Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
། སྐྱེ་
བའི་སྐྱེ་བ་ལ་སོགས་པ་རྣམས་ཀྱང་སྐྱེ་བ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར། འདུས་བྱས་སྐྱེ་བར་ཡང་མངོན་ཞེས་བྱ་བ་ལ་སོགས་པར་མཚན་ཉིད་ཀྱི་མདོ་དེ་ཉིད་ལས་གསུངས་པ་མ་ཡིན་ནམ། ཇི་ལྟར་འདིར་མཐུན་པའི་མཚན་ཉིད་རྣམས་མ་བསྡུས་པར་འགྱུར་ཏེ། ཐམས་
ཅད་ལ་ཡང་ཞེས་འབྱུང་བའི་ཕྱིར་རོ། །འདུས་བྱས་སྐྱེ་བར་ཡང་མངོན་ལ། ཡང་གི་སྒྲས་ནི་སྐྱེ་བའི་སྐྱེ་བར་མངོན་ཏེ། གཞན་གཉིས་ལ་ཡང་དེ་དང་འདྲའོ། །དེ་ལྟ་མ་ཡིན་ན་གསུམ་ཀ་ལ་ཡང་ཡང་གི་སྒྲ་གསུངས་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ། །རེ་རེ་ལ་ཡང་མཚན་ཉིད་བཞིར་འགྱུར་བ་མ་ཡིན་
ནམ། མཚན་ཉིད་བཞིའི་ཚོགས་ནི་མཚན་ཉིད་བཞིའོ། །དེ་དག་ལ་ཡང་སྐྱེ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ལ། འདུས་བྱས་ཡིན་པའི་ཕྱིར་རྩ་བའི་ཆོས་བཞིན་ནོ། །ཡང་ན་རྩ་བའི་སྐྱེ་བ་ལ་སོགས་པ་རྣམས་ལ་ཡང་སྐྱེ་བའི་སྐྱེ་བ་ལ་སོགས་པ་དག་ཁས་བླང་བར་མི་བྱའོ་ཞེ་
ན། མི་འགྱུར་ཏེ། དེ་ཆོས་བརྒྱད་དང་གཅིག་ལ་འཇུག་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །འཇུག་པ་ཞེས་བྱ་བའི་སྒྲ་ནི་གནས་པ་དང་བྱེད་པ་ཡིན་པས་འདྲི་བ་ནི། འཇུག་པ་ཞེས་པ་འདི་ཅི་ཞེ་ན་ཞེས་བྱ་བའོ། །ཕྱི་མ་ཕྱི་མ་བཤད་པ་ཡིན་པར་བསམས་ནས་སྨྲས་པ་ནི། བྱེད་པ་སྟེ་སྐྱེས་བུའི་རྩལ་ལོ་
ཞེས་བྱ་བའོ། །དེ་ལ་སྐྱེ་བ་ཆོས་བརྒྱད་ལ་འཇུག་པ་ནི་སོར་མོའི་རྩེ་མོ་དང་། རལ་གྲིའི་སོ་ལ་རེག་པ་དང་གཅོད་པ་ལྟར་རང་ལ་བྱེད་པ་འགལ་བའི་ཕྱིར་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་མ་འོངས་པའི་དུས་སྤོ་བ་ལ་བརྗོད་དོ། །གནས་པའི་འཇུག་པ་ནི་སྐྱེ་བས་ད་ལྟར་བ་ཉིད་དུ་དྲངས་པའི་

ཚེ་བདག་ཉིད་མ་གཏོགས་པ་ལྷག་མ་གནས་པར་བྱེད་པ་སྟེ། སྐྱེ་བའི་མཚན་ཉིད་མེད་པར་ནི་དེ་དག་གནས་པར་མི་འགྱུར་བའི་ཕྱིར་རོ། །རྒ་བའི་འཇུག་པ་ནི་གནས་པར་གྱུར་པའི་ཚེ་བདག་ཉིད་མ་གཏོགས་པའི་ནུས་པ་འཇོམས་པར་བྱེད་པ་སྟེ། དེ་ལྟ་མ་ཡིན་ན་དེ་དག་བྱ་བ་
བྱེད་པའི་ནུས་པ་མ་བཅོམ་པའི་ཕྱིར་འགག་པ་ཉིད་དུ་མི་འགྱུར་རོ། །མི་རྟག་པ་ཉིད་ཀྱི་འཇུག་པ་ནི་ནུས་པ་ཉམས་པའི་ཚེ་བདག་ཉིད་མ་གཏོགས་པ་འདས་པའི་དུས་སུ་སྤོ་བའོ། །སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལ་ཞེས་བྱ་བ་ལ། སྐྱེ་བའི་སྐྱེ་བ་ནི་སྐྱེ་བ་ཁོ་ན་ལ་འཇུག་གི །གཞན་ལ་ནི་
མ་ཡིན་ནོ། །མི་རྟག་པ་ཉིད་ཀྱི་མི་རྟག་པ་ཉིད་ཁོ་ན་ལ་འཇུག་པའི་བར་ཡང་དེ་དང་འདྲའོ། །སྐྱེ་བ་ལ་སོགས་པ་རྣམས་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམས་ནུས་པ་ཐ་དད་པས་ཆོས་བརྒྱད་དང་གཅིག་ལ་འཇུག་པ་ཉིད་དེ། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ཡུལ་མང་
བ་དང་། ཉུང་བ་ཅན་ཉིད་ཡིན་པ་བཞིན་ནོ། །ཡང་ན་ཁྱིམ་བྱ་མོ་ལ་ལ་ལས་ནི་ཕྲུ་གུ་མང་དུ་འབྲང་བར་བྱེད་ལ། ལ་ལ་ལས་ནི་ཕྲུ་གུ་ཉུང་བར་བྱེད་པ་དེ་དང་འདྲའོ། །འཇིག་རྟེན་དང་ལུང་ལས་གྲགས་པའི་ཕྱིར་དཔེར་བརྗོད་པ་ཉིད་ཉེ་བར་བཀོད་དོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་དངོས་པོ་
པ་མ་ཡིན་པའི་ཕྱིར་ན། ནམ་མཁའ་དང་འདྲ་བར་བསྐྱོད་པ་ཞེས་བྱ་བ་འབྱུང་སྟེ། རྣམ་པར་འབྱེད་པ་དང་འདྲ་འོ་སྙམ་དུ་བསམས་པའོ། །ཇི་ལྟར་ནམ་མཁའ་རྣམ་པར་དབྱེ་བར་མི་ནུས་པའམ། མི་རུང་བ་དེ་བཞིན་དུ་སྐྱེ་བ་ལ་སོགས་པའི་ཆོས་ཡོད་པ་མ་ཡིན་པ་འདི་དག་ཀྱང་རྣམ་པར་དབྱེ་བར་མི་
ནུས་ཤིང་མི་རུང་བ་ཡིན་ནོ། །ཇི་ལྟར་རྣམ་པར་འབྱེད་པ་ལྟར་ཞེས་བྱ་བ་ལ། ཇི་ལྟར་རྣམ་པར་འབྱེད་ཅེ་ན། སྐྱེ་བས་ནི་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་སྐྱེད་པར་བྱེད་ལ། སྐྱེ་བའི་སྐྱེ་བས་ནི་དེ་ཁོ་ན་སྐྱེད་པར་བྱེད་པ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ། །
ཅི་དེ་དག་རྣམ་པ་གཞན་དུ་རྣམ་པར་ཕྱེ་བ་ལས་རྫས་སུ་ཡོད་དམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཚིག་འདི་ལ་ནུས་པ་ཅི་ཡོད་ཅེ་ན། ནུས་པ་འདི་ཡོད་དེ། གཞན་གྱི་བྱ་བ་དང་བྱེད་པའི་དངོས་པོས་རྫས་སུ་ཡོད་པ་དག་ཏུ་རྣམ་པར་ཕྱེ་ན། བྱ་བ་དང་བྱེད་པའི་རྣམ་པར་དབྱེ་བ་ཙམ་གྱི་

སྒོ་ནས་དེ་དག་རྫས་སུ་ཡོད་པར་འགྱུར་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མངོན་སུམ་མམ། རྗེས་སུ་དཔག་གམ། ཡིད་ཆེས་པའི་ལུང་ལས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚད་མ་མེད་པའི་ཕྱིར་ཏེ་འཆད་དོ། །ཚིག་ཙམ་ལ་དད་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་དྲིས་པ་ནི། ཅིའི་ཕྱིར་ཞེ་ན་ཞེས་
བྱ་བའོ། །ཚད་མ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་གཟུགས་ལ་སོགས་པ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །དེ་ལ་རེ་ཞིག་གཟུགས་ཡོད་པ་ཉིད་ལ་ནི་ཚད་མ་མངོན་སུམ་ཡིན་ནོ། །མིག་ཡོད་པ་ཉིད་ལ་ནི་མིག་གི་རྣམ་པར་ཤེས་པ་རྗེས་སུ་དཔག་པ་ཡིན་ནོ། །
གཟུགས་དང་བ་ཞེས་བྱ་བ་ནི་ལུང་ངོ་། །དེ་བཞིན་དུ་སྒྲ་ལ་སོགས་པ་དག་ལ་ཡང་སྦྱར་བར་བྱའོ། །སྐྱེ་བ་ལ་སོགས་པ་དག་ནི་མིང་ལ་སོགས་པས་གཟུང་བར་བྱ་བ་མ་ཡིན་ལ། དེ་དག་ཡོད་པ་ཉིད་ལ་ནུས་པ་དང་ལྡན་པའི་རྗེས་སུ་དཔག་པ་ཡང་ཡོད་པ་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ། །རྫས་
སུ་ཡོད་པ་ཉིད་ལ་ལུང་ཡང་ཡོད་པ་མ་ཡིན་ནོ། །ཅི་གང་ལས་བཏགས་པར་ཡོད་པ་ཉིད་དུ་འགྱུར་བ་དེ་དག་བཏགས་པར་ཡོད་པ་ཉིད་ལ་ཚད་མ་ཡོད་དམ་ཞེ་ན་ཡོད་དེ། ཆོས་གང་དག་རྫས་སུ་ཡོད་པ་ཉིད་ལ་ཚད་མ་དམིགས་ཤིང་། ཡོད་དོ་ཞེས་བྱ་བར་ཡང་ཀུན་དུ་ཐ་སྙད་འདོགས་པ་དེ་དག་ནི་བཏགས་པར་ཡོད་
པ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་ངེས་སོ། །འོ་ན་གང་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེ་བ་ལ་སོགས་པ་རྣམས་རྫས་སུ་ཡོད་པ་ཉིད་ལ་ལུང་ནི། མདོ་ལས་འདུས་བྱས་སྐྱེ་བར་ཡང་མངོན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་ཞེ་ན། ལུང་འདི་ཡོད་མོད་ཀྱི། འདུས་
བྱས་ཀྱི་སྐྱེ་བ་ལ་སོགས་པ་དག་རྫས་སུ་ཡོད་དོ་ཞེས་བྱ་བ་འདི་འདིའི་དོན་ནི་མ་ཡིན་ནོ། །ཚིག་ཤེས་པ་ནི་ལྷ་རྣམས་དགའ་བ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཚིག་ཤེས་པ་ནི་གང་དག་རིག་བྱེད་ཀྱི་ཚིག་ཚད་མར་བྱེད་པ་དེ་དག་ཡིན་ཏེ། སངས་རྒྱས་ཀྱི་གསུང་ནི་དོན་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །
གང་དག་ལུང་དང་། རྟོགས་པ་དང་ལྡན་པ་གྲོལ་བའི་བདག་ཉིད་ཅན་དེ་དག་ཇི་ལྟར་ན་ཚིག་ཤེས་པ་ཡིན། བཅོམ་ལྡན་འདས་ཀྱིས་དོན་ལ་རྟོན་པར་གསུངས་སོ་ཞེས་བྱ་བ་ནི་དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་ནི་མ་ཡིན་ནོ་ཞེས་བྱའོ། །འདུས་བྱས་སྐྱེ་བར་ཡང་མངོན་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་

