Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
ཞེ་ན། དེའི་ཕྱིར། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནི་ཞེས་བྱ་བ་སྨོས་སོ། །འདི་ཉིད་
བསྟན་པའི་ཕྱིར། དེ་ཉིད་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་ལྡན་པ་རྫས་སུ་ཡོད་པ་ཉིད་དུ་མི་འཐད་པའི་ཕྱིར་དང་། འགོག་པ་གཉིས་ཀྱང་རྫས་སུ་ཡོད་པ་ཉིད་དུ་མ་གྱུར་པས་མ་རངས་པར་བསྟན་པའི་ཕྱིར་རོ། །སོ་སོར་བརྟགས་པས་འགོག་པ་དང་ནི་ཞེས་བྱ་བ་རྒྱས་པར་འབྱུང་
བ་ལ། འཆིང་བ་མཐའ་དག་དང་ལྡན་པ་ཡང་དེ་དག་ཡིན་ལ། སྐད་ཅིག་མ་དང་པོ་ལ་གནས་པ་ཡང་དེ་དག་ཡིན་པ་དེ་དག་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པའོ། །དེ་དག་སྤངས་པ་གང་རྣམས་ལ་ཡོད་པ་དེ་རྣམས་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་
མ་གཏོགས་པའོ། །དེ་རྣམས་གང་དག་ཅིག་ཅེ་ན། དེའི་ཕྱིར། འཕགས་པ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། དེ་རྣམས་ནི་སོ་སོར་བརྟགས་པས་འགོག་པ་དང་ལྡན་ནོ། །འཆིང་བ་མཐའ་དག་དང་མི་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་དག་དང་། སྐད་ཅིག་གཉིས་པ་ལ་སོགས་པ་གནས་པ་དག་ནི་
སོ་སོར་བརྟགས་པས་འགོག་པ་དང་ལྡན་པས་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་ཞེས་གཉིས་ཀ་སྨོས་ཏེ། སོ་སོར་བརྟགས་པས་འགོག་པ་དང་མི་ལྡན་པ་དེའི་ཕྱིར་ནི་མ་གཏོགས་པ་ཡིན་ནོ། །དེ་དག་ལས་གཞན་པ་འཆིང་བ་མཐའ་དག་དང་མི་ལྡན་པ་སྐད་ཅིག་མ་དང་པོ་ལས་གནས་
པ་དང་། སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་གནས་པ་ཐམས་ཅད་ལྡན་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཟག་འཇིག་རྟེན་པའི་ལམ་གྱིས་བྲལ་བའི་ཐོབ་པ་རྙེད་པའོ། །ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་མེད་པའི་ཕྱིར་རོ། །

ནམ་མཁའ་དང་ནི་འགའ་ཡང་འབྲེལ་པ་མེད་དེ། དགག་པར་བྱ་བ་དང་འགོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ལ་ཐོབ་པ་མེད་དོ། །གང་ལ་ཐོབ་པ་ཡོད་པ་མ་ཡིན་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་དེ། བྲལ་བ་ནི་ལྡན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་ཐོབ་པ་རྣམས་ཁོ་
ན་ལ་མ་ཐོབ་པ་ཡོད་པར་འགྱུར་གྱི། མ་ཐོབ་པ་རྣམས་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གྲུབ་པའི་མཐའ་ཚད་མར་བྱས་པ་ཉིད་ལས་འདོད་པ་ཡིན་ནོ། །བྲལ་བ་ནི་ལྡན་པ་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་གང་སྨྲས་པ་འདི་ནི་བསྟན་བཅོས་དང་འགལ་བ་སྟེ། བསྟན་བཅོས་ལས་ནི་ཆོས་དག་ལ་ཐོབ་པ་ཡོད་པ་དེ་དག་ཁོ་ན་
ལ་མ་ཐོབ་པ་ཡང་ཡོད་དོ་ཞེས་བྱ་བར་ངེས་ཀྱི། དེ་སྔོན་དུ་འགྲོ་བ་ཅན་ཉིད་དུ་ནི་མ་ཡིན་ནོ། །དབང་པོ་ལས་འདས་པའི་དོན་རྟོགས་པ་ནི་ལུང་ངམ་རིགས་པ་ཞིག་ལས་འགྱུར་བ་ཞིག་ན། དེ་ལ་ཐོབ་པ་ཞེས་བྱ་བ་ཆོས་གཞན་ཡོད་དོ་ཞེས་བྱ་བར་ཅི་ལུང་ལས་རྟོགས་སམ། འོན་ཏེ་རིགས་པ་ལས་ཡིན། དངོས་པོ་གཞན་དུ་
གྱུར་པ་ལས་ལོག་པར་རྟོགས་པས་ས་བོན་གྱི་བདག་ཉིད་ཅན་ཡོད་དོ་ཞེས་སྨྲས་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ལུང་ལས་ངེས་སོ་ཞེས་བསྟན་པའི་ཕྱིར། མདོ་ལས་སྨྲའོ། །མདོ་ལས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་སློབ་པའི་ཆོས་བཅུ་ནི་མི་སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་།
ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཡེ་ཤེས་སོ། །བསྐྱེད་ཅིང་ནི་མངོན་དུ་གྱུར་ཅིང་ངོ་། །སོ་སོར་ཐོབ་ལ་ནི་ཐོག་མར་ཐོབ་ལའོ། །ཀུན་དུ་ལྡན་པས་ན་ནི་ཕྱི་ནས་ཐོབ་པས་ནའོ། །ཡན་ལག་ལྔ་རྣམ་པར་སྤངས་པ་ཞེས་བྱ་བ་ལ། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་དག་སྤང་བར་འགྱུར་ཞིང་ཡོངས་
སུ་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་པ་ལས་འདུན་པ་དང་། གནོད་སེམས་སོ། །གཞན་དག་ན་རེ་ཐ་མའི་ཆ་དང་མཐུན་པ་རྣམས་ནི་སྔར་སློབ་པའི་གནས་སྐབས་ཁོ་ནར་སྤངས་པའི་ཕྱིར་འདིར་ནི་གོང་མའི་ཆ་
དང་མཐུན་པ་རྣམས་ཁོ་ན་བཟུང་སྟེ། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། རྨོངས་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ལྔ་པར་མཚུངས་པའི་ཕྱིར་གོང་མའི་ཆ་དང་མཐུན་པ་དང་། ཐ་མའི་ཆ་དང་མཐུན་པ་རྣམས་གཉིས་ཀ་བཟུང་སྟེ།

གནས་བདུན་ལ་མཁས་པ་སྟོན་པ་བཞིན་ནོ་ཞེས་ཟེར་རོ། །ཐོབ་པ་ནི་གང་ཞིག་ཡོད་ན་མངོན་དུ་མ་གྱུར་པ་ཡང་ཆུད་མི་ཟ་བ་འདྲ་བར་གྱུར་པའི་ཆོས་ཞིག་གོ། །འདིར་ཁུངས་ནི་སོ་སོར་ཐོབ་པ་ཀུན་དུ་ལྡན་པས་ན་ཞེས་བྱ་བ་འདི་ཡིན་ནོ། །ཡང་གང་ཟག་འདི་ནི་དགེ་བའི་ཆོས་རྣམས་དང་ཡང་ལྡན་ནོ། །མི་དགེ་བའི་ཆོས་
རྣམས་དང་ཡང་ལྡན་ནོ་ཞེས་རྒྱས་པར་གསུངས་སོ། །གལ་ཏེ་མདོ་ལས་སོ་སོར་ཐོབ་པ་དང་། ཀུན་དུ་ལྡན་པ་འབྱུང་བའི་ཕྱིར་ཆོས་ཐོབ་པ་གཞན་ཡིན་ན། འོ་ན་ནི་དེས་ན་སེམས་ཅན་དུ་མི་སྟོན་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སེམས་ཅན་གཞན་དག་དང་། སེམས་ཅན་དུ་མི་སྟོན་པ་དག་དང་ལྡན་
པར་རྟོགས་པ་ནི་རིགས་པ་མེད་པ་དང་། ལུང་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ་འདྲི་བ་ནི་ཅིའི་ཕྱིར་ཞེས་བྱ་བའོ། །བསྟན་བཅོས་མཁན་པོས་མདོ་ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ལས་ཀྱང་ལྡན་པ་ཞེས་འབྱུང་བའི་ཕྱིར་དངོས་པོ་གཞན་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་དུ་སྟོན་པ་མ་ཡིན་པ་
དང་། སེམས་ཅན་གཞན་དག་དང་ལྡན་པར་ཐལ་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་ནི་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེའོ། །དེ་ལ་ནོར་བུ་རིན་པོ་ཆེ་དང་། འཁོར་ལོ་
རིན་པོ་ཆེ་ནི་སེམས་ཅན་དུ་མི་སྟོན་པའོ། །ལྷག་མ་གླང་པོ་དང་། རྟ་དང་། བུད་མེད་དང་། ཁྱིམ་བདག་དང་། བློན་པོ་རིན་པོ་ཆེ་ལྔ་པོ་དག་ནི་སེམས་ཅན་དུ་སྟོན་པ་སྟེ། གཞན་གྱི་རྒྱུད་དུ་གཏོགས་པ་དང་ལྡན་པར་འགྱུར་རོ། །མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མདོ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །དགོངས་
པ་ཅི་ཡིན་ཞེ་ན། དེར་ནི་དབང་བ་ཉིད་ལ་ལྡན་པའི་སྒྲར་གསུངས་ཏེ་ཞེས་བྱ་བ་སྨྲས་སོ། །ཚིག་ཕྱི་མ་ནི་སྔ་མའི་རྣམ་པར་བཤད་པ་ཡིན་ནོ། །དགའ་དགུར་བྱེད་པ་ནི་འདོད་པ་ལ་རག་ལས་པ་ཉིད་དོ། །ལྡན་པ་དེར་ནི་དབང་ཉིད་ཡིན། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་གཉིས་སུ་ལྡན་པའི་སྒྲ་ཁྱད་པར་མེད་
ཀྱང་གཅིག་ཏུ་ནི་ལྡན་པ་དབང་བ་ཉིད་ཡིན་ལ། གཞན་དུ་ནི་ཆོས་གཞན་ཡིན་ནོ་ཞེས་བྱ་བ་ནི་གང་ལས་ཏེ། ཅི་རིགས་པ་ལས་སམ། འོན་ཏེ་མདོ་གཞན་ལས་ཡིན། སློབ་དཔོན་འདུས་བཟང་ན་རེ་ནི་གཅིག་ཏུ་ནི་ལྡན་པ་དབང་བ་ཉིད་ཡིན་ལ། གཞན་དུ་ནི་ཆོས་གཞན་ཡིན་ནོ་ཞེས་བྱ་བའི་འཐད་པ་ལས་ཡིན་ནོ། །

ད་ལྟར་བ་དག་ཁོ་ན་ལ་དབང་བ་ཉིད་འཐད་དེ། དེའི་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་དང་། ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་པ་རྟག་ཏུ་ཉེ་བའི་སྒོ་ནས་དེའི་དབང་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །དགེ་བ་མངོན་དུ་མ་གྱུར་པ་དང་། འདས་པ་དང་མ་འོངས་པའི་མི་དགེ་བ་དག་ལ་ནི་ཐོབ་
པ་མ་གཏོགས་པའི་དབང་བ་ཉིད་གཞན་ཅི་ཞིག་བརྟག་ཅེས་ཟེར་རོ། །དེ་ལྟ་ན་ཡང་མི་རུང་བ་ཅི་ཞིག་ཡོད་ཅེས་བྱ་བ་འབྱུང་སྟེ། ཇི་ལྟར་འཁོར་ལོས་སྒྱུར་བའི་མདོར་ཆོས་གཞན་དང་མི་ལྡན་པའི་ཕྱིར་དབང་བ་ཉིད་དུ་རྟོགས་ལ། དེ་བཞིན་དུ་ཅིག་ཤོས་སུ་ཆོས་གཞན་ནོ་ཞེས་ཡོངས་སུ་བརྟགས་པ་ལ། གང་ལས་
དེར་ནི་ལྡན་པ་ཆོས་གཞན་དུ་མི་འདོད་པར་འགྱུར་བ། རིགས་པ་ཡང་མདོ་དང་འགལ་བ་ཅི་ཞིག་ཡོད། འགལ་བ་འདི་ཡོད་དེ། རྫས་ཀྱི་ཆོས་མི་སྲིད་པའོ། །རྫས་ཀྱི་ཆོས་ནི་རང་གི་ངོ་བོས་མངོན་སུམ་གྱི་ཚད་མའི་ཡུལ་ཉིད་ཡིན་པའམ། འབྲས་བུའི་སྒོ་ནས་རྗེས་སུ་དཔག་པའི་ཡུལ་ཉིད་ཡིན་ནོ། །
ཐོབ་པ་ནི་རང་གི་ངོ་བོས་སྣང་བ་མ་ཡིན་ཏེ། མངོན་སུམ་གྱི་ཚད་མས་མ་དམིགས་པའི་ཕྱིར་རོ། །གཟུགས་དང་སྒྲ་ལ་སོགས་པ་ལྟར་རམ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལྟར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། གཟུགས་ལ་སོགས་པ་རྣམས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་
གིས་རང་གི་ངོ་བོས་དམིགས་ལ། དེའི་མཇུག་ཐོགས་སུ་ནི་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་སོ། །འདོད་ཆགས་དང་ཞེ་སྡང་དང་ལ་སོགས་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་དམིགས་སོ། །མིག་དང་རྣ་བ་ལ་སོགས་པ་ལྟར་བྱ་བ་ཡང་མི་སྣང་བ་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམས་ནི་
དབང་པོ་ལས་འདས་པའི་ཕྱིར་མངོན་སུམ་གྱིས་རང་གི་ངོ་བོ་མ་དམིགས་ཀྱང་འབྲས་བུ་ལས། དེ་གཟུགས་ལ་སོགས་པ་ལས་ཐ་དད་པར་ཡོད་པ་ཉིད་དུ་རྗེས་སུ་དཔག་པ་ཡིན་ནོ། །འདི་ལྟར་གཟུགས་དང་། རྣ་བ་དང་། ཡིད་ལ་བྱེད་པ་ལ་སོགས་པ་ཡོད་ཀྱང་ལོང་བ་དང་འོན་པ་ལ་སོགས་པ་རྣམས་ལ་
མིག་ལ་སོགས་པ་མ་གཏོགས་པའི་རྣམ་པར་ཤེས་པ་མི་སྐྱེ་ལ། ལོང་བ་ལ་སོགས་པ་དང་བྲལ་ན་ཕྱིས་སྐྱེ་བ་ཡིན་ནོ། །དེའི་ཕྱིར་གང་ལ་གནོད་པ་བྱས་པ་དང་། གནོད་པ་མ་བྱས་པ་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེ་བ་དང་། སླར་སྐྱེ་བར་འགྱུར་བ་གཟུགས་ལ་སོགས་པ་མ་གཏོགས་

