའི་རྩེ་མོ་དང་རི་ལ་སོགས་པ་མཐོང་བ་ནི་མི་མཉམ་པ་ལའོ་སྙམ་དུ་དགོངས་སོ། །དབང་པོ་རྡུལ་ཕྲ་རབ་རྣམས་ཇི་སྙེད་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། སྣ་ལ་སོགས་པ་དག་གིས་ནི་དབང་པོའི་རྡུལ་ཕྲ་རབ་དག་པས་ཆེས་ལྷག་པའི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་མི་རྟོགས་སོ། །འདི་ལྟར་ དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཡུལ་ཆེས་ཆུང་བ་ལ་ཡང་དེ་སྙེད་ཅིག་བྱེད་པ་དང་བཅས་ཀྱི། ཆེས་ཆུང་བ་ནི་མ་ཡིན་ཏེ། དེ་ལྟ་ན་དེ་དག་ཡུལ་དང་ཕྲད་པ་ཉིད་དུ་འགྲུབ་ཀྱི། གཞན་དུ་ནི་མ་ཡིན་ནོ། །མིག་དང་རྣ་བ་དག་གིས་མ་ངེས་པར་སྨྲས་པས་སྔ་མ་དག་ལས་ནི་མཉམ་པ་ཁོ་ན་འཛིན་ནོ་ཞེས་བྱ་བར་སྨྲས་ པར་འགྱུར་རོ། །རེས་འགའ་ནི་ཆུང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་དུ། ཡུལ་མ་ངེས་པའི་ཕྱིར་ལྷག་པར་འཛིན་གྱི། མགལ་མེའི་འཁོར་ལོ་ལྟར་མྱུར་དུ་འཇུག་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མིག་ཕྱེ་བ་ཙམ་གྱིས་ཞེས་བྱ་བ་ལ། ཙམ་སྨོས་པ་ནི་མྱུར་དུ་རྒྱུ་བར་རྟོགས་པ་བཟློག་ པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་རྣ་བས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རེས་འགའ་ནི་ཆུང་སྟེ། གང་གི་ཚེ་སྦྲང་བུའི་སྒྲ་ཐོས་པ་ནའོ། །རེས་འགའ་ནི་ཆེ་སྟེ། གང་གི་ཚེ་འབྲུག་གི་སྒྲ་ཐོས་པ་ནའོ། །སྒྲ་ལ་རེས་འགའ་ནི་མཉམ་སྟེ་ཞེས་ནི་མི་བརྗོད་དོ། །ཚད་ངེས་པར་མ་བཟུང་བའི་ཕྱིར་རོ། །ཡང་ན་ནི་ བརྗོད་པར་བྱ་སྟེ། གང་གི་ཚེ་རྣ་བའི་ནང་དུ་སྒྲ་ཐོས་པ་དེའི་ཚེ་མཉམ་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱིས་ཇི་ལྟར་འཛིན་ཞེ་ན། དེའི་ཕྱིར་ཡིད་ནི་ལུས་ཅན་མ་ཡིན་པ་ཁོ་ན་བས་ཞེས་བྱ་བ་སྨོས་ཏེ། ཚད་ནི་ལུས་ཅན་གྱི་རྫས་ལ་བརྟེན་པའི་ཕྱིར་ན་ཡིད་ལ་ཚད་ཡོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེའི་ ཕྱིར་འདི་ལ་ཚད་མི་དཔྱོད་དོ། །དབང་པོ་ཉམས་པ་རྣམས་ལ་རྟེན་ཡོད་ཀྱང་གཟུགས་མཐོང་བ་ཡོད་པ་མ་ཡིན་པ་དེའི་ཕྱིར། མིག་ལ་སོགས་པ་དག་རྟེན་ལས་གཞན་ཉིད་ཡིན་ནོ་ཞེས་བྱ་བར་ངེས་མོད་ཀྱི། དེ་དག་ངག་ཏུའམ་ཇི་ལྟར་གནས་པ་ནི་མ་ངེས་པས་དེའི་ཕྱིར་འདྲི་བ་ནི། ཡང་མིག་གི་དབང་པོ་ལ་སོགས་ པ་འདི་དག་གི་ཞེས་རྒྱས་པར་འབྱུང་སྟེ། མིག་གིས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདི་དག་གི་གནས་ཚུལ་རྣམ་པར་གཞག་པར་དཀའ་མོད་ཀྱི། ཐོགས་པ་དང་བཅས་པ་རྣམས་ཡུལ་ཐ་དད་པར་གནས་པའི་ཕྱིར་དང་། འདུས་པ་རྣམས་སྐྱེ་བའི་ཕྱིར་གདོན་མི་ཟ་བར་གང་དག་ཇི་ལྟར་གནས་པ་དེ་བརྗོད་པར་ བྱ་དགོས་སོ། །རེ་ཞིག་མིག་གི་རྡུལ་ཕྲ་རབ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མིག་གི་འབྲས་བུ་སྟེ། རྣོ་མིག་གི་ཀོར་ལིང་ལ་གོ་སྙོད་ཀྱི་མེ་ཏོག་བཞིན་དུ་ཡུལ་ལ་མངོན་དུ་ཕྱོགས་པར་གནས་སོ། །གོ་སྙོད་ཀྱི་མེ་ཏོག་སྨོས་པ་ནི་ཕན་ཚུན་མ་འབྲེལ་བར་བསྟན་པའི་ཕྱིར་རོ། །ཕན་ཚུན་དུ་མ་འབྲེལ་ བའི་ཕྱིར་འགྱེས་པར་ཐལ་ཞེས་བྱ་བའི་དོགས་པ་བཟློག་པའི་ཕྱིར། ཁ་དོག་དངས་པས་བཀག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་དོག་དངས་པ་སྨོས་པ་ནི་ཤེལ་ལྟར་ལྟ་བའི་གེགས་བསལ་བའི་ཕྱིར་རོ། །བླ་འོག་ནས་གནས་ན་ནང་མ་རྣམས་ལ་སྒྲིབ་པར་འགྱུར་རོ་ཞེ་ན། དེའི་ཕྱིར། ཕན་ཚུན་ མི་སྒྲིབ་བོ་ཞེས་བྱ་བ་སྨོས་སོ། །ཤེལ་གྱི་ཆ་ཤས་དག་ནི་ཕན་ཚུན་མི་སྒྲིབ་སྟེ། ཕན་ཚུན་སྒྲིབ་ན་ཤེལ་གྱིས་སྒྲིབ་པའི་གཟུགས་མི་འཛིན་པར་འགྱུར་རོ། །རྣ་འབྲུག་གི་ནང་ན་གནས་སོ་ཞེས་བྱ་བ་ལ། རྣ་འབྲུག་ནི་རྣ་ཁུང་དུ་བུ་གའི་བར་རོ། །གང་ཞིག་གྲོ་ཤོག་གི་ཁ་དོག་གི་ རྣམ་པ་ཅན་དེ་ནི་འགྲོ་བ་དང་འདྲ་བས་རྣ་འབྲུག་སྟེ། དེའི་ནང་ན་གནས་སོ། །མཚུལ་པའི་ནང་ན་ཞེས་བྱ་བ་ལ། སྣའི་ནང་ན་རྟེན་དང་འདྲ་བར་ཁ་ཐུར་དུ་བལྟས་པའོ། །དབང་པོ་དང་པོ་གསུམ་ནི་ཕྲེང་བ་བཞིན་དུ་གནས་སོ་ཞེས་བྱ་བ་ནི་མཉམ་པོར་ཚར་དུ་གནས་པ་སྟེ། དེ་དག་གི་རྟེན་རྣམས་ཕྲེང་བ་དང་འདྲ་ བར་གནས་པའི་ཕྱིར་རོ། །ཇི་ལྟར་ལྕེའི་དབང་པོའི་རྡུལ་ཕྲ་རབ་རྣམས་ཟླ་བ་ཁམ་པ་ལྟ་བུར་གནས་ཤེ་ན། ལྕེའི་དབུས་ན་སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་ཅེས་བྱ་བ་སྨོས་ཏེ། མ་ཁེབས་པ་ནི་མ་ཁྱབ་པའོ། །གྲག་གོའི་སྒྲ་ནི་ལུང་ཡིན་པར་བསྟན་པར་བྱ་བའི་ཕྱིར་རོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྐང་པའི་མཐེ་བོ་ནས་ལུས་ཀྱི་མཐར་ཐུག་པ་སྟེ། ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ལུས་བཞིན་དུ་གནས་སོ་ཞེས་བྱ་བ་སྨོས་སོ། །སེར་སྐྱ་པ་དག་ནི་འདོམས་ནི་ལུས་ཀྱི་དབང་པོ་སྟེ། རྨ་ཙམ་ཞིག་གོ་ཞེས་བྱ་བར་ལོག་པར་རྟོགས་ཏེ། དེ་དགག་པར་བྱ་བའི་ཕྱིར་ རྔའི་སྦུབས་ལྟ་བུ་ཡིན་ན་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་ཁམས་ལས་དོན་གཞན་མ་ཡིན་ནོ། །ཕོའི་དབང་པོ་ནི་རྟེན་ཙམ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མཐེ་བོ་ལྟར་གནས་སོ། །དེ་ཡང་ལུས་ཀྱི་ཁམས་ལས་དོན་གཞན་མ་ཡིན་ནོ། །དེ་ལ་མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། རེས་འགའ་ ནི་ཐམས་ཅད་བརྟེན་པ་དང་བཅས་པ་དག་ཡིན་ཏེ། གང་གི་ཚེ་ཕྲད་པར་འདོད་པས་འཛིན་པར་འདོད་པའི་དབང་པོ་ལ་ལྟ་བ་ན་སྟེ། དེའི་ཚེ་ཐམས་ཅད་བརྟེན་པ་དང་བཅས་པར་འགྱུར་རོ། །རེས་འགའ་ནི་དེ་དག་མཚུངས་པ་དག་ཡིན་ཏེ། གང་གི་ཚེ་གཉིད་ལོག་པ་དང་། མིག་བཙུམས་པར་གྱུར་པ་ནའོ། །རེས་ འགའ་ནི་ཁ་ཅིག་བརྟེན་པ་དང་བཅས་པ་ཡིན་ཏེ། གང་གི་ཚེ་ཕྲད་པར་འདོད་པ་མེད་པར་འདོད་རྒྱལ་དུ་ལྟ་བ་ན་སྟེ། དེའི་ཚེ་ན་ཁ་ཅིག་བརྟེན་པ་དང་བཅས་པ་ཡིན་ནོ། །ཁ་ཅིག་དེ་དང་མཚུངས་པ་དག་གོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཤིན་ཏུ་མང་བའི་ཕྱིར་ཕྲད་པར་ འདོད་པས་གཟུང་བར་འདོད་པའི་དངོས་པོ་ལ་ཡང་ཐམས་ཅད་བརྟེན་པ་དང་བཅས་པར་མི་འགྱུར་རོ། །དམྱལ་བ་དག་ནི་བརྟེན་པ་དང་བཅས་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་རབ་ཏུ་འབར་བའི་དམྱལ་བའི་ནང་ན་གནས་པ་རྣམས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་དམྱལ་བ་ན་ཡང་ ཐམས་ཅད་བརྟེན་པ་དང་བཅས་པ་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། ཐམས་ཅད་ཀྱིས་རྣམ་པར་ཤེས་པ་བསྐྱེད་ན་ནི་ལུས་ཞིག་པར་འགྱུར་རོ་ཞེས་བྱ་བའོ། །ལོའི་སྒྲ་ནི་དེར་ལུས་མི་འཇིག་པ་ནི་ལས་ཀྱིས་གཟུང་བའི་ཕྱིར་ཡིན་གྱི། ཐམས་ཅད་ཀྱིས་རྣམ་པར་ཤེས་པ་མི་བསྐྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། ། དབང་པོའི་རྡུལ་ཕྲ་རབ་བམ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། དབང་པོ་ལས་འདས་པའི་ཕྱིར་རྟེན་དང་དམིགས་པར་མི་སྲིད་དོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྟེན་བསགས་པ་ཡིན་པའི་ཕྱིར་དང་། དམིགས་པ་ བསགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དབང་པོའི་རྡུལ་ཕྲ་རབ་བམ་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་སྐྱེད་པ་མེད་པའི་ཕྱིར་རོ། །ཡིད་ནི་གཅིག་པུ་ཞིག་ཁོ་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་དུ་འགྱུར་ལ། ཆོས་གཅིག་དང་དུ་མ་ཡང་ཡིན་པས་ལྔ་པོ་དག་གི་ཞེས་ཁྱད་ པར་དུ་བྱས་སོ། །བསྟན་དུ་མེད་པ་ཡང་དོན་གང་གིས་ཤེ་ན། དེའི་ཕྱིར། མི་མཐོང་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཅི་མིག་གི་རྣམ་པར་ཤེས་པ་ནས་ཞེས་བྱ་བ་འབྱུང་སྟེ། འདི་ནི་རྟེན་ངེས་པར་བསྟན་པར་བྱ་བའི་ཕྱིར་བརྩམས་ཀྱི། རྟེན་བསྟན་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །ཐ་མའི་རྟེན་འདས་ཞེས་བྱ་བ་ནི་གོང་ དུ་དྲུག་པོ་འདས་མ་ཐག་པའི་ཞེས་བྱ་བའི་མདོ་དེར་བསྟན་ཟིན་ཏོ། །ཐ་མའི་རྟེན་ནི་འདས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་ངོ་། །ཐ་མ་ནི་འདོན་པའི་གོ་རིམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། དེའི་རྟེན་ནི་འདས་པ་ཁོ་ན་ཡིན་གྱི། ད་ལྟར་བ་མ་ཡིན་ཞིང་། མ་འོངས་པ་མ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་ འདས་པ་ཡང་ཡིན་པ་ཞེས་བྱ་བས་ནི། ལྔ་རྣམས་ཀྱི། དེ་དག་ལྷན་ཅིག་སྐྱེས་པ་ཡིན། །ཞེས་སྨྲས་ན་འདས་པའི་མི་རྟོགས་ལ། འདས་པ་ནི་འདོད་པ་ཡང་ཡིན་ཏེ། དེའི་ཕྱིར་ཡང་གི་སྒྲ་ནི་དེ་བསྡུ་བར་བྱ་བའི་ཕྱིར་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ན་ལྔ་པོ་རྣམས་ཀྱི་འདས་པ་དང་། ད་ལྟར་ཡིན་གྱི། མ་འོངས་པ་ནི་མ་ཡིན་ པས་རྟེན་གྱི་རྣམ་པར་གཞག་པ་ཡུལ་དང་འདྲ་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་དབང་པོ་གཉིས་ཀྱི་རྟེན་ཅན་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་དབང་པོ་ཁོ་ནའི་རྟེན་ཅན་ཡིན་པའི་ཕྱིར་ རོ། །མུ་དང་པོ་མིག་ཡིན་ནོ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོར་ཡིན་གྱི། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ནི་མ་ཡིན་པ་སྟེ། མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་ཐག་པའི་དངོས་པོར་ངེས་པའི་ཕྱིར། མིག་གི་རྣམ་ པར་ཤེས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །གཉིས་པ་ནི་ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ་ཞེས་བྱ་བ་ལ། སེམས་ལས་བྱུང་བ་རྣམས་རྣམ་པར་ཤེས་པའི་རྟེན་མ་ཡིན་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོ་ཁོ་ནར་ཡིན་གྱི། རྟེན་གྱི་དངོས་པོར་ནི་མ་ཡིན་ ནོ། །སེམས་ལས་བྱུང་བ་སྨོས་པ་ནི་ལྡན་པ་མ་ཡིན་པ་དགག་པར་བྱ་བའི་ཕྱིར་རོ། །འདས་མ་ཐག་པ་ཞེས་བྱ་བ་ནི་འདས་པ་སྨོས་པ་ནི་མ་འོངས་པ་དང་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །དེ་མ་ཐག་པ་སྨོས་པ་ནི་བར་དང་བཅས་པ་དགག་པར་བྱ་བའི་ཕྱིར་རོ། །གསུམ་པ་ནི་འདས་མ་ཐག་པའི་ཡིད་ཡིན་ནོ་ཞེས་བྱ་བ་ནི་རྟེན་ གྱི་དངོས་པོར་ཡང་ཡིན་ལ། མཚུངས་པ་དེ་མ་ཐག་པའི་དངོས་པོར་ཡང་ཡིན་པའོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོར་ཡང་མ་ཡིན་ལ། མཚུངས་པ་དེ་མ་ཐག་པའི་དངོས་པོར་ཡང་མ་ཡིན་པ་སྟེ། དེ་དག་ནི་གཟུགས་ལ་སོགས་པ་ཡུལ་རྣམས་དང་། རྣ་བ་ལ་སོགས་ པ་རྣམས་དང་། སེམས་ལས་བྱུང་བ་མི་སྐྱེ་བའི་ཆོས་ཅན་རྣམས་དང་། འདུས་མ་བྱས་སོ། །དེ་བཞིན་དུ་གང་ལུས་ཀྱི་རྣམ་པར་ཤེས་པའི་བར་གྱི་རྟེན་གྱི་དངོས་པོར་ཡིན་པ་དེ། དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ལུས་ཡིན་ནོ། །གཉིས་པ་ནི་ཆོས་ཀྱི་ ཁམས་སེམས་ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ། །གསུམ་པ་ནི་འདས་མ་ཐག་པའི་ཡིད་ཡིན་ནོ། །མུ་བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ནི་ཚིག་སྔ་མ་དང་སྦྱོར་བ་སྟེ་ཞེས་བྱ་བ་ལ། གང་དུ་སྔར་མཐོང་བའི་ཚིག་གིས་དོན་གོ་བ་དེ་ནི་ཚིག་སྔ་མ་དང་སྦྱོར་ བའོ། །གང་དུ་ཕྱི་མར་མཐོང་བའི་ཚིག་གིས་དོན་གོ་བ་དེ་ནི་ཚིག་ཕྱི་མ་དང་སྦྱོར་བའོ། །གང་ཞིག་རྟེན་གྱི་དངོས་པོར་ཡིན་པ་དེ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དངོས་པོར་ཡང་ཡིན་ནོ་ཞེས་བྱ་བ་ལ། འདས་མ་ཐག་པའི་ཡིད་དེ་ནི་དེའི་རྟེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །ཆོས་ཀྱི་ ཁམས་སེམས་ལས་བྱུང་བ་འདས་མ་ཐག་པའོ་ཞེས་བྱ་བ་ལ། དེ་ནི་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཁོ་ན་ཡིན་གྱི། རྟེན་ནི་མ་ཡིན་ནོ། །ཡང་མིག་གི་རྣམ་པར་ཤེས་པ་ནི་གཉིས་ཀ་ལ་རག་ལུས་ཏེ་སྐྱེ་བ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་གི་རྣམ་པར་ཤེས་པ་རྐྱེན་དུ་མ་ལས་གྲུབ་པ་ཡིན་བཞིན་དུ་ ཡང་གཉིས་ཁོ་ན་ཅིའི་ཕྱིར་སྨོས་ཤེ་ན། རྟེན་དང་དམིགས་པ་ཉིད་ཀྱི་སྒོ་ནས་རྐྱེན་ཆེས་ཉེ་བ་ཡིན་པའི་ཕྱིར་རོ། །སྣང་བ་མེད་ཀྱང་མཚན་མོའི་རྒྱུ་བ་རྣམས་དང་། ནམ་མཁའ་མེད་པར་ཆུ་ལ་རྒྱུ་བ་རྣམས་དང་། མཆིང་བུ་དང་། ལྷང་ཚེར་དང་། ཤེལ་གྱིས་བར་དུ་གཅད་པ་ལ་མི་རྣམས་དང་གཉིས་ཀ་མེད་པར་ལྷའི་ མིག་དང་ལྡན་པ་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟར། མིག་དང་གཟུགས་དག་མེད་པ་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེད་པ་ལ་རྟེན་ཐུན་མོང་བ་ཡིན་ཏེ། མིག་དང་གཟུགས་ནི་དེ་ལྟར་མ་ཡིན་ནོ། །དེའི་ཕྱིར་འདི་གཉིས་ཁོ་ན་སྨོས་པ་མཛེས་སོ། །དེ་དག་གྱུར་པས་གྱུར་ ཉིད་ཕྱིར། །ཞེས་བྱ་བ་ལ། དེ་རྣམས་གྱུར་པ་ནི་དེ་དག་གྱུར་པའོ། །དེ་དག་གྱུར་པས་གྱུར་པ་དེ་དག་ལ་ཡོད་པས་ན་དེ་གྱུར་པས་གྱུར་པ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སོ། །དེ་དག་གྱུར་པས་གྱུར་པའི་དངོས་པོ་ནི་དེ་དག་གྱུར་པས་གྱུར་ཉིད་དོ། །དེ་དག་གྱུར་པས་གྱུར་པ་ཉིད་དེའི་ཕྱིར་རོ། ། ཕན་པ་དང་། གནོད་པ་དང་། གསལ་བ་དང་། མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕན་པ་དང་གནོད་པ་དག་ནི་རྐྱེན་ལ་ལྟོས་པ་ཡིན་ལ། གསལ་བ་དང་མི་གསལ་བ་ཉིད་ཅེས་བྱ་བ་ནི་མིག་གི་རང་བཞིན་ཉིད་དོ། །རྗེས་སུ་བྱེད་པའི་སྒྲ་ནི་ཕན་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་རེ་རེ་དང་སྦྱར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་གོ་རིམས་བཞིན་བདེ་བ་སྐྱེ་བ་དང་། སྡུག་བསྔལ་སྐྱེ་བའི་སྒོ་ནས་མིག་ལ་སོགས་པ་དག་ལ་མིག་སྨན་དང་། རྡུལ་ལ་སོགས་པ་དག་གིས་ཕན་བཏགས་པ་དང་། གནོད་པ་བྱས་པའི་རྗེས་སུ་བྱེད་ ཅིང་། དེ་བཞིན་དུ་གསལ་བ་དང་མི་གསལ་བ་སྐྱེས་པས་གསལ་བ་དང་མི་གསལ་བའི་རང་བཞིན་དུ་གྱུར་པ་ཉིད་ཀྱིས་ཀྱང་རྗེས་སུ་བྱེད་དེ། དེའི་ཕྱིར་མིག་ལ་སོགས་པ་དག་རྣམ་པར་གྱུར་པས་རྣམ་པར་ཤེས་པ་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གཟུགས་ལ་སོགས་པ་དག་ གྱུར་པས་དེ་དག་འགྱུར་བ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་དག་གི །ཕན་པ་དང་། གནོད་པ་དང་། གསལ་བ་དང་། མི་གསལ་བ་ཉིད་ཀྱི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །འདི་ལྟར་གཟུགས་གསལ་བ་ཡང་མིག་སེར་གྱིས་མིག་ཉམས་པ་རྣམས་ཀྱིས་དུང་སེར་པོར་མཐོང་བ་ཡིན་ནོ། །རབ་རིབ་ལ་ སོགས་པས་གནོད་པར་བྱས་པ་གཟུགས་རྣམ་པར་འགྱུར་བ་མཐོང་བ་ཡིན་ནོ། །དེ་བཞིན་དུ་མིག་མི་གསལ་ན་གཟུགས་རང་གི་མཚན་ཉིད་ཀྱིས་ཚང་ཡང་མིག་གི་རྣམ་པར་ཤེས་པ་མི་གསལ་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་མིག་གསལ་ན་གཟུགས་མི་གསལ་ཡང་དེའི་རྣམ་པར་ཤེས་པ་གསལ་བར་སྐྱེའོ། ། འདིར་རྟེན་གྱི་དོན་ནི་རྗེས་སུ་བྱེད་པའི་དོན་ཡིན་ནོ། །ཤིན་ཏུ་ལེགས་པ་ཡིན་གྱི་ཞེས་བྱ་བ་ནི་ཆེས་ལེགས་སོ་ཞེས་བྱ་བའི་དོན་ཏོ། །གང་ལ་རྣམ་པར་ཤེས་པ་བྱེད་པ་དེ་ཉིད་ཀྱི་དེ་བསྙད་པར་རིགས་སོ་སྙམ་དུ་བསམས་ཏེ་འདྲི་བ་ནི། ཅིའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །རྟེན་གྱི་དོན་བཤད་ཟིན་པའི་ཕྱིར་ཐུན་མོང་མ་ ཡིན་པ་ཉིད་འདྲི་བ་ནི། ཇི་ལྟར་ཐུན་མོང་མ་ཡིན་པ་ཉིད་ཡིན་ཞེས་པའོ། །མིག་ནི་རྣམ་པར་ཤེས་པ་གཞན་གྱི་ཞེས་བྱ་བ་ལ། གཞན་ཉིད་ནི་རང་གི་རྒྱུད་དུ་གཏོགས་ཀྱང་རིགས་ཐ་དད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། རིགས་མཚུངས་ཉིད་ཡིན་ཡང་སེམས་ཅན་གྱི་རྟེན་ཐ་དད་པས་མིག་གི་རྣམ་པར་ ཤེས་པ་སྟེ། རྟེན་མ་ཡིན་ནོ། །ལུས་ཀྱི་བར་དུ་ཡང་དེ་དང་འདྲའོ། །གང་གི་ཕྱིར་སྐྱེ་གནས་གཅིག་ལ་གནས་པའི་གཟུགས་ལ་ཡང་སྐྱེ་གནས་བཞི་ལ་གནས་པའི་མིག་གི་རྣམ་པར་ཤེས་པ་སྐྱེའི། སྐྱེ་གནས་གཅིག་ལ་གནས་པའི་མིག་གིས་སྐྱེ་གནས་གཉིས་ལ་གནས་པའི་མིག་གི་རྣམ་པར་ཤེས་པ་ཡང་མི་སྐྱེ་ན། སྐྱེ་ གནས་བཞི་ལ་གཞན་པ་ལྟ་ཅི་སྨོས། དེ་བཞིན་དུ་ཁམས་དང་འགྲོ་བ་ངེས་པ་ལས་ཀྱང་ཐུན་མོང་མ་ཡིན་ནོ། །གལ་ཏེ་ཡང་སྐྱེ་གནས་གཞན་ལ་གནས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་གནས་གཞན་ལ་གནས་པ་སྐྱེ་མོད་ཀྱི། གཅིག་གིས་ཅིག་ཅར་སྐྱེ་གནས་དུ་མ་ལ་གནས་པ་སྐྱེད་པ་ནི་མ་ཡིན་ཏེ། གཟུགས་ལ་ སོགས་པ་དག་ལ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་རྟེན་གྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐུན་མོང་མ་ཡིན་པའི་ཕྱིར་དེ་དག་གིས་བསྟན་ཏོ། །དཔེར་ན་རྔ་བོ་ཆེའི་སྒྲ་དང་། ནས་ཀྱི་མྱུ་གུ་བཞིན་ནོ་ཞེས་བྱ་བ་ལ། སྒྲ་དང་མྱུ་གུ་འབྱུང་བ་རྒྱུ་དུ་མ་ལ་རག་ལས་པ་ཡིན་ཡང་རྔ་བོ་ཆེ་དང་ནས་གཉིས་ཐུན་མོང་མ་ཡིན་པའི་ཕྱིར། རྔ་བོ་ཆེའི་ སྒྲ་ནས་ཀྱི་མྱུ་གུ་ཞེས་དེ་དག་གིས་བསྟན་གྱི། རྔ་ལྕག་ལ་སོགས་པ་དག་དང་། ཆུ་ལ་སོགས་པ་དག་ནི། རྔ་པ་ཊ་ཧ་ལ་སོགས་པའི་སྒྲ་དག་དང་། སཱ་ལུའི་མྱུ་གུ་ལ་སོགས་པ་དག་ལ་ཡང་ཐུན་མོང་མ་ཡིན་པས་རྔ་ལྕག་གི་སྒྲ་ཆུའི་མྱུ་གུ་ཞེས་དེ་དག་གིས་མ་བསྟན་ཏོ། །གང་ལས་ཤེ་ན། ཐུན་མོང་མ་ཡིན་པའི་ཕྱིར་ རོ། །འོན་ཀྱང་རྔ་བོ་ཆེའི་སྒྲ་ནས་ཀྱི་མྱུ་གུ་ཞེས་བསྟན་ཏོ། །དེ་བཞིན་དུ་འདིར་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡིན་གྱི། གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །ཡང་ལུས་གང་ལ་གནས་ཏེ་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་དབང་དུ་བྱ་བའི་དོན་ཏོ། །གང་ལ་ཞེས་བྱ་བ་ནི་འདོད་པར་གཏོགས་ པའམ། བསམ་གཏན་དང་པོའམ། གཉིས་པའམ། གསུམ་པའམ། བཞི་པའི་ས་པའོ། །ཅི་ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ཅི་ལུས་འདོད་པར་གཏོགས་ན་མིག་དང་། གཟུགས་དང་། རྣམ་པར་ཤེས་པ་དག་ཀྱང་འདོད་པར་གཏོགས་པ་ཁོ་ན་ཡིན་པ་ནས་དེ་བཞིན་དུ་ལུས་བསམ་གཏན་བཞི་པའི་ས་ པ་ཡིན་ན། མིག་དང་། གཟུགས་དང་། རྣམ་པར་ཤེས་པ་དག་ཀྱང་བསམ་གཏན་བཞི་པའི་ས་པའི་བར་དུ་ཡིན་པ་ཞིག་གམ། འོན་ཏེ་ལུས་འདོད་པར་གཏོགས་ན་མིག་དང་། གཟུགས་དང་། རྣམ་པར་ཤེས་པ་གཞན་གྱི་ས་པ་ཡིན་པ་ན། དེ་བཞིན་དུ་ལུས་བསམ་གཏན་བཞི་པའི་ས་ཡིན་ན། མིག་དང་། གཟུགས་ དང་། རྣམ་པར་ཤེས་པ་དག་ཀྱང་གཞན་གྱི་ས་པའི་བར་དུ་ཡིན་པ་ཞིག་ཅེ་ན། བཞི་ཆར་ཡང་ཕན་ཚུན་ངེས་པ་མེད་པར་བསྟན་པའི་ཕྱིར། ཐམས་ཅད་ལ་བྱེ་བྲག་ཡོད་དེ་ཞེས་བྱ་བ་སྨོས་སོ། །འདོད་པའི་ཁམས་དང་བསམ་གཏན་དང་པོར་གཏོགས་པ་མ་གཏོགས་པ་གཞན་དུ་སྐྱེས་པ་རྣམས་ཀྱི་བཞི་པོ་འདི་དག་ ཐམས་ཅད་རང་གི་ས་པ་མི་སྲིད་དེ། འདོད་པ་དང་བསམ་གཏན་དང་པོར་སྐྱེས་པ་དག་ལ་ནི་རང་གི་མིག་གིས་རང་གི་གཟུགས་རྣམས་ལ་ལྟ་བ་ནས་ཐམས་ཅད་རང་གི་ས་པ་ཡང་སྲིད་དོ། །འདི་ཉིད་བསྟན་པའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེས་པ་རང་གི་མིག་གིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསམ་གཏན་ གསུམ་པ་དང་བཞི་པའི་ས་པའི་མིག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་འདོད་པའི་ཁམས་སུ་སྐྱེས་པའི་བསམ་གཏན་དང་པོ་དང་། གཉིས་པའི་མིག་གིས་དེའི་ས་པ་དང་། ས་འོག་མའི་གཟུགས་རྣམས་ལ་ལྟ་བ་ན། གང་གི་ས་པ་ཡིན་པ་དེ་རྒྱས་པར་བཤད་པ་དེ་ བཞིན་དུ་བསམ་གཏན་གསུམ་པ་དང་། བཞི་པའི་མིག་གིས་ལྟ་བར་ཡང་སྦྱར་བར་བྱའོ། །དེ་ལ་བསམ་གཏན་གསུམ་པའི་མིག་གིས་འདོད་པར་གཏོགས་པའི་གཟུགས་རྣམས་ལ་ལྟ་བ་ན། གཟུགས་དང་ལུས་ནི་འདོད་པར་གཏོགས་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ ས་པ་ཡིན་ནོ། །མིག་ནི་གསུམ་པའི་ཡིན་ནོ། །བསམ་གཏན་དང་པོའི་གཟུགས་རྣམས་ལ་ལྟ་བ་ན་ལུས་ནི་འདོད་པ་ལ་སྤྱོད་པ་ཡིན་ལ། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་ནི་དང་པོ་པའོ། །མིག་ནི་བསམ་གཏན་གསུམ་པའི་ས་པའོ། །བསམ་གཏན་གཉིས་པའི་གཟུགས་རྣམས་ལ་ལྟ་བ་ན། ལུས་ནི་འདོད་པར་གཏོགས་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། །གཟུགས་རྣམས་ནི་གཉིས་པའི་ཡིན་ནོ། །མིག་ནི་བསམ་གཏན་གསུམ་པའི་ཡིན་ནོ། །བསམ་གཏན་གསུམ་པའི་གཟུགས་རྣམས་ལ་ལྟ་བ་ན། ལུས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་བསམ་ གཏན་དང་པོའི་ས་པ་ཡིན་ནོ། །གཟུགས་དང་མིག་ནི་གསུམ་པའི་ཡིན་ནོ། །དེ་བཞིན་དུ་བསམ་གཏན་བཞི་པའི་མིག་གིས་འདོད་པར་གཏོགས་པ་རྣམས་ལ་ལྟ་བ་ན། ལུས་དང་གཟུགས་ནི་འདོད་པའི་ཁམས་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། །མིག་ནི་བསམ་གཏན་བཞི་པའི་ས་པ་ ཡིན་ནོ། །བསམ་གཏན་དང་པོའི་ས་པ་རྣམས་ལ་ལྟ་བ་ན་ལུས་ནི་སྔ་མ་དང་འདྲའོ། །གཟུགས་རྣམས་དང་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། །མིག་ནི་བཞི་པའི་ཡིན་ནོ། །བསམ་གཏན་གཉིས་པའི་ས་པ་རྣམས་ལ་ལྟ་བ་ན་ལུས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། ། གཟུགས་རྣམས་ནི་གཉིས་པའི་ཡིན་ནོ། །མིག་ནི་བཞི་པའི་ཡིན་ནོ། བསམ་གཏན་གསུམ་པའི་ས་པ་རྣམས་ལ་ལྟ་བ་ན་ལུས་ནི་འདོད་པར་གཏོགས་པ་ཡིན་ལ། རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ཡིན་ནོ། །གཟུགས་ནི་གསུམ་པའི་ཡིན་ནོ། །མིག་ནི་བཞི་པའི་ཡིན་ནོ། །བསམ་གཏན་བཞི་པའི་ས་པ་ རྣམས་ལ་ལྟ་བ་ན། ལུས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ས་པ་ཡིན་ནོ། །གཟུགས་དང་མིག་ནི་བཞི་པའི་ཡིན་ནོ། །བསམ་གཏན་གསུམ་ལ་སོགས་པའི་མིག་གིས་ལྟ་བའི་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ལ། བསམ་གཏན་དང་པོར་སྐྱེས་པ་བསམ་ གཏན་གསུམ་པའི་མིག་གིས་འདོད་པའི་གཟུགས་རྣམས་ལ་ལྟ་བ་ན། གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། ལུས་དང་རྣམ་པར་ཤེས་པ་དག་ནི་དང་པོའི་ཡིན་ནོ། །མིག་ནི་གསུམ་པའི་ཡིན་ནོ། །བསམ་གཏན་དང་པོའི་གཟུགས་རྣམས་ལ་ལྟ་བ་ན་ལུས་དང་། རྣམ་པར་ཤེས་པ་དང་། གཟུགས་ རྣམས་ནི་དང་པོའི་ཡིན་ལ། མིག་ནི་གསུམ་པའི་ཡིན་ནོ། །བསམ་གཏན་གཉིས་པའི་གཟུགས་རྣམས་ལ་ལྟ་བ་ན། ལུས་དང་རྣམ་པར་ཤེས་པ་དག་ནི་དང་པོའི་ཡིན་ལ། གཟུགས་ནི་གཉིས་པའི་ཡིན་ནོ། །མིག་ནི་གསུམ་པའི་ཡིན་ནོ། །རང་གི་གཟུགས་རྣམས་ལ་ལྟ་བ་ན་ལུས་དང་རྣམ་པར་ཤེས་པ་དག་ ནི་དང་པོའི་ཡིན་ལ། མིག་དང་གཟུགས་གཉིས་ནི་གསུམ་པའི་ཡིན་ནོ། །བསམ་གཏན་བཞི་པའི་མིག་གིས་ལྟ་བའི་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ཞེས་བྱ་བ་ལ། དེ་ལ་བསམ་གཏན་གཉིས་པར་སྐྱེས་པའི་རང་གི་མིག་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། ། བསམ་གཏན་གསུམ་པ་དང་བཞི་པ་ནི་གཞན་གྱི་མིག་གོ། །དེ་བཞིན་དུ་བསམ་གཏན་གསུམ་པར་སྐྱེས་པའི་རང་གི་མིག་ནི་བསམ་གཏན་གསུམ་པའི་ས་པའོ། །གཞན་གྱི་མིག་ནི་བསམ་གཏན་བཞི་པའི་ས་པའོ། །བསམ་གཏན་བཞི་པར་སྐྱེས་པའི་མིག་ནི་རང་གི་ས་པ་ཁོ་ན་ཡིན་གྱི། གཞན་གྱི་ས་པ་ནི་མ་ཡིན་ནོ། ། རང་དང་གཞན་གྱི་གཟུགས་རྣམས་ལ་ལྟ་བའི་ཡང་ཞེས་བྱ་བ་ལ། བསམ་གཏན་གཉིས་པར་སྐྱེས་པའི་རང་གི་ས་པའི་གཟུགས་ནི་བསམ་གཏན་གཉིས་པའི་གཟུགས་དག་གོ། །ལྷག་མ་གོང་མ་དང་འོག་མ་དག་ནི་གཞན་གྱི་ས་པ་རྣམས་སོ། །བསམ་གཏན་གསུམ་པ་དང་། བཞི་པར་སྐྱེས་པ་གཉིས་ཀྱི་ཡང་དེ་བཞིན་ དུ་སྦྱར་བར་བྱ་སྟེ། བཞི་པར་སྐྱེས་པའི་གཞན་གྱི་ས་པའི་གཟུགས་རྣམས་ནི་འོག་མ་དག་ཁོ་ན་ཡིན་གྱི། གོང་མ་དག་ནི་ཡོད་པ་མ་ཡིན་ནོ། །ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་རིགས་པ་འདི་ཡིན་ཏེ། བསམ་གཏན་གཉིས་པར་སྐྱེས་པའི་འདོད་པར་གཏོགས་པ་དང་། བསམ་གཏན་དང་པོའི་ས་ པའི་མིག་མེད་ཀྱི། རང་གི་ས་པའི་མིག་གིས་རང་དང་འོག་མའི་གཟུགས་རྣམས་ལ་ལྟ་སྟེ། གོང་མ་དག་ལ་ནི་མ་ཡིན་ནོ། །བསམ་གཏན་གསུམ་པའི་ས་པས་ནི་བསམ་གཏན་བཞི་པའི་གཟུགས་མ་གཏོགས་པའི་གཟུགས་རྣམས་ལ་ལྟའོ། །བསམ་གཏན་བཞི་པའི་མིག་ གིས་ནི་ཐམས་ཅད་ལ་ལྟ་བ་ཉིད་དོ། །དེ་ལྟར་ན་བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པ་རྣམས་ནི་ས་འོག་མའི་མིག་མེད་ཀྱི། རང་གི་ས་པའི་མིག་གིས་རང་གི་ས་པ་དང་ས་འོག་མའི་གཟུགས་ལ་ལྟ་སྟེ། ས་གོང་མ་ལ་ནི་མ་ཡིན་ནོ། །ལུས་ལ་འོག་མའི་མིག་མ་ཡིན་ཞེས་བྱ་བ་ལ། འོག་མ་བཀག་པས་ རང་གི་ས་པ་དང་ས་གོང་མ་པ་གནང་བར་འགྱུར་རོ། །འདི་ལྟར་ས་གོང་མ་པའི་ལུས་ལ་ས་འོག་མ་པའི་མིག་རྣམ་པར་སྨིན་པ་ལས་སྐྱེས་པ་མི་རིགས་ཏེ། ས་འོག་མ་པའི་རྣམ་པར་སྨིན་པའི་རྒྱུས་གོང་མའི་འབྲས་བུ་མི་འབྱིན་པའི་ཕྱིར་རོ། །རྒྱས་པ་ལས་བྱུང་བ་ཡང་མི་རུང་སྟེ། ས་འོག་མ་པའི་རྒྱས་པའི་རྒྱུ་མེད་པའི་ཕྱིར་རོ། ། ལུས་དང་། མིག་དང་། གཟུགས་རྣམས་ནི་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། བསམ་གཏན་བཞི་པའི་གོང་ན་གཟུགས་མེད་པའི་ཕྱིར་ས་ལྔ་པ་ཁོ་ན་ཡིན་གྱི། ས་གོང་མ་དག་ནི་མེད་དོ། །མིག་གི་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ། འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ཡོད་ཀྱི། གོང་ན་ནི་ཡོད་པ་མ་ ཡིན་ཏེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཕྱིར་དང་། བསམ་གཏན་གཉིས་པ་ལ་སོགས་པ་དག་ན་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་རོ། །མིག་གི་ས་གོང་མའི་གཟུགས་མ་ཡིན་ཞེས་བྱ་བ་ལ། གོང་མའི་བཀག་པས་རང་གི་ས་པ་དང་ས་འོག་མ་པ་ཁས་བླངས་པར་འགྱུར་རོ། །ཡང་ཅིའི་ཕྱིར་ མིག་གོང་མའི་གཟུགས་ཀྱི་ཡུལ་ཅན་དུ་མི་འདོད་ཅེ་ན། ས་འོག་མའི་མིག་ནི་ཡུལ་རགས་པ་ལ་འཚམ་པའི་ཕྱིར། ས་གོང་མའི་གཟུགས་ཕྲ་མོ་ལ་ལྟ་བའི་ནུས་པ་མེད་དོ། །རྣམ་པར་ཤེས་པའང་གོང་མ་ནི་མིག་གིས་མ་ཡིན་ཏེ་ཞེས་བྱ་བ་འདིར་ཡང་རང་གི་ས་པ་དང་ས་འོག་མ་པ་ཁས་བླངས་པར་འགྱུར་ཏེ། ཇི་ལྟར་ ས་གོང་མའི་གཟུགས་ས་འོག་མ་པའི་མིག་གི་ཡུལ་མ་ཡིན་པ་དེ་བཞིན་དུ། ས་གོང་མ་པའི་རྣམ་པར་ཤེས་པ་ཡང་ས་འོག་མ་པའི་མིག་གིས་བརྟེན་པར་མི་འགྱུར་ཏེ། རང་གི་རྟེན་དང་ལྷན་ཅིག་ཡུལ་གཅིག་ལ་འཇུག་པའི་ཕྱིར་རོ། །འདི་ན་ལྷ་ཚངས་པ་ལ་སོགས་པ་མཐོང་བའི་ཕྱིར་དང་། དེའི་དབང་གིས་རྣམ་པར་ཤེས་ པ་སྐྱེ་བའི་ཕྱིར་འདི་ནི་ཁྱད་པར་བྱ་དགོས་སོ་ཞེས་བྱ་བ་འདི་ནི་རྒོལ་བའི་གཞི་ཡིན་ནོ་ཞེ་ན། སྤྲུལ་པའི་གཟུགས་མཐོང་བའི་ཕྱིར་ན་འདི་ནི་བཤད་ཟིན་ཏོ། །གཟུགས་ནི་འདིའི་ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ་ཞེས་བྱ་བ་འབྱུང་སྟེ། འདིའི་ཞེས་བྱ་བ་བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཞེས་བྱ་ བ་ལ། རྣམ་པར་ཤེས་པའི་རིགས་ཀྱི་ཡུལ་ནི་གཟུགས་ཐམས་ཅད་དུ་ཡིན་ཏེ། འདོད་པ་ན་སྤྱོད་པའི་མིག་གི་ཤེས་པའི་ཡུལ་ནི་རང་གི་ས་པའི་གཟུགས་ཁོ་ནའོ། །བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་རང་དང་འོག་དང་། གོང་མའི་ས་པའི་གཟུགས་ཡིན་ལ་ལུས་ཀྱི་ཡང་ གཟུགས་དང་རྣམ་པར་ཤེས་པ་དག་གཉིས་ཀ་རང་དང་། འོག་དང་། གོང་མའི་ས་པ་དག་ཐམས་ཅད་དུ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པའི་རང་གི་ས་པའི་གཟུགས་ནི་རང་གི་རྣམ་པར་ཤེས་པས་ཤེས་པའི་འདོད་པ་དང་བསམ་གཏན་དང་པོའི་གཟུགས་སོ། །བསམ་གཏན་དང་པོའི་རྣམ་པར་ཤེས་པའི་གོང་མའི་ས་ པ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་གཟུགས་སོ། །ས་འོག་མ་པའི་འདོད་པའི་གཟུགས་སོ། །ལུས་ཀྱི་གཟུགས་དང་རྣམ་པར་ཤེས་པ་རང་གི་ས་པ་དག་ནི་འདོད་པ་དང་བསམ་གཏན་དང་པོར་སྐྱེས་པའིའོ། །ས་འོག་མ་པ་དག་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའིའོ། །ས་གོང་མ་པ་དག་ ནི་འདོད་པའི་ཁམས་སུ་སྐྱེས་པ་ཁོ་ནའིའོ། །ལུས་ལ་འོག་མའི་རྣ་བ་མིན། །ཞེས་བྱ་བ་ལ། ས་གོང་མ་པའི་ལུས་ཡིན་པས་ས་དེ་པ་འམ་གོང་མའི་རྣ་བ་ཡིན་གྱི། ས་འོག་མ་པ་ནི་མ་ཡིན་ནོ། །འདིའི་རྣ་བའི་ཡུལ་ནི་དེའི་ས་པའི་ས་གོང་མ་པའི་སྒྲ་མ་ཡིན་ནོ། །རྣ་བའི་གོང་མའི་སྒྲ་མ་ཡིན་ཞེས་བྱ་བ་ནི་རྣ་བའི་དབང་པོ་ སྟེ། ས་གོང་མའི་སྒྲ་ས་འོག་མའི་རྣ་བས་ཐོས་པར་ནི་ནམ་ཡང་མི་ནུས་སོ། །རྣམ་པར་ཤེས་པ་ཡང་གོང་མ་ནི་རྣ་བའི་མ་ཡིན་ཏེ། སྒྲ་བཞིན་ནོ། །རྣམ་པར་ཤེས་པ་འང་སྒྲ་ནི་འདིའོ། །ལུས་ཀྱི་འང་གཉིས་ཀ་ཐམས་ཅད་དུ། འདིའི་ཞེས་བྱ་བ་བཤད་མ་ཐག་པའི་རྣ་བའི་རྣམ་པར་ཤེས་པའི་ཡུལ་ནི་གོང་མ་དང་། འོག་ མ་དང་། རང་གི་ས་པའི་སྒྲ་ཐམས་ཅད་དུ་ཡིན་ལ། ལུས་ཀྱི་ཡང་སྒྲ་དང་རྣམ་པར་ཤེས་པ་དག་གཉིས་ཀ་ཐམས་ཅད་དུ་ཡིན་ནོ། །གསུམ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཡུལ་དང་ཕྲད་པ་ཡིན་པའི་ཕྱིར་ལུས་དང་དབང་པོ་དང་ཡུལ་གྱི་བདག་ཉིད་ཅན་གསུམ་ཆར་གདོན་མི་ཟ་བར་རང་གི་ས་པ་ཡིན་གྱི། རྣམ་ པར་ཤེས་པ་ལ་ནི་བྱེ་བྲག་ཡོད་དོ། །དྲི་དང་རོ་དག་ནི་འདོད་པའི་ཁམས་ཁོ་ན་ན་ཡོད་པའི་ཕྱིར་དང་། ལུས་དང་། རེག་པ་དང་། ལུས་ཀྱི་དབང་པོ་ནི་ས་ལྔ་པ་ཡིན་ལ། ལུས་ཀྱི་རྣམ་པར་ཤེས་པ་ནི་ས་གཉིས་པ་ཡིན་པ་དེའི་ཕྱིར། འདི་ལ་དབྱེ་བ་ཡོད་དོ། །ཡིད་མ་ངེས་ཏེ་ཞེས་བྱ་བ་ལ། རེ་ཞིག་ མཚུངས་པའི་ས་པ་ནི་ས་ལྔ་པོ་དག་ཏུ་སྐྱེས་པ་གང་ཡིན་པའི་རང་གི་ས་པ་བཞི་པོ་ཁོ་ན་ཡིན་གྱི། གང་གི་ཚེ་རང་གི་ས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ས་པའི་ཆོས་རྣམས་ཤེས་པ་ནའོ། །དེ་ཉིད་ཀྱི་ཕྱིར། ས་ལྔ་པའི་ཡུལ་ལ་ཡང་ཡིད་ལ་སོགས་པ་ཐམས་ཅད་པ་དག་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་ནི་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོ་པའི་བར་ས་ཐམས་ཅད་པ་ཡིན་ནོ། །སྙོམས་པར་འཇུག་པ་དང་སྐྱེ་བའི་ཚེ་ཞེས་བྱ་བ་འབྱུང་ངོ་། །དེ་ལ་སྙོམས་པར་འཇུག་པའི་ཚེ་ཡིད་ས་གོང་མ་པ་ཡིན་ན་ནི་གང་གི་ཚེ་འདོད་པའི་ཁམས་སུ་སྐྱེ་བ་ཞིག་བསམ་གཏན་དང་པོ་ལ་ སོགས་པའི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས་པས་འདོད་པ་ན་སྤྱོད་པའི་ཆོས་རྣམས་ཤེས་པ་ན་སྟེ། དེའི་ཚེ་ཡིད་ནི་ས་གོང་མ་པ་ཡིན་ལ། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་རྣམས་ནི་ས་འོག་མ་པ་ཡིན་ནོ། །ཡང་ན་འདོད་པའི་ཁམས་སུ་སྐྱེས་པ་འདོད་པར་གཏོགས་པའི་སྤྲུལ་ པ་སྤྲུལ་པ་ན་སྟེ། ཡིད་ནི་ཅི་རིགས་པར་བསམ་གཏན་བཞི་པའི་ས་པ་ཡིན་ལ། གསུམ་ནི་འདོད་པར་གཏོགས་པའི་ཡིན་ནོ། །ས་འོག་མའི་ཡིད་ནི་བསམ་གཏན་དང་པོར་སྐྱེ་བའི་སྤྲུལ་པ་སྡུད་པའི་ཚེ་སྟེ། ཡིད་ས་འོག་མ་པ་ཡིན་ལ། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་རྣམས་ནི་ས་གོང་མ་ པ་ཡིན་ནོ། །སྐྱེ་བའི་ཚེ་ཡིད་ས་གོང་མ་པ་ཡིན་ལ། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་རྣམས་ས་འོག་མ་པ་ཡིན་པ་ནི་གང་ཞིག་ས་གོང་མ་པའི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་འདོད་པ་དང་གཟུགས་ཀྱི་ཁམས་སུ་ཉིང་མཚམས་སྦྱོར་ན་སྟེ། དེའི་ཡིད་ནི་ས་གོང་མ་པ་ཡིན་ལ། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་ས་འོག་མ་པ་ཡིན་ནོ། །ཆོས་རྣམས་ནི་དེའི་ས་པ་དང་། ས་གོང་མ་པ་དང་མི་ལྡན་པ་དག་ཡིན་ནོ། །དེ་བཞིན་དུ་ཡིད་ས་འོག་མ་པ་ཡིན་ལ། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་རྣམས་ས་གོང་མ་པ་ཡིན་པ་ནི་གང་གི་ཚེ་འདོད་པའི་ཁམས་ནས་འཆི་འཕོས་ཏེ། དེ་ནས་ གཟུགས་ཀྱི་ཁམས་སུ་ཉིང་མཚམས་སྦྱོར་བ་ན་སྟེ། དེའི་ཚེ་ཡིད་ནི་ས་འོག་མ་པ་ཡིན་ལ། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་ས་གོང་མ་པ་ཡིན་ནོ། །ཆོས་རྣམས་ནི་མ་ངེས་ཏེ། དེའི་ས་པ་དང་། ས་གོང་མ་པ་དང་མི་ལྡན་པ་དག་གམ། འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་སོ། །འདི་རྒྱས་པར་ ནི་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་ལ་སོགས་པ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེ་བོ་དག་པ་ལས་དེ་བཞིན། །རང་གི་ས་པའི་ཉོན་མོངས་ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་འོག་མའི་དག་གཅིག་ཀྱང་། །འཆི་འཕོ་དག་ ལས་ཉོན་མོངས་ཀུན། །ཉོན་མོངས་ཅན་ལས་གོང་མ་མིན། །ཞེས་བྱ་བ་དང་། རིགས་མི་མཐུན་པའི་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཞར་ལས་འོངས་པའི་སྐབས་ཞེས་བྱ་བ་ལ། ཞར་ལས་འོངས་པ་ནི་ཞར་ལས་བྱུང་བ་སྟེ། ལུས་གང་ལ་གནས་ ཏེ་ཞེས་བྱ་བ་ལ་སོགས་པ་འདི་ནི། མིག་གིས་གཟུགས་རྣམས་མཐོང་ཞེས་བྱ་བ་དེ་ལས་འོངས་པ་ཡིན་ནོ། །ཁམས་ཀྱི་རབ་ཏུ་དབྱེ་བའི་སྐབས་སུ་བབ་པས་དེའི་ཕྱིར། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །ཞེས་བྱ་བ་འདི་སྨོས་སོ། །ལྔ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་གསལ་བར་བྱ་བའི་ཕྱིར་རོ། །ཕྱིའི་ཞེས་བྱ་བ་ནི་མིག་ལ་སོགས་ པ་གསལ་བར་བྱ་བའི་ཕྱིར་རོ། །ཕྱིའི་ལྔ་ཁོ་ན་ཉིད་ཀྱིས་ཤེས་པར་བྱ་བ་ཡིན་ནོ་ཞེས་ངེས་པར་གཟུང་བས་གཉིས་ཀྱིས་ཤེས་པར་བྱ་བ་ཁོ་ན་ནི་མ་ཡིན་ཏེ། ཆོས་མངོན་པ་ལས་སྲིད་པའི་དབང་དུ་བྱས་ནས་བཤད་དོ། །ངེས་པར་གཟུང་བ་ཉིད་ཀྱི་ཁམས་ལྷག་མ་བཅུ་གསུམ་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་ནོ་ ཞེས་བྱ་བར་འགྲུབ་པར་འགྱུར་ཏེ། ལྔ་པོ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ནི་རྟག་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་བས་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྟག་གི །ལྷག་མ་རྣམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་མི་རྟག་གོ་ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །ཇི་ལྟར་ འདུས་མ་བྱས་ཁོ་ན་རྟག་པ་ཡིན་ཞེ་ན། དུས་སུ་རྒྱུ་བ་མེད་པའི་ཕྱིར་རོ། །དེ་མེད་པ་ནི་སྐྱེ་བ་ལ་སོགས་པའི་འདུས་བྱས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བྱ་བ་ལ། ཁམས་དག་གོ་ཞེས་སྐབས་དང་སྦྱར་རོ། །མདོ་ལས། མིག་ གི་དབང་པོ་དང་ཞེས་བྱ་བ་ནི་དེ་ནས་བྲམ་ཟེ་རང་བཞིན་ཉན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་དབང་པོ་རྣམས་ཞེས་བགྱི་ན། ཀྱེ་གཽ་ཏ་མ་དབང་པོ་རྣམས་ནི་དུ། དབང་པོ་ཅི་སྙེད་ཅིག་གིས་དབང་པོ་བསྡུས་པར་འགྱུར། བྲམ་ཟེ། དབང་པོ་ནི་ཉི་ཤུ་རྩ་ གཉིས་པོ་འདི་དག་སྟེ། ཉི་ཤུ་རྩ་གཉིས་གང་དག་ཞིག་ཅེ་ན། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། མོའི་དབང་པོ་དང་། ཕོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་ གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། བྲམ་ཟེ་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་སོ། །དབང་པོ་འདི་དག་ཙམ་གྱིས་དབང་པོ་བསྡུས་པར་འགྱུར་རོ་ཞེས་བྱ་བ་འབྱུང་སྟེ། མདོ་ལས་ནི་སྐྱེ་མཆེད་དྲུག་རྣམ་པར་གཞག་པ་ལས་ལུས་ཀྱི་དབང་པོའི་མཇུག་ཐོགས་སུ་ཡིད་ཀྱི་དབང་པོ་ བཤད་ལ། ཆོས་མངོན་པ་རྣམས་ཀྱིས་ནི་རྣམ་པ་སྟོན་པ་དག་ཏུ་ཆེས་བདེ་བླག་ཏུ་བསྟན་པར་བྱ་བའི་ཕྱིར། དམིགས་པ་མེད་ཅིང་ལུང་དུ་མ་བསྟན་ལ། གཅིག་པ་ཟག་པ་དང་བཅས་པ་རྣམས་འདོན་པའི་གོ་རིམས་གཅིག་ཏུ་བྱས་ཏེ། དེ་ནས་དམིགས་པ་དང་བཅས་པའི་དབང་པོ་ཡིད་ཀྱི་དབང་པོ་སྟོན་ཏོ། །དེ་ལ་ ཞེས་བྱ་བ་ནི་དོན་ཉེ་བར་དགོད་པའི་ཚིག་སྟེ། དབང་པོ་གང་དག་བཤད་པ་ལ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཆོས་ཀྱི་ཕྱེད་ཅེས་བྱ་བའོ། །སྲོག་གི་དབང་པོ་ལ་སོགས་པ་དབང་པོ་བཅུ་གཅིག་དང་ཞེས་བྱ་བ་ལ། ཆོས་ཀྱི་ཁམས་ཀྱི་ཕྱེད་ནི་སྲོག་གི་དབང་པོ་དང་། ཚོར་བའི་དབང་པོ་ལྔ་དང་། དད་པ་ལ་སོགས་པ་ལྔ་དང་། གསུམ་པོ་དག་གི་ཆ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་རྫས་དགུའི་བདག་ཉིད་ཅན་རྣམས་ལས་ཡིད་ཀྱི་དབང་པོ་མ་གཏོགས་པ་གཞན་རྫས་བརྒྱད་དོ། །མིག་ལ་སོགས་པ་ལྔ་ནི་རང་གི་མིག་གིས་སྨོས་སོ་ཞེས་བྱ་བ་ལ། མིག་ལ་སོགས་པའི་ཁམས་ལྔ་ ནི་དབང་པོ་ལྔ་སྟེ། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་རོ། །ཕོ་དང་མོའི་དབང་པོ་གཉིས་ནི་ལུས་ཀྱི་ཁམས་ཀྱི་ཕྱོགས་ཡིན་ཏེ། གང་གི་ཕྱིར་ཕོའི་ཁམས་དང་། མོའི་ཁམས་གཞན་མེད་པའི་ཕྱིར་རོ། །འོག་ནས་འཆད་དོ་ཞེས་བྱ་བ་ནི། ལུས་ལས་ཕོ་དང་མོ་དབང་དག །ཅེས་བྱ་བ་དེ་ནས་སོ། །ལྷག་ མ་ཁམས་ལྔ་པོ་དག་ཅེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་དག་གོ། །ཆོས་ཀྱིས་ཁམས་ཀྱི་ཕྱོགས་ནི་དབང་པོ་མ་ཡིན་པ་ཞེས་བྱ་བ་ནི་དབང་པོ་བཅུ་གཅིག་མ་གཏོགས་པ་རྣམས་སོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས་ཁམས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དང་པོའི་འགྲེལ་བཤད་དོ།། །།དབང་པོ་རྣམས་བཤད་པ་ལ་ཞེས་བྱ་བ་ལ། གར་བཤད་ཅེ་ན། ཁམས་ཀྱི་མཛོད་ཀྱི་མཐར་རོ། །ཇི་ལྟར་བཤད་ཅེ་ན། བསྡུ་བ་དང་། རབ་ཏུ་དབྱེ་བའི་སྒོ་ནས་ཏེ། ཆོས་ཀྱི་ཕྱེད་དང་གང་དག་ནི། ། བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བྱ་བ་ནི་བསྡུ་བའོ། །མིག་གི་དབང་པོ་ནས། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ཞེས་བྱ་བར་ནི་རབ་ཏུ་དབྱེ་བའོ། །དེ་ལྟར་དབང་པོ་རྣམས་བཤད་པ་ལ་དབང་པོའི་དོན་མི་ཤེས་པ་དེའི་ཕྱིར་དབང་པོའི་དོན་ཅི་ཞེ་ན་ཞེས་བྱ་བར་སྨོས་སོ། །འདིའི་སྒྲའི་དོན་གྱི་དབང་དུ་བྱས་ ནས་དྲིས་པ་ཡིན་གྱི། དངོས་པོའི་དོན་ནི་མ་ཡིན་ཏེ། དངོས་པོ་ཕན་ཚུན་ཐ་དད་པ་རྣམས་ལ་ཐ་མི་དད་པ་ཉེ་བར་བཟུང་ནས་སྒྲ་འཇུག་པ་ནི་མི་རིགས་པའི་ཕྱིར་རོ། །དངོས་པོའི་དོན་ནི་མིག་ལ་སོགས་པ་ཕོའི་དབང་པོ་ལ་ཐུག་པ་འགའ་ཞིག་གི་ནི་མཛོད་ཀྱི་གནས་དང་པོ་ཁོ་ནར་བསྟན་ལ། སྲོག་གི་དབང་པོ་ནི་ལྡན་པ་མ་ ཡིན་པ་རྣམས་ཀྱི་ནང་ནས་འཆད་དོ། །དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ནང་ནས་སོ། །བདེ་བ་ལ་སོགས་པ་རྣམས་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་དག་ནི་དབང་པོའི་སྐབས་འདི་ཉིད་ནས་སྟོན་པར་འགྱུར་རོ། །དེའི་ཕྱིར་དངོས་པོའི་དོན་གྱི་དབང་དུ་བྱས་ ནས་དྲིས་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །སློབ་དཔོན་ཡང་སྒྲའི་དོན་ཁོ་ན་སྟོན་ཅིང་། སྐད་ཀྱི་དབྱིངས་ཀྱི་དོན་ཡོངས་སུ་འཛིན་པར་མཛད་པ་ནི། དབང་ནི་དབང་ཕྱུག་དམ་པའོ། །ཞེས་བྱ་བ་སྟེ། དངོས་པོའི་ཡུལ་ཅན་གྱི་དྲི་བ་ཡིན་ན་ནི་འདི་ལན་དུ་མི་རུང་ངོ་། །དེ་དབང་བྱེད་པས་ན་ཞེས་བྱ་བ་ལ། སྐད་ཀྱི་དབྱིངས་འདི་ གཟུགས་སུ་བལྟ་བར་བྱའོ། །དབང་བྱེད་པས་ན་དབང་པོ་རྣམས་ཏེ། དབང་བདག་བྱེད་ཅེས་བྱ་བའི་དོན་ཏོ། །འདུས་པ་འདི་ལ་དབང་བྱེད་དོ་སྙམ་དུ་བསམ་མོ། །དེའི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་དབང་བྱེད་པས་དབང་པོ་རྣམས་ཡིན་པ་དེའི་ཕྱིར་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། ། གལ་ཏེ་དབང་བྱད་པས་དབང་པོ་རྣམས་ཡིན་ན་ནི། དབང་བྱེད་རྣམས་སོ་ཞེས་བྱ་བར་འགྱུར་རོ་ཞེ་ན། དབང་པོ་ནི་དབང་བྱེད་པའི་རྟགས་དང་། དབང་བྱེད་པས་བསྟེན་པ་དང་། དབང་བྱེད་པས་ཕྱུང་བའོ་ཞེས་བྱ་བས་འདོན་པའི་ཕྱིར་དབང་པོ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ན་ཡང་གྷ་ཉའི་དོན་བརྗོད་པར་བྱ་དགོས་ན། དེ་ ཡང་མ་སྨྲས་པས་འདི་ནི་ལན་མ་ཡིན་ནོ་ཞེ་ན། འདི་ནི་རྣམ་པར་ཤེས་པ་དང་འདྲ་བར་འགྱུར་ཏེ། དཔེར་ན་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་རིག་པའོ་ཞེས་བྱ་བར་འགྱུར་བ་ནི་དེ་ལས་ཐ་དད་པའི་ཤེས་པ་པོས་བསྡུས་པ་བསལ་བར་བྱ་བའི་ཕྱིར། ལོ་ཊའི་དོན་ལ་གུས་པ་མེད་པར་བྱ་སྟེ། རྣམ་པར་ཤེས་པ་ཞེས་བཤད་པ་ དེ་བཞིན་དུ་འདིར་ཡང་དབང་བྱེད་པ་ཞེས་བྱ་བ་དབང་པོ་ལས་ཐ་དད་པར་བརྟགས་པ་གསལ་བར་བྱ་བའི་ཕྱིར་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དག་ལས་ཐ་དད་པའི་དབང་བྱེད་པས་བརྟགས་པ་གསལ་བར་བྱ་བའི་དོན་དུ། དོན་དེ་དང་དེ་དག་ལ་དབང་བྱེད་པར་གྱུར་པའི་ཕྱིར་དབང་བྱེད་པའི་དོན་གྱིས་ན་དབང་པོ་རྣམས་ སོ་ཞེས་གསུངས་སོ། །ལྔ་པོ་རྣམས་ནི་དོན་བཞི་ལ། །ཞེས་བྱ་བ་ལ། གྲངས་མི་མཉམ་པར་བསྟན་པར་བྱ་བའི་ཕྱིར་དང་། བསྣན་པ་ནི་མངོན་པར་བྱས་པའི་ཕྱིར་དང་། ལྔ་པོ་རྣམས་རེ་རེ་ཞིང་དོན་བཞི་ལ་དབང་བྱེད་པའི་ཞེས་བྱ་བར་ཤེས་སོ། །དེ་ཉིད་ཀྱི་ཕྱིར། རེ་ཞིག་མིག་དང་རྣ་བ་དག །ཅེས་དོན་ཐ་དད་པ་བྱེ་བྲག་ ཏུ་ཕྱེ་སྟེ་ཉ་བར་བཀོད་དོ། །རེ་རེ་ཞིང་ཞེས་བྱ་བ་ནི་བསྡུས་པ་མ་ཡིན་པའོ། །ལུས་མཛེས་པར་བྱས་པ་དང་ཞེས་བྱ་བ་ལ། ལུས་ནི་འདིར་གཟུགས་ཀྱི་ཚོགས་ལ་མངོན་པར་འདོད་དོ། །མཛེས་པ་ནི་གང་གཟུང་བར་འོས་པའི་ངོ་བོ་ཉིད་དོ། །མི་མཛེས་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཟུང་བར་འོས་པའི་ངོ་བོ་མ་ཡིན་ པའི་ཕྱིར་ཏེ། མ་ལོང་བ་དང་མ་འོན་པ་དག་ནི་རྟེན་དུ་གཟུང་བར་འོས་པ་ཉིད་ཀྱི་ཕྱིར་ལུས་མཛེས་པར་བྱ་བ་ལ་དབང་བྱེད་པའོ། །ལུས་ཡོངས་སུ་སྲུང་བ་དང་ཞེས་བྱ་བ་ནི་མིག་དང་རྣ་བ་དག་དབང་བྱེད་དོ་ཞེས་བྱ་བ་དང་སྦྱར་རོ། །སྲུང་བ་ནི་ཡོངས་སུ་འདྲེན་དང་འཚོ་བ་སྟེ། སྲོག་གི་བར་ཆད་ཀྱི་རྒྱུ་ཡོངས་སུ་སྤོང་བའོ་ཞེས་བྱ་ བའི་དོན་ཏོ། །ལུས་སྲུང་བ་དེ་ཇི་ལྟར་མིག་དང་། རྣ་བ་དག་གིས་ཡིན་ཞེ་ན། དེའི་ཕྱིར། མཐོང་བ་དང་ཐོས་པ་ནས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཅོང་རོང་ལ་སོགས་པ་མཐོང་ཞིང་། སྟག་ལ་སོགས་པའི་སྒྲ་ཐོས་ནས་གཅོང་རོང་ལ་སོགས་པ་དང་། སྟག་ལ་སོགས་པ་སྲོག་གི་བར་ཆད་ཀྱི་རྒྱུ་ཡོངས་སུ་ སྤོང་བའི་ཕྱིར་རོ། །མཚུངས་པར་ལྡན་པ་དང་བཅས་པ་དག་ཅེས་བྱ་བ་ནི་སེམས་ལས་བྱུང་བ་དང་བཅས་པ་དག་སྟེ། མིག་དང་རྣ་བ་གྱུར་པའི་རྗེས་སུ་བྱས་པས་རྟེན་གྱི་ངོ་བོ་གནས་པའི་ཕྱིར་དེ་དག་གི་རྣམ་པར་ཤེས་པ་སྐྱེས་པ་ལ་དབང་བྱེད་དོ། །གཟུགས་ལྟ་བ་དང་སྒྲ་མཉན་པ་དག་གིས་ཞེས་བྱ་བ་ལ། གཟུགས་དང་ སྒྲ་འཛིན་པ་དག་གིས་ཞེས་བྱ་བའི་དོན་ཏོ། །འདི་དག་གི་བྱེད་པ་ནི་ལུས་ལ་འཛིན་པ་ཞིག་འདོད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་ཞེས་བྱ་བ་ནི་ཡུལ་མ་འདྲེས་པའི་ཡིན་པའི་ཕྱིར་ཏེ། རྣ་བས་གཟུགས་ལྟ་བའམ། མིག་གིས་ཉན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་མིག་དང་རྣ་བ་དག་ཁོ་ན་གཟུགས་ལྟ་བ་ དང་། སྒྲ་ཉན་པ་དག་དང་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་དོ། །སྣ་དང་། ལྕེ་དང་། ལུས་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ལས་དབང་པོ་གང་ཡང་རུང་བ་ཞིག་ཉམས་ན་ཡང་རྟེན་གཟུང་བར་མི་འོས་པ་ཉིད་ཀྱི་ཕྱིར་རོ། །རྟེན་ཉིད་མཛེས་པར་བྱ་བ་ལ་དབང་བྱེད་དོ། །ཞེ་ན། མ་ཡིན་ཏེ། ཤི་བའི་ གཟུགས་མི་མཛེས་པའི་ཕྱིར་རོ། །དེ་དག་གིས་ཁམ་གྱི་ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཞེས་བྱ་ལ། ཁམ་གྱི་ཟས་ནི་དྲི་ལ་སོགས་པ་སྐྱེ་མཆེད་གསུམ་གྱི་བདག་ཉིད་ཡིན་ལ། དྲི་ལ་སོགས་པ་དེ་དག་ཀྱང་སྣ་ལ་སོགས་པ་དག་གིས་ཡོངས་སུ་ལོངས་སྤྱོད་པས་ཁམ་གྱི་ཟས་ཡོངས་སུ་ལོངས་སྤྱོད་པའི་ ཕྱིར་ལུས་སྲུང་བ་ཡིན་ཏེ། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྣ་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དོན་གོ་བར་ཟད་དོ། །དྲི་བསྣམ་པ་དང་། རོ་མྱང་བ་དང་། རེག་བྱ་རེག་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བཞི་རྣམས་གཉིས་ ལའོ་ཞེས་བྱ་བར་འབྱུང་སྟེ། འདིར་ཡང་བསྣན་པ་སྟེ། རེ་རེ་ཞིང་དོན་གཉིས་དང་། གཉིས་ལ་དབང་བྱེད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བཞི་པོ་རྣམས་རེ་རེ་ཞིང་དབང་བྱེད་དོ། །ཡུལ་དང་ཡུལ་ཅན་དག་གྲངས་མི་མཉམ་པའི་ཕྱིར་རེ་རེ་ཞིང་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ལོའི་སྒྲ་ནི་རང་གི་དོན་དང་ཐམས་ཅད་ཅེས་བྱ་ བ་ལ་སོགས་པ་རྣམ་གྲངས་ཕྱི་མ་གསལ་བར་བྱེད་པའི་དོན་ཏོ། །སེམས་ཅན་གྱི་བྱེ་བྲག་དང་ཁྱད་པར་དག་ལ་དབང་བྱེད་དེ་ཞེས་བྱ་བ་ལ། སེམས་ཅན་རྣམས་མིག་ལ་སོགས་པ་ནི་དབང་པོ་ཅན་དུ་མཚུངས་ཀྱང་། ཕོའོ། མོའོ་ཞེས་བྱ་བའི་བྱེ་བྲག་འདི་ཕོ་དང་མོའི་དབང་པོས་བྱས་པ་ཡིན་ཏེ། འདི་ལྟར་སྐལ་པ་དང་པོ་པ་རྣམས་ནི་དབང་པོ་གཉིས་འབྱུང་བའི་གོང་རོལ་དུ་སེམས་ཅན་སེམས་ཅན་ཞེས་བྱ་བར་བྱེ་བྲག་མེད་པར་རྣམ་པར་གནས་ལ། དབང་པོ་གཉིས་བྱུང་བས་ནི་ཕོའོ། །མོའོ་ཞེས་བྱ་བ་དེ་ལྟར་བྱེ་བྲག་ཏུ་གྱུར་ཏོ། །གང་གི་ཕྱིར་དབང་པོ་གཉིས་བྱུང་བའི་གོང་རོལ་དུ་བསྐལ་པ་དང་པོ་པ་རྣམས་ཀྱི་ ནུ་མ་ལ་སོགས་པ་དབྱིབས་དང་། ང་རོ་དང་། སྤྱོད་པ་ལ་སོགས་པ་དག་བྱེ་བྲག་མེད་ལ། དབང་པོ་བྱུང་བས་ནུ་མ་ལ་སོགས་པའི་དབྱིབས་དང་། ང་རོ་དང་། སྤྱོད་པ་ལ་སོགས་པ་དག་བྱེ་བྲག་ཡོད་པ་དེའི་ཕྱིར་དེ་དག་ནི་སེམས་ཅན་གྱི་ཁྱད་པར་ལ་ཡང་དབང་བྱེད་དོ། །གཞན་དག་ན་རེ་ནི་ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བ་དག་ལ་དབང་བྱེད་དེ་ཞེའོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །དེ་དག་དང་མི་ལྡན་པ་དང་། ཉམས་པ་ཞེས་བྱ་བ་ནི་དེ་དག་དང་མི་ལྡན་པ་དང་། དེ་དག་དང་ཉམས་པའོ། །ཕོ་དང་མོའི་དབང་པོ་དག་དང་བྲལ་བ་ནི་ཟ་མ་རྣམས་ཏེ། འབྱིན་པ་མེད་པའི་ཕྱིར་རོ། ། དེ་དག་ཉམས་པ་ནི་མ་ནིང་རྣམས་ཏེ། གནོད་པས་ཉམས་པའི་ཕྱིར་རོ། །མཚན་གཉིས་པ་ནི་གཉིས་ཀ་ཉམས་པ་སྟེ། གནས་ཉམས་པའི་ཕྱིར་དང་། བདེ་བ་ཆུང་ངུའི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ནི་ཉེས་པར་སྤྱོད་པ་རབ་དང་། དེའི་རྒྱུ་ཉོན་མོངས་པ་སྟེ། དེ་ནི་སྡོམ་པ་མ་ཡིན་པ་དང་། མཚམས་མེད་པ་དང་། དགེ་བའི་རྩ་བ་ཆད་པ་དེ་རྣམས་མེད་དོ། །ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་ཞེས་བྱ་བ་དང་། ཟ་མ་སོགས་ལ་མི་འདོད་དེ། །ཞེས་བྱ་བ་དང་། སྐྱེས་པ་བུད་མེད་ཀྱིས་སྤྱོད་དོ། །ཞེས་བྱ་བ་དང་། ལྟ་སྤྱད་ཅེས་འཆད་པར་འགྱུར་རོ། ། འདིས་ཉོན་མོངས་པ་དག་དང་། དེ་དག་གིས་ཀུན་ནས་བསླང་བའི་ལས་རྣམ་པར་འབྱང་བར་བྱེད་པས་ན་རྣམ་པར་བྱང་བ་སྟེ། དེ་སྡོམ་པ་དང་། འབྲས་བུ་ཐོབ་པ་དང་། འདོད་ཆགས་དང་བྲལ་བ་དེ་རྣམས་མེད་དོ། །གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྐྱེས་པ་དང་བུད་མེད་གཉིས་ཁོ་ན་ ལ་ཡོད་ཀྱི། ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་དག་ལ་མེད་པ་དེའི་ཕྱིར། ཕོ་དང་མོའི་དབང་པོ་དག་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་དོ། །སྲོག་གི་དབང་པོ་ནི་ཞེས་བྱ་བ་ལ། འདིར་རིས་མཐུན་པར་མཚམས་སྦྱོར་བ་ནི་འཆི་བའི་སྲེད་པའི་མཇུག་ཐོགས་སུ་སྲིད་པ་བར་མ་ དོར་མཚམས་སྦྱོར་བའམ། སྐྱེ་བའི་སྲིད་པར་མཚམས་སྦྱོར་བ་བཟུང་སྟེ། གཟུགས་མེད་པ་དག་ཏུ་ཡང་དེ་རྙེད་པ་ཡིན་དང་སྐྱེ་བ་ངེས་པའི་ཕྱིར་རོ། །དེའི་འོག་རོལ་དུ་ནི་ཡང་དག་པར་འཛིན་ཏེ། འདི་ལྟར་ཉོན་མོངས་པ་དང་། དགེ་བའི་སེམས་དང་ལྡན་པ་ཐམས་ཅད་ཀྱང་སྲོག་གི་དབང་པོའི་སྟོབས་ཀྱིས་ གཟུགས་མེད་པའི་ཁམས་ནས་འཆི་འཕོ་བ་མེད་པར་མཐོང་ངོ་། །ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང་ཞེས་བྱ་བར་འབྱུང་སྟེ། ཉོན་མོངས་པ་ཅན་གྱིས་ཡང་སྲིད་པར་མཚམས་སྦྱོར་བའི་ཕྱིར་རོ། །དེ་ཉིད་ལ་ཁུངས་སྨོས་པ་ནི། ཇི་སྐད་དུ་དེའི་ཚེ་དྲི་ཟའི་ཞེས་བྱ་བ་སྟེ། ཕ་མ་ལོག་པར་འཇུག་ པའི་ཚེ་སེམས་གཉིས་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདིས་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀུན་ཏུ་སྤྱོད་པ་མེད་པར་སྐྱེ་བའི་སྲེད་པ་མེད་པའི་ཕྱིར་ཡིད་ནི་སྲིད་པར་ཡང་མཚམས་སྦྱོར་བ་ལ་དབང་བྱེད་དོ་ཞེས་སྟོན་པར་བྱེད་དོ། །གཞན་དག་ནི་འདི་ལ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་ མངལ་དུ་འཇུག་པར་མ་གྱུར་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཁོངས་སུ་སྨྲའོ། །དབང་གི་ངོ་བོ་དང་མཐུན་པར་བྱེད་པ་ལ་དབང་བྱེད་པ་ཉིད་ཀྱིས་ནི་ཡིད་ཀྱི་དབང་གིས་ལུས་དང་། ངག་དག་མཐུན་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་ཁུངས་ནི། ཇི་སྐད་དུ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཇིག་རྟེན་ འདི་ནི་སེམས་ཀྱིས་ཁྲིད། །སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །འདི་དག་ཐམས་ཅད་སེམས་ཀྱི་ཆོས། །གཅིག་གི་དབང་དུ་མཐུན་པར་འགྲོ། །ཞེས་བྱ་བ་འབྱུང་ངོ་། །འདིར་འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་རྟེན་ཐམས་ཅད་དམ། དབང་པོ་དང་བཅས་པའི་ལུས་ལ་སེམས་དབང་དུ་བྱེད་པར་གསུངས་སོ། །ལྔ་དང་བརྒྱད་པོ་དེ་དག་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །ཞེས་བྱ་བ་ལ། ལྔ་དང་བརྒྱད་པོ་འདི་རྣམས་ཏེ། །ལྔ་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་ལ། བརྒྱད་པོ་རྣམས་ནི་རྣམ་པར་བྱང་བ་ལ་སྟེ། གྲངས་མཉམ་ པར་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གོ་རིམས་བཞིན་དུ་ཞེས་བྱ་བ་སྨོས་སོ། །དེ་དག་ལ་འདོད་ཆགས་ལ་སོགས་པ་རྒྱས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དམིགས་པ་དང་ལྡན་པར་མཚུངས་པའི་སྒོ་ནས་འདོད་ཆགས་ལ་སོགས་པ་རྒྱས་པའི་གཞིར་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་ བྱ་བའི་དོན་ཏེ། ཇི་སྐད་དུ་ཚོར་བ་བདེ་བ་ལས་ནི་འདོད་ཆགས་རྒྱས་པར་འགྱུར་རོ། །སྡུག་བསྔལ་ལས་ནི་ཞེ་སྡང་ངོ་། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལས་ནི་གཏི་མུག་གོ་ཞེས་གསུངས་པ་ལྟ་བུའོ། །དད་པ་ལ་སོགས་པ་ནི་རྣམ་པར་བྱང་བ་ལ་དབང་བྱེད་དེ་ཞེས་བྱ་བ་དེ་ཉིད་ལ་རྒྱུ་སྨོས་པ་ནི། དེ་དག་གི་རྣམ་པར་བྱང་བ་ལ་བྱེད་དོ་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་དག་གིས་རྣམ་པར་བྱང་བར་བྱེད་པ་དེའི་ཕྱིར་དེ་དག་རྣམ་པར་བྱང་བ་ལ་དབང་བྱེད་དོ། །རྣམ་པར་བྱང་བར་བྱེད་དོ་ཞེས་བྱ་བ་ནི་སྤོང་བར་བྱེད་དོ་ཞེས་བྱེད་པའི་དོན་ཏེ། དེ་སྐད་དུ་ཡང་། འཕགས་པ་ཉན་ཐོས་དད་པའི་སྒོ་གཏན་ཕུན་སུམ་ཚོགས་ པ། བརྩོན་འགྲུས་ཀྱི་དཔུང་ཕུན་སུམ་ཚོགས་པ། དྲན་པའི་སྒོ་སྲུང་ཕུན་སུམ་ཚོགས་པ། སེམས་མཉམ་པར་གཞག་པ་ནི་ཤེས་རབ་ཀྱི་མཚོན་གྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །གསུམ་པོ་འདི་དག་ནི་འདི་དག་ཁོ་ནའི་ནང་དུ་འདུས་སོ། །གཞན་དག་ན་རེ་བདེ་བ་ལ་ སོགས་པ་རྣམས་ནི་རྣམ་པར་བྱང་བ་ལ། ཡང་ཞེས་བྱ་བ་ལ་ཡང་གི་སྒྲས་ནི་ཀུན་ནས་ཉོན་མོངས་པ་ལ་ཡང་ངོ་ཞེས་བྱ་བར་རྟོགས་ཏེ། བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་གཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། ། དེ་ལྟར་ན་བདེ་བའི་དབང་པོ་ནི་རྣམ་པར་བྱང་བ་ལ་ཡང་དབང་བྱེད་དོ། །དད་པ་གང་ལ་སྡུག་བསྔལ་རྒྱུ་སྟེ། རྒྱུ་མཚན་དུ་ཡོད་པ་དེ་ནི་སྡུག་བསྔལ་གྱི་རྒྱུ་ཅན་ཏེ། འདིས་ནི་དད་པ་སྡུག་བསྔལ་གྱི་རྒྱུ་ཅན་ཡིན་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་ཡང་རྣམ་པར་བྱང་བ་ལ་དབང་བྱེད་པར་སྟོན་ཏེ། ངེས་པར་འབྱུང་བ་ལ་བརྟེན་པ་ དྲུག་ཅེས་བྱ་བ་འབྱུང་སྟེ། ངེས་པར་འབྱུང་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ལམ་མོ། །ངེས་པར་འབྱུང་བ་ལ་བརྟེན་པ་ནི་ངེས་པར་འབྱུང་བ་ལ་དམིགས་པའོ། །ཡིད་བདེ་བ་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་ཡིད་མི་བདེ་བ་དང་། བཏང་སྙོམས་གཟུང་ངོ་། །གཟུགས་ལ་སོགས་པ་ཡུལ་གྱི་དབྱེ་ བས་ནི་རྣམ་པ་དྲུག་ཏུ་དབྱེ་སྟེ། མདོ་ལས་ཇི་སྐད་དུ་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་ཡིད་བདེ་བ་ལ་ངེས་པར་འབྱུང་བ་ལ་བརྟེན་པ། ངེས་པར་འབྱུང་བ་དང་མཐུན་པ། ངེས་པར་འབྱུང་བ་ལ་དམིགས་པ་སྐྱེའོ་ཞེས་བྱ་བ་ནས། དེ་བཞིན་དུ་ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་བརྟེན་ནས་ ཡིད་བདེ་བ། ངེས་པར་འབྱུང་བ་ལ་བརྟེན་པ་སྐྱེའོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱང་བསྡུས་པ་ལྟ་བུའོ། །གཟུགས་ལ་སོགས་པ་རྣམས་ལ་སོ་སོར་རྟོག་པ་ལ་ནི་ཡོངས་སུ་སྤྱོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཡིད་བདེ་བ་དགེ་བ་འདོད་ཆགས་དང་བྲལ་བ་དང་མཐུན་པའི་ཕྱིར་ངེས་ པར་འབྱུང་བ་ལ་བརྟེན་པ་སྐྱེ་ལ། གཟུགས་ལ་སོགས་པ་དག་གིས་བསླུས་པ་ལ་ཚུལ་བཞིན་དུ་ཡིད་མི་བདེ་བ་འདོད་ཆགས་དང་བྲལ་བ་དང་མཐུན་པའི་ཕྱིར་ངེས་པར་འབྱུང་བ་ལ་བརྟེན་པའོ། །གཟུགས་ལ་སོགས་པའི་ཡུལ་དག་ལ་སོ་སོར་བརྟགས་ཏེ། བཏང་སྙོམས་སུ་གནས་ཏེ། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་ལ་བརྟེན་པའི་བཏང་སྙོམས་ཏེ། འདོད་ཆགས་དང་བྲལ་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལྟར་ན་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་རྣམས་ཀྱང་རྣམ་པར་བྱང་བ་ལ་དབང་བྱེད་དོ་ཞེས་བྱ་བར་ཤེས་སོ་ཞེས་ཟེར་རོ་ཞེས་བྱ་བ་སྨོས་ སོ། །ཇི་སྐད་སྨྲས་པའི་དོན་མ་ལུས་པ་རྣམས་ལ་དབང་བྱེད་པ་མི་སྲིད་པས་སློབ་དཔོན་མ་རངས་པར་སྟོན་པར་བྱེད་པའོ། །གཞན་དག་ན་རེ་ནི་ཞེས་བྱ་བ་ནི་མདོ་སྡེ་པ་དག་ན་རེའོ། །རྣམ་པར་ཤེས་ནས་ཡ་ང་བ་ཡོངས་སུ་སྤོང་བའི་ཕྱིར་ཞེས་བྱ་བ་ལ། བྱང་བས་དེ་གནོད་པར་བྱེད་པ་ཉིད་དུ་ཡོངས་སུ་སྤོང་བའི་ཕྱིར་མིག་དང་། རྣ་བ་དག་གིས་ནི་ལུས་སུ་བྱུང་བ་མ་ཡིན་ཏེ། འདི་ལྟར་མ་བྱང་བ་ནི་མཐོང་ཞིང་ཐོས་ཀྱང་ཡོངས་སུ་མི་སྤོང་ངོ་། །གལ་ཏེ་ལུས་སུ་ཡོངས་སུ་བསྲུང་བ་མ་ཡིན་ན་དེ་དག་གང་ལ་དབང་བྱེད་ཅེ་ན། དེའི་ཕྱིར། དེ་གཉིས་རྣམ་པར་ཤེས་པ་ལ་ནི་དབང་བྱེད་དོ་ཞེས་བྱ་བ་སྨོས་ཏེ། དེ་གཉིས་ནི་མིག་དང་རྣ་བ་གཉིས་སོ། །ནིའི་སྒྲ་ནི་ རྣམ་པར་ཤེས་པ་ཁོ་ན་ལའོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །རྣམ་པར་ཤེས་པ་ལས་གཞན་པ་གཟུགས་མཐོང་བའམ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཟུགས་མཐོང་བ་དང་སྒྲ་ཐོས་པ་ནི་རྣམ་པར་དཔྱད་པ་ན་འཛིན་པ་ལས་ཐ་དད་པར་མི་དམིགས་ལ། འཛིན་པ་ཡང་རྣམ་པར་ཤེས་པ་ཁོ་ན་ཡིན་པས་གཞན་མ་ཡིན་ནོ། ། དེའི་ཕྱིར་མིག་དང་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་དག་བསྐྱེད་པ་ལ་དབང་བྱེད་པར་སྨྲས་པ་གང་ཡིན་པ་དེ་ཉིད་འཛིན་པ་ལ་ཡིན་གྱི། གཞན་ལ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །ལུས་མཛེས་པ་ལ་རྟེན་ཁོ་ན་དབང་བྱེད་ཀྱི། དབང་པོ་ལས་འདས་པའི་ཕྱིར་ དབང་པོ་རྣམས་ནི་མ་ཡིན་ཏེ། འདི་ཡང་མཛེས་པར་བྱ་བའི་དོན་དང་ཚིག་གི་དོན་དུ་རྟེན་ཁོ་ནས་ཆོག་གི་ཞེས་སྔར་བཤད་ཟིན་པས་ཡང་ཉེ་བར་མ་བཀོད་དོ། །རང་གི་དོན་དང་ཐམས་ཅད་ལ་དམིགས་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རང་གི་དོན་ནི་རང་གི་དོན་ཏེ། གང་ཞིག་གང་གི་ཡུལ་ཡིན་པའོ། །རང་ གི་དོན་གྱི་དམིགས་པ་ནི་རང་གི་དོན་ལ་དམིགས་པའོ། །དབང་བྱེད་པའི་དངོས་པོ་ནི་དབང་བྱེད་པའི་སྟེ། རང་གི་དོན་གྱི་དམིགས་པ་ལ་དབང་བྱེད་པ་ནི་རང་གི་དོན་ལ་དམིགས་པར་བྱེད་པ་སྟེ། རང་གི་དོན་ལ་དམིགས་པར་དབང་བྱེད་པ་ཉིད་དེའི་ཕྱིར་རོ། །ཅི་ཞེ་ན། ལྔ་པོ་དག་དབང་པོ་ཉིད་ཡིན་ནོ། །ཐམས་ཅད་ ལ་ཞེས་བྱ་བ་ནི་དམིགས་པར་དབང་ཞེས་བྱ་བ་དང་སྦྱར་རོ། །གང་ཞིག་ཅེ་ན། ཡིད་དོ། །འདི་ལ་དོན་རྣམས་ཀྱང་ཞེས་བྱ་བ་ལ། ཇི་ལྟར་དབང་པོ་མེད་པར་དམིགས་པར་མི་འགྱུར་བས་དེ་བཞིན་དུ་དོན་མེད་པ་ཡང་དམིགས་པར་མི་འགྱུར་བས་དབང་པོ་ལྟར་དོན་ཡང་དེ་ལ་དབང་བྱེད་པར་འགྱུར་རོ་ཞེ་ན། དོན་ནི་ དབང་བྱེད་པ་མ་ཡིན་ནོ། །ལྷག་པར་དབང་བྱེད་པ་ཉིད་ནི་དབང་བྱེད་པ་ཡིན་ལ་ཞེས་བྱ་བ་ལ། ལྷག་པར་དབང་བྱེད་པ་ནི་དབང་བྱེད་པ་ཡིན་ལ། དེའི་དངོས་པོ་ནི། ལྷག་པར་དབང་བྱེད་པ་ཉིད་དོ། །ཡང་གང་ཞིག་དོན་ལ་མེད་པ་དབང་པོ་རྣམས་ཀྱི་དབང་བྱེད་པ་ཉིད་ཅི་ཞིག་ཅེ་ན། དེའི་ཕྱིར། མིག་ནི་གཟུགས་ ཐམས་ཅད་དམིགས་པ་ལ་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་དང་ཞེས་བྱ་བ་སྨོས་ཏེ། མིག་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་གཟུགས་ཐམས་ཅད་ཀྱི་དམིགས་པ་ལ་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་རོ། །དམིགས་པ་དེ་དག་གསལ་བ་དང་མི་གསལ་བ་ཉིད་ཅེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ལྟར་དམིགས་པ་ནི་མིག་ ལ་སོགས་པ་གསལ་བ་དང་མི་གསལ་བའི་རྗེས་སུ་བྱེད་པ་ཡིན་ཏེ། ཁམས་ཀྱི་མཛོད་ཀྱི་གནས་ནས་ཇི་སྐད་བཤད་པ་བཞིན་ནོ། །སོགས་པའི་སྒྲས་ནི་ཚོར་བ་འཁྲུགས་པ་དང་། མ་འཁྲུགས་པའི་རྗེས་སུ་བྱེད་པ་གཟུང་ངོ་། །དེ་ལས་བཟློག་པའི་ཕྱིར་གཟུགས་ནི་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུགས་སྔོན་པོ་ནི་ གཟུགས་སོ་སོར་ངེས་པ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་མིག་ལྟར་གཟུགས་ཐམས་ཅད་དམིགས་པའི་བྱ་བ་ཐུན་མོང་གི་རྒྱུ་མ་ཡིན་ལ། དམིགས་པ་དེ་གསལ་བ་དང་མི་གསལ་བའི་རྗེས་སུ་བྱེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གཟུགས་ནི་གཟུགས་ཀྱི་དམིགས་པ་ལ་ལྷག་པར་དབང་བྱེད་པ་ཉིད་མ་ཡིན་ནོ། །ཡིད་ ཆོས་རྣམས་ལ་དབང་བྱེད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །ལུས་ཀྱི་དབང་པོ་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། རེག་བྱའི་ཡུལ་ཅན་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་ལས་གཞན་མ་ཡིན་ཞེས་བྱ་བར་ཤེས་སོ། །གཞན་ཉིད་ཡིན་ན་ནི་མིག་ལ་སོགས་པ་བཞིན་དུ་རེག་བྱའི་ཡུལ་ཅན་དུ་མི་འགྱུར་རོ། ། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་ཡང་ལུས་ཀྱི་དབང་པོ་ལས་གཞན་མ་ཡིན་ཏེ། གཞན་ཉིད་ཡིན་ན་ནི་མིག་ལ་སོགས་པ་ལྟར་ལུས་ཀྱི་དབང་པོ་རྣམ་པར་ཤེས་པའི་རྟེན་དུ་མི་འགྱུར་རོ། །དེའི་ཕྱིར་འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོའི་ཕྱོགས་ཡིན་ཏེ། འདོད་ཆགས་དང་ལྷན་ཅིག་སྐྱེས་པའི་ལུས་ཀྱི་ རྣམ་པར་ཤེས་པ་ཉོན་མོངས་པ་ཅན་ཁོ་ནའི་རྟེན་དུ་གྱུར་པ་གང་ཡིན་པའོ། །མོ་ཉིད་ལ་དབང་བྱེད་པའི་ཕྱིར་དང་། ཕོ་ཉིད་ལ་དབང་བྱེད་པའི་ཕྱིར་ན་མོའི་དབང་པོ་དང་། ཕོའི་དབང་པོ་རྣམ་པར་གཞག་གོ། །མོ་ཉིད་ནི་མོའི་དབང་པོའོ། །གསུམ་པ་ལ་ཡང་ངོ་བོ་ཞེས་བྱ་སྟེ། དེའི་ཕྱིར་བུད་མེད་ཀྱི་ཆ་བྱད་དང་ཞེས་བྱ་བ་ སྨོས་སོ། །ཁ་ཅིག་ཆ་བྱད་ཀྱང་དོན་གཞན་ཡིན་པར་སེམས་པ་དེའི་ཕྱིར་ང་རོ་དང་། གཡོ་བ་དང་། བསམ་པ་དག་སྟེ་ཞེས་བྱ་བ་སྨོས་སོ། །འདི་ཉིད་རྣམ་པར་དཔྱད་པར་བྱ་བའི་ཕྱིར། དེ་ནི་མོའི་མོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཁ་ཅིག་རྟོགས་པར་བྱེད་པ་ལྟར་བུད་མེད་ཀྱི་སྐལ་བ་མཉམ་པའི་མཚན་ཉིད་ཅན་ གཞན་ནི་མ་ཡིན་ནོ། །ཕོའི་ངོ་བོ་ཉིད་ནི་ཕོའི་ཆ་བྱད་དང་ཞེས་བྱ་བ་འདི་ལྟར་ཡང་བཤད་ཟིན་པའི་རྗེས་སུ་འབྲངས་ཏེ་བརྗོད་པར་བྱའོ། །དེ་ལ་བུད་མེད་ཀྱི་བསམ་པ་ནི་སྐྱེས་པའི་ཡུལ་ཅན་ཏེ། བུད་མེད་ནི་སྐྱེས་པའི་བསམ་པ་ཅན་ནོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ཕོའི་བསམ་པ་ནི་བུད་མེད་ཀྱི་ཡུལ་ཅན་ཏེ། སྐྱེས་པ་དག་ལ་ ནི་བུད་མེད་ཀྱི་ཡུལ་ཅན་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཕོ་དང་མོ་གཉིས་ཀྱི་ང་རོ་ཡང་ཐ་དད་དེ། འདི་ལྟར་མ་མཐོང་བར་ཕོའམ་མོར་སྐད་ཀྱིས་ཤེས་པར་འགྱུར་རོ། །གཡོ་བ་འགྲོས་ལ་སོགས་པ་ཡང་ཕོ་དང་མོ་རྣམས་ལ་ཕན་ཚུན་མཚན་ཉིད་མི་མཐུན་པར་དམིགས་སོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པར་བྱ་ བ་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་གནས་པ་ནི་འདིར་རྒྱུན་དུ་རྗེས་སུ་འཇུག་པ་སྟེ། འདིར་གཟུགས་ཀྱི་ཁམས་ན་དགེ་བ་དང་། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་རྣམས་ཀྱང་སྲོག་གི་དབང་པོའི་མཐུས་རིས་མཐུན་པར་རྗེས་སུ་འཇུག་ལ། སྲོག་གི་དབང་པོ་འགགས་ན་འགག་པར་འགྱུར་རོ། ། གལ་ཏེ། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་བྱ་བས་ཟས་དག་ཀྱང་དབང་པོ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མེད་ཀྱང་གནས་པའི་ཕྱིར་ཏེ། གཟུགས་དང་གཟུགས་མེད་པར་སྐྱེས་པ་རྣམས་ནི་ཁམ་གྱི་ཟས་མེད་ཀྱང་རིས་མཐུན་པར་རྗེས་སུ་འཇུག་པ་ཡིན་ནོ། །དེ་བཞིན་དུ་ འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང་། འདུ་ཤེས་མེད་པ་ལ་མངོན་དུ་གྱུར་པ་ལ་རེག་པ་དང་། སེམས་པ་དང་། རྣམ་པར་ཤེས་པ་མེད་ཀྱང་རིས་མཐུན་པར་རྗེས་སུ་འཇུག་པ་མཐོང་ཞིང་། སྲོག་གི་དབང་པོ་མེད་པར་ ནི་མ་ཡིན་ནོ། །དེའི་ཕྱིར་རིས་མཐུན་པར་གནས་པ་ལ་དབང་བྱེད་པའི་ཕྱིར་ན་སྲོག་གི་དབང་པོ་ཁོ་ན་དབང་པོ་ཉིད་ཡིན་གྱི། ཟས་རྣམས་ནི་མ་ཡིན་ནོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱ་བ་ལ་དབང་བྱེད་དོ་ཞེས་བྱ་བ་འབྱུང་སྟེ། བཤད་པ། སྔ་མ་ལ་ཁྱད་པར་ཅི་ཡོད་ཅེ་ན། བདེ་བ་ལ་སོགས་པ་ ནི་རྣམ་པར་བྱང་བ་ལ་ཡང་དབང་བྱེད་དོ་ཞེས་བསལ་བར་བྱ་བའི་ཕྱིར་རོ། །ལྷག་པར་དབང་བྱེད་པ་ཉིད་ནི་དབང་བྱེད་པ་ཡིན་གྱི། རྒྱུ་ཙམ་ནི་མ་ཡིན་ལ། ཚོར་བ་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་ལ་ལྷག་པར་དབང་བྱེད་ཀྱི། རྣམ་པར་བྱང་བར་བྱ་བ་ལ་ནི་མ་ཡིན་པས། དེ་དག་ནི་ཀུན་ནས་ཉོན་མོངས་པ་ཁོ་ ན་ལ་དབང་བྱེད་དོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟར་མདོ་ལས་ཚོར་བ་བདེ་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་སོ། །དད་པ་ལ་སོགས་པ་དབང་པོ་ལྔ་དག་ནི་ཞེས་བྱ་བ་ལ། འདིས་རྣམ་པར་བྱང་བར་བྱེད་པས་ན་ རྣམ་པར་བྱང་བ་སྟེ་ལམ་མོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། འདི་ལྟར་དེ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དྲན་པ་ཉེ་བར་གཞག་པ་དང་དྲོ་བར་གྱུར་པའི་གནས་སྐབས་དག་གིས་ལམ་སྐྱེ་བའི་གེགས་སུ་གྱུར་པའི་ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་ལ། སྐལ་བ་མཉམ་པའི་རྒྱུ་མེད་པར་དེའི་སྟོབས་ ཀྱིས་ལམ་བསྐྱེད་པའི་ཕྱིར་ཆོས་མཆོག་གི་གནས་སྐབས་དག་གིས་ནི་ལམ་ཡང་འདྲེན་པར་བྱེད་དོ། །དེ་དག་ཁོ་ན་རྣམ་པར་བྱང་བ་ལ་དབང་བྱེད་ཀྱི། རྣམ་པར་བྱང་བའི་བདག་ཉིད་ཡིན་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་དག་ནི་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཡང་སྨོས་སོ། །དེ་བཞིན་ ཞེས་བྱ་བའི་སྒྲ་ནི་ཇི་ལྟར་མིག་ལ་སོགས་པ་དད་པ་ལ་སོགས་པའི་མཐར་ཐུག་པ་རྣམས་སོ་སོར་དབང་པོ་ཡིན་པ་དེ་བཞིན་དུ་ཀུན་ཤེས་པར་བྱེད་པ་ཞེས་བྱ་བ་དང་། ཀུན་ཤེས་པ་ཞེས་བྱ་བ་དང་། ཀུན་ཤེས་ལྡན་པ་ཞེས་བྱ་བ་ཡང་སོ་སོར་དབང་པོ་ཡིན་ནོ་ཞེས་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །གལ་ཏེ་དབང་ བྱེད་པ་ཐ་དད་པ་ཉིད་ཀྱིས་སོ་སོར་དབང་པོ་ཉིད་དུ་ཤེས་པ་ཡིན་ནམ་ཞེ་ན། རྫས་ཐ་མི་དད་པས་ཐེ་ཚོམ་ཟ་བ་བསལ་བར་བྱ་བའི་ཕྱིར་དེ་བཞིན་ཞེས་བྱ་བའི་སྒྲ་རབ་ཏུ་སྦྱར་རོ། །དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་ཐོབ་པར་བྱ་བ་ལ་དབང་བྱེད་དོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ནི་མཐོང་བའི་ ལམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ལ། དེ་དག་ཀྱང་མཐོང་བ་དང་བསྒོམ་པའི་ལམ་ལ་རྣམ་པར་གཞག་པའི་ཕྱིར་རོ། །ཀུན་ཤེས་པའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་ཐོབ་པར་བྱ་བ་ལ་དབང་བྱེད་དེ་མི་སློབ་པའི་ལམ་བསྒོམ་པའི་ལམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཀུན་ཤེས་པ་དང་ལྡན་པའི་ དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་དབང་བྱེད་དེ། ལམ་གཞན་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་འདིར་ཕུང་པོ་ལྷག་མ་མེད་པའོ། །ཅི་དབང་པོ་དང་པོ་གཉིས་ལ་མྱ་ངན་ལས་འདས་པ་ལ་དབང་བྱེད་པ་མེད་དམ་ཞེ་ན། དེ་ཉིད་ཀྱི་ཕྱིར། སེམས་རྣམ་པར་མ་གྲོལ་བ་ལ་ཡོངས་སུ་མྱ་ངན་ལས་ འདས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །སེམས་རྣམ་པར་གྲོལ་བ་ནི་ཟད་པ་ཤེས་པ་ཡིན་ལ། དེ་དང་དེའི་འོག་རོལ་གྱི་ཟག་པ་མེད་པའི་ལམ་ཐམས་ཅད་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ཏེ། དེའི་ཕྱིར་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་དབང་བྱེད་དོ། ། སོགས་པ་ཞེས་བྱ་བའི་སྒྲ་ནི་རྣམ་གྲངས་གཞན་བསྟན་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དབང་པོ་དང་པོ་གཉིས་ནི་མཐོང་བ་དང་བསྒོམ་པས་བསྡུས་པས་གོ་རིམས་བཞིན་དུ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ལ་དབང་བྱེད་པ་ཉིད་དོ། །གལ་ཏེ་སྦྱོར་བ་དང་། རྣམ་ པར་གྲོལ་བ་དང་། ཁྱད་པར་གྱི་ལམ་རྣམས་གཉེན་པོ་མ་ཡིན་པའི་ཕྱིར་དེ་དག་ཉིད་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་རྣམས་ཀྱང་དེ་དག་དང་རིགས་མཐུན་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་གྱི་དབང་པོ་བཞིན་ནོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་དབང་བྱེད་དེ་ཞེས་བྱ་བ་ལ། མཐོང་བའི་ཆོས་ནི་མཐོང་བའི་ཆོས་ཏེ། སྐྱེ་བ་མངོན་སུམ་པ་ཞེས་བྱ་བའི་དོན་ཏོ། །བདེ་བར་གནས་པ་ནི་བདེ་བར་གནས་པའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་སྟེ། དེ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དབང་བྱེད་དོ། །ཅི་ལྟར་ཞེ་ན། དེའི་ཕྱིར་རྣམ་པར་ གྲོལ་བས་དགའ་བ་དང་། བདེ་བ་དང་། སོ་སོར་ཡང་དག་པར་མྱོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རྣམ་པར་གྲོལ་བ་ནི་ཉོན་མོངས་པ་སྤངས་པའོ། །དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་ཤིན་ཏུ་སྦྱངས་པའི་བདེ་བའོ། །རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱོང་བ་ནི་རྣམ་པར་གྲོལ་ བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱོང་བའོ། །དབང་བྱེད་པའི་ཕྱིར་དབང་པོ་ཉིད་ཡིན་ན་གོ། །མ་རིག་པ་ལ་སོགས་པས་ཁ་བསྐང་དགོས་ཏེ། ཅི་ཞེ་ན། བྱ་དགོས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཉེ་བར་ཁ་སྐོང་བ་ནི་ཁ་སྐོང་བའོ། །མཚན་ཉིད་ཀྱིས་བརྗོད་པ་འཐོབ་པ་མ་བརྗོད་པ་སྨྲ་བ་ན་ཁ་སྐོང་ བའོ། །སོགས་པ་སྨོས་པས་ནི་འདུ་བྱེད་ལ་སོགས་པ་སྡུད་དོ། །ངག་ལ་སོགས་པ་དག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མདོམས་ཀྱང་ཞེས་བྱ་བ་ལ། གྲངས་ཅན་པ་དག་ནི་ངག་གི་དབང་པོ་ལ་སོགས་པ་རྣམས་མིག་ལ་སོགས་པའི་དབང་པོ་ཐ་དད་པར་རྟོགས་པར་བྱེད་དེ་ངག་གི་དབང་པོ་ནི་གང་གིས་ ཚིག་སྨྲ་བའོ། །ལག་པའི་དབང་པོ་ནི་གང་གིས་རྫས་འགའ་ཞིག་ལེན་པའོ། །རྐང་པའི་དབང་པོ་ནི་གང་གིས་འགྲོ་བར་བྱེད་པ་སྟེ། འཆག་ཅེས་བྱ་བའི་དོན་ཏོ། །རྐུབ་ཀྱི་དབང་པོ་ནི་གང་གིས་རྟུག་པ་རྟུག་པར་བྱེད་པའོ། །མདོམས་ཀྱི་དབང་པོ་ནི་ལུས་ཀྱི་དབང་པོའི་ཕྱོགས་ལས་ཐ་དད་པ་སྟེ། གང་གིས་ཀུན་དུ་དགའ་ བའི་བདེ་བའི་ཁྱད་པར་ཐོབ་པར་བྱེད་དོ། །ཁ་བསྐང་བར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དོན་གང་ཞིག་ཤེས་པར་བྱ་བའི་ཕྱིར་དབང་པོ་ནི་ཉི་ཤུ་རྩ་གཉིས་དག་གོ་ཞེས་མདོ་ལས་བསྟན་པ་དེ་ལ། མ་རིག་པ་ལ་སོགས་པ་དང་། ངག་ལ་སོགས་པ་དགོས་པ་མེད་པའི་ཕྱིར་རོ། །དོན་དེ་ཡང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། སེམས་ཀྱི་རྟེན་དང་བྱེ་བྲག་ཅེས་བྱ་བ་རྒྱས་པར་སྨོས་སོ། །བདག་ཏུ་གྱུར་པའི་སེམས་ཀྱི་རྟེན་ནི་དེའི་རྟེན་ཏོ། །རྟེན་དེའི་བྱེ་བྲག་ནི་ཕོའོ། །མོའོ་ཞེས་བྱ་བའོ། །གནས་ནི་རྒྱུན་རྗེས་སུ་འཇུག་པའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཚོགས་དང་། རྣམ་པར་བྱང་བ་ནི་སེམས་བདག་ཏུ་གྱུར་པ་ ཁོ་ནའི་ཡིན་ནོ། །སྐྱེ་མཆེད་དྲུག་པོ་དེ་དག་ནི་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ནོ་ཞེས་བྱ་བ་ནི་དང་པོ་དང་གཙོ་བོའོ། །སེམས་ཅན་གྱི་རྫས་ནི་གཅིག་ཏུ་སེམས་ཀྱི་གྲངས་སུ་བགྲངས་པའི་ཕྱིར་རོ། །དེ་དག་གི་རྟེན་ཅན་གཟུགས་ཅན་ལ་སོགས་པ་དག་དང་། དེ་དག་གི་རྣམ་པར་ཤེས་པ་དག་ནི་སེམས་ཅན་གྱི་ རྫས་ཡིན་གྱི། གཞན་ནི་མ་ཡིན་ཏེ། དེའི་དབང་གིས་འབྱུང་བའི་ཕྱིར་རོ། །ཡང་ན་ལྷག་པར་ཆགས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ལ་རབ་ཏུ་ཆགས་པར་འགྱུར་བའི་ཕྱིར་རོ། །གཞན་དག་ནི་དབང་པོའི་རྣམ་པར་གཞག་པ་རྣམ་པ་གཞན་དུ་འཆད་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི་ཞེས་བྱ་བ་རྒྱ་ ཆེར་འབྱུང་བའོ། །འཁོར་བའི་འཇུག་པ་དང་ལྡོག་པ་དག་ནི་གཙོ་བོ་ཡིན་ལ། དེ་དག་གི་རྟེན་དང་། སྐྱེ་བ་དང་། གནས་པ་དང་། ཉེ་བར་སྤྱད་པ་ཡང་གཙོ་བོ་ཡིན་ཞིང་འདི་ཙམ་གྱིས་སྐྱེས་བུའི་དོན་ཡོངས་སུ་རྫོགས་པས་གང་དག་དབང་བྱེད་པ་དེ་དག་དབང་པོ་ཉིད་དུ་རྣམ་པར་གཞག་གོ། །འཇུག་པ་ནི་འབྱུང་བ་ སྟེ། འཁོར་བ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་རྫས་འཁོར་བ་ལས་སྐྱེ་མཆེད་དྲུག་ནི་འཇུག་པའི་རྟེན་ཡིན་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དབང་པོ་དྲུག་པོ་དག་ནི་འགྲོ་བ་དག་ཏུ་སྐྱེ་བར་རྒྱུན་ཆགས་པའི་མཚན་ཉིད་ཅན་འཇུག་པའི་རྟེན་ཏེ། རྒྱུ་ཡིན་ལ། འཇུག་པ་ནི་འབྲས་བུ་ཡིན་ནོ། །སྐྱེ་ བ་ནི་ཕོ་དང་མོའི་དབང་པོ་དག་ཡིན་ཞེས་བྱ་བ་འབྱུང་སྟེ་དེ་དག་ཅིའི་ཕྱིར་སྐྱེ་བ་ཡིན་ཞེ་ན། དེའི་ཕྱིར། དེ་ལས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཕོ་དང་མོའི་དབང་པོ་དེ་ལས་སྐྱེ་བའི་ཕྱིར་སྐྱེ་བའི་རྒྱུ་ལ་སྐྱེ་བ་ཞེས་བསྟན་ཏོ། །དེ་དག་ནི་ཁུ་བ་དང་ཁྲག་འཇུག་པའི་དུས་ན་ལུས་དང་ཡིད་ཀྱི་དབང་པོ་གཉིས་ཀྱི་ དངོས་ཀྱི་རྒྱུ་ཡིན་ལ། མིག་ལ་སོགས་པའི་དབང་པོ་བཞི་པོ་དག་གི་ནི་རྒྱུད་ནས་ཡིན་ཏེ། མཐར་གྱིས་ཞེས་འབྱུང་བའི་ཕྱིར་རོ། །ཚུལ་འདི་ནི་མི་དང་། དུད་འགྲོ་དང་། ཡི་དགས་ཀྱི་འགྲོ་བ་དག་ལ་ཡིན་ག