འདིའི་དོན་གང་ཡིན་ཞེ་ན། མ་རིག་པས་མདོངས་པའི་བྱིས་པ་རྣམས་ཞེས་བྱ་བ་ལ། བྱིས་པ་དང་འདྲ་བ་ནི་བྱིས་པ་རྣམས་ཏེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའི་ཕྱིར་ན་མུ་སྟེགས་ཅན་རྣམས་སོ། །འདུ་བྱེད་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་ཀྱི་རྒྱུན་སྐྱེ་བ་གཅིག་
གམ་གནས་སྐབས་ཀྱི་ཁྱད་པར་རོ། །མི་ཤེས་པའི་གཉིད་ཀྱིས་བློའི་མིག་ཟུམ་པ་རྣམས་ནི་འདུ་བྱེད་ཀྱི་རྒྱུན་བྱེ་བྲག་ངེས་པར་དཀའ་བ་གཅིག་ཉིད་དུ་ལྷག་པར་ཞེན་ཅིང་། བདག་གི་སྙམ་དུ་སེམས་ཀྱི། མ་རིག་པས་བློའི་མིག་ཉམས་པར་བྱས་པའི་ཕྱིར་རྒྱུ་ཡིན་ནོ་སྙམ་དུ་མི་རྟོགས་
སོ། །དེའི་ཕྱིར་དེ་ལ་རྟག་པ་དང་གཅིག་ཉིད་དུ་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་བདག་དང་བདག་གིར་མོས་པ་ཡིན་ལ། དེ་ལས་དེ་ལ་སྲིད་པ་སྐྱེ་ཞིང་། དེ་དང་མི་འབྲལ་བར་འདོད་པས་མངོན་པར་ཞེན་ཏེ། ཆགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་བདག་དང་བདག་
གིར་མོས་པ་སྟེ། བཟློག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྤང་བར་བྱ་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ནི་འདུས་བྱས་ཉིད་འཆད་པ་ཡིན་ཏེ། འདུས་བྱས་ཉིད་བསྟན་པས་བདག་དང་བདག་གིར་འཛིན་པ་ལྡོག་པར་འགྱུར་རོ། །འདུས་བྱས་ཉིད་དེ་ཡང་སྐྱེ་བ་ལ་སོགས་
པ་བསྟན་པ་མེད་པར་ཤེས་པར་མི་ནུས་པའོ། །དེའི་ཕྱིར། གསུམ་པོ་འདི་དག་ནི་ཞེས་བྱ་བ་རྒྱས་པར་བཤད་དོ། །ཡང་ཇི་ལྟར་མཚན་ཉིད་འདི་དག་རྒྱུན་ཁོ་ན་ལ་བཤད་ཀྱི། སྐད་ཅིག་ལ་མ་ཡིན་པར་ཤེས་ཤེ་ན། དེ་ཉིད་ཀྱི་ཕྱིར། སྐད་ཅིག་མ་ལ་ནི་སྐྱེ་བ་ལ་སོགས་པ་
མི་མངོན་ནོ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་ཉིད་ངེས་པར་མ་ཟིན་པའི་ཕྱིར་རོ། །བསྡུས་པར་ཡང་མིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །སྐད་ཅིག་མ་ལ་མི་མངོན་པ་དག་ནི་དེའི་མཚན་ཉིད་ཡིན་པར་འོས་པ་ཡང་མ་ཡིན་ཏེ། འདིས་མཚོན་པར་བྱེད་པས་ན་མཚན་ཉིད་ཡིན་
ན། རང་ཉིད་མ་ཤེས་པས་ནི་གཞན་མཚོན་པར་བྱེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་དེ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཕྱིར་རྒྱུན་ལ་སྐྱེ་བ་ལ་སོགས་པ་དག་མངོན་གྱི། སྐད་ཅིག་མ་ལ་མ་ཡིན་པ་དེའི་ཕྱིར་མདོ་ལས། འདུས་བྱས་སྐྱེ་བར་ཡང་མངོན་ཞེས་བྱ་བ་རྒྱས་པར་འབྱུང་

ངོ་། །གལ་ཏེ་མདོར་སྐད་ཅིག་ལ་མངོན་པར་བཞེད་པར་འགྱུར་ན་ནི་དེའི་ཕྱིར་སྐྱེ་བ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན། འཇིག་པ་དང་། གནས་པ་གཞན་དུ་འགྱུར་བ་ཡང་མཚན་ཉིད་ཡིན་ཞེས་དེ་སྐད་གསུངས་པར་འགྱུར་ན། གསུངས་པ་ཡང་མ་ཡིན་ཏེ། སྐད་ཅིག་ལ་མི་མངོན་
པའི་ཕྱིར་རོ། །ཡང་འདུས་བྱས་གཉིས་པ་ཞེས་སྨོས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ་ཞེས་འདུས་བྱས་སྨོས་པ་གཉིས་པ་ནི་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་དག་ནི་འདུས་བྱས་
ཀྱི་མཚན་ཉིད་དག་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་གསུང་བར་འགྱུར་ཞིང་། འདི་དག་ནི་ཆུ་དང་ཆུ་སྐྱར་ལྟ་བུར་འདུས་བྱས་ཀྱི་ཡོད་པ་ཉིད་ཀྱི་མཚན་ཉིད་དག་ཡིན་ནོ་སྙམ་དུ་དོགས་པར་འགྱུར་རོ། །འདི་ནི་
ཆོས་མི་མཐུན་པའི་སྒོ་ནས་དཔེ་ཡིན་ནོ། །ཇི་ལྟར་ཆུ་སྐྱར་ཆུ་ཡོད་པ་ཉིད་ཀྱི་མཚན་ཉིད་ཡིན་གྱི། ཆུ་ཉིད་ཀྱི་མ་ཡིན་པ་དེ་བཞིན་དུ་འདི་དག་ཀྱང་འདུས་བྱས་ཀྱི་ཡོད་པ་ཉིད་ཀྱི་མཚན་ཉིད་ཡིན་གྱི། འདུས་བྱས་ཉིད་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་ལ། ཡང་ན་བུ་མོའི་མཚན་ཉིད་
ནི་དགེ་བ་དང་མི་དགེ་བ་ཉིད་ཀྱི་ཡིན་གྱི། བུ་མོ་ཉིད་ཀྱི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་དགེ་བ་དང་མི་དགེ་བ་ཉིད་ཀྱི་མཚན་ཉིད་ཡིན་གྱི། འདུས་བྱས་ཉིད་ཀྱི་ནི་མ་ཡིན་ནོ་སྙམ་དུ་ཤེས་པར་འགྱུར་རོ། །འདུས་བྱས་ཞེས་བྱ་བ་སྨོས་པ་གཉིས་པས་ནི་འདི་དག་འདུས་བྱས་ཉིད་ཀྱི་མཚན་
ཉིད་ཡིན་གྱི། ཡོད་པ་ཉིད་ཀྱི་མ་ཡིན་ཞིང་། དགེ་བ་དང་མི་དགེ་བ་ཉིད་ཀྱི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་པ་ཡིན་ནོ། །འདུས་བྱས་ཉིད་ནི་རྒྱུ་དང་རྐྱེན་དག་གིས་འདུས་ནས་བྱས་པ་ཉིད་དོ། །ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་སྐད་ཅིག་མ་ལྟར་རྒྱུན་ལ་
ཡང་རྣམ་པར་གཞག་པ་དང་། མངོན་པར་མི་རུང་ངོ་ཞེ་ན། སྐྱེ་བ་ལ་སོགས་པ་མེད་དོ་ཞེས་དེ་སྐད་དུ་སུས་སྨྲས། ཇི་ལྟར་རྣམ་པར་འབྱེད་པ་དེ་ལྟར་མེད་དོ་ཞེས་སྨྲས་ཀྱི། བདག་ཉིད་ཐམས་ཅད་ཀྱིས་མེད་པར་ནི་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་རྒྱུན་གྱི་སྐྱེ་བ་ནི་གང་ཡིན།