པའི་རྒྱུ་གཞན་ཞིག་ཡོད་དོ་ཞེས་བྱ་བར་ངེས་སོ། །མིག་ལ་སོགས་པ་རྣམས་ནི་རྗེས་སུ་དཔག་པ་ལས་ཡོད་པ་ཉིད་དོ། །ཐོབ་པ་ནི་རང་གི་ངོ་བོ་མ་དམིགས་པས་མངོན་སུམ་མ་ཡིན་ལ་འབྲས་བུ་མ་དམིགས་པས་རྗེས་སུ་དཔག་པས་གཟུང་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་རྫས་ཀྱི་ཆོས་མི་སྲིད་པས་མི་རུང་ངོ་། །ཆོས་
མཐུན་པའི་དཔེ་ནི་མིག་ལ་སོགས་པའོ། །གལ་ཏེ་ཆོས་རྣམས་སྐྱེ་བའི་རྒྱུ་ཞེས་བྱ་བ་ལ། གལ་ཏེ་དངོས་པོ་སྐྱེ་བ་འཐོབ་པའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་རང་གི་ངོ་བོས་མ་དམིགས་པ་རྣམས་ཀྱང་མིག་ལ་སོགས་པ་ལྟར་འབྲས་བུ་ལས་ངེས་པར་རྫས་ཀྱི་ཆོས་ལས་འདས་པ་མེད་དོ་ཞེ་ན། འདུས་མ་བྱས་ཀྱི་མ་ཡིན་
པར་འགྱུར་རོ་ཞེས་བྱ་བ་ལ། ཐོབ་པ་སྐྱེ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར་དེ་རྣམས་ལ་ཐོབ་པ་ཡོད་དོ་ཞེས་བྱ་བར་དངོས་པོ་ཐམས་ཅད་ཀྱི་ཐོབ་པ་སྐྱེ་བའི་སྒོ་ནས་རྟོགས་ན་ནི་འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར། ནམ་མཁའ་ལྟར་ཐོབ་པའི་རྗེས་སུ་དཔག་པ་མེད་པས་འདུས་མ་བྱས་ཀྱི་མ་ཡིན་པར་འགྱུར་རོ། །ཆོས་
གང་དག་མ་ཐོབ་པ་རྣམས་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་མ་ཐོབ་པ་རྣམས་ནི་སྦྱོར་བ་ལས་བྱུང་བ་རྣམས་དང་། འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་སོ། །ས་འཕོས་པས་བཏང་བ་དག་ནི་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཏེ། དེ་དག་ནི་དགེ་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་
སོ། །འདོད་ཆགས་དང་བྲལ་བས་བཏང་བ་དག་ནི་ཉོན་མོངས་པ་ཅན་རྣམས་ཏེ། དེ་དག་ཀྱང་མི་དགེ་བ་དང་། བསྒྲིབས་པ་རྣམས་སོ། །སྐྱེ་བའི་རྒྱུ་ཐོབ་པ་མེད་པའི་ཕྱིར་དེ་དག་ཇི་ལྟར་སྐྱེ་བར་འགྱུར་ཏེ། གང་གི་ཚེ་ས་གོང་མ་ནས་འཆི་འཕོས་ནས་ས་འོག་མར་སྐྱེ་བའམ། དེ་ལས་འདོད་ཆགས་དང་བྲལ་བ་ལས་
ཡོངས་སུ་ཉམས་པ་དེའི་ཚེ། ཐོབ་པ་མེད་པས་ས་འོག་མའི་ཆོས་རྣམས་སྐྱེ་བར་མི་འགྱུར་ལ། ཐོབ་པ་ལྷན་ཅིག་སྐྱེ་བ་ཡིན་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱང་སྐྱེ་བར་མི་འགྱུར་རོ། །དེའི་ཕྱིར་ཐོབ་པ་མེད་ཀྱང་སྐྱེ་བ་མཐོང་བའི་ཕྱིར་འབྲས་བུ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་མེད་པའི་ཕྱིར་
ཐོབ་པ་རྗེས་སུ་དཔག་པས་གཟུང་བར་བྱ་བ་མ་ཡིན་པས་རྫས་ཀྱི་ཆོས་མི་སྲིད་པ་སོ་ན་འདུག་གོ། །འོན་ཏེ་ལྷན་ཅིག་སྐྱེས་པའི་ཐོབ་པའི་རྒྱུ་ཅན་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ། མ་ཐོབ་པ་ལ་སོགས་པའི་ཆོས་གང་དག་ཡིན་པ་དེ་དག་ལ་སྔར་སྐྱེས་པ་ཐོབ་པ་མེད་མོད་ཀྱི། ལྷན་ཅིག་སྐྱེས་པ་ནི་ཡོད་དེ། དེའི་ཕྱིར་དེ་དག་གི་

སྐྱེ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལྟར་ལྷན་ཅིག་སྐྱེས་པའི་ཐོབ་པའི་རྒྱུ་ཅན་ཡིན་ཏེ། དེའི་ཕྱིར་དེ་མེད་ཀྱང་སྐྱེ་བ་མཐོང་བ་ཞེས་བྱ་བ་ནི་མི་རིགས་པར་སྨྲས་པ་ཡིན་ནོ་ཞེ་ན། དེའི་ཚེ་སྐྱེ་བའམ་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་ཆོས་ལྷན་ཅིག་སྐྱེས་པ་ཐོབ་པའི་རྒྱུ་ཅན་ཡིན་ན་ནི་དེའི་ཚེ་སྐྱེ་བ་ཅི་
ཞིག་སྐྱེད་པར་འགྱུར། གང་གི་ཕྱིར་སྐྱེ་བའི་འབྲས་བུ་ཐུན་མོང་མ་ཡིན་པ་ནི་སྐྱེད་པ་ཁོ་ན་ཡིན་ནོ། །གལ་ཏེ་ཐོབ་པ་སྐྱེད་པར་བྱེད་པ་ཡིན་ན་ནི་དེའི་ཚེ་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར་ཏེ། གནས་པ་ལ་སོགས་པ་ལྟར་དེ་ལ་བྱེད་པས་གཞན་མེད་པའི་ཕྱིར་རོ། །དེས་ན་དེ་ཡོངས་སུ་བརྟགས་པ་དོན་མེད་པར་འགྱུར་ལ། ཡང་
ན་ཆོས་རྣམས་ལྷན་ཅིག་སྐྱེས་པའི་ཐོབ་པའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བ་ཁས་བླང་བར་མི་བྱའོ། །ཅི་སྟེ་སྐྱེ་བ་དོན་མེད་པར་འགྱུར་དུ་འོང་བས་དེའི་ཕྱིར་ཐོབ་པས་སྐྱེ་བ་སྐྱེད་པར་བྱེད་ལ། སྐྱེ་བས་ཆོས་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ལྟར་འདོད་དོ་སྙམ་ན། དེའི་ཕྱིར་སྐྱེ་བའི་སྐྱེ་བ་ཞེས་བྱ་བ་སྨོས་ཏེ། ཅི་ཞིག་བྱེད་པར་འགྱུར་
ཞེས་སྦྱར་བར་བྱའོ། །གལ་ཏེ་ཐོབ་པས་སྐྱེ་བ་སྐྱེད་པར་བྱེད་ཀྱི། སྐྱེ་བའི་སྐྱེ་བས་མ་ཡིན་ནོ། །དེ་ལྟར་ན་མཐུན་པའི་མཚན་ཉིད་བརྟགས་པ་དོན་མེད་པར་འགྱུར་རོ། །འཆིང་བ་མཐའ་དག་ལྡན་པ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཆིང་བ་མཐའ་དག་དང་ལྡན་པ་ཞེས་བྱ་བ་ནི་གང་དག་གིས་ཉོན་མོངས་པའི་
རྣམ་པ་གཅིག་ཀྱང་མ་སྤངས་པའོ། །གང་གི་ཕྱིར་ཐོབ་པ་དང་ལྡན་པའི་ཁྱད་པར་ཐོབ་པ་ལ་ཁྱད་པར་མེད་པ་དེའི་ཕྱིར་འཆིང་བ་མཐའ་དག་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྐྱེ་བ་ཁྱད་པར་དུ་མི་འགྱུར་ཏེ། དེའི་རྒྱུར་གྱུར་པའི་ཐོབ་པ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །གཞན་དག་
ན་རེ་ནི་རྒྱུད་གཞན་ལ་ལྟོས་ན་ཐོབ་པ་བྱེ་བྲག་མེད་པའི་ཕྱིར་ཏེ། འདི་ལྟར་འཆིང་བ་མཐའ་དག་དང་ལྡན་པ་ཐམས་ཅད་ཀྱི་ཐོབ་པ་རྣམས་མཚུངས་ཏེ། ཉོན་མོངས་པ་ཆུང་ངུའི་ཆུང་ངུ་རྣམས་ཀྱི་ཐོབ་པ་ཆུང་ངུའི་ཆུང་ངུ་ཡིན་པ་ནས། ཆེན་པོའི་ཆེན་པོ་རྣམས་ཀྱི་ཐོབ་པ་ཆེན་པོའི་ཆེན་པོའི་བར་ཁོ་ན་ཡིན་པས།
ཐམས་ཅད་ཀྱི་ཐོབ་པ་བྱེ་བྲག་མེད་པ་དང་། ལྷ་སྦྱིན་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྐྱེ་བའི་ཁྱད་པར་དུ་ག་ལ་འགྱུར་ཏེ། རྒྱུ་ལ་བྱེ་བྲག་མེད་ན་འབྲས་བུའི་བྱེ་བྲག་མི་རིགས་སོ་ཞེས་ཟེར་རོ། །འཆིང་བ་མཐའ་དག་དང་ལྡན་པ་སྨོས་པ་ནི་འཆིང་བ་དང་བྲལ་བ་རྣམས་

ལ་ཆུང་ངུ་ལ་སོགས་པའི་ཁྱད་པར་དུ་ཉོན་མོངས་པ་སྐྱེ་བའི་གོ་སྐབས་ཡོད་པའི་ཕྱིར་རོ། །ཅི་སྟེ་ཐོབ་པ་ལ་བྱེ་བྲག་མེད་ཀྱང་གོམས་པ་ལ་སོགས་པའི་རྒྱུ་མཚན་གཞན་ལས་ཉོན་མོངས་པ་སྐྱེ་བ་ཁྱད་པར་དུ་འགྱུར་བས་ཉེས་པ་འདི་མེད་དོ་སྙམ་ན། དེའི་ཕྱིར། དེ་ལས་དེ་དག་གི་བྱེ་བྲག་ཏུ་འགྱུར་ན་ནི་ཞེས་བྱ་བ་སྨོས་སོ། །
གོམས་པའམ་གཞན་ལས་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བདག་ཉིད་ཅན་དུ་འགྱུར་བ་དེ་ཁོ་ན་ལས་དེ་དག་སྐྱེ་ལ་རག་སྟེ། རྒྱུ་གཞན་གང་ཞིག་ལས་ཉོན་མོངས་པའི་ཁྱད་པར་ཡོངས་སུ་བརྟགས་པ་དེ་ཁོ་ན་ལས་ཉོན་མོངས་པ་རྣམས་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་དུ་སྐྱེ་ལ་རག་མོད། ཐོབ་པ་དོན་
གཞན་དུ་འགྱུར་བ་ཡོངས་སུ་བརྟགས་པ་ཅི་དགོས། དེ་སྐད་དུ་སུ་ཟེར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་གཞག་པའི་རྒྱུ་ནི་ངེས་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་སོ་སོའི་སྐྱེ་བོ་རྣམས་ནི་འཇིག་རྟེན་པའི་ཡིད་དང་ལྡན་པ་ཡིན་པས་དེ་དག་ལ་ཁྱད་པར་དུ་བྱས་པ་དོན་མེད་དོ། །འཕགས་པ་རྣམས་ནི་འཇིག་རྟེན་
ལས་འདས་པའི་ལམ་མངོན་སུམ་དུ་གྱུར་པའི་ཚེ་འཇིག་རྟེན་ལས་འདས་པའི་ཡིད་དང་ལྡན་པ་ཡིན་པས་དེའི་ཕྱིར། འཇིག་རྟེན་པའི་ཡིད་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །ཡིད་ནི་ཡིད་ཉིད་དོ། །ལམ་མངོན་སུམ་དུ་གྱུར་པའི་ཚེ་ནི་ཐོབ་པ་མེད་པར་ཡང་འཕགས་པ་སོ་སོའི་སྐྱེ་བོའི་རྣམ་པར་གཞག་པར་བྱ་བར་ནུས་ཏེ།
ལམ་ཉིད་རྣམ་པར་གཞག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་ཡིད་དང་ལྡན་པ་རྣམས་ལ་ནི་ཐོབ་པ་མེད་པར་འདི་དག་ནི་འཕགས་པའོ། །འདི་དག་ནི་སོ་སོའི་སྐྱེ་བོའོ་ཞེས་བྱ་བར་རྣམ་པར་གཞག་པར་མི་འགྱུར་ན་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཟག་པ་མེད་པའི་ལམ་གྱི་ཐོབ་པ་ཡོད་པ་དང་། དེ་
མེད་པ་ནི་འཕགས་པ་དང་། སོ་སོའི་སྐྱེ་བོར་རྣམ་པར་གཞག་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་ངེས་སོ། །སློབ་དཔོན་འདུས་བཟང་ན་རེ་རྫས་ཀྱི་ཆོས་མི་སྲིད་པས་མི་རུང་ངོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ། ཐོབ་པ་ནི་ཆོས་ཐོབ་ཟིན་པ་ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཐོབ་ཟིན་པའི་ཆོས་ཆུད་མི་ཟ་བའི་རྒྱུ་ནི་ཡོད་པ་ཉིད་
ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་སྟེ། ཐོབ་པའི་དབང་གིས་ནི་ཆོས་དེ་དག་འགགས་པ་དང་། མ་སྐྱེས་ཀྱང་ཡོད་དོ་ཞེས་བྱ་བ་བརྗོད་དོ། །འདི་ནི་འདིའོ་སྙམ་པའི་ཤེས་པའི་རྟགས་མཚན་ཡང་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཆོས་གཞན་པའི་འདི་ནི་འདིའི་འབྲེལ་པ་ཅན་ཡིན་ནོ་སྙམ་དུ་འབྲེལ་པ་ཅན་གྱི་ཤེས་པ་

སྐྱེ་བ་གང་ཡིན་པ་དེ་ནི་རྟགས་མཚན་དུ་གྱུར་པའི་ཐོབ་པ་ཡོད་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་འདོད་ཆགས་ལ་སོགས་པ་རྣམས་འགགས་པ་དང་། མ་སྐྱེས་པ་ན་འབྲེལ་པ་ཅན་གྱི་ཤེས་པའི་རྟགས་སུ་གྱུར་པའི་ཐོབ་པ་མེད་པ་དང་། དེ་དག་འབྲེལ་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་དག་ཏུ་
མི་འགྱུར་རོ་ཞེས་ཟེར་རོ། །དེ་ནི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་ཀྱི་བྱེ་བྲག་ལས་འགྱུར་བར་འོས་སོ་ཞེས་བྱ་བ་ལ། ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དག་གི་དངོས་པོ་ནི་ཉོན་མོངས་པ་སྤངས་པ་དང་། མ་སྤངས་པ་ཉིད་དེ། དེ་ཉིད་བྱེ་བྲག་ཡིན་ནོ། །དེ་ལ་ཉོན་མོངས་པ་སྤངས་པ་ཉིད་ནི་ཉོན་
མོངས་པའི་ས་བོན་རྩ་བ་ནས་བཏོན་པ་ལས་ཉོན་མོངས་པ་རྣམས་ཡང་མི་སྐྱེ་བའོ། །ཉོན་མོངས་པ་མ་སྤངས་པ་ཉིད་ནི་ཉོན་མོངས་པའི་ས་བོན་རྩ་བ་ནས་མ་བཏོན་པ་ལས་ཉོན་མོངས་པ་ཡང་སྐྱེ་བ་སྲིད་པའོ། །དེ་ལྟར་ན་འཇིག་རྟེན་པའི་ཡིད་དང་ལྡན་པ་ཡིན་ཡང་གང་དག་ལ་ས་བོན་མེད་པས་ཉོན་མོངས་ནམ་ཡང་མི་སྐྱེ་
བའི་ཆོས་ཅན་ཡིན་པ་དེ་དག་ནི་འཕགས་པ་ཡིན་ལ། གང་དག་ལ་ས་བོན་རྒྱུན་མ་བཅད་པས་ཡང་སྐྱེ་བར་འགྱུར་བ་དེ་དག་ནི་སོ་སོའི་སྐྱེ་བོ་ཡིན་པས་རྣམ་པར་གཞག་པ་གྲུབ་བོ། །འདི་དག་ནི་ཉོན་མོངས་སྤངས་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ལྟར་འཕགས་པ་དང་སོ་སོའི་སྐྱེ་བོ་རྣམས་ལས་གང་ལས་འདི་
དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་མ་སྤངས་པའོ་ཞེས་བྱ་བར་རྟོགས་པར་འགྱུར་བ། ཉོན་མོངས་པ་སྤངས་པ་དང་མ་སྤངས་པའི་རྟགས་མཚན་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་དུ་མི་རྟོགས་པའི་ཕྱིར་འདི་དག་ནི་འཇིག་རྟེན་པའི་ཡིད་དང་ལྡན་པའི་འཕགས་
པའོ། །འདི་དག་ནི་སོ་སོའི་སྐྱེ་བོའོ་ཞེས་བྱ་བའི་རྣམ་པར་གཞག་པ་མེད་པ་སོ་ན་འདུག་གོ། །ཐོབ་པ་ཡོད་ན་ནི་འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་མ་སྤངས་པའོ་ཞེས་བྱ་བ་འདིར་ཡང་འགྱུར་རོ། །ཇི་ལྟ་ཞེ་ན། དེའི་ཕྱིར། དེ་དང་བྲལ་བ་དང་མ་བྲལ་བ་ལས་ཞེས་བྱ་བ་སྨོས་ཏེ། གང་དག་གི་རྒྱུད་ལ་
ཉོན་མོངས་པའི་ཐོབ་པ་རྣམས་དང་མི་ལྡན་པ་དང་། རྣམ་པར་ཆད་པ་དེ་དག་ནི་ཉོན་མོངས་པ་སྤངས་པའོ། །གང་དག་གི་རྒྱུད་མ་བྲལ་བ་དང་རྒྱུན་མ་ཆད་པ་དེ་དག་ནི་ཉོན་མོངས་པ་མ་སྤངས་པའོ། །འདི་ནི་རྟེན་གྱི་བྱེ་བྲག་ལས་གྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི་འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་མ་སྤངས་

པའོ་ཞེས་བྱ་བའོ། །འདིར་རྟེན་ནི་ཕུང་པོ་ལྔའོ། །གཞན་དག་ན་རེ་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་དོ་ཞེས་ཟེར་རོ། །འཕགས་པ་དང་། སོ་སོའི་སྐྱེ་བོ་དག་དང་། ཉོན་མོངས་པ་སྤངས་པ་དང་། མ་སྤངས་པ་དག་གི་རྟེན་གྱི་བྱེ་བྲག་བསྟན་པའི་ཕྱིར། འཕགས་པ་རྣམས་ཀྱི་གནས་ནི་ཞེས་བྱ་བ་རྒྱ་ཆེར་
སྨོས་སོ། །འཕགས་པའི་ལམ་ལ་སྐྱེས་པའི་རྟེན་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་རྗེས་སུ་འབྲེལ་པའི་རྟེན་གཞན་གྱི་རྒྱུར་འགྱུར་བས་གནས་སྐབས་དེར་ནི་སོ་སོའི་སྐྱེ་བོ་ཞེས་བྱ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་མ་ལུས་པའི་ས་བོན་དང་རྗེས་སུ་འབྲེལ་པའི་སྐད་ཅིག་གཞན་
སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་གཉེན་པོ་ནི་མཐོང་བའི་ལམ་མམ་བསྒོམ་པའི་ལམ་མངོན་དུ་འགྱུར་ལ། དེ་མངོན་དུ་གྱུར་ན་རྟེན་དེ་དག་གིས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་རྗེས་སུ་འབྲེལ་པའི་སྐད་ཅིག་མ་གཞན་གྱི་རྒྱུ་མ་ཡིན་ཏེ། དེ་སྐྱེ་བ་དང་འགལ་བའི་རྐྱེན་ཐོབ་པའི་ཕྱིར་རོ། །དེའི་
ཕྱིར་རྟེན་དེས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱང་སྐྱེད་པར་མི་ནུས་ཏེ། ས་བོན་མེད་པའི་ཕྱིར་རོ། །ས་བོན་མེད་པ་རྣམས་ནི་སྐྱེ་བར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་ས་བོན་རྒྱུན་ཆད་པ་ལས་མཐོང་བ་དང་བསྒོམ་པའི་ལམ་གྱི་མཐུས་ཇི་
ལྟར་དེ་དག་གིས་ནུབ་པར་བྱ་བའི་ཉོན་མོངས་པ་རྣམས་ཡང་འབྱུང་བར་མི་ནུས་པ་དེ་ལྟར་གྱུར་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། རྟེན་དེ་ལས་ཉོན་མོངས་པའི་ས་བོན་དྲུངས་ཕྱུང་བའི་ཕྱིར་རོ། །དེའི་ཕྱིར་རྟེན་འབྲུ་མེས་ཚིག་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲུ་མེས་ཚིག་པ་ལས་མྱུ་གུ་སྐྱེས་པའི་ས་བོན་མེད་
པས་རྟེན་དེས་ཡང་མྱུ་གུ་མི་སྐྱེད་པས་ས་བོན་དུ་མ་གྱུར་པ་དེ་བཞིན་དུ། རྟེན་ལམ་གྱི་མེས་ཚིག་ཅིང་ཉོན་མོངས་པ་རྣམས་ཀྱི་ས་བོན་དུ་མ་གྱུར་པ་ན་ཉོན་མོངས་པ་སྤངས་པ་ཞེས་བྱའོ། །དེ་ལྟར་ན་འོ་ན་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ཉོན་མོངས་པ་སྤངས་པར་མི་འགྱུར་ཏེ། འཇིག་རྟེན་པའི་ལམ་གྱིས་
ཉོན་མོངས་པའི་ས་བོན་རྒྱུན་མི་གཅོད་པའི་ཕྱིར་རོ་ཞེ་ན། དེའི་རྟེན་ནི་རྟེན་ལ་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་དངོས་པོ་ཉམས་པར་བྱས་ན་ཉོན་མོངས་པ་སྤངས་པ་ཞེས་བྱའོ། །བཟློག་པ་ནི་སྤངས་པ་མ་ཡིན་པ་ཞེས་བྱ་བ་ལ། འཕགས་པ་དང་འཕགས་པ་མ་ཡིན་པའི་ལམ་དག་

གིས་རྟེན་མ་ཚིག་པ་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་ན་ཉོན་མོངས་པ་མ་སྤངས་པ་ཞེས་བྱའོ། །རྟེན་ལ་རྩ་ནས་མ་བཏོན་པ་དང་། ཉམས་པར་མ་བྱས་པའི་ས་བོན་ཡོད་པས་གང་མ་སྤངས་པ་དེ་དང་ནི་ལྡན་ནོ། །རྟེན་ལ་ས་བོན་རྩ་ནས་བཏོན་པའི་ཕྱིར་རམ། ས་བོན་
ཉམས་པར་བྱས་པའི་ཕྱིར་གང་སྤངས་པ་དེ་དང་ནི་མི་ལྡན་ནོ། །དེ་ལྟ་ཡིན་དང་འཇིག་རྟེན་པའི་ཡིད་དང་ལྡན་པ་ཉིད་དུ་ཁྱད་པར་མེད་ཀྱང་རྟེན་ལ་ས་བོན་རྩ་ནས་བཏོན་པ་དང་། རྩ་ནས་མ་བཏོན་པའི་ཕྱིར་འཕགས་པ་དང་སོ་སོའི་སྐྱེ་བོར་རྣམ་པར་གཞག་ལ། ས་བོན་ཉམས་པར་བྱས་པ་དང་། ཉམས་པར་
མ་བྱས་པའི་ཕྱིར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་ཞེས་བྱ་བར་རྣམ་པར་གཞག་གོ་ཞེས་བྱ་བར་གདགས་ཏེ། ས་བོན་རྒྱུན་ཆད་པ་དང་། ཉམས་པར་བྱས་པའི་ཕྱིར་དང་། རྒྱུན་མ་ཆད་པ་དང་། ཉམས་པར་མ་བྱས་པའི་ཕྱིར་ཐ་སྙད་གདགས་སོ་ཞེས་བྱ་བའི་ཐ་
ཚིག་གོ། །ཆོས་ཉོན་མོངས་པ་ཅན་རྣམས་ཀྱི་ལྡན་པ་དང་མི་ལྡན་པའི་ཐ་སྙད་བརྗོད་པའི་མཇུག་ཐོགས་སུ་དགེ་བ་རྣམས་ཀྱི་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། དགེ་བའི་ཆོས་རྣམས་ཀྱང་རྣམ་པ་གཉིས་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མ་འབད་པར་སྐྱེ་བ་རྣམས་ནི་འབད་པ་ལ་མི་ལྟོས་པ་རྣམས་ཏེ།
གང་དག་སྐྱེས་པ་ཙམ་གྱིས་ཐོབ་པའོ། །འབད་དེ་སྐྱེ་བ་རྣམས་ནི་གང་དག་སྐྱེ་བ་ལ་མི་ལྟོས་པར་ཁྱད་པར་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར། གང་དག་སྐྱེ་བས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གང་དག་སྐྱེས་པ་ཉིད་ཀྱིས་འཐོབ་ཀྱི་འབད་རྩོལ་གཞན་ལ་ལྟོས་པ་དེ་དག་ནི་སྐྱེས་པས་འཐོབ་པ་རྣམས་སོ། །འདིར་
སྐྱེ་བ་ནི་ཅི་རིགས་པར་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་དང་། སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའོ། །གང་དག་སྦྱོང་བའི་ཁྱད་པར་ལ་རག་ལས་ཏེ། སྐྱེ་བ་དེ་དག་ནི་སྦྱོར་བ་ལས་བྱུང་བའོ། །དེ་དག་གི་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པའི་ཕྱིར་ཞེས་བྱ་བ་ལ། དེ་དག་གི་སྒྲ་ནི་མ་འབད་པར་སྐྱེ་བ་
དང་སྦྱར་རོ། །དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་རྣམས་ལ་ནི་ལོག་པར་ལྟ་བ་མེད་པའི་ཕྱིར་དེ་དག་གི་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པས་མ་འབད་པར་སྐྱེས་པ་རྣམས་དང་ནི་དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་ལྡན་ནོ་ཞེས་བྱ་བའོ། །ས་བོན་གྱི་དངོས་པོ་དེ་གང་གིས་ཉམས་པར་བྱེད་ཅེ་ན། དེའི་ཕྱིར། དེ་ཉམས་

པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་བའི་ཆོས་རྣམས་ཀྱི་རྩ་བ་གཏན་དུ་ཡང་དག་པར་བཅོམ་པ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། ཡང་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བའི་ཕྱིར་དང་། ས་བོན་ཀུན་དུ་ཆད་པ་རྣམས་ཡང་འབྱུང་བའི་ཕྱིར་རོ། །མདོ་ལས་ཀྱང་། དགེ་སློང་དག་ལྷ་སྦྱིན་གྱི་
དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱར་བ་ཉིད་ཅེས་གསུངས་སོ། །གལ་ཏེ་གཏན་དུ་ཡང་དག་པར་མ་བཅོམ་ན་འོ་ན་ནི་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་གང་ཟག་དེ་ལ་དགེ་བའི་ཆོས་རྣམས་མི་མངོན་པར་འགྱུར་རོ། །མི་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །དེ་ལ་དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་རྡུལ་དང་
མཉམ་པ་ཞིག་ཡོད་དེ། དེའི་དེ་ཡང་དུས་གཞན་དུ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཆད་པར་འགྱུར་རོ་ཞེས་གསུངས་ཤེ་ན། དེ་ནི་རྣམ་པ་ཐམས་ཅད་དུ་མངོན་དུ་མི་རྒྱུ་བའི་དངོས་པོ་མེད་པའི་དབང་དུ་མཛད་ནས་གསུངས་པར་རིག་པར་བྱའོ། །གང་དག་འབད་དེ་སྐྱེ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེ་བའི་
དབང་ཉིད་དོ། །དེ་ཡང་ཅི་ཞིག་ཅེ་ན། དེ་ལས་སྐྱེས་ཤིང་དེའི་རྒྱུར་གྱུར་པའི་ནུས་པའི་ཁྱད་པར་ཞིག་སྟེ། དེ་ལ་ཐོགས་པ་མེད་པའི་ཕྱིར་ཏེ། གེགས་མ་བྱས་པའི་ཕྱིར་དེ་དག་དང་ལྡན་ནོ། །དེའི་ཕྱིར་འདིར་ས་བོན་ཁོ་ན་རྩ་ནས་བཏོན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་རྩ་ནས་མ་བཏོན་པ་ནི་འཇིག་རྟེན་
ལས་འདས་པའི་ལམ་གྱིས་ཉོན་མོངས་པ་ཅན་རྣམས་ཀྱི་ས་བོན་ནོ། །ཉམས་པར་མ་བྱས་པ་ནི་འཇིག་རྟེན་པའི་ལམ་གྱི་དེ་དག་ཉིད་ཀྱི་ས་བོན་དང་ལོག་པར་ལྟ་བ་ཀུན་དུ་མི་རྒྱུ་བ་ལས་དགེ་བ་སྐྱེས་ནས་ཐོབ་པ་རྣམས་ཀྱི་ས་བོན་ནོ། །དབང་བའི་དུས་ན་རྒྱས་པར་གྱུར་པ་ནི་ཞེས་བྱ་བ་ནི་འབད་དེ་སྐྱེ་བའི་སྟེ། ས་བོན་
ཞེས་བྱ་བའི་སྐབས་ཡིན་ནོ། །རྒྱས་པར་གྱུར་པ་ནི་རིགས་པར་བརྩོན་པས་ཡང་དང་ཡང་དུ་བསྐྱེད་པ་ལས་སོ། །ཐོགས་པ་ནི་བསྐྱེད་པར་བྱའི་ཕྱིར་མི་བརྩོན་པའམ་ལོག་པར་བརྩོན་པ་ལས་སོ། །ས་བོན་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་བྱ་བ་ནི་དེའི་རང་གི་ངོ་བོས་ངེས་པར་ཟིན་པའི་ཕྱིར་འདྲི་བའོ། །འབྲས་བུ་བསྐྱེད་
པར་བྱ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཏེ། དེ་ལ་བསྐྱེད་པར་བྱ་བ་ལ་ནུས་པའི་མིང་དང་གཟུགས་གང་ཡིན་པ་དེ་ནི་དེ་དག་གི་ས་བོན་ནོ་ཞེས་བྱ་བའོ། །མངོན་སུམ་མམ་བརྒྱུད་པས་ཞེས་བྱ་བ་ལ། མངོན་སུམ་ནི་བར་མེད་པའོ། །