འཇིག་པ་ནི་གང་ཡིན། གནས་པ་གཞན་དུ་འགྱུར་བ་གང་ཡིན་པ་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར་དེ་ལ་རྒྱུན་གྱི་དངོས་པོ་ནི་སྐྱེ་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཡང་རྒྱུན་ཞེས་བྱ་བ་ནི་གང་ཡིན་ཞེ་ན། རྒྱུ་དང་འབྲས་བུར་གྱུར་པ་དུས་ཐ་མི་དད་ཅིང་། ཡུལ་རྣམ་
པར་མ་ཆད་པ་རྣམས་གཅིག་ཉིད་དུ་བརྗོད་ཅིང་འཛིན་པ་གང་ཡིན་པ་སྟེ། དཔེར་ན་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་དག་གི་མི་དང་། མྱུ་གུ་ལ་སོགས་པའི་གནས་སྐབས་དག་གི་འབྲུ་བཞིན་ནོ། །དེ་ནི་བཏགས་པའི་ཉེ་བར་ལེན་པ་དག་ལས་གཞན་པ་མ་ཡིན་ཞིང་། གཞན་མ་ཡིན་པ་
ཡང་མ་ཡིན་ཏེ། རྫས་སུ་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །མེད་པ་ཉིད་ཀྱང་མ་ཡིན་ཏེ། བདེན་པ་གཉིས་ཁས་བླངས་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཡོད་པ་ཉིད་དུ་ནི་འདོད་པ་ཡིན་ནོ། །རྒྱུན་གྱི་དང་པོ་ནི་སྐྱེ་བ་ཡང་ཡིན་ནོ་ཞེས་བྱ་བ་ལ། དང་པོ་ནི་སྐད་ཅིག་མ་ཐོག་
མ་སྟེ། དེ་ནས་རྒྱུན་འཇུག་པའི་ཕྱིར་རོ། །གང་དུ་སྐྱེས་པའོ་སྙམ་དུ་མངོན་པར་འགྱུར་བ་དེ་ནི་དང་པོ་སྟེ། ཇི་སྐད་དུ། སྐྱེ་བ་གང་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་དང་པོ་སྐྱེ་བ་དེ་ནི་སྐྱེ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ལྡོག་པ་ནི་འཇིག་
པ་ཡིན་ནོ་ཞེས་བྱ་བ་ལ། རྒྱུན་གྱི་ཞེས་བྱ་བར་སྦྱར་ཏེ། སྐད་ཅིག་མ་སྔ་མ་ཞིག་པ་དང་། སྐད་ཅིག་མ་ཕྱི་མ་ཉིང་མཚམས་མི་སྦྱོར་བ་ནི་ལྡོག་པ་ཡིན་ཏེ། ཇི་སྐད་དུ། འཆི་བ་གང་ཞེ་ན། སེམས་ཅན་གྱི་རིས་དེ་ནས་འཆི་འཕོ་ཞིང་འཕོ་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །
རྒྱུན་དེ་ཉིད་རྗེས་སུ་འཇུག་པ་ནི་ཞེས་བྱ་བ་ལ། དེ་རྗེས་སུ་འཇུག་པ་ཡང་གང་ཡིན་ཞེ་ན། རྒྱུན་རྗེས་སུ་འཇུག་པ་ནི་སྐད་ཅིག་མ་སྔ་མ་ཞིག་པའི་ཚེ་སྐད་ཅིག་མ་ཕྱི་མ་ཕྱི་མས་བདག་ཉིད་ཐོབ་པའོ། །དེའི་ཞེས་བྱ་བ་ནི་གནས་པའི་སྔ་ཕྱི་སྟེ། རྒྱུ་དང་འབྲས་བུའི་བྱེ་བྲག་མི་འདྲ་བ་ཉིད་ཀྱི་ནི་
གནས་པ་གཞན་དུ་འགྱུར་བ་ཡིན་ནོ། །རྒྱུན་གྱི་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་ཏེ། སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །ཡང་ན་སྔ་མ་ལས་ཕྱི་མའི་བྱེ་བྲག་སྟེ། རྒྱུའི་སྐད་ཅིག་ལས་འབྲས་བུའི་བྱེ་བྲག་ནི་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་པས་ན་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུན་ཉིད་

རྗེས་སུ་འཇུག་པ་ནི་གནས་པ་ཡིན་པའམ། སྐྱེ་བ་ལ་སོགས་པ་དག་རྒྱུན་གྱི་མཚན་ཉིད་དུ་བཤད་ཀྱི་སྐད་ཅིག་མའི་མ་ཡིན་པས་སོ། །རིགས་ཀྱི་བུ་དགའ་བོའི་ཚོར་བ་ནི་རིག་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རིག་བཞིན་པའི་སྐད་ཅིག་མ་ནི་དུས་ཕྱི་ནས་གནས་མི་
སྲིད་དེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །ཚོར་བའི་རྫས་གཅིག་ནི་སྐྱེ་བ་དང་། གནས་པ་དང་འཇིག་པའི་དུས་དག་ཏུ་སེམས་གཅིག་གིས་རིག་པ་ཡང་མ་ཡིན་ལ། རང་གི་བདག་ཉིད་ལ་བྱེད་པ་ཁས་མ་བླངས་པའི་ཕྱིར་རང་གི་ངོ་བོ་རིག་པ་ཡང་ཡོད་པ་ཡང་མ་ཡིན་ནོ། །མངོན་
སུམ་དུ་བྱས་པར་གྱུར་པ་ལ་རིག་པར་ཁས་ལེན་ན་ཡང་དགའ་བོ་ལ་གཞན་དག་པས་ཅི་ཞིག་གསུངས་པར་འགྱུར། དེའི་ཕྱིར་རྒྱུན་ཁོ་ནའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་དགའ་བོའི་ཚོར་བ་ནི་རིག་བཞིན་དུ་སྐྱེའོ་ཞེས་རྒྱས་པར་གསུངས་ཀྱི། སྐད་ཅིག་ལ་ནི་མ་ཡིན་
ནོ། །བཤད་མ་ཐག་པའི་དོན་ཉིད་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པར་བྱ་བའི་ཕྱིར། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་དོན་གོ་བར་ཟད་དོ། །ཆད་པ་འཇིག་པ་ཞེས་བྱ་བ་འདིར་སྔ་མ་བཞིན་ནོ། །གནས་པ་དེ་ཞེས་བྱ་བ་ལ། རྒྱུན་དེ་ཉིད་གནས་པ་
ཡིན་ན་ནི། དེ་ཉིད་ཅེས་བྱ་བ་ནི་རྒྱུན་དེ་ཉིད་ཀྱིའོ། །སྔ་ཕྱིའི་བྱེ་བྲག་ཅེས་བྱ་བ་ལ་སྔ་མ་ནི་རྒྱུའོ། །ཕྱི་མ་ནི་འབྲས་བུ་སྟེ། རྒྱུ་ལས་འབྲས་བུའི་རིགས་མི་མཐུན་པ་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །ཞེས་བྱ་བ་ལ། དོན་ནི་དེ་ཉིད་དུ་ཟད་དོ། །རྣམ་གྲངས་གཞན་གྱིས་བཤད་
པ་སྟེ། །སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །རྒྱུན་གནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཆད་འཇིག་པ་ཡིན་ཞེས་བྱ་བ་ནི་རྒྱུན་ཆད་པའོ། །སྐད་ཅིག་མ་ཡི་ཆོས་ལ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐད་ཅིག་མའི་ཆོས་ནི་གནས་
པ་མེད་པར་འཇིག་པར་འགྱུར་ཏེ། དེའི་ཕྱིར་འདིའི་གནས་པ་ཁས་ལེན་པ་ཡིན་ནོ། །ཆོས་དེ་ཡང་གནས་པ་མེད་དུ་ཟིན་ཡང་འཇིག་པར་འགྱུར་བ་ཉིད་དེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདིའི་གནས་པ་རྟོགས་པ་དོན་མེད་དོ། །དེ་ལྟ་བས་ན་གནས་པ་ནི་རྒྱུན་ཁོ་ན་ཡིན་ནོ་ཞེས་

བྱ་བ་ནི་གང་གི་ཕྱིར་སྐད་ཅིག་མའི་ཆོས་ལ་གནས་པ་ཡོངས་སུ་རྟོགས་པ་དོན་མེད་པར་འགྱུར་བས་སོ། །དེ་ལྟར་བཤད་ནས་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུན་ཁོ་ནས་གནས་པ་ཡིན་པས་སོ། །ཆོས་མངོན་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་པ་
སྨོས་པ་ནི་མ་སྐྱེས་པ་བསལ་བར་བྱ་བའི་ཕྱིར་རོ། །སྐད་ཅིག་མ་གཅིག་མི་འཇིག་པ་ཡིན་ནོ་ཞེ་ན། གལ་ཏེ་གནས་པ་མེད་ན་སྐད་ཅིག་མ་གཅིག་པོ་དེ་ཡང་མེད་པར་འགྱུར་ན་ནི། བསམ་པ་འདི་འགྱུར་བ་ཞིག་ན། ཡོད་པ་ཉིད་ནི་རྒྱུ་དང་རྐྱེན་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ན་མ་ཡིན་ཏེ། འདི་
ཡོད་པས་འདི་འབྱུང་ངོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །སྐྱེས་པ་སྐད་ཅིག་མ་ལ་ནི་འཇིག་པ་མེད་དེ། སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདུ་བྱེད་སྐྱེས་པ་རྣམས་ལ་མི་འཇིག་པས་རྒྱུན་ཆགས་པར་འབྲེལ་པའི་དབང་དུ་མཛད་ནས་གསུངས་ཀྱི།
སྐད་ཅིག་མ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གང་ཡང་ཡེ་ཤེས་ལ་འཇུག་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེར་ནི་གཅིག་ལ་ཞེས་འབྱུང་བའི་ཕྱིར། སེམས་ཀྱི་སྐད་ཅིག་ཁོ་ན་བཞེད་དོ་སྙམ་དུ་སེམས་པ་བསལ་བར་བྱ་བའི་ཕྱིར་ཉེ་བར་བཀོད་དེ། དེར་ཡང་རིས་
མཐུན་པའི་སེམས་ལ་རིགས་ཀྱི་སེམས་ཀྱི་སྐད་ཅིག་མ་ཡིན་ནོ་སྙམ་དུ་བསམས་པའོ། །རིས་མཐུན་པའི་སེམས་ནི་དང་པོར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནས། འཆི་བའི་མཐར་ཐུག་པ་སྐྱེ་བ་གཅིག་གི་བདག་ཉིད་ཅན་ཡིན་ནོ། །འདིར་གང་ལས་ཤེ་ན། གང་གི་ཕྱིར་འཇིག་པ་
གང་ཞེ་ན། རྣམ་པར་འཇིག་པའོ་ཞེས་ལན་བརྗོད་པར་བྱ་བ་ལ། འཆི་བའོ་ཞེས་སྨྲས་པ་དེས་ན། རིས་མཐུན་པའི་སེམས་ལ་དགོངས་པ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གང་གི་ཕྱིར་སྐད་ཅིག་མ་ཡིན་པའི་ཕྱིར། སྐད་ཅིག་མ་གཅིག་གནས་པ་དང་། དེ་གཞན་དུ་འགྱུར་བའི་རྒ་བ་
ཡིན་པར་མ་གྲུབ་པ་དེའི་ཕྱིར་དེར་རིས་མཐུན་པའི་སེམས་ལ་རུང་གི །སེམས་ཀྱི་སྐད་ཅིག་ལ་ནི་མ་ཡིན་ནོ། །སྐད་ཅིག་རེ་རེ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་སྐབས་ཀྱི་ཁྱད་པར་ཞེས་བྱ་བ་ནི་དུས་ཐ་དད་པ་དང་། ཐ་མི་དད་པ་རྣམས་ལ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། སྐྱེ་བ་ལ་