བརྒྱུད་པ་ནི་དེའི་རྒྱུན་དུ་གཏོགས་པའི་སྐད་ཅིག་གཞན་གྱིས་བར་ཆོད་པའོ། །ཡོངས་སུ་འགྱུར་བ་གཞན་ལས་ཁྱད་པར་དུ་གྱུར་པ་ནི་འགྱུར་བའི་བྱེ་བྲག་གོ། །དེ་ནི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ཞིག་སྟེ། གང་གི་མཇུག་ཐོགས་སུ་འབྲས་བུ་སྐྱེ་བའོ། །གྲངས་ཅན་པའི་འགྱུར་བ་
ལས་རྣམ་པར་དབྱེ་བར་བྱ་བའི་ཕྱིར། འགྱུར་བ་ཞེས་བྱ་བ་ནི་ཅི་ཡིན་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར། རྒྱུད་གཞན་ཉིད་དུ་འགྱུར་བའོ་ཞེས་བྱ་བ་སྨོས་ཏེ། རྒྱུ་ཐ་མི་དད་པའི་འབྲས་བུ་རྒྱུ་དང་མི་འདྲ་བར་འབྱུང་བ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་རྣམ་པར་
གཞག་པ་ནི་གཉིས་ཏེ། དོན་དམ་པ་དང་། བཏགས་པའོ། །དེ་ལ་དོན་དམ་པ་རྒྱུད་དུ་འདོད་ན་ནི་དེ་ལྟ་ན་གྲངས་ཅན་པ་རྣམས་དང་ཁྱད་པར་མེད་དེ། དེ་དག་གི་ལྟར་ན་ཡང་ནི་རྣམ་པར་གནས་པའི་རྫས་ཀྱི་གཞན་དུ་འགྱུར་བ་ཉིད་འགྱུར་བ་ཡིན་ནོ། །འོན་ཏེ་བཏགས་པར་ཡོད་པ་ཡིན་ན་ནི་ཇི་ལྟར་དེ་གཞན་དུ་
གྱུར་པ་ཉིད་ཡིན་སྙམ་དུ་ཤེས་པར་འདོད་པས་འདྲི་བའོ། །འདུ་བྱེད་དུས་གསུམ་རྒྱུ་དང་འབྲས་བུར་གྱུར་པ་རྣམས་སོ་ཞེས་གཉིས་ཀ་སྨོས་པ་ནི་ལྷན་ཅིག་སྐྱེས་པ་རྣམས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་དང་། ཡང་དག་པའི་ལྟ་བ་ལ་སོགས་པ་ཟག་པ་མེད་པ་རྒྱུ་དང་འབྲས་བུར་མ་གྱུར་པ་རྣམས་རྣམ་
པར་སྨིན་པའི་འབྲས་བུའི་ངོ་བོ་མ་ཡིན་ཡང་དུས་གསུམ་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་འདུ་བྱེད་རྒྱུད་མ་ཆད་པར་འབྱུང་བ་ནི་རྒྱུད་ཡིན་ནོ་ཞེས་བྱ་བར་བསྟན་པར་འགྱུར་ཏེ། རྒྱུད་ཀྱི་ཉེ་བར་ལེན་པར་གྱུར་པའི་འདུ་བྱེད་རྣམས་སྔ་མ་དང་ཕྱི་མ་མི་འདྲ་བར་སྐྱེ་བ་ནི་རྒྱུད་གཞན་དུ་གྱུར་པ་ཉིད་དོ་ཞེས་བྱའོ། །གང་
ལས་ཆགས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་དེ་ལས་ཆགས་པའི་ས་བོན་ཁོ་ན་རྩ་ནས་མ་བཏོན་པ་དང་། ཉམས་པར་མ་བྱས་པ་ནི་ལྡན་པའོ་ཞེས་བྱ་ན་ནི་ནམ་ཡང་དྲན་པ་ཉེ་བར་གཞག་པ་དག་བསྒོམ་པར་མི་ནུས་པར་འགྱུར་ཞིང་། འདི་ནི་ཐོབ་པ་ལ་ཡང་མཚུངས་པར་འགྱུར་རོ། །དེའི་ཕྱིར་དེ་ལས་
ཆགས་པ་དང་དུ་ལེན་པ་དང་། མི་སེལ་བ་ལ་ལྡན་པའི་སྒྲར་གསུངས་སོ་ཞེས་བྱ་བར་ཤེས་སོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྐྱེ་བའི་རྒྱུའམ། གལ་ཏེ་རྣམ་པར་གཞག་པའི་རྒྱུའམ། གལ་ཏེ་རྟེན་གྱི་བྱེ་བྲག་ཡིན་ཡང་རུང་སྟེ། རྣམ་པ་ཐམས་ཅད་དེ། རྣམ་པར་ཀུན་དུ་བརྟགས་པའི་ཆོས་

ཡིན་གྱི། སྔར་བཤད་པའི་རྒྱུས་རྫས་ཀྱི་ཆོས་ནི་མ་ཡིན་ཏེ། བརྟགས་པས་ཐ་སྙད་དུ་གཞག་གོ་ཞེས་བྱ་བའི་དོན་ཏེ། དེ་འགོག་པ་ཞེས་བྱ་བ་ལ། ལྡན་པ་ཞེས་བྱ་བ་ནི་དེ་བཀག་པ་མི་ལྡན་པའོ། །ཅི་ཞེ་ན། བསལ་བར་རིག་པར་བྱ་སྟེ། ས་བོན་ལ་ལྡན་པའི་སྒྲར་བརྗོད་པ་གང་ཡིན་པ་དེ་ནི་མ་བསལ་ལོ། །བྱེ་བྲག་
ཏུ་སྨྲ་བ་རྣམས་ན་རེ་ནི་ཐོབ་པ་དང་མ་ཐོབ་པ་གཉིས་ཀ་རྫས་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །གང་ལས་ཤེ་ན། མདོ་ལས་འབྱུང་བའི་ཕྱིར་རོ། །འདི་སྐད་དུ་གང་ཟག་འདི་ནི་དགེ་བའི་ཆོས་རྣམས་དང་ཡང་ལྡན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱས་པར་སྔ་མ་བཞིན་ནོ། །རིགས་པ་ཡང་ཡོད་དོ། །འདིར་རིགས་པ་གང་
ཞེ་ན། ཐོབ་པ་ནི། རྫས་སུ་ཡོད་པ་ཡིན་ཏེ། དེའི་འབྲས་བུ་དམིགས་པའི་ཕྱིར་མིག་ལ་སོགས་པ་བཞིན་ནོ། །དུས་གསུམ་པའི་རྣམ་པ་གསུམ་ཞེས་བྱ་བ་ལ། བཤད་པ་འདི་ནི་དམིགས་ཀྱིས་བསལ་བ་དང་བཅས་པ་ཞིག་སྟེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །ཐོབ་པའི་
རྒྱུན་ལ་ལྟོས་ཏེ། འདས་པ་ལ་སོགས་པ་རྣམས་རེ་རེ་ལ་ཡང་ཐོབ་པ་རྣམ་པ་གསུམ་གསུམ་མོ། །ཇི་ལྟར་ཞེ་ན། འདས་པ་རྣམས་ཀྱི་བེའུ་ལྟར་འབྲང་བ་གང་ཡིན་པ་དེ་སྐྱེས་ལ་འགགས་པ་ནི་འདས་པའོ། །སྐྱེས་ལ་མ་འགགས་པ་ནི་ད་ལྟར་བའོ། །མ་སྐྱེས་པ་ནི་མ་འོངས་པའོ། །ད་ལྟར་བྱུང་བ་རྣམས་
ཀྱི་སྔར་སྐྱེས་པ་ནི་འདས་པའོ། །ལྷན་ཅིག་སྐྱེ་བ་ནི་ད་ལྟར་བའོ། །དུས་ཕྱིས་སྐྱེ་བ་ནི་མ་འོངས་པའོ། །མ་འོངས་པ་རྣམས་ཀྱི་ཁྱུ་མཆོག་འདྲ་བ་གང་ཡིན་པ་དེ་སྐྱེས་ལ་འགགས་པ་ནི་འདས་པའོ། །སྐྱེས་ལ་མ་འགགས་པ་ནི་ད་ལྟར་བའོ། །མ་སྐྱེས་པ་ནི་མ་འོངས་པའོ། །དགེ་ལ་སོགས་ཀྱི་ཞེས་
བྱ་བ་ལ་སོགས་པ་ལ། དེ་ནི་དགེ་བ་ལ་སོགས་པ་རེ་རེ་ལ་ཡང་དགེ་བ་ལ་སོགས་པ་ཡིན་པར་འགྱུར་ན་མི་རུང་བས་དེའི་ཕྱིར། གོ་རིམས་བཞིན་དུ་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་ཐོབ་པ་ཆོས་དང་འདྲ་བར་རྣམ་པར་གཞག་གི །དེ་ལྟ་མ་ཡིན་པར་ཆོས་ལས་བཟློག་སྟེ་མ་ཡིན་ཞེ་ན། འདོད་ཆགས་དང་
བྲལ་བ་མི་དགེ་བའི་ཆོས་རྣམས་དང་ལྡན་པ་དང་། དགེ་བའི་རྩ་བ་ཀུན་དུ་ཆད་པ་དགེ་བའི་ཆོས་རྣམས་དང་ལྡན་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་འོ་ན་ཐམས་ཅད་དུ་ལུང་དུ་མ་བསྟན་པ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ལུང་དུ་མ་བསྟན་པའི་ཆོས་ལྟར་གཞན་དག་ཏུ་ཡང་འདྲ་བ་ཉིད་དུ་ཐལ་བར་འགྱུར་

རོ། །ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཆོས་ཉོན་མོངས་པ་ཅན་རྣམས་ཀྱི་ཐོབ་པ་ལམ་དང་མི་འགལ་བར་འགྱུར་རོ། །དེའི་ཕྱིར་ཉོན་མོངས་པ་ཅན་རྣམས་ཀྱི་རང་གི་ངོ་བོ་སྤངས་པ་མ་ཡིན་པས་ཆོས་དང་འདྲ་བ་ཁོ་ནར་འདོད་དོ། །དེར་གཏོགས་རྣམས་ཀྱི་རང་ཁམས་པ། །ཞེས་བྱ་བ་ལ།
ལྡན་པ་ནི་ལྡན་པ་ཅན་ལ་རག་ལས་པས་ཁམས་གཞན་པ་རྣམས་ཀྱི་ཐོབ་པ་ནི་ཁམས་གཞན་པ་མ་ཡིན་ནོ། །དེ་ལ་རེ་ཞིག་འདོད་པའི་ཁམས་སུ་ཡང་སྐྱེས་པའི་འདོད་པ་ན་སྤྱོད་པ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །
གཟུགས་ཀྱི་ཁམས་སུ་སྐྱེས་པའི་གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་ན་སྤྱོད་པ་ཡིན་ལ། འདོད་པར་གཏོགས་པ་སྤྲུལ་པའི་སེམས་ཀྱི་ནི་འདོད་པ་ན་སྤྱོད་པའོ། །གཟུགས་མེད་པ་ན་སྤྱོད་པ་ཉོན་མོངས་པ་ཅན་རྣམས་ཀྱི་ནི་གཟུགས་མེད་པ་ན་སྤྱོད་པའོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པའི་གཟུགས་མེད་
པའི་ཁམས་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་མེད་པའི་ཁམས་པ་ཁོ་ནའོ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་བྱ་བ་ལ། ཟག་པ་མེད་པ་རྣམས་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་སྲིད་པས་བདག་གིར་མ་བྱས་པའི་ཕྱིར་མ་གཏོགས་པ་རྣམས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་
འགོག་པའི་ནི་ཁམས་གསུམ་པའི་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཁམས་གསུམ་པའི་རྐྱེན་མ་ཚང་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་དང་། སྐྱེ་བའི་དབང་གིས་ཁམས་གསུམ་པ་ཉིད་ཡིན་གྱི། གང་དག་གི་རྐྱེན་མ་ཚང་བར་འགྱུར་བ་ཆོས་ཀྱི་དབང་གིས་ནི་མ་ཡིན་ཏེ། གཞན་དུ་ནི་ལམ་གྱི་བདེན་པས་བསྡུས་པའི་ཆོས་རྣམས་ཀྱི་སོ་
སོར་བརྟགས་པ་མ་ཡིན་པས་འགོག་པ་མི་ལྡན་པར་འགྱུར་རོ། །སོ་སོར་བརྟགས་པས་འགོག་པའི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ན་སྤྱོད་པའི་ལམ་གྱིས་ཐོབ་པའི་ནི་གཟུགས་ན་སྤྱོད་པ་ཡིན་ལ། གཟུགས་མེད་པ་ན་སྤྱོད་པའི་ལམ་གྱིས་ཐོབ་པའི་ནི་གཟུགས་མེད་པ་ན་སྤྱོད་པ་སྟེ། འདི་ནི་འཕགས་པ་མ་
ཡིན་པའི་འདོད་ཆགས་དང་བྲལ་བ་ལ་ངེས་པའོ། །ཟག་པ་མེད་པ་ཡང་ཡིན་ནོ། །ཅི་ཞེ་ན། སོ་སོར་བརྟགས་པས་འགོག་པའི་སྟེ། ཟག་པ་མེད་པས་ཐོབ་པའི་ནི་ཟག་པ་མེད་པའོ། །ལམ་གྱི་བདེན་པའི་ནི་ཟག་པ་མེད་པ་ཉིད་དེ་ཞེས་བྱ་བ་ལ། དེ་ནི་ལམ་གཞན་དུ་མ་གཏོགས་པ་ཡིན་པའི་ཕྱིར་ན་ཆོས་ཀྱི་དབང་ཁོ་