སོགས་པ་དག་ནི་གནས་སྐབས་ཀྱི་ཁྱད་པར་ཡིན་ནོ། །སྐྱེ་བ་ནི་སྔར་མེད་པ་ལས་འབྱུང་ཞིང་བདག་ཉིད་དུ་རེད་པའོ། །སྐྱེ་བ་ནི་སྐྱེ་བ་པོ་ལས་རྫས་གཞན་ཡིན་པར་འོས་པ་ཡང་མ་ཡིན་ཏེ། དངོས་པོ་མ་སྐྱེས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སྐྱེ་བ་ཉིད་དུ་རྟག་གོ་ཞེ་ན།
རྐྱེན་ཐམས་ཅད་སྐྱེ་བ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་སྐྱེ་བའི་རྒྱུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར། སྐད་ཅིག་རེ་རེ་ལ་མ་བྱུང་བ་ལས་བྱུང་བ་ནི་སྐྱེ་བ་ཡིན་གྱི། རྫས་གཞན་མ་ཡིན་ནོ། །བདག་ཉིད་རྙེད་པའི་བདག་ཉིད་ལོག་པ་ནི་འཇིག་པ་ཡིན་གྱི། དོན་གཞན་དུ་གྱུར་པ་
མ་ཡིན་ཏེ། དེ་ལྡོག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བྱུང་ནས་མེད་པ་ནི་འཇིག་པ་ཡིན་གྱི་རྫས་གཞན་ནི་མེད་དོ། །རྒྱུ་དང་འབྲས་བུ་རྗེས་སུ་འབྲེལ་པ་པ་ནི་གནས་པ་ཡིན་གྱི། སྐྱེས་པ་མི་འཇིག་པ་ནི་མ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐལ་བར་
འགྱུར་བའི་ཕྱིར་རོ། །འདི་ལྟར་སྨྲ་བ་པོ་དག་ད་རུང་དུ་ཡང་མར་མེ་དེ་ཉིད་འཇུག་གོ་ཞེས་ཟེར་བ་ཡིན་ནོ། །དེའི་ཕྱིར། སྔ་མ་སྔ་མ་དང་སྐད་ཅིག་མ་ཕྱི་མ་རྗེས་སུ་འབྲེལ་པ་ནི་གནས་པ་ཡིན་གྱི། དོན་གཞན་དུ་གྱུར་པ་ནི་མེད་དོ། །རྒྱུའི་སྐད་ཅིག་མ་ལས་འབྲས་བུའི་སྐད་ཅིག་མ་བྱེ་བྲག་
ཏུ་གྱུར་པ་ནི་གནས་པ་གཞན་དུ་གྱུར་པ་ཡིན་གྱི། སྐད་ཅིག་མ་གཅིག་ལ་ནི་མ་ཡིན་ཏེ། གནས་པ་གཞན་དུ་འགྱུར་བ་ཉིད་ནི་གནས་པ་དེ་སྐད་ཅིག་མ་སྔ་མ་དང་མི་འདྲ་བ་ཉིད་ཡིན་གྱི། དོན་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །འདུ་བྱེད་ཀྱི་རྒྱུན་ལ་བདག་ཏུ་མོས་པ་རྣམས་ཀྱི་བདག་ཏུ་མོས་པ་
བཟློག་པར་བྱ་བའི་ཕྱིར། རྒྱུན་དང་སྐད་ཅིག་མ་དུ་མའི་ཐ་དད་པས་ཐ་དད་པ་རྣམས་ལ་བཟློག་པར་བྱ་བ་མ་ཡིན་པར་བཞེད་ནས། ལུས་སྐྱེ་བར་ཡང་མངོན་ཞེས་བྱ་བ་ལ་སོགས་པའི་མདོ་འདི་བརྩམས་པ་དེ་ལྟ་ན་ཡང་གང་གི་ཚེ་འདྲ་བར་ཡང་སྐྱེས་སོ། །དེའི་ཚེ་མི་འདྲ་བ་ཉིད་མེད་པས་
གནས་པ་གཞན་དུ་འགྱུར་བ་ཉིད་མེད་དོ་སྙམ་དུ་བསམས་པའོ། །དེ་དག་འདྲ་བར་ཡང་དམིགས་མོད་ཀྱི། རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པ་མ་ཡིན་ནོ། །འདྲ་བར་དམིགས་ཀྱང་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་ཤེས་ཤེ་ན། དེའི་ཕྱིར།

རྡོ་རྗེ་ལ་སོགས་པ་འཕངས་པ་དང་། མ་འཕངས་པ་དང་། སྟོབས་ཆེན་པོ་དང་། སྟོབས་ཆུང་ངུས་འཕངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕངས་པ་དང་། མ་འཕངས་པ་ནི་འཕངས་པ་དང་། མ་འཕངས་པ་དག་གོ། །སྟོབས་ཆེན་པོས་འཕངས་པ་
དང་། སྟོབས་ཆུང་ངུས་འཕངས་པ་ནི་སྟོབས་ཆེན་པོ་དང་། སྟོབས་ཆུང་ངུས་འཕངས་པ་དག་སྟེ། འདི་ནི་འཕངས་པའི་དབྱེ་བ་རྣམ་པ་གཉིས་ཡིན་ནོ། །འཕངས་པ་དང་། མ་འཕངས་པ་དག་དང་། སྟོབས་ཆེན་པོ་དང་། སྟོབས་ཆུང་ངུས་འཕངས་པ་དག་ནི་འཕངས་པ་དང་མ་
འཕངས་པ་དང་། སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པའོ། །རྡོ་རྗེ་ལ་སོགས་པ་དེ་ནི་འཕངས་པ་དང་། མ་འཕངས་པ་དང་། སྟོབས་ཆེན་པོ་དང་། སྟོབས་ཆུང་ངུས་འཕངས་པ་སྟེ། དངོས་པོ་གཅིག་དང་འདྲ་བར་བྱས་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་
ལྕགས་དང་། རྡོ་ལ་སོགས་པ་དག་བསྡུའོ། །བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བར་ལྟུང་བའི་དུས་ཀྱི་བྱེ་བྲག་ལས་ཞེས་བྱ་བ་ལ། སྟོབས་ཆུང་ངུས་འཕངས་པ་ནི་མྱུར་དུ་ལྟུང་ལ། སྟོབས་ཆེན་པོས་འཕངས་པ་ནི་ཆེས་མྱུར་བར་ལྟུང་ངོ་། །དུས་དེའི་བྱེ་བྲག་ནི་བུལ་བ་དང་། མྱུར་བ་དང་།
ཆེས་མྱུར་བའི་དུས་ཀྱི་བྱེ་བྲག་སྟེ། བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་དུས་ཀྱི་བྱེ་བྲག་དེ་ལས་སོ། །དེའི་འབྱུང་བ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པར་འབྱུང་བ་རྣམས་སོ། །ཡོངས་སུ་འགྱུར་བའི་བྱེ་བྲག་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ། བུལ་བ་དང་། མྱུར་བ་དང་། ཆེས་མྱུར་
བར་ལྟུང་བའི་དུས་ཀྱི་བྱེ་བྲག་ལས་རྡོ་རྗེ་ལ་སོགས་པའི་འབྱུང་བ་ཆེན་པོ་འཕངས་པ་ལ་སོགས་པ་དེ་རྣམས་ཡོངས་སུ་འགྱུར་བའི་བྱེ་བྲག་འགྲུབ་པ་ཡིན་ནོ། །ཇི་ལྟར་ཞེ་ན། མ་འཕངས་པ་ལྟུང་བ་ན་ནམ་མཁའ་ལ་སྐད་ཅིག་མ་རྣམས་ཡུལ་ཐ་མི་དད་པའི་སྐད་ཅིག་མ་གཞན་དག་གི་རྒྱུར་
འགྱུར་ལ། ཆེས་ཉུང་བ་རྣམས་ཡུལ་ཐ་དད་པའི་སྐད་ཅིག་མ་གཞན་སྐྱེ་བའི་རྒྱུར་འགྱུར་རོ། །སྟོབས་ཆུང་ངུས་འཕངས་ན་ནི་ཧ་ཅང་མང་བ་ཡང་མ་ཡིན། ཧ་ཅང་ཉུང་བ་ཡང་མ་ཡིན་པ་རྣམས་རང་གི་ཡུལ་དང་། ཡུལ་གཞན་དུ་སྐད་ཅིག་མ་གཞན་སྐྱེ་བའི་རྒྱུ་ཡིན་ནོ། །སྟོབས་དང་ལྡན་