ནས་ཐོབ་པ་ངེས་པ་ཡིན་ནོ། །སློབ་པའི་གང་ཟག་གི་ཆོས་རྣམས་ནི་སློབ་པ་རྣམས་སོ། །མི་སློབ་པ་རྣམས་ནི་མི་སློབ་པ་རྣམས་སོ། །དེ་ལ་རེ་ཞིག་སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་མི་སློབ་པ་རྣམས་ཀྱང་རིག་པར་བྱའོ། །ཟག་པ་དང་བཅས་པའི་
ཆོས་རྣམས་དང་། འདུས་མ་བྱས་རྣམས་ནི་སློབ་པ་དང་མི་སློབ་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་སོ། །རེ་ཞིག་ཟག་པ་དང་བཅས་པ་རྣམས་ཀྱི་ཐོབ་པ་ནི་སློབ་པ་དང་མི་སློབ་པ་མི་སྲིད་པས་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །འདུས་མ་བྱས་ཀྱི་ནི་འགའ་ཞིག་
སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ལ་འགའ་ཞིག་གི་ནི་རྣམ་པ་གསུམ་ཡིན་པས་དེའི་ཕྱིར། སོ་སོར་བརྟགས་པ་མ་ཡིན་པས་ཞེས་བྱ་བ་སྨོས་ཏེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཕགས་པ་མ་ཡིན་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་མ་ཡིན་པའི་
ལམ་གྱིས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ནི་ཟག་པ་དང་བཅས་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །ངང་གི་སྒྲ་ནི་སྐབས་སུ་བབ་པ་རྗེས་སུ་དྲང་བར་བྱ་བའི་དོན་ཏོ། །སློབ་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ནི་སློབ་པ་
པའོ། །དེ་བཞིན་དུ་མི་སློབ་པ་ཡང་རིག་པར་བྱའོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དག་ནི་ཟད་པའི་ཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་དུ་གྱུར་པའི་ཕྱིར་ཟད་པ་ཤེས་པ་ལ་འགོག་པ་ཐོབ་པར་བྱེད་པའི་ནུས་པ་ཡོད་པས། དེའི་ཕྱིར་མི་སློབ་པའི་ལམ་གྱིས་ཐོབ་པའི་ནི་མི་སློབ་པའོ་ཞེས་བྱ་བ་སྨོས་
སོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཐོབ་པ་ནི་ཆོས་ཀྱི་དབང་གིས་རྣམ་པར་གཞག་པའི་ཕྱིར་རོ། །སྤང་བར་བྱ་བ་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སོ་སོར་བརྟགས་པ་མ་ཡིན་
པས་འགོག་པའི་ཐོབ་པ་ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པས་སོ་སོར་བརྟགས་པས་འགོག་པའི་དགེ་བ་ཟག་པ་དང་བཅས་པ་ཡིན་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་། ཟག་པ་དང་བཅས་པ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་སྟེ། དེ་སྐད་དུ་ཡང་། ཉོན་མོངས་ཅན་མིན་མཐོང་སྤང་མིན། །

ཞེས་བཤད་དོ། །དེ་ཉིད་ཅེས་བྱ་བ་ལ། སོ་སོར་བརྟགས་པས་འགོག་པ་འཕགས་པའི་ལམ་གྱིས་ཐོབ་པའོ། །འཕགས་པ་རྣམས་ཀྱིས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཟག་པ་མེད་པ་གང་ཡིན་པ་དེ་ཡང་འཕགས་པའི་ལམ་གྱི་སྟོབས་ཀྱིས་འཐོབ་པ་སྟེ་དེའི་ཕྱིར་ཟག་
པ་མེད་པ་ཡིན་ནོ། །ལམ་གྱི་བདེན་པའི་ཡང་ཟག་པ་མེད་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ནོ། །ལུང་བསྟན་མི་ཐོབ་ལྷན་ཅིག་སྐྱེ། །ཞེས་བྱ་བ་ལ། དམིགས་ཀྱིས་བསལ་བ་འདི་ནི་དམིགས་ཀྱིས་བསལ་བ་དང་བཅས་པ་ཞིག་སྟེ། མངོན་ཤེས་སྤྲུལ་པ་མ་གཏོགས་པ། །ཞེས་འབྱུང་བའི་ཕྱིར་རོ། །
སྟོབས་ཆུང་བའི་ཕྱིར་ཞེས་བྱ་བ་ལ། སྟོབས་ཆུང་བ་ཉིད་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཟག་པ་མེད་པ་རྣམས་ལ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མངོན་ཤེས་སྤྲུལ་པ་མ་གཏོགས་པ། །ལུང་དུ་མ་བསྟན་པ་རྣམས་ཀྱིས་ཐོབ་
པ་ལྷན་ཅིག་སྐྱེའོ་ཞེས་བྱ་བར་སྦྱར་རོ། །མངོན་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། ལྷའི་མིག་དང་རྣ་བ་སྟེ། མིག་དང་རྣ་བའི་མངོན་ཤེས་ནི། ལུང་དུ་མ་བསྟན་ཞེས་འབྱུང་བའི་ཕྱིར་རོ། །སྤྲུལ་པའི་སེམས་ཞེས་བྱ་བ་ནི། ལུང་བསྟན་མིན་རྣམ་བཞི་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་ནི་སྦྱོར་བའི་
ཁྱད་པར་གྱིས་འགྲུབ་པ་ཞེས་བྱ་བ་འདི་ནི་མངོན་པར་འདུ་བྱེད་པ་ལས་འབྱུང་བའི་ཕྱིར་སྟོབས་དང་ལྡན་པ་ཉིད་དོ་ཞེས་སྟོན་པར་བྱེད་དོ། །བཟོའི་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདུ་བྱེད་ཀྱི་ཁྱད་པར་ལ་བརྟེན་གྱི། འདུ་བྱེད་ཙམ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་གོམས་པའི་ཞེས་བྱ་བ་
སྨོས་ཏེ། སྤྱོད་ལམ་པའི་ནི་དཔེར་ན་བཅོམ་ལྡན་འདས་དང་རྟ་ཐུལ་ལ་སོགས་པ་རྣམས་ཀྱི་སྤྱོད་ལམ་པའི་ལྟ་བུའོ། །བཟོའི་གནས་པའི་ནི་དཔེར་ན་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་བི་ཤྭ་ཀརྨ་དང་། ལྷ་མ་ཡིན་རྣམས་ཀྱི་མ་ཡུལ་བཟོའི་གནས་པའི་ལྟ་བུ་སྟེ། དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པས་སྟོབས་དང་
ལྡན་པའི་ཕྱིར་རོ། །གཞན་དག་ནི་སྟོབས་ཆུང་བའི་ཕྱིར་ཐོབ་པ་ལྷན་ཅིག་སྐྱེ་བ་ཉིད་དོ། །བསྒྲིབས་པའི་གཟུགས་ཀྱི་ཡང་ཞེས་བྱ་བ་ལ། གཟུགས་སྨོས་པའི་ནི་གཟུགས་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། དེའི་ཐོབ་པ་ནི་རྣམ་པ་གཞན་དུ་རྣམ་པར་འཇོག་པའི་ཕྱིར་རོ། །བསྒྲིབས་པ་ནི་བསམ་གཏན་

དང་པོ་ཁོ་ནའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཉོན་མོངས་པ་ཅན་གྱི་ཡིན་གྱི། གོང་མའི་མ་ཡིན་ཞིང་། འདོད་པའི་ཁམས་ཀྱི་ནི་མ་ཡིན་ཏེ། ཀུན་ནས་སློང་བར་བྱེད་པ་མེད་པའི་ཕྱིར་རོ། །བསྒྲིབས་པའི་གཟུགས་ཆེན་པོས་ཀུན་ནས་སློང་བའི་རྣམ་པར་རིག་བྱེད་ཀྱིས་ཀྱང་། རྣམ་པར་རིག་བྱེད་
མ་ཡིན་པ་འཕེན་པར་མི་ནུས་པ་སྟོབས་ཆུང་བར་གྲུབ་སྟེ། དེའི་ཕྱིར་ཐོབ་པ་ལྷན་ཅིག་སྐྱེ་བ་ཁོ་ནའོ། །འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་བྱ་བ་ལ། འདོད་པའི་ཁམས་ཀྱི་སྡོམ་པ་ལ་སོགས་པའི་གཟུགས་དགེ་བ་དང་མི་དགེ་བའི་ཐོབ་པ་ནི་རྣམ་པ་ཐམས་ཅད་དུ་སྔར་སྐྱེ་བ་མེད་དོ། །ལྷན་ཅིག་སྐྱེ་བ་
དང་དུས་ཕྱིས་སྐྱེ་བ་ནི་ཡོད་དོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལྷན་ཅིག་སྐྱེ་བ་ནི་ལྷན་ཅིག་འབྱུང་བའི་ཕྱིར་སྐྱེ་བ་ནི་ཆོས་འདས་པ་སྐྱེ་བ་སྟེ། དེ་ནི་འདས་པ་དང་ད་ལྟར་བ་ཡང་ཡིན་ནོ། །དེ་ལ་འདོད་པ་ན་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་གསལ་བར་བྱ་བའི་ཕྱིར་རོ། །གཟུགས་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་གསལ་བར་
བྱ་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བས་ནི་དགེ་བའི་ཡང་མེད་ལ་མི་དགེ་བའི་ཡང་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་གོང་དུ་བཀག་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་གཟུགས་དགེ་བ་དང་མི་དགེ་བ་ནི་སྦྱོར་བ་ལས་བྱུང་བ་ཡིན་གྱི། སྐྱེས་ནས་ཐོབ་པ་
ནི་མ་ཡིན་ནོ། །མཉམ་པར་མ་བཞག་པའི་ས་བ་ཡིན་པའི་ཕྱིར་མ་འོངས་པ་རྙེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་དེའི་ཐོབ་པ་སྔར་སྐྱེད་པ་མེད་དོ། །ཐོབ་པ་བཤད་ཟིན་ཏོ། །ཅི་མ་ཐོབ་པ་ལ་ཡང་ཐོབ་པ་བཞིན་དུ་རྣམ་པ་བྱེ་བྲག་ཡོད་དམ། སྨྲས་པ། མེད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། མ་ཐོབ་མ་བསྒྲིབས་ལུང་མ་
བསྟན། །མ་ཐོབ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། གལ་ཏེ་ཆོས་དང་འདྲ་བ་ཡིན་ན་ནི་དེ་ལྟ་ན་དགྲ་བཅོམ་པ་རྣམས་མི་དགེ་བའི་ཆོས་རྣམས་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་དང་ལྡན་པར་འགྱུར་ལ། དགེ་བའི་རྩ་བ་ཀུན་དུ་ཆད་པ་རྣམས་ཀྱང་དགེ་བ་
རྣམས་དང་ལྡན་པར་འགྱུར་ཞིང་། སོ་སོའི་སྐྱེ་བོ་རྣམས་ཀྱང་འཕགས་པའི་ཆོས་རྣམས་དང་ལྡན་པར་འགྱུར་རོ། །འོན་ཏེ་ཆོས་ལ་བཟློག་པ་ཡིན་ན། དེ་ལྟ་ན་ཡང་དགྲ་བཅོམ་པ་རྣམས་ཀྱང་ཆོས་ཉོན་མོངས་པ་ཅན་རྣམས་དང་ལྡན་པར་འགྱུར་ལ། དགེ་བའི་རྩ་བ་ཀུན་དུ་ཆད་པ་རྣམས་ཀྱང་དགེ་བའི་རྩ་བ་དག་དང་

ལྡན་པར་འགྱུར་རོ། །དེའི་ཕྱིར་མ་ཐོབ་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །འདས་མ་སྐྱེས་ཀྱི་དེ་རྣམས་གསུམ། །ཞེས་བྱ་བ་ནི་རྒྱུན་ལ་ལྟོས་ནས་སོ། །ད་ལྟར་བྱུང་བའི་མ་ཐོབ་པ་ད་ལྟར་བྱུང་བ་ནི་མེད་དོ་ཞེས་འབྱུང་བས་འདས་པ་དང་། མ་འོངས་པ་ནི་ཡོད་དོ་ཞེས་བྱ་
བར་རྟོགས་སོ། །ད་ལྟར་བྱུང་བ་ནི་གདོན་མི་ཟ་བར་ཐོབ་པ་དང་ལྷན་ཅིག་འབྱུང་བར་འགྱུར་ན། ཐོབ་པ་དང་མ་ཐོབ་པ་དག་ནི་ཅིག་ཆར་ཡང་ཡོད་པ་མ་ཡིན་པས་ད་ལྟར་བའི་མ་ཐོབ་པ་ད་ལྟར་བ་ཡིན་པར་མི་རིགས་སོ། །འདོད་སོགས་གཏོགས་དང་ཞེས་བྱ་བ་ལ་སོགས་པ་ལ། འདོད་པ་ལ་སོགས་པར་གཏོགས་
པ་རྣམས་ནི་འདོད་སོགས་གཏོགས་ཏེ། འདོད་པ་དང་མི་ལྡན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མ་ཐོབ་པ་ནི་སྐྱེ་བའི་རྟེན་གྱི་དབང་གིས་རྣམ་པར་གཞག་གི །ཆོས་ཀྱི་དབང་གིས་ནི་མ་ཡིན་ཏེ། །ཆོས་དང་འགལ་བའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་སུ་སྐྱེས་པའི་འདོད་པ་དང་། གཟུགས་དང་། གཟུགས་མེད་
པ་ན་སྤྱོད་པ་རྣམས་ཀྱི་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པའོ། །ཇི་ལྟར་ཞེ་ན། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་རྣམས་དང་། དགེ་བའི་རྩ་བ་ཀུན་དུ་ཆད་པས་སྐྱེས་ནས་ཐོབ་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ལས་ཉོན་མོངས་པ་རྣམས་དང་ལྡན་པ་ཁོ་ན་ཡིན་མོད་ཀྱི། འདོད་ཆགས་དང་
བྲལ་བ་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་དང་། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་ཟག་པ་མེད་པ་རྣམས་ཀྱི་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམས་དང་།
ཟག་པ་མེད་པ་རྣམས་ཀྱི་མ་ཐོབ་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ་ཞེས་རྒྱས་པར་བརྗོད་པར་བྱའོ། །མ་ཐོབ་པ་ཆོས་ཀྱི་དབང་གིས་རྣམ་པར་མི་གཞག་གོ་ཞེས་བྱ་བ་འདིའི་ཤེས་པར་བྱེད་པ་ནི་མ་ཐོབ་པ་ཟག་པ་མེད་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ཁོ་ན་ཡིན་ནོ། །མ་ཐོབ་པ་གང་ཟག་པ་མེད་
པ་མེད་དོ་ཞེས་བྱ་བ་འདི་གང་ལས་རྟོགས་ཤེ་ན། བསྟན་བཅོས་ལས་སོ། །འདི་ལྟར་ཞེས་བྱ་བ་ནི་རྒྱས་པར་བསྟན་བཅོས་ཉེ་བར་དགོད་པའོ། །འདིར་བསྟན་བཅོས་ནི་ཡེ་ཤེས་ལ་འཇུག་པ་ལ་མངོན་པར་འདོད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་ཟག་པ་མེད་པ་ཡིན་པར་མི་འོས་སོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན།

སོ་སོའི་སྐྱེ་བོའི་དངོས་པོ་ནི་སོ་སོའི་སྐྱེ་བོ་ཉིད་ཡིན་ན། ཟག་པ་མེད་པའི་ཆོས་རྣམས་ནི་སོ་སོའི་སྐྱེ་བོའི་དངོས་པོར་རུང་བ་ཡང་མ་ཡིན་ཏེ། འཕགས་པ་རྣམས་ཀྱང་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སློབ་པ་དང་མི་སློབ་པའི་བྱེ་བྲག་དང་། གང་ཟག་གི་བྱེ་བྲག་དང་། གཉེན་པོའི་བྱེ་བྲག་གིས་
འཕགས་པའི་ཆོས་རྣམས་མང་བའི་ཕྱིར་དང་། འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་ཁྱད་པར་མེད་པར་བརྗོད་པའི་ཕྱིར་འཕགས་པའི་ཆོས་གང་དག་གི་ཞེས་དྲིས་དང་། དེའི་ཕྱིར། ཐམས་ཅད་ཀྱི་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། སློབ་པ་དང་མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་
གྱིའོ། །འདི་གང་ལས་རྟོགས་ཤེ་ན། དེའི་ཕྱིར། ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བསྟན་བཅོས་ལས་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཐམས་ཅད་ཀྱི་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ནོ། །དེ་ལྟ་ན་ཐམས་ཅད་ཀྱིས་རྙེད་པ་ལས་འཕགས་པ་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་ལ།
དེ་ལྟ་ན་འགའ་ལ་ཡང་ཟག་པ་མེད་པའི་ཆོས་མ་ལུས་པ་རྙེད་པ་མེད་པས་འཕགས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། དེ་ནི་རྙེད་པ་མེད་པ་གང་ཡིན་པ་སྟེ་ཞེས་བྱ་བ་སྨོས་སོ། །སོ་སོའི་སྐྱེ་བོ་ཉིད་ནི་ཐམས་ཅད་ཀྱི་མ་རྙེད་པ་ལ་བརྗོད་ཀྱི། འགའ་ཞིག་གི་མ་རྙེད་པ་ནི་མ་ཡིན་ལ། འཕགས་པས་ནི་འགའ་ཞིག་
དག་མ་རྙེད་པ་ཡིན་པས་དེ་འཕགས་པ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །དེ་ལྟ་ཡིན་དང་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པ་རྣམ་པ་གཉིས་བསྟན་པར་འགྱུར་ཏེ། མ་རྙེད་པ་སྔོན་དུ་འགྲོ་བ་ཅན་དང་། རྙེད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའོ། །དེ་ལ་སོ་སོའི་སྐྱེ་བོ་ཉིད་ནི་མ་རྙེད་པ་སྔོན་དུ་འགྲོ་བ་ཅན་གང་ཡིན་
པ་དེ་ཡིན་གྱི། རྙེད་པ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་རྙེད་པ་སྔོན་དུ་འགྲོ་བ་ཅན་སོ་སོའི་སྐྱེ་བོ་ཉིད་ཡིན་པར་འགྱུར་ནའོ། །རང་གི་རིགས་ཅན་རྣམས་ཁོ་ན་རྙེད་པའི་ཕྱིར་སངས་རྒྱས་ཀྱང་ཞེས་བྱ་བ་རྒྱས་པར་འགྱུར་རོ། །འོ་ན་ནི་ཁོ་ན་ཞེས་བྱ་བའི་སྒྲ་འདོན་དགོས་སོ་ཞེས་
བྱ་བ་ནི་འཕགས་པའི་ཆོས་རྣམས་མ་རྙེད་པ་ཁོ་ན་ཞེས་བྱ་བར་ཏེ། དེ་ལྟ་ན་ནི་རྙེད་པར་གྱུར་པ་ན་རྙེད་པ་གང་ཡིན་པ་དེ་སོ་སོའི་སྐྱེ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བར་བསྟན་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །གདོན་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། དེར་ངེས་པར་གཟུང་བ་མ་བཏོན་ཡང་རྟོགས་པར་འགྱུར་བ་ཉིད་

དོ། །ཇི་ལྟར་ན་མ་སྨྲས་པར་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར། ཚིག་གཅིག་པུ་དག་ཀྱང་ཞེས་བྱ་བ་སྨོས་སོ། །ཆུ་འཐུང་ངོ་། །རླུང་ཟའོ་ཞེས་བྱ་བ་འདིར་ཁོ་ན་ཞེས་བྱ་བའི་སྒྲ་མེད་པས་ཚིག་གཉིས་པ་མེད་མོད་ཀྱི། འོན་ཀྱང་འདིར་ཆུ་ཁོ་ན་འཐུང་བའོ། །རླུང་ཁོ་ན་ཟའོ་ཞེས་ངེས་པར་
གཟུང་བ་རྟོགས་པ་ཡིན་ནོ། །གལ་ཏེ་ཆུ་ཡང་འཐུང་ཞིང་ཟས་ཀྱང་ཟ་བ་ཡིན་ན་ནི་ཆུ་འཐུང་ངོ་ཞེས་བྱ་བའི་ངག་འདི་ལ་འབྲས་བུ་ཅི་ཞིག་ཡོད། དེའི་ཕྱིར་ཆུ་འཐུང་ངོ་ཞེས་ངེས་པར་གཟུང་བ་ཁོངས་སུ་བསྡུས་པའི་ཕྱིར་ཁོ་ནའི་སྒྲ་ཡང་མི་བརྗོད་དེ། དེ་བཞིན་དུ་འདིར་ཡང་གལ་ཏེ་འཕགས་པའི་ཆོས་རྣམས་ཀྱི་རྙེད་པ་དང་མ་
རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ན། སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་བྱ་བའི་ངག་འདི་ལ་འབྲས་བུ་ཅི་ཞིག་ཡོད། དེའི་ཕྱིར་འདི་ནི་ངེས་པར་གཟུང་བ་ཁོངས་སུ་བསྡུས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་སོ། །དེའི་ཕྱིར་ཁོ་ན་ཞེས་བྱ་བའི་སྒྲའི་དོན་ཁོང་དུ་ཆུད་པའི་ཕྱིར་འདིར་ཁོ་ན་ཞེས་བྱ་
བའི་སྒྲ་དོན་མེད་པས་མི་འདོན་ནོ། །དེ་བཞིན་དུ་རླུང་ཟ་བའོ་ཞེས་བྱ་བ་ལ་ཡང་བརྗོད་པར་བྱའོ། །གཞན་ན་རེ་ནི་བསྟན་པའི་ཉེས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་ལྷན་ཅིག་འབྱུང་བ་རྣམས་ཀྱིའོ་ཞེས་ཟེར་རོ། །སོ་སོའི་སྐྱེ་བོ་ཉིད་ནི་ཆོས་ཤེས་པའི་བཟོད་
པའི་མ་རྙེད་པ་ཡིན་གྱི། དེ་ལས་གཞན་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་མ་རྙེད་ཀྱང་། སྐད་ཅིག་མ་དང་པོ་ལ་གནས་པ་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་མི་འགྱུར་རོ། །དེ་ལྟ་ན་འོ་ན་འབྲས་བུ་ཐོབ་པའི་དུས་ན་དེ་བཏང་བའི་ཕྱིར་
འཕགས་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། དེ་དག་བཏང་བས་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ལ་རྒྱུ་བཤད་པ་ནི། དེ་དག་གི་མ་རྙེད་པ་གཏན་དུ་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་
དང་། དེ་དང་ལྷན་ཅིག་འབྱུང་བ་རྣམས་ཀྱི་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་གཏན་དུ་བཅོམ་པའི་ཕྱིར་རོ། །འཕགས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་དེ་ནི་དེའི་རྒྱུད་ལ་ནམ་ཡང་འབྱུང་བར་མི་འགྱུར་རོ། །འདིར་ཡང་སྔར་བཤད་པའི་ཉེས་པར་ཐལ་བར་བྱ་བའི་ཕྱིར། འོ་ན་ནི་དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་

སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་ལྷན་ཅིག་འབྱུང་བ་དག་གོ། །རིགས་གསུམ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དག་རེ་རེས་ཐམས་ཅད་རྙེད་པ་ཡང་མ་ཡིན་ལ། རིགས་
གསུམ་པོ་ཐམས་ཅད་ཀྱིས་རྙེད་པ་ཡང་ཉན་ཐོས་ལ་སོགས་པ་རྣམས་ལ་མཚུངས་ཏེ། དེའི་ཕྱིར་འདྲི་བ་ནི། གང་དག་གི་ཞེས་བྱ་བ་སྟེ། དེའི་ཕྱིར་བཤད་པ། ཐམས་ཅད་ཀྱི་མ་རྙེད་པ་ལས་སོ་སོའི་སྐྱེ་བོ་ཞེས་བྱའོ། །དེ་ལྟ་ན་ཉེས་པ་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཐམས་ཅད་ཀྱི་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་
ན་ནི་སངས་རྒྱས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་དང་མི་ལྡན་པའི་ཕྱིར་འཕགས་པ་མ་ཡིན་པར་འགྱུར་རོ་ཞེས་སྔར་གང་སྨྲས་པའོ། །ལན་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དེ་ནི་རྙེད་པ་མེད་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནས། འོ་ན་ནི་ཁོ་ན་ཞེས་བྱ་བའི་སྒྲ་གདོན་དགོས་སོ། །གདོན་མི་དགོས་ཏེ། ཚིག་
གཅིག་པུ་དག་ཀྱང་ངེས་པར་འཛིན་པ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་ནི་སྔར་བཤད་པ་ལས་ཁྱད་པར་མེད་པའི་ཕྱིར་འབད་པ་དོན་མེད་པར་འགྱུར་ཏེ། སྔར་བཤད་པའི་ཉེས་པ་ཡོངས་སུ་སྤངས་པའི་སྒོ་ནས་འདིར་ཉེ་བར་བཀོད་ན། ཉན་ཐོས་ལ་སོགས་པ་རྣམས་འཕགས་པ་མ་ཡིན་པ་ཉིད་ཀྱི་ཉེས་པ་ནི་འདི་ན་ཡང་སོ་ན་
འདུག་པ་ཉིད་དོ། །གལ་ཏེ་འདིར་ཡང་ཉེས་པ་མེད་པ་ཞེས་བྱ་བའི་ལན་དེ་ཉིད་འདོད་ན་ནི་དེ་ལྟར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་ལྷན་ཅིག་བྱུང་བ་རྣམས་ཀྱི་ཡིན་གྱི། གཞན་དག་གི་མ་ཡིན་ནོ་ཞེས་བྱ་བའི་འབད་པ་གང་ཡིན་པ་དོན་མེད་པར་འགྱུར་རོ། །འཕགས་པའི་ཆོས་རྣམས་མ་སྐྱེས་པའི་ཞེས་
བྱ་བ་རྒྱས་པར་འབྱུང་ངོ་། །རྒྱུད་ལ་འཕགས་པའི་ཆོས་གང་དག་མ་སྐྱེས་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ཞིང་ཞེས་བྱ་བས་འདིར་ཡང་། སྔ་མ་བཞིན་དུ་ཉན་ཐོས་ལ་སོགས་པ་རྣམས་འཕགས་པ་ཉིད་མ་ཡིན་པའམ། འབད་པ་དོན་མེད་པར་འགྱུར་རོ་ཞེ་ན། འདི་ལ་འབད་པ་དོན་མེད་པ་ཡོད་པ་མ་ཡིན་ཏེ། དོན་གཞན་དང་ལྡན་
པའི་ཕྱིར་རོ། །རྒྱུད་སྨོས་པས་ན་སོ་སོའི་སྐྱེ་བོ་ཉིད་ནི་ཀུན་རྫོབ་ཏུ་སྤྱོད་པ་ཡིན་གྱི། ཆོས་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་དེ་སྐད་སྨྲས་ཀྱི། ཉེས་པ་སྔ་མ་སྤང་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེ་ཐོབ་པ་དང་ས་འཕོས་པས་ནི་རྣམ་ཉམས་འགྱུར། །ཞེས་བྱ་བ་ལ། དེ་ཐོབ་པ་དང་ས་འཕོས་པ་ལས་རྣམ་པར་

ཉམས་པར་འགྱུར་ཏེ། ས་འཕོས་པ་ནི་ཁམས་དང་སར་སྐྱེས་པས་འཕོས་པའོ། །དེ་ལ་མ་ཐོབ་པ་ཆོས་གང་གིས་ཡིན་པ་དེ་ནི་དེ་ཐོབ་པ་ལས་རྣམ་པར་ཉམས་པར་འགྱུར་ཏེ། རེ་ཞིག་ཇི་ལྟར་སོ་སོའི་སྐྱེ་བོ་ཉིད་འཕགས་པའི་ལམ་གྱི་མ་རྙེད་པ་ཡིན་པ་ལྟར། དེ་རྙེད་པས་དེ་ཁམས་གསུམ་པ་ཡང་
རྣམ་པར་ཉམས་པར་འགྱུར་རོ། །ས་འཕོས་པ་ལས་ཀྱང་ཡིན་ནོ། །ཅི་ཞེ་ན། སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་པར་འགྱུར་ཏེ། འདི་ལྟར་གང་གི་ཚེ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དེའི་ཚེ་དེའི་འདོད་པར་གཏོགས་པའི་སོ་སོའི་སྐྱེ་བོ་ཉིད་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ལས་སྤང་
བར་འགྱུར་གྱི། རྣམ་པར་ཉམས་པར་འགྱུར་བ་མ་ཡིན་ལ། གང་གི་ཚེ་བསམ་གཏན་དང་པོར་སྐྱེས་པས་ས་འཕོས་པ་དེའི་ཚེ་ནི་འདིའི་དེ་རྣམ་པར་ཉམས་པར་འགྱུར་གྱི། སྤངས་པ་མ་ཡིན་ཏེ། སྔར་སྤངས་ཟིན་པའི་ཕྱིར་རོ། །འཕགས་པར་འགྱུར་བ་ཡང་མ་ཡིན་ཏེ། བསམ་གཏན་དང་པོའི་ས་པའི་སོ་སོའི་སྐྱེ་བོ་ཉིད་
རྙེད་པའི་ཕྱིར་རོ། །དེ་བཞིན་དུ་ས་དང་པོའི་ཁམས་གོང་མ་བཞིན་དུ་འཕོ་བ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །གཞན་དག་གི་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ལམ་ཐོབ་པས་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་པར་འགྱུར་བ་དེ་བཞིན་དུ་གཞན་དག་གི་ཐོབ་པས་ཀྱང་དེ་དག་གི་མ་ཐོབ་པ་རྣམ་པར་
ཉམས་པར་འགྱུར་རོ། །ཇི་ལྟར་ཞེ་ན། རེ་ཞིག་འདོད་པ་ན་སྤྱོད་པའི་ཐོབ་པ་དང་། བསམས་པ་ལས་བྱུང་བ་རྣམས་དང་། གཟུགས་ན་སྤྱོད་པའི་ཐོས་པ་དང་། བསྒོམས་པ་ལས་བྱུང་བ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པའི་བསྒོམས་པ་ལས་བྱུང་བ་རྣམས་ཀྱི་མ་རྙེད་པ་ནི་དེ་དག་ཐོབ་པས་རྣམ་པར་ཉམས་པར་
འགྱུར་ལ། ཁམས་གོང་མ་པའི་ཕུང་པོ་འགྲོ་བས་བསྡུས་པ་རྣམས་ཀྱི་མ་རྙེད་པ་ནི་ས་གོང་མར་སྐྱེས་པས་རྣམ་པར་ཉམས་པར་འགྱུར་རོ། །དེ་བཞིན་དུ་དགེ་བ་སྐྱེས་ནས་ཐོབ་པ་རྣམས་དང་ཅི་རིགས་པར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་གྱི་ཟག་པ་མེད་པ་རྣམས་ཀྱི་མ་རྙེད་པ་ནི་དེ་
དག་རྙེད་པས་རྣམ་པར་ཉམས་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཉིད་མ་ཐོབ་པ་ཡང་དེ་ཐོབ་པས་རྣམ་པར་ཉམས་པར་འགྱུར་རོ། །རྣམ་པར་ཉམས་པ་ཡང་མ་ཤེས་པས་དེའི་ཕྱིར་རྣམ་པར་ཉམས་པར་འགྱུར་ཞེས་བྱ་བ་ནི་ཞེས་བྱ་