པས་འཕངས་ན་ནི་རང་གི་ཡུལ་དུ་ཆེས་ཉུང་བ་རྣམས་ཡུལ་གཞན་དུ་སྐད་ཅིག་མ་གཞན་མང་པོ་དག་སྐྱེ་བའི་རྒྱུ་ཡིན་ནོ། །གང་དག་གདོན་མི་ཟ་བར་རང་གི་ཡུལ་དང་། ཡུལ་གཞན་དུ་སྐད་ཅིག་གཞན་གྱི་རྒྱུ་ཡིན་པ་དེ་དག་ནི་བྱེ་བྲག་ཁས་བླང་བར་བྱའོ། །རྡོ་རྗེ་ལ་སོགས་པ་དེ་དག་ལ་ཇི་
སྐད་བཤད་པའི་ཡོངས་སུ་འགྱུར་བ་མེད་པར་བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་དུས་ཀྱི་བྱེ་བྲག་མི་རུང་བ་དེའི་ཕྱིར་འདུ་བྱེད་ཐམས་ཅད་ལ་སྐྱེ་བ་བཞིན་དུ་གཞན་དུ་འགྱུར་བ་ཉིད་མི་འགལ་ལོ། །གལ་ཏེ་འདུ་བྱེད་ཀྱི་ཁྱད་པར་རམ། ལྕི་བ་ཉིད་ལས་བུལ་བ་དང་། མྱུར་བ་དང་།
ཆེས་མྱུར་བར་ལྟུང་བའི་དུས་ཀྱི་བྱེ་བྲག་ཏུ་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། འདུ་བྱེད་བཀག་ཟིན་པའི་ཕྱིར་དང་། ལྕི་བ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་ལྟུང་བའི་དུས་ཀྱི་བྱེ་བྲག་མི་འཐད་དོ། །གལ་ཏེ་རྡོ་རྗེ་ལ་སོགས་པ་དག་ལ་ཡང་སྔ་མ་ལས་སྐད་ཅིག་མ་ཕྱི་མ་མི་འདྲ་བར་སྐྱེ་
ན། ཁྱད་པར་དེ་ཅིའི་ཕྱིར་མི་འཛིན་ཅེ་ན། དེའི་ཕྱིར། འདུ་བྱེད་རྣམས་ནི་བྱེ་བྲག་གི་ཁྱད་པར་མཚར་ཅིག་མེད་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདུ་བྱེད་གང་དག་ཁྱད་པར་ཏེ་བྱེ་བྲག་རགས་པ་མེད་ཅིང་། ཕྲ་བ་ཡོད་པ་དེ་དག་ནི་ཁྱད་པར་མེད་པ་ཁོ་ནར་འཛིན་གྱི་ཁྱད་པར་དུ་ནི་
མ་ཡིན་ཏེ། ཕྲ་བའི་ཕྱིར་རོ། །དེའི་ཕྱིར། དེ་དག་འདྲ་བ་ཞིག་ཏུ་སྣང་སྟེ་མཚེ་མ་བཞིན་ནོ། །འོ་ན་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐད་ཅིག་མ་ཕྱི་མ་སྔ་མ་ལས་བྱེ་བྲག་ཏུ་གྱུར་པ་གནས་པ་བཞིན་དུ་འགྱུར་བ་ཉིད་ཡིན་ན། རྒྱུན་འཆད་པའི་དུས་
དང་། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན། གང་གི་བྱེ་བྲག་སྔ་མའི་གནས་པ་གཞན་དུ་འགྱུར་བ་ཉིད་དུ་རྣམ་པར་གཞག་པ་སྒྲ་དང་མེ་ལྕེའི་སྐད་ཅིག་མ་དང་། སྐྱེ་མཆེད་དྲུག་གི་སྐད་ཅིག་མ་ལས་སྐད་ཅིག་མ་གཞན་མཚམས་སྦྱོར་བ་མ་ཡིན་ཏེ། དེ་ལྟར་ན་སྒྲ་དང་མེ་ལྕེའི་སྐད་
ཅིག་མ་ཐ་མ་དག་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་སྐྱེ་མཆེད་དྲུག་གི་སྐད་ཅིག་མ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་མེད་པའི་ཕྱིར། མཚན་ཉིད་རྣམ་པར་གཞག་པ་འདུ་བྱེད་ཐམས་ཅད་ལ་མ་ཁྱབ་པ་ཅན་དུ་འགྱུར་རོ། །འདུས་བྱས་ཀྱི་མཚན་ཉིད་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་

ལ། འདུས་བྱས་ཀྱི་མཚན་ཉིད་ཀྱི་མདོ་ལས་གནས་པ་ཁོ་ན་མཚན་ཉིད་དུ་མ་བརྗོད་དེ། འོ་ན་ཅི་ཞེ་ན། གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ཏེ། གནས་པ་སྐད་ཅིག་མ་ཕྱི་མ་རྗེས་སུ་འབྲེལ་པའི་མཚན་ཉིད་ཅན་གྱི་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་
སྐད་ཅིག་གང་ལ་གནས་པ་འབྲས་བུའི་མཚན་ཉིད་ཅན་ཡིན་པ་དེ་ལ་ནི་གནས་པ་དེ་ཡོད་དང་གདོན་མི་ཟ་བར་གནས་པ་གཞན་དུ་འགྱུར་བ་མི་འདྲ་བ་ཉིད་ཀྱང་ཡོད་མོད་ཀྱི། གང་ལ་གནས་པ་མེད་པ་དེ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་མེད་དེ། དཔེར་ན་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་
དག་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཚེའི་སྐྱེ་མཆེད་དྲུག་གི་སྐད་ཅིག་མ་བཞིན་ནོ། །དེ་ལྟར་ན་གང་ལ་གནས་པ་མེད་པ་དེའི་མཚན་ཉིད་ནི་སྐྱེ་བ་དང་འཇིག་པ་གཉིས་ཁོ་ན་ཡིན་ནོ་ཞེས་བསྟན་པར་འགྱུར་བས་རྣམ་པར་གཞག་པ་ཉམས་པ་མེད་དོ། །གལ་ཏེ་གནས་བཞིན་པ་ལ་གཞན་དུ་འགྱུར་བ་
ཉིད་མེད་ན་ནི་མཚན་ཉིད་རྣམ་པར་གཞག་པ་མ་ཁྱབ་པ་ཅན་དུ་འགྱུར་བ་ཞིག་གོ། །སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་རྣམས་ཀྱང་གནས་པ་ཞེས་བྱ་བ་རྒྱུན་གྱི་ཁོངས་སུ་འདུ་བའི་ཕྱིར་ལ། དེ་ལ་གཞན་དང་གཞན་དུ་འགྱུར་བའི་ཡོད་པའི་ཕྱིར་མཚན་ཉིད་གསུམ་ཆར་ཡང་སྲིད་དོ་ཞེས་བསྟན་པའི་ཕྱིར་ཡང་མདོར་
ན་བཅོམ་ལྡན་འདས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་སྐད་བཤད་པའི་ཚུལ་བཞིན་དུ་མཚན་ཉིད་རྣམ་པར་གཞག་པ་བརྗོད་པར་བྱའོ། །ད་ནི་ཇི་ལྟར་ན་མཚན་ཉིད་ཀྱི་གཞིའི་ཆོས་དེ་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་ཁོ་ན་མ་བྱུང་བ་ལས་བྱུང་བ་དང་། བྱུང་
ནས་ཡང་མི་འབྱུང་བ་དང་། རྒྱུ་ལས་འབྲས་བུ་རིགས་མི་འདྲ་བ་སྐྱེ་བ་ཞེས་བྱ་བ་གཞན་དུ་འགྱུར་བ་ཉིད་ཡིན་ན་མཚན་ཉིད་ཀྱི་གཞིའི་ཆོས་གང་ཡིན་པ་དེ་ནི་རང་གི་བདག་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཁས་བླངས་པར་འགྱུར་ན་དེ་ནི་འཐད་པ་ཡང་མ་ཡིན་ཏེ། གཞན་གྱིས་གཞན་མཚོན་པར་བྱེད་པའི་
ཕྱིར་ཏེ། མེ་དང་དུ་བ་བཞིན་ནོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་གཞིའི་ཆོས་གང་ཡིན་པ་དེ་ཉིད་དེའི་མཚན་ཉིད་དུ་མི་རུང་ངོ་ཞེ་ན། རེ་ཞིག་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་ཆེན་པོ་དང་བ་ལང་ནི་ཚོགས་པའི་བདག་ཉིད་ཡིན་ཞིང་། སྐྱེས་བུ་ཆེན་པོའི་

མཚན་ཉིད་རྣམས་དང་། ལྐོག་ཤལ་ལ་སོགས་པ་དག་ནི་ཚོགས་པ་ཅན་གྱི་རང་བཞིན་ཡིན་ལ། བྱེ་བྲག་པ་རྣམས་ཀྱི་ལྟར་ཚོགས་པ་ཅན་རྣམས་ཚོགས་པ་ལས་གཞན་ཉིད་ཀྱང་མ་ཡིན་མོད་ཀྱི། འོན་ཀྱང་གཞན་ཉིད་མེད་ཀྱང་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོ་ཉིད་དང་། བ་ལང་
གི་བ་ལང་ཉིད་ཀྱི་མཚན་ཉིད་ཡིན་ནོ། །སྐྱེས་བུ་ཆེན་པོ་ནི་མཚན་ཉིད་ཙམ་ཞིག་ཀྱང་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་ཚོགས་པ་ཙམ་ཞིག་ཡིན་ན་ནི་མ་བྱུང་བ་ལས་བྱུང་ཞིང་། བྱུང་ནས་ཀྱང་མེད་པར་འགྱུར་ལ། ཆོས་ཀྱང་སྐྱེ་བ་འམ་འགགས་པ་ན་འཁོར་དང་བཅས་པ་སྐྱེ་བ་འམ་འགགས་
པར་འགྱུར་ཏེ། དཔེར་ན་སེམས་དང་སེམས་ལས་བྱུང་བ་དང་། འབྱུང་བ་དག་དང་། འབྱུང་བ་ལས་གྱུར་པ་ལྷན་ཅིག་སྐྱེ་ཞིང་འགག་པ་བཞིན་ནོ། །དེའི་ཕྱིར་ཇི་ལྟར་སྐྱེས་བུ་ཆེན་པོའི་མཚན་རྣམས་སྐྱེས་བུ་ཆེན་པོའོ་ཞེས་བྱ་བ་དག་དང་། སྐྱེས་བུ་ཆེན་པོའི་མཚན་ཞེས་བྱ་བ་དག་
ཏུ་འགྱུར་བ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ཀྱང་འདུས་བྱས་དང་། འདུས་མ་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་སྟེ། སྐྱེ་བ་ལ་སོགས་པའི་མཚན་ཉིད་གནས་སྐབས་ཀྱི་ཁྱད་པར་གྱིས་ནི་ཆོས་དེ་མཚོན་པར་བྱེད་པའི་ཕྱིར་རོ། །སའི་ཁམས་ལ་སོགས་པའི་མཚན་ཉིད་སྲ་བ་ཉིད་ལ་སོགས་
པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དཔེ་འདི་ནི་གཉིས་ལ་གྲགས་པ་ཡིན་ཏེ། སའི་ཁམས་ནི་སྲ་བའི་མཚན་ཉིད་ཅན་ནོ་ཞེས་བརྗོད་ལ། སྲ་བ་སའི་ཁམས་ལས་གཞན་པ་ཡང་མ་ཡིན་པ་དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །སའི་ཁམས་དེ་ཉིད་སྲ་བས་མཚོན་པ་ན་
སྲ་བ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདུས་བྱས་དེ་ཉིད་མ་བྱུང་བ་ལས་བྱུང་ཞིང་། བྱུང་ནས་ཀྱང་མེད་པས་མཚོན་པ་ན་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་སྟེ། མཚོན་པར་བྱ་བས་ན་མཚན་ཉིད་དོ། །གཞན་ཡང་ཇི་ལྟར་གྱེན་དུ་འགྲོ་བ་ཞེས་བྱ་བ་ལ། གྱེན་དུ་འགྲོ་བ་ནི་བར་ཆད་མེད་པར་
ཡུལ་གོང་མར་སྐྱེ་བའོ། །དེ་ནི་དེ་ལས་ཀྱང་མི་གཞན་པ་ལྟར་ཞེས་བྱ་བ་ལ། གྱེན་དུ་འགྲོ་བ་དེའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་དུ་བ་ལས་སོ། །ཆོས་མངོན་པ་པ་སྐད་ཅིག་མར་སྨྲ་བའི་ལྟར་ན་ནི་དུ་བའི་གྱེན་དུ་འགྲོ་བ་གཞན་ཡོད་པ་མ་ཡིན་གྱི། དེ་ཉིད་གྱེན་ལ་ཡུལ་གཞན་དག་ཏུ་སྐྱེ་བ་ན་གྱེན་

དུ་འགྲོ་བ་ཞེས་བྱ་བ་འཐོབ་ཅིང་། དེ་ལས་གྱེན་དུ་འགྲོ་བ་ཐ་དད་པ་ལྟར་མངོན་པ་དེ་བཞིན་དུ་སྐྱེ་བ་དང་། འཇིག་པ་དང་། གཞན་དུ་འགྱུར་བ་ཉིད་ཀྱང་དེ་ལས་ཐ་དད་པ་ལྟ་བུར་མངོན་ནོ། །འདིར་ཡང་ཚུལ་དེ་ཉིད་ཡིན་ཏེ། མེ་དང་དུ་བའི་ཚུལ་ནི་མ་ཡིན་ནོ། །འདི་ལྟར་སྐྱེ་
བ་ལ་སོགས་པ་དག་ཀྱང་འདུས་བྱས་ལས་གཞན་མ་ཡིན་མོད་ཀྱི། འོན་ཀྱང་འདུས་བྱས་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་མི་འགལ་ལོ། །འདུས་བྱས་གཟུགས་ལ་སོགས་པ་རྣམས་ནི་ཇི་སྲིད་དུ་དེ་དག་སྔ་ན་མེད་པ་ལ་སོགས་པ་དག་ཏུ་མི་ཤེས་པ་དེ་སྲིད་དུ་འདུས་བྱས་ཉིད་དུ་མ་ངེས་ཏེ། འདི་
ལྟར་སྒྲའི་རང་གི་ངོ་བོ་རྟོགས་ཀྱང་རྟག་པར་སྨྲ་བ་རྣམས་ཀྱིས་སྒྲ་འདུས་མ་བྱས་སུ་རྟོགས་པ་ཡིན་ནོ། །ཇི་སྲིད་དུ་སྔ་ན་མེད་པ་དང་། ཕྱིས་མེད་པ་མི་ཤེས་པ་ན་སྟེ། ཅི་ཞེ་ན། རང་གི་ངོ་བོ་ཞེས་སྐབས་དང་སྦྱར་རོ། །ཕྱིས་མེད་པ་ནི་ཞིག་ནས་མེད་པའོ། །རྒྱུན་གྱི་བྱེ་བྲག་ནི་གཞན་དུ་འགྱུར་བ་
ཉིད་དོ། །དེ་ལྟར་ན་འདིར་མཚན་ཉིད་གསུམ་དག་བཤད་པར་འགྱུར་ཏེ། འདིར་གཟུགས་ལ་སོགས་པ་ནི་ཆོས་ཅན་ནོ། །རྒྱུ་དང་རྐྱེན་ལ་རག་ལས་ཏེ། བདག་ཉིད་ཐོབ་པ་ཉིད་ནི་འདུས་བྱས་ཉིད་དོ། སྔ་ན་མེད་པ་དང་། ཞིག་ནས་མེད་པ་དང་། གཞན་དུ་གྱུར་པ་ཉིད་དག་ནི་མཚན་ཉིད་
ཡིན་ཏེ། གནས་སྐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །འདིར་བསྟན་བཅོས་མཁན་པོས་སློབ་དཔོན་ཉིད་ཀྱི་ཤིང་རྟའི་གཅིག་པ་ཉིད་ཀྱི་ཕྱོགས་གྱི་ཚིག་ཁྱད་དུ་བསད་ནས་མཚན་ཉིད་རྣམས་བརྗོད་དུ་མེད་པ་ཉིད་ཁས་བླངས་ཏེ། བཏགས་པར་ཡོད་པ་མཐའ་དག་གི་མཚན་ཉིད་འདི་ཡིན་ཏེ།
འདི་ལྟ་སྟེ། འདི་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། དེ་ལྟ་བས་ན་དེ་ཉིད་ཀྱིས་དེ་མཚོན་པ་ཡང་མ་ཡིན་ལ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་འདུས་བྱས་ཉིད་ཀྱིས་སོ། །དེ་ཞེས་བྱ་བ་ནི་འདུས་བྱས་ཉིད་ཀྱིས་ཡིན་པར་མཚོན་པའོ། །འོ་ན་ཅི་ཞེ་ན།
སྔ་ན་མེད་པ་ལ་སོགས་པས་དེ་འདུས་བྱས་ཉིད་དུ་མཚོན་པར་བྱེད་དེ། དེ་དག་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་ལ། གཟུགས་ལ་སོགས་པའི་རང་བཞིན་ཉིད་ཡིན་ན་ཡང་དེ་དག་རྫས་སུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་དག་ལས་སྐྱེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་

པ་ལ། གཟུགས་ལ་སོགས་པ་དག་ལས་རྫས་གཞན་ཉིད་དུ་ཡོད་པ་ཡང་མ་ཡིན་ཏེ། སྐྱེ་བ་ལ་སོགས་པ་རྣམས་བཏགས་པར་ཡོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། རྒྱུན་གྱི་དབང་པོའང་སྐྱེ་བ་ཡིན། །ཞེས་རྒྱས་པར་བཤད་དོ། །ཅིར་འགྱུར་ཞེས་བྱ་བ་ནི་ལུང་ངམ་རིགས་པ་དང་འགལ་
སྙམ་དུ་བསམས་སོ། །དེ་དག་ནི་ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་ལ། སྐྱེ་བ་ལ་སོགས་པ་དག་ཆོས་དང་ལྷན་ཅིག་འབྱུང་བ་ཉིད་དུ་ཁས་བླངས་པའི་ཕྱིར་བྱ་བ་ཡོད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར། ཆོས་གཅིག་ཏུ་ཞེས་བྱ་བ་ལ། ཆོས་དང་པོར་སྐྱེ་བར་འགྱུར་ཞིང་། དེ་
ནས་གནས་པ་དང་། དེ་ནས་རྒ་བ་དང་། དེ་ནས་འཇིག་པ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ན་དུས་གཅིག་ཏུ་སྐྱེ་བ་དང་། གནས་པ་དང་། ཞིག་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། བྱ་བའི་དུས་ཐ་དད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དུས་གཅིག་ཏུ་སྐྱེ་བ་ལ་
སོགས་པར་འགྱུར་མོད་ཀྱི། འོན་ཀྱང་དེ་དག་གི་བྱ་བའི་དུས་ཐ་དད་དེ། གང་གི་ཕྱིར་སྐྱེ་བ་མ་འོངས་པ་ཆོས་མ་འོངས་པ་ལ་བྱ་བ་བྱེད་དོ། །འདི་ལྟར་མ་སྐྱེས་པ་བསྐྱེད་དོ་ཞེས་བྱ་བ་ནི་དེ་ཉིད་ལ་རྒྱུ་སྨྲས་པའོ། །གང་གི་ཕྱིར་སྐྱེ་བའི་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་གྱི། སྐྱེས་ཟིན་
པ་ལ་ཡང་སྐྱེད་པར་ནི་མི་ནུས་ཏེ། དེའི་ཕྱིར་སྐྱེ་བ་མ་འོངས་པ་ཁོ་ནས་ཆོས་མ་འོངས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་མི་འགལ་ལོ། །ད་ལྟར་གྱི་གནས་སྐབས་སུ་ནི་བྱ་བ་གཞན་ཞིག་པར་འགྱུར་རོ། །སྐྱེས་ཟིན་པའི་ཆོས་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་སྐྱེས་པ་ནི་གནས་པ་
དང་། རྒ་བ་དང་། གཞིག་པར་ནུས་ཀྱི་མ་སྐྱེས་པ་ནི་མ་ཡིན་ཏེ། དེའི་ཕྱིར། སྐྱེས་ཟིན་པའི་ཆོས་ལ་གནས་པ་ལ་སོགས་པ་ད་ལྟར་བ་བྱ་བ་བྱེད་དོ། །དེའི་ཕྱིར། གང་གི་ཚེ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །རེ་ཞིག་འདིར་ཅི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་མ་
འོངས་པ་ནི་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། དེ་མེད་ན་ཇི་ལྟར་སྐྱེ་བ་མ་འོངས་པ་ཡོད་པ་མ་ཡིན་པས་བསྐྱེད་པར་བྱ་བ་སྐྱེད་པར་འགྱུར་སྙམ་དུ་བསམས་པའོ། །མ་འོངས་པ་དེ་རྫས་སུ་ཡོད་དུ་ཆུག་ན་ཡང་སྐྱེ་བ་བྱ་བ་མེད་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱ་བ་མ་ཐོབ་པ་ནི་མ་འོངས་པ་