བ་སྨོས་སོ། །ཐུག་པ་མེད་པར་ཐལ་བར་དོགས་པས་འདྲི་བ་ནི། ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་ཞེས་བྱ་བ་ལ་སོགས་པའོ། །གཉིས་ཀའི་ཡང་གཉིས་ཀ་ཞེས་བྱ་བ་ལ། གང་གི་ཕྱིར་མ་ཐོབ་པའི་ཐོབ་པ་འཆད་པར་འགྱུར་བ་དེའི་ཕྱིར་མ་ཐོབ་པའི་ཐོབ་པ་ཡོད་པ། ཐོབ་པ་ཆད་པས་མ་ཐོབ་པ་སྐྱེའོ་ཞེས་བཤད་པ་
དེའི་ཕྱིར་ཐོབ་པའི་མ་ཐོབ་པ་ཡང་ཡོད་དོ། །དེའི་ཕྱིར་གཉིས་ཀའི་ཡང་གཉིས་ཀ་ཡོད་དོ་ཞེས་བྱ་བ་ནི་ལེགས་པར་སྨྲས་པ་ཡིན་ནོ། །དེ་ལྟར་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟ་ཞེ་ན། ཐོབ་པ་ལ་ཡང་ཐོབ་པ་ཡོད་ཅིང་། དེ་ལ་གཞན་ཡོད་ལ། དེ་ལ་ཡང་གཞན་ཡོད་པས་དེ་ལྟར་ན་
ཐུག་པ་མེད་དོ། །ཕན་ཚུན་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཐོབ་པ་སྐྱེས་པས་ཆོས་དེ་དང་ཐོབ་པའི་ཐོབ་པ་དང་ལྡན་པར་འགྱུར་ལ། ཐོབ་པའི་ཐོབ་པ་སྐྱེས་པས་ཐོབ་པ་ཁོ་ན་དང་ལྡན་པར་འགྱུར་རོ། །དེ་ལྟར་ན་ཐོབ་པ་ནི་གཉིས་ལ་བྱེད་པ་ཡིན་ལ། ཐོབ་པའི་ཐོབ་པ་ནི་གཅིག་ལ་བྱེད་པ་དེའི་ཕྱིར་ཐུག་པ་
མེད་པ་མ་ཡིན་ནོ། །དགེ་བའང་རུང་ཉོན་མོངས་པ་ཅན་ཡང་རུང་ཞེས་བྱ་བས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ནི་ཐོབ་པ་ལྷན་ཅིག་སྐྱེས་པ་ཅན་ཡིན་པའི་ཕྱིར་སྐད་ཅིག་གཉིས་པ་ལ་ཐོབ་པ་མེད་དོ། །སྐད་ཅིག་གཉིས་པ་ལ་དགེ་བ་དང་མི་དགེ་བའི་ཐོབ་པ་གསུམ་སྐྱེའོ། །སྐད་ཅིག་
མ་གཉིས་པ་ལ་སྐད་ཅིག་དང་པོར་སྐྱེས་པ་ཆོས་བདག་ཉིད་གཏོགས་པ་གསུམ་གྱི་ཐོབ་པ་གསུམ་སྐྱེ་བར་འགྱུར་ལ། རྗེས་ཀྱི་ཐོབ་པ་ཡང་གསུམ་ཡིན་པས་དྲུག་ཏུ་འགྱུར་རོ། །སྐད་ཅིག་མ་གསུམ་པ་ལ་ནི་སྐད་ཅིག་མ་དང་པོར་སྐྱེས་པ་བདག་ཉིད་གཏོགས་པ་གསུམ་གྱི་གསུམ་དང་། སྐད་ཅིག་མ་གཉིས་
པར་སྐྱེས་པའི་ཐོབ་པའི་རྫས་དྲུག་གི་དྲུག་སྟེ། དེ་ལྟར་ན་དགུར་འགྱུར་ལ། ཡང་དེ་དག་གི་རྗེས་ཀྱི་ཐོབ་པ་དགུ་སྟེ། དེ་ལྟར་ན་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཐོབ་པ་རྣམས་གོང་ནས་གོང་དུ་སྤེལ་བའི་འགྲེས་ཀྱི་ཞེས་བྱ་བ་ལ། དེ་ལྟར་ཐོབ་པ་རྣམས་སྐད་ཅིག་མ་གོང་མ་གོང་མ་སྤེལ་བའམ། སྐད་ཅིག་མ་
གོང་མ་ནས་གོང་མར་སྤེལ་བ་དེའི་འགྲེས་ནི་སྐད་ཅིག་མ་གོང་ནས་གོང་དུ་སྤེལ་བའི་འགྲེས་ཏེ། སྐད་ཅིག་མ་གོང་ནས་གོང་དུ་སྤེལ་བའི་འགྲེས་དེས་བསྐྱེད་ནའོ། །ཕྱོགས་ཙམ་ཞིག་ནི་བསྟན་པར་བྱ་སྟེ། སྐད་ཅིག་མ་བཞི་པ་ལ་ནི་སྐད་ཅིག་མ་དང་པོ་དང་། གཉིས་པ་དང་། གསུམ་པ་ལ་སྐྱེས་པའི་རྫས་རྣམས་ཀྱི་ཐོབ་

པ་ཉི་ཤུ་བདུན་དང་། དེ་དག་གི་རྗེས་ཀྱི་ཐོབ་པ་རྣམས་དང་། སྔར་གྱི་རྫས་ཉི་ཤུ་རྩ་བདུན་པོ་རྣམས་གཅིག་ཏུ་བསྡོམས་པས་ཐོབ་པ་ནི་ལྔ་བཅུ་རྩ་བཞིར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །མཚུངས་པར་ལྡན་པ་དང་ལྷན་ཅིག་འབྱུང་བར་བཅས་པ་ཞེས་བྱ་བ་ལ། མཚུངས་པར་ལྡན་
པ་ནི་སེམས་དང་སེམས་ལས་བྱུང་བའོ། །ལྷན་ཅིག་འབྱུང་བ་ནི་སྐྱེ་བ་ལ་སོགས་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པའོ། །སོ་སོའི་རྒྱུད་ཀྱི་ལུས་ཀྱི་སྐད་ཅིག་མ་ལ་རྫས་མཐའ་ཡས་པ་ཅན་ནི་ཐོབ་པ་རྣམས་མཐའ་ཡས་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་པའི་ཕྱིར་རོ། །
དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཕན་ཚུན་སྒྲིབ་པར་འགྱུར་ནའོ། །སྐལ་བ་མཉམ་པ་ནི་སྐལ་བ་འདྲ་བ་སྟེ། སྤྱོད་པ་དང་རང་བཞིན་མཚུངས་ཞེས་བྱ་བའི་དོན་ཏོ། །དེའི་དངོས་པོ་ནི་སྐལ་བ་དང་མཉམ་པ་ཉིད་དོ། །བཤད་པ། གཡོ་བ་རང་བཞིན་མཚུངས་གྱུར་ཅིང་། །བསམ་པ་གྲུས་མཚུངས་སེམས་ཅན་
རྣམས། །གང་གིས་མཉམ་པར་འགྱུར་བ་ནི། །དེ་ལ་སྐལ་བ་མཉམ་ཞེས་བརྗོད། །སེམས་ཅན་སྨོས་པ་ནི་སྐལ་བ་མཉམ་པ་ཉིད་ནི་སེམས་ཅན་དུ་བགྲང་བ་ཁོ་ནའི་ཡིན་གྱི། སེམས་ཅན་དུ་མི་བགྲང་བ་རྣམས་ཀྱི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །རྫས་སྨོས་པ་ནི་བཏགས་པར་ཡོད་པ་དགག་པར་བྱ་བའི་
ཕྱིར་རོ། །སེམས་ཅན་རྣམས་ཀྱི་འདྲ་བ་ཞེས་བྱ་བ་ནི་མཚུངས་པ་ཉིད་དེ། དེ་ནི་ཐ་དད་པ་རྣམས་ལ་སྣང་བ་དང་བརྗོད་པ་ཐ་དད་པའི་རྒྱུ་ཡིན་ནོ། །དེ་ནི་སེམས་ཅན་རེ་རེ་ལ་གཞན་དང་གཞན་ཡིན་གྱི། སྤྱི་ཆེན་པོ་ལྟར་སེམས་ཅན་ཐམས་ཅད་ལ་ཁྱབ་པ་གཅིག་པུ་ནི་མ་ཡིན་ནོ། །དེ་ཡང་ཐ་དད་པ་མ་ཡིན་པ་དང་། ཐ་དད་
པ་སྟེ་ཞེས་བྱ་བ་ལ། གང་ཞིག་ཐམས་ཅད་ལ་སེམས་ཅན་རེ་རེ་ཡོད་པ་དེ་ནི་རྫས་སུ་ཐ་དད་ཀྱང་རིགས་སུ་ཐ་མི་དད་པས་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །གང་ཞིག་ཐམས་ཅད་ལ་ཡོད་པ་མ་ཡིན་པ་དེ་ནི་ཐ་དད་པའོ། །དེ་ཉིད་ཀྱི་ཕྱིར། ཐ་དད་པ་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་ཅེས་བྱ་བ་རྒྱས་པར་སྨོས་སོ། །
ཐ་དད་པ་ནི་སེམས་ཅན་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །བྱེ་བྲག་གིས་སོ་སོར་ངེས་པའོ་ཞེས་བྱ་བ་ནི་ཁམས་ལ་སོགས་པ་རྣམས་རེ་རེ་དང་སྦྱར་བར་བྱ་སྟེ། གང་ལས་བློ་འཇུག་པ་དང་འདོགས་པར་འགྱུར་བ། འདོད་པའི་ཁམས་སུ་སྐྱེ་བའོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བའོ་ཞེས་

བྱ་བ་འདི་ཡིན་ནོ། །སའི་བྱེ་བྲག་གིས་སོ་སོར་ངེས་པའི་ལྷོ་ཕྱོགས་ཀྱི་རྒྱུད་པ་དང་། གོད་པ་དང་། ཤར་གྱི་ལུས་འཕགས་པོ་དང་། འཛམ་བུ་གླིང་པ་དང་། རྒྱལ་ཆེན་བཞི་པ་དང་། བསམ་གཏན་དང་པོའི་ས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འགྲོ་བའི་བྱེ་བྲག་གིས་ངེས་པ་ནི་ལྷ་དང་མི་ཞེས་
བྱ་བ་ལ་སོགས་པའོ། །སྐྱེ་གནས་ཀྱི་བྱེ་བྲག་གིས་ནི་མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་ལ་སོགས་པའོ། །རིགས་ཀྱི་བྱེ་བྲག་གིས་ནི་རྒྱལ་རིགས་དང་། བྲམ་ཟེའི་རིགས་ལ་སོགས་པའོ། །རྟགས་ཀྱི་བྱེ་བྲག་གིས་ནི་ཕོ་དང་མོ་ཞེས་བྱ་བའོ། །སྡོམ་པའི་བྱེ་བྲག་གིས་ནི་དགེ་བསྙེན་དང་།
དགེ་སློང་ཞེས་བྱ་བའོ། །ལམ་གྱི་བྱེ་བྲག་གིས་ནི་སློབ་པ་དང་མི་སློབ་པ་ཞེས་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དགེ་བསྙེན་མ་དང་། དགེ་སློང་མ་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡོངས་སུ་གཟུང་ངོ་། །ཆོས་ཀྱི་སྐལ་བ་མཉམ་པ་ནི་ཕུང་པོ་དང་། སྐྱེ་མཆེད་དང་།
ཁམས་ཀྱི་སྒོ་ནས་སོ་ཞེས་བྱ་བ་ལ། སོ་སོར་ངེས་པའོ་ཞེས་བྱ་བར་སྦྱར་རོ། །ཕུང་པོ་ཕུང་པོ་ཞེས་བྱ་བ་ནི་སྤྱིའི་སྒོ་ནས་ཕུང་པོའི་སྐལ་བ་མཉམ་པའོ། །གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ་ཞེས་བྱ་བ་ནི་བྱེ་བྲག་གི་སྒོ་ནས་སོ། །སྤྱི་དང་བྱེ་བྲག་གི་སྒོ་ནས་སྐྱེ་མཆེད་དང་ཁམས་ཀྱི་སྐལ་བ་མཉམ་
པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འབྲས་བུ་ལས་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་སྐལ་བ་མཉམ་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྫས་ཞེས་བྱ་བ་ནི་བཏགས་པ་གསལ་བར་བྱ་བའི་ཕྱིར་ཏེ། བཏགས་པ་ལས་ནི་འབྲས་བུ་མེད་པའི་ཕྱིར་རོ། །ཁྱད་པར་མེད་པ་ཞེས་བྱ་བའི་
འདྲ་བ་ཡིན་གྱི། ཡོད་པ་ལྟར་གཅིག་ཉིད་ནི་མ་ཡིན་ན་ཕན་ཚུན་ཁྱད་པར་ནི་ཁ་དོག་དང་། དབྱིབས་དང་། ང་རོ་དང་། སྤྱོད་པ་ལ་སོགས་པ་དང་། ཁམས་དང་། ས་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པ་སྟེ། ཐ་མི་དད་པའི་དངོས་པོ་གཞན་ཞིག་མེད་ན་ཁྱད་པར་དེས་ཐ་དད་པ་སྟེ། ཕན་
ཚུན་མི་འདྲ་བའི་སེམས་ཅན་དེ་དག་ཐམས་ཅད་ལ་བྱེ་བྲག་མེད་པར་སེམས་ཅན་སེམས་ཅན་ཞེས་བྱ་བའི་བློ་འཇུག་པ་དང་འདོགས་པར་ཡང་མི་འགྱུར་ཏེ། འདོགས་པ་ནི་མངོན་པར་བརྗོད་པའོ། །དེའི་ཕྱིར་སེམས་ཅན་ཕན་ཚུན་ཐ་དད་པ་དག་ལ་འབྲས་བུ་བློ་དང་སྒྲའི་ཐ་མི་དད་པ་ཡོད་པའི་ཕྱིར་སྐལ་བ་