ཡིན་པར་འདོད་ལ། བྱ་བ་བྱེད་བཞིན་པ་ནི་ད་ལྟར་བའོ། །བྱ་བ་ཞིག་པ་འདས་པ་ཡིན་ནོ་ཞེས་དེ་ལྟར་དུས་རྣམ་པར་གནས་པ་ཡིན་དང་། སྐྱེ་བ་བྱ་བ་བྱེད་ན་ཇི་ལྟར་མ་འོངས་པར་འགྲུབ་པར་འགྱུར་ཏེ། མ་འོངས་པའི་དུས་ནི་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་མི་འགྲུབ་པ་ཉིད་
དོ་སྙམ་དུ་བསམས་པའོ། །གལ་ཏེ་རྫས་སུ་ཡོད་པའི་བྱ་བ་བྱེད་བཞིན་པ་མ་འོངས་པ་ཡིན་ན་ནི་མ་འོངས་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །བྱུང་བ་ཡང་བྱ་བ་ཞིག་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱ་བ་ཞིག་པ་ནི་འདས་པ་ཡིན་པར་འདོད་ན། གལ་ཏེ་ད་ལྟར་བའི་
གནས་སྐབས་སུ་སྐྱེ་བ་བྱ་བ་ཞིག་པ་ཡིན་ན་ཡང་འདས་པ་ཡིན་པར་འགྱུར་གྱི། ད་ལྟར་བ་ནི་མ་ཡིན་ནོ། །གནས་པ་ལ་སོགས་པ་ཡང་ཅིག་ཅར་བྱ་བ་ལ་འཇུག་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་ཟིན་པའི་ཆོས་ལ་ད་ལྟར་བ་གནས་པ་ལ་སོགས་པ་རྣམས་བྱ་བ་བྱེད་པར་
ཁས་བླངས་པས་དེ་དག་ཅིག་ཅར་བྱ་བ་ལ་འཇུག་པར་ཁས་བླངས་པར་འགྱུར་རོ། །དེའི་ཕྱིར་སྐད་ཅིག་མ་གཅིག་ཁོ་ན་ལ་ཆོས་ཐམས་ཅད་དུ་འགྱུར་རོ། །འདི་གང་གི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་དང་རྒ་བ་དང་འཇིག་པའི་བྱ་བ་དག་ནི་ཕན་ཚུན་འགལ་བའི་ཕྱིར་ཏེ། ཆོས་
ལ་གནས་པ་ཡང་ཡིན་ལ་འཇིག་པ་ཡང་ཡིན་ནོ་ཞེས་བྱ་བར་ནི་རྣམ་པར་གཞག་པར་མི་རིགས་སོ། །འདི་ཅི་དུས་དེར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་ལ་སོགས་པ་རྣམས་ཕན་ཚུན་འགལ་བའི་ཕྱིར་ད་ལྟར་བ་ལ་ཡང་བྱ་བ་མེད་དོ་སྙམ་དུ་བསམས་སོ། །གང་སྐྱེ་བ་ལ་སོགས་
པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྐྱེས་པ་མི་སྐྱེད་པ་དེ་བཞིན་དུ་མི་གནས་པ་མི་རྒ་ལ། མ་རྒས་པས་མི་འཇིག་པ་དེའི་ཕྱིར། གནས་པ་ལ་སོགས་པ་རྣམས་ཀྱང་བྱ་བ་རིམ་གྱིས་བྱེད་དོ་ཞེས་ཟེར་བ་དེའི་ལྟར་ན་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །སྐད་ཅིག་མ་ཞེས་
བྱ་བ་ནི་དུས་ཐམས་ཅད་པས་ཆུང་བ་ཡིན་ན་འདིར་ནི་གནས་པ་དང་། རྒ་བའི་དུས་དག་ཏུ་མི་འཇིག་པའི་ཕྱིར་སྐད་ཅིག་མ་གསུམ་དུ་གནས་པས་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །འོན་ཏེ་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐད་ཅིག་མ་ནི་དུས་ཇི་ཙམ་གྱིས་སྐྱེ་བ་དང་།

གནས་པ་དང་། རྣམ་པར་འགྱུར་བ་དང་། འཇིག་པ་རྣམས་རྫོགས་པར་འགྱུར་བའི་དུས་དེ་ལ་བརྗོད་ཀྱི། སྐྱེས་མ་ཐག་ཏུ་འཇིག་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་དེ་དག་དང་ལྷན་ཅིག་འབྱུང་བ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྷན་ཅིག་འབྱུང་བ་རྣམས་ནི་རིམ་གྱིས་བྱ་
བ་བྱེད་པར་མི་རུང་སྟེ། སྔོན་དང་ཕྱིས་ཁྱད་པར་མེད་པའི་ཕྱིར་དང་། ལྷན་ཅིག་བྱེད་པའི་རྐྱེན་ཁྱད་པར་མེད་པའི་ཕྱིར་རོ། །དེར་ཡང་སྔར་གནས་པས་བྱ་བ་བྱེད་ཀྱི། རྒ་བ་དང་མི་རྟག་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། གནས་པ་སྟོབས་དང་ལྡན་པའི་
ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་སྨྲས་པ་སྟེ། དེ་ནི་སྟོབས་དང་ལྡན་པའི་ཕྱིར་རྒ་བ་དང་མི་རྟག་པ་ཉིད་དག་གི་བྱ་བ་ལ་གེགས་བྱས་ནས་རང་གི་བྱ་བ་བྱེད་དོ། །ཕྱིས་ཅིའི་ཕྱིར་སྟོབས་དང་མི་ལྡན་པ་ཉིད་དུ་འགྱུར་ཞེས་བྱ་བ་ལ། གང་ལས་འདི་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱིས་འཇོམས་པར་
འགྱུར་བ་གནས་པ་ཕྱིས་སྟོབས་ཆུང་བའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གནས་པ་ལ་སོགས་པ་རྣམས་ཀྱི་བྱ་བ་ནི་སྐྱེས་མ་ཐག་ཏུ་ལྷན་ཅིག་ཏུ་ཡོད་པར་འགྱུར་བའམ། གལ་ཏེ་སྟོབས་དང་ལྡན་པའི་བྱ་བ་སྔར་འདོད་ན་མི་རྟག་པ་ཉིད་ཀྱི་བྱ་བ་ཁོ་ན་ཡིན་པར་འགྱུར་རོ། །བྱ་བ་བྱས་པས་ཞེས་བྱ་བ་
རྒྱས་པར་འབྱུང་བ་ལ། འདིས་ནི་སྟོབས་དང་མི་ལྡན་པ་ཉིད་ཀྱི་རྒྱུ་སྨྲས་པ་སྟེ། བྱ་བ་མ་བྱས་པའི་གནས་པ་ནི་རྒ་བ་དང་མི་རྟག་པ་ཉིད་དག་པས་སྟོབས་དང་ལྡན་པའི་ཡིན་གྱི། བྱ་བ་བྱས་པས་ནི་ཡང་བྱ་བ་བྱེད་པར་མི་ནུས་ཏེ། སྐྱེ་བ་བཞིན་ནོ། །དེའི་ཕྱིར་ཕྱིས་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱིས་
འཇིག་པར་འགྱུར་རོ། །སྐྱེ་བས་ནི་མི་ནུས་པར་རིགས་ཏེ་ཞེས་བྱ་བ་འདིས་ནི་དཔེ་དོན་དང་ཆོས་མི་མཐུན་པར་སྟོན་པར་བྱེད་དོ། །སྐྱེ་བས་ནི་ད་ལྟར་བ་ཉིད་དུ་ཁྱེར་ཏེ། འོངས་ནས་ཡང་བཀུར་བར་མི་ནུས་སོ། །དེའི་ཕྱིར་འདིར་བྱ་བ་བྱས་ཟིན་པ་ཡང་བྱ་བ་བྱེད་པ་ལ་ནུས་པ་མེད་པའི་རིགས་སོ། །གནས་
པ་བྱ་བ་བྱས་པ་ཟིན་པ་ཉིད་ཡང་བྱ་བ་མི་བྱ་བ་ལ་ནི་རྒྱུ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གནས་པས་ནི་གནས་པར་བྱ་བ་ཡང་གནས་པར་བྱ་བར་ཡང་ནུས་པའི་ཕྱིར་རོ། །ཡང་ན་འདི་ལ་གེགས་བྱེད་པ་ཡང་གང་ཞིག་ཡིན་ཞེས་བྱ་བ་ལ། གལ་ཏེ་བྱ་བ་བྱས་ཟིན་པ་ཡང་བྱ་བ་བྱེད་པ་ལ་གེགས་བྱེད་པ་འགའ་

ཞིག་ཡོད་ན་ནི་བྱ་བ་མི་བྱེད་པར་འགྱུར་བ་ཞིག་ན། གེགས་བྱེད་པ་ནི་ཡོད་པ་ཡང་མ་ཡིན་ནོ། གེགས་བྱེད་པ་ཡོད་དེ། རྒ་བ་དང་མི་རྟག་པ་དེ་དག་ཁོ་ན་ཡིན་ནོ། །འདི་ལྟར་སྟོབས་ཆུང་བའི་གེགས་བྱེད་པ་ནི་སྟོབས་ཆེ་བ་ཡིན་ནོ། །གལ་ཏེ་གནས་པ་བས་སྟོབས་དང་ལྡན་པ་
ཞིག་ཡིན་ན་ནི་སྔོན་ཁོ་ནས་གནས་པ་རང་གི་བྱ་བ་མི་བྱེད་པར་འགྱུར་ཏེ། དེ་དག་གིས་གེགས་བྱས་པའི་ཕྱིར་རོ། །གནས་པ་སྔོན་སྟོབས་དང་ལྡན་པ་ཡིན་ལ། ཕྱིས་སྟོབས་དང་མི་ལྡན་ནོ་ཞེས་བྱ་བ་འདི་ཡང་དད་པར་བྱེད་པ་དཀའ་བ་ཞིག་གོ། །དེ་ལྟར་ན་རྒ་བ་དང་མི་རྟག་པ་དག་ཀྱང་སྔར་སྟོབས་
དང་མི་ལྡན་ལ། ཕྱིས་སྟོབས་དང་ལྡན་ནོ་ཞེས་བྱ་བར་རྟོགས་པར་མི་ནུས་སོ། །གནས་པའི་བྱ་བ་ལོག་ན་ཡང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་ནི་མི་གནས་པ་དང་འགལ་བའི་སྒོ་ནས་ཡིན་ནོ། །གནས་པའི་བྱ་བ་ཞིག་ན་ཡང་རྒ་བ་དང་མི་རྟག་པ་ཉིད་དག་ཀྱང་མི་གནས་ལ།
རྒ་བ་དང་མི་རྟག་པ་ཉིད་དག་གང་གི་ཡིན་པའི་ཆོས་དེ་ཡང་མི་གནས་སོ། །དེ་དག་ནི་གནས་པས་བྱ་བ་ཡོངས་སུ་བཟུང་བས་གནས་པ་ཡིན་ཞིང་། དེ་ཞིག་པས་དེ་དག་ངེས་པར་མི་གནས་པ་ཡིན་པས་ཇི་ལྟར་བདག་ཉིད་མི་གནས་པའི་རྒ་བ་མི་རྟག་པ་དག་གིས་བྱ་བ་བྱེད་ནུས་པར་འདོད། ཆོས་
མི་གནས་པ་ནི་འགག་པ་ཉིད་ཡིན་ན་དེ་འགགས་ན་ནི་དེ་གང་ཞིག་ལ་བྱ་བ་བྱེད་པར་ནུས་པར་འདོད། ཡང་ན་རྒ་བ་དང་མི་རྟག་པ་ཉིད་དེ་དག་གིས་ཅི་ཞིག་བྱ་བ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། གནས་པ་ཡོངས་སུ་བཟུང་བའི་ཕྱིར། །ཞེས་བྱ་
བ་སྨོས་ཏེ། གནས་པ་ཡོངས་སུ་བཟུང་བའི་ཕྱིར་ཆོས་སྐྱེས་པ་ཙམ་དེ་མ་ཞིག་པ་ཡིན་ནོ། །དེ་གནས་པ་དེས་ཡལ་བར་བཏང་ན་ནི་ཞེས་བྱ་བ་ལ། གནས་པར་མ་བྱས་པ་ནི་ངེས་པར་རང་གི་ངང་ཁོ་ནས་མི་གནས་པ་ཡིན་ནོ། །དེ་ཉིད་འདིའི་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་མི་གནས་པ་གང་ཡིན་
པའོ། །རེ་ཞིག་ཆོས་སྐྱེས་པ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་པ་ལ་མི་འཇིག་པ་མེད་དོ་ཞེས་བྱ་བ་ཁས་མ་བླངས་པར་བརྗོད་པར་བྱའོ། །གཅིག་ལ་རྒ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒ་བ་ཞེས་བྱ་བ་ནི་འཇིག་པ་དང་མཐུན་པ་སྐྱེས་པའི་གནས་སྐབས་གཞན་དུ་འགྱུར་