མཉམ་པ་རྫས་ཞིག་ཡོད་དོ་ཞེས་བྱ་བར་ངེས་སོ། །དེ་བཞིན་དུ་ཕན་ཚུན་ཁྱད་པར་ཐ་དད་པའི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་ལ་གལ་ཏེ་ཕུང་པོའི་སྐལ་བ་མཉམ་པའི་རྫས་ཁྱད་པར་མེད་པ་ཞིག་མེད་ན་ཕུང་པོ་ཕུང་པོ་ཞེས་བློ་ཐ་མི་དད་པ་འཇུག་པ་དང་། འདོགས་པར་ཡང་མི་
འགྱུར་རོ། །སྐྱེ་མཆེད་དང་ཁམས་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །འཆི་བར་འགྱུར་ཞིང་སྐྱེ་བར་ཡང་འགྱུར་ལ་ཞེས་བྱ་བར་རྒྱས་པར་འབྱུང་སྟེ། འདིར་ནི་སེམས་ཅན་སྐལ་བ་མཉམ་པ་མི་ཉིད་ལ་སོགས་པ་ལ་མངོན་པར་འདོད་ཀྱི། སེམས་ཅན་ཉིད་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་མུ་གསུམ་
པ་དང་འགལ་བར་འགྱུར་ཏེ། གང་གི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དུས་ན་མཚམས་སྦྱོར་བ་མེད་པའི་ཕྱིར། སེམས་ཅན་ཉིད་འདོད་པར་འགྱུར་གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ། །གལ་ཏེ་དེ་ཉིད་དུ་སྐྱེ་བ་ན་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་འདོར་བར་ཡང་མི་འགྱུར། ཐོབ་པར་ཡང་
མི་འགྱུར་རོ། །འོ་ན་ཇི་ལྟར་ན་འཆི་འཕོ་བ་དང་སྐྱེ་བར་བརྗོད་ཅེ་ན། ཚེ་ཟད་པའི་ཕྱིར་འཆི་འཕོ་ཞིང་། དེ་ཉིད་དུ་སྐྱེ་བའི་ཕྱིར་སྐྱེ་བར་འགྱུར་ཏེ། དཔེར་ན་མིའི་འགྲོ་བ་ནས་ཤི་འཕོས་ནས་མིའི་འགྲོ་བ་ཁོ་ནར་སྐྱེ་བ་ན། དེ་མིའི་སྐལ་བ་མཉམ་པ་ཉིད་འདོར་བར་ཡང་མི་འགྱུར། འཐོབ་པར་ཡང་མི་འགྱུར་བ་ལྟ་བུ་སྟེ།
མིའི་སྐལ་བ་མཉམ་པ་ཉིད་དེ་སོ་ན་འདུག་པའི་ཕྱིར་རོ། །གཉིས་པ་ནི་ངེས་པ་ལ་འཇུག་པ་ན་སྟེ་ཞེས་བྱ་བ་ལ། དེས་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་སོ་སོའི་སྐྱེ་བོའི་རང་བཞིན་ཅན་ཉིད་འདོར་བར་འགྱུར་ཞིང་། འཕགས་པའི་རང་བཞིན་ཅན་གཞན་འཐོབ་པར་འགྱུར་རོ། །གསུམ་པ་ནི་འགྲོ་བ་འཕོ་བ་ལས་སོ་ཞེས་
བྱ་བ་ནི་དཔེར་ན་མིའི་འགྲོ་བ་ནས་ཤི་འཕོས་ནས་ལྷའི་འགྲོ་བར་སྐྱེ་བ་ན། སེམས་ཅན་གྱི་སྐལ་བ་མཉམ་པ་མིའི་སྐལ་བ་མཉམ་པའི་ཕྱིར་མཚན་ཉིད་ཅན་འདོར་བར་འགྱུར་ཞིང་། ལྷའི་སྐལ་བ་མཉམ་པའི་མཚན་ཉིད་ཅན་གཞན་འཐོབ་པ་ལྟ་བུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བའི་ནི་དཔེར་ན་སོ་སོའི་
སྐྱེ་བོ་འམ། འཕགས་པ་གསོན་ཞིང་ཅུང་ཟད་ཀྱང་མ་ཐོབ་པ་ལྟ་བུའོ། །གལ་ཏེ་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སོ་སོའི་སྐྱེ་བོ་ཉིད་ལས་ནི་དེར་སོ་སོའི་སྐྱེ་བོ་ཞེས་བྱ་བའི་བློ་དང་སྒྲ་དག་ཏུ་འགྱུར་ན་དེ་དག་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཀྱི་རྒྱུ་ཅན་ཡིན་པས་སོ་སོའི་སྐྱེ་བོ་ཉིད་ཀྱིས་ཅི་

ཞིག་བྱ་སྟེ། དགོས་ཞེས་བྱ་བའི་ནི་ཚིག་གི་ལྷག་མའོ། །སོ་སོའི་སྐྱེ་བོ་ཉིད་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཡིན་ཏེ། དཔེར་ན་མིའི་སྐལ་བ་མཉམ་པ་ཉིད་མི་ཉིད་ཡིན་པ་བཞིན་ནོ། །འཇིག་རྟེན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཟུགས་ཁོ་ན་སྣང་བར་འགྱུར་ན། སྐལ་བ་མཉམ་པ་ཉིད་ནི་གཟུགས་ཅན་
མ་ཡིན་པས་དབང་པོ་མ་ཉམས་པ་རྣམས་ཀྱིས་ཀྱང་འདི་བལྟ་བར་མི་ནུས་སོ། །མི་སྣང་བ་ཡང་ཚོར་བ་ལ་སོགས་པ་ལྟར་ཤེས་རབ་ཀྱིས་ཡོངས་སུ་གཅོད་དོ་ཞེས་བྱ་བ་འདི་བསལ་བའི་ཕྱིར། འདི་ནི་ཤེས་རབ་ཀྱིས་ཡོངས་སུ་མི་ཆོད་མོད་ཀྱི་ཞེས་བྱ་བ་སྨོས་ཏེ། ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་མི་གཅོད་དོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་ན་རིགས་མཐུན་པ་མངོན་སུམ་དང་། རྗེས་སུ་དཔག་པའི་ཡུལ་མ་ཡིན་པ་ཉིད་དུ་ཡང་བསྟན་པར་འགྱུར་ཞིང་། སེམས་ཅན་རྣམས་ཀྱི་རིས་ཐ་མི་དད་པ་ལ་ཡང་རྟོགས་པར་འགྱུར་ཏེ། སེམས་ཅན་སེམས་ཅན་ཞེས་ཐ་སྙད་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་རོ། །བློ་ཐ་མི་དད་པའི་རྒྱུ་མ་
བཟུང་བར་ནི་ཕན་ཚུན་ཐ་དད་པའི་སེམས་ཅན་རྣམས་ལ་བློ་དང་སྒྲ་ཐ་མི་དད་པ་འཇུག་པ་ལ། ལས་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི་མ་མཐོང་ཞིང་། ཡོངས་སུ་མ་བཅད་པ་དེ་ཡོད་དུ་ཆུག་ན་ཡང་དེ་ལ་ལས་ཇི་ལྟ་བུ་ཞིག་བྱེད་ཅེས་བྱ་བ་སྟེ། གལ་ཏེ་མཐོང་ཞིང་ཡོངས་སུ་བཤད་པ་རིགས་ཐ་མི་དད་པར་རྟོགས་པའི་རྒྱུར་
འགྱུར་ན་ནི་དེ་དེ་ལ་ལས་བྱེད་པར་འགྱུར་བ་ཞིག་གོ། །གཞན་ཡང་སེམས་ཅན་མ་ཡིན་པར་སྐལ་བ་མཉམ་པ་ཉིད་ཀྱང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སེམས་ཅན་ཕན་ཚུན་ཐ་དད་པ་དག་ལ་ཐ་མི་དད་པའི་བློ་འཇུག་པ་དང་། འདོགས་པ་སྐལ་བ་མཉམ་པ་ཉིད་ཀྱི་རྒྱུ་ཅན་ཡིན་ནོ། །དེ་ལྟ་ན་སཱ་ལུ་
ལ་སོགས་པ་སེམས་ཅན་དུ་མི་བགྲང་བ་རྣམས་ལ་ཡང་མཉམ་པ་ཉིད་ཁས་བླང་བར་བྱ་སྟེ། ཕན་ཚུན་ཁྱད་པར་དུ་འགྱུར་བ་དེ་དག་ལ་ཡང་སཱ་ལུ་སཱ་ལུ་ཞེས་བྱ་བ་ལ་སོགས་པ་བློ་དང་འདོགས་པ་ཐ་མི་དད་པ་འཇུག་པའི་ཕྱིར་རོ། །འོན་ཏེ་བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་ཁས་མི་ལེན་ན་ནི་སེམས་ཅན་ཐ་
དད་པ་དག་ལ་བློ་དང་འདོགས་པ་ཐ་མི་དད་པ་ཡོད་པ་ནི་སྐལ་བ་མཉམ་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་བརྗོད་པར་མི་བྱའོ། །སློབ་དཔོན་འདུས་བཟང་ན་རེ་སྐལ་བ་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་འགྲོ་བ་གཅིག་ཏུ་སྐྱེས་པ་རྣམས་ཀྱི་ལུས་དང་། དབང་པོ་དང་། དབྱིབས་དང་། གཡོ་བ་

དང་། ཟས་ལ་སོགས་པའི་རྒྱུར་གྱུར་ཅིང་། ཕན་ཚུན་དགའ་བར་འབྲེལ་པའི་རྒྱུ་མཚན་ཡིན་ནོ། །སེམས་ཅན་མ་ཡིན་པའི་སྐལ་བ་མཉམ་པ་ཉིད་ཀྱང་ཅིའི་ཕྱིར་མི་འདོད་ཅེས་གང་སྨྲས་ན། ཁྱེད་ཅག་གིས་འགྲོ་བ་དག་དང་སྐྱེ་གནས་རྣམས་ཁས་བླངས་པས་རྩྭ་དང་། ཨ་མྲ་ལ་
སོགས་པའི་འགྲོ་བ་དང་། ལ་ཕུག་དང་། མོན་སྲན་སྡེའུའི་སྐྱེ་གནས་ཀྱང་ཅི་སྟེ་ཁས་མི་ལེན། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་མ་ཡིན་ན། སེམས་ཅན་མ་ཡིན་པའི་སྐལ་བ་མཉམ་པ་ཡང་ཁས་མི་ལེན་ཏེ། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་ཞེས་ཟེར་རོ། །སྤྲོས་པས་ཆོག་
གོ། །སྐལ་བ་མཉམ་པ་ཕན་ཚུན་ཐ་དད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་སྐལ་བ་མཉམ་པ་ཕན་ཚུན་ཐ་དད་པ་རྣམས་ལ་སྐལ་བ་མཉམ་པ་གཞན་མེད་ཀྱང་སྐལ་བ་མཉམ་པ་ཉིད་དོ་སྐལ་བ་མཉམ་པ་ཉིད་དོ་ཞེས་བྱེ་བྲག་མེད་པར་འདོགས་པ་དེ་བཞིན་དུ་ཕན་ཚུན་ཐ་དད་པ་དག་ལ་ཡང་སྐལ་བ་མཉམ་པ་
ཉིད་མེད་པར་སེམས་ཅན་སེམས་ཅན་ཞེས་འདོགས་པར་ཅིའི་ཕྱིར་མི་བྱེད། དེ་ལྟ་ན་ནི་བྱེ་བྲག་པ་རྣམས་ཀྱིས་གསལ་བར་བྱས་པ་ཡིན་ཏེ་ཞེས་བྱ་བ་ནི་མི་རིགས་པར་བྱས་པའི་ཚུལ་གྱིས་ཏེ། ཡོད་པ་དང་སྐལ་བ་མཉམ་པ་ཉིད་ཀྱིས་མིང་གཞན་ཡིན་པའི་ཕྱིར་རོ། །རིགས་པར་བྱས་པའི་ཚུལ་ནི་མི་འགོག་
སྟེ། འཇིག་རྟེན་པ་རྣམས་ཀྱི་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་བྱ་བ་དེ་དང་མི་འགལ་བའི་ཚུལ་ནི་ཁོ་བོ་ཅག་སེལ་བ་མ་ཡིན་ནོ། །དེ་གཅིག་ཡིན་ཡང་དུ་མ་ལ་འཇུག་པ་འདི་ནི་ཞེས་བྱ་བ་ནི་སྤྱིའི་ཚིག་གི་དོན་ཡོད་པ་སྟེ། ཡོད་པའི་རྟགས་སུ་ཁྱད་པར་མེད་པའི་ཕྱིར་རོ། །ཐ་དད་པ་དག་ལ་རྟོགས་པ་ཐ་མི་དད་པའི་
རྒྱུ་མཚན་གཞན་བརྟགས་པས་ན་གསལ་བར་བྱས་པ་ཡིན་ཏེ་ཞེས་བརྗོད་དོ། །རྒྱུ་མཚན་གཞན་པོ་དེ་ནི་ཡོད་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་རྒྱུ་མཚན་གཞན་སྐལ་བ་མཉམ་པ་ཉིད་ཡོད་པ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྐལ་བ་མཉམ་པ་ཉིད་ནི་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། །གང་ལས་
ཤེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་དེ་ལྟ་བུ་ཉིད་དུ་འོང་བ་ཞེས་གསུངས་ཏེ། རྣམ་པ་དེ་ལྟ་བུ་ནི་དེ་ལྟ་བུའོ། །དེའི་དངོས་པོ་ནི་དེ་ལྟ་བུ་ཉིད་དོ། །དེ་སྐད་དུ་གསུངས་མོད་ཀྱི། རྫས་གཞན་ནོ་ཞེས་ནི་མ་གསུངས་སོ་ཞེས་བྱ་བ་ལ། འོ་ན་དེ་ཅི་ཞེ་ན། གང་དག་མི་

ལ་སོགས་པར་འདོགས་པའི་རྒྱུར་འགྱུར་བའི་མི་ལ་སོགས་པ་དབྱིབས་ལ་སོགས་པའི་རྣམ་པའི་དབྱེ་བས་ཐ་དད་པ་དེ་དག་ཁོ་ནར་ཟད་དེ། སཱ་ལུ་ལ་སོགས་པའི་སྐལ་བ་མཉམ་པ་དང་འདྲའོ། །འདུ་ཤེས་མེད་པ་པ་འདུ་ཤེས་མེད་པར་ཞེས་བྱ་བ་ནི་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་
པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སེམས་དང་སེམས་བྱུང་རྣམས་འགོག་པ། །ཞེས་བྱ་བ་ལ། གང་ལས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་རྫས་འདིས་སེམས་དང་སེམས་ལས་བྱུང་བ་རྣམས་
འགོག་པས་ན་འགོག་པ་སྟེ། དེ་ཉིད་ཀྱི་ཕྱིར། གང་གིས་མ་འོངས་པའི་དུས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ནི་གཅིག་ཏུ་རྣམ་སྨིན་གཅིག་ཏུ་ཞེས་བྱ་བ་སྨོས་པ་ནི་རྒྱས་པ་ལས་བྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་བ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །འདུ་
ཤེས་མེད་པ་པ་དང་། གཟུགས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པར་འགྱུར་རོ། །རིས་མཐུན་པའི་ནི་འཕེན་པར་མི་ནུས་པའི་ཕྱིར་ཏེ། སེམས་མེད་སྙོམས་པར་འཇུག་པ་ནི། །འཕེན་བྱེད་མ་ཡིན་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །སྲོག་གི་དབང་པོ་དང་རིས་
མཐུན་པ་ནི་སེམས་དང་བཅས་པའི་བསམ་གཏན་བཞི་པའི་རྣམ་པར་སྨིན་པ་ཡིན་ལ། ས་དེ་པའི་ཕུང་པོ་ལྷག་མ་རྣམས་གཉིས་ཀའི་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་བཞིན་ནོ་ཞེས་བྱ་བ་ལ། དཔེར་ན་གང་དག་ཕྱོགས་ཆེས་མཆོག་ཏུ་གྱུར་པ་ན་ཚངས་པ་ཆེན་པོ་ཁ་ཅིག་འཁོད་པའི་ལྷ་དེ་དག་ནི་ཚངས་པའི་
མདུན་ན་འདོན་ཞེས་བྱ་བ་དེ་བཞིན་དུ།