ཞིང་རྣམ་པར་འགྱུར་བ་ཡིན་ནོ། །དེ་ཉིད་ལས་དེའི་རྣམ་པ་གཞན་དུ་ནི་རུང་བ་མ་ཡིན་ནོ། །གལ་ཏེ་འདི་དེ་ཁོ་ན་ཡིན་ན་ཇི་ལྟར་གཞན་དུ་འགྱུར་བ་ཡིན་ལ། གཞན་དུ་འགྱུར་བ་ཡིན་ན་ཇི་ལྟར་དེ་ཁོ་ན་ལྟར་ཡིན་ཏེ། དེ་ཁོ་ན་བཞིན་དང་། གཞན་དུ་འགྱུར་བ་ཞེས་བྱ་བ་འདི་ནི་འགལ་ལོ། །དེ་བཞིན་ན་ནི་ཞེས་
བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པ་དེ་ལྟ་བུ་དང་། དེ་ལྟ་བུའི་རང་བཞིན་ལས་མ་ཉམས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་འོ་ན་རྒ་བ་མི་འགྲུབ་པོ། །གཞན་ཡང་འགྱུར་ན་དེ་བཞིན་ཉིད་དེ། ལྷ་སྦྱིན་དང་མཆོད་སྦྱིན་གཉིས་བཞིན་ནོ། །དེ་ལྟ་བས་ན་དངོས་པོ་སྐད་ཅིག་མ་གཅིག་ལ་རྒ་བ་
ཞེས་བྱ་བ་མི་འཐད་དེ། འོ་ན་ཅི་ཞེ་ན། རྒྱུན་ཁོ་ན་ལ་འཐད་དོ། །གང་ཡང་སྡེ་པ་གཞན་དག་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པའི་ཕྱིར་ལ། གནས་པ་ནི་རྒྱུ་གཞན་ལ་མི་ལྟོས་པར་གནས་པར་བྱེད་པ་དེའི་ཕྱིར་གནས་པ་དང་མི་རྟག་
པ་ཉིད་ཀྱི་བྱ་བ་དུས་ཐ་དད་དོ་ཞེས་ཟེར་རོ། །འཇིག་པའི་རྒྱུ་དེ་ཉིད་ཀྱིས་འཇིག་ན་ཞེས་བྱ་བ་ལ། འཇིག་པའི་རྒྱུ་ཡོད་ན་འཇིག་པའི་ཕྱིར་དད་དེ་མེད་ན་མི་འཇིག་པའི་ཕྱིར་ལ། མི་རྟག་པ་ཉིད་ཀྱིས་ནི་དེ་ཡོད་པ་མ་ཡིན་པས་མི་རྟག་པ་ཉིད་དོན་མེད་པར་བརྟགས་པ་ཡིན་ཏེ། འཇིག་པའི་རྒྱུ་ལྟར་དེ་ལ་
འཇིག་པར་བྱ་བ་ལ་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ལྷ་དང་འཁྲུ་བ་དག་ལ་ཡང་བརྗོད་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་མ་ཉིད་དུ་ཁས་བླངས་པས་དེ་དག་གི་མི་རྟག་པ་ཉིད་ཅེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་དག་གི་མི་རྟག་པ་ཉིད་འཇིག་
པའི་རྒྱུ་ལ་མི་ལྟོས་པའི་ཕྱིར་ན། རང་ཉིད་འཇིག་པའི་ཕྱིར་འཇིག་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་སྐད་ཅིག་མ་ཉིད་ཡིན་པ་ལ་གནོད་པར་འགྱུར་རོ། །དེའི་ཕྱིར་གནས་པ་དང་མི་རྟག་པ་དག་དུས་ཐ་མི་དད་པར་བྱ་བ་བྱེད་པར་ཐལ་བར་འགྱུར་བས། སེམས་དང་སེམས་ལས་བྱུང་བ་
རྣམས་དུས་གཅིག་ཏུ་གནས་པ་དང་། འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུན་ལ་འདུས་བྱས་ཀྱི་མཚན་ཉིད་འདི་དག་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་ན་མདོ་སྡེ་འདི་ཞེས་བྱ་བ་ལ། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ་ཞེས་རྒྱས་པར་གང་གསུངས་

པ་ལེགས་པར་དྲངས་པར་འགྱུར་རོ། །སྐྱེ་བ་ལ་སོགས་པ་རྣམས་རྒྱུན་ལ་འགལ་བ་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་འདི་དག་རྒྱུན་ལ་བཤད་པ་དེ་ལྟར་ན་ལེགས་པར་དྲངས་པར་འགྱུར་གྱི། སྐད་ཅིག་གི་དབང་དུ་བྱས་ནས་བཤད་ན་ནི་མ་ཡིན་ཏེ། ཇི་སྐད་དུ་བཤད་
པའི་ཚུལ་དང་འགལ་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་མ་འོངས་པའི་སྐྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐམས་ཅད་སྐྱེ་བ་དང་ལྡན་པའི་ཕྱིར་དང་། མ་འོངས་པའི་སྐྱེ་བ་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་འདྲི་བའོ། །རྒྱུ་དང་རྐྱེན་དག་མེད་པར་ནི་ཞེས་བྱ་བ་ལ། རྒྱུ་དང་རྐྱེན་ལ་མི་ལྟོས་པར་སྐྱེ་བ་བསྐྱེད་
པར་བྱ་བའི་སྐྱེད་པར་བྱེད་པར་མི་འདོད་ལ། མ་འོངས་པ་ཐམས་ཅད་ལ་ཡང་རྒྱུ་དང་རྐྱེན་གྱི་ཚོགས་པ་ཅིག་ཅར་ཡོད་པ་མ་ཡིན་ཞིང་། གང་ཡང་རུང་བ་ཞིག་མེད་པར་ཡང་འབྲས་བུ་སྐྱེ་བར་མི་འགྱུར་བས། མ་འོངས་པ་ཐམས་ཅད་ཅིག་ཅར་སྐྱེ་བ་མ་ཡིན་ནོ། །སྐྱེ་བ་ནི་གདོན་མི་ཟ་བར་རང་གི་
སྡེ་དང་རིགས་མཐུན་པའི་རྒྱུར་སྔར་སྐྱེས་པ་དང་། ཕྱི་རོལ་གྱི་རྐྱེན་གྱི་ཚོགས་ལ་ལྟོས་པ་ཡིན་ཏེ། དཔེར་ན་མྱུ་གུའི་སྐྱེ་བ་ས་བོན་དང་། ཞིང་ལ་སོགས་པ་རྣམས་ལ་ལྟོས་པ་བཞིན་ནོ། །འོ་ན་ནི་ཚོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསྐྱེད་པར་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་
ཡོད་ན་ནི་འབྱུང་ལ། མེད་ན་མི་འབྱུང་བས་རྒྱུ་དང་རྐྱེན་ཁོ་ནའི་མཐུ་ཡིན་པར་ངེས་པར་གཟུང་གི །སྐྱེ་བ་ནི་མ་ཡིན་ནོ། །ཅི་ཞེ་ན། མཐུ་ཡིན་པར་བལྟ་བར་མི་བྱའོ་ཞེས་བྱ་བའི་སྐབས་ཡིན་ཏེ། དེ་ཡོད་ཀྱང་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །ཆོས་ཀྱི་རང་བཞིན་ཕྲ་མོ་དག་ཡོད་བཞིན་
དུ་ཡང་ཞེས་བྱ་བ་ལ། དཔེར་ན་སེམས་ལས་བྱུང་བ་རེག་པ་ལ་སོགས་པ་བཞིན་ནོ། །ཆོས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཆོས་ཀྱི་ངོ་བོ་ཉིད་དོ། །ཡོངས་སུ་གཅད་པར་དཀའ་བའི་ཕྱིར་ན་ཕྲ་མོ་དག་སྟེ། ཆོས་ནི་མི་སྣང་ཡང་བྱ་བའི་སྒོ་ནས་ངེས་ན། སྐྱེ་བའི་བྱ་བ་ཉིད་མ་ངེས་སོ། །རེག་
པའི་བྱ་བ་ནི་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་ནི་རེག་པ་ལ་བརྟེན་ནས་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དེ་ནི་བྱ་བ་གཞན་བསྟན་པའི་ཕྱིར། སྐྱེ་བ་ཞིག་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅིའི་

ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་གཟུགས་སོ་ཞེས་སྙམ་པའི་ཤེས་པ་ནི་རང་གི་མཚན་ཉིད་ལ་ལྟོས་པ་ཡིན་ན། སྐྱེས་ཞེས་བྱ་བའི་ཤེས་པ་ནི་རང་གི་མཚན་ཉིད་ལ་ལྟོས་པ་ཡིན་པར་མི་འོས་ཏེ། ཚོར་བ་ལ་སོགས་པ་དག་ལ་ཡང་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ལ་སོགས་
པ་གཟུགས་སྐྱེས་སོ། །ཚོར་བ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པར་གང་གི་རྒྱུ་ཅན་གྱི་ཤེས་པ་དེ་དག་འབྱུང་བའི་སྐྱེ་བ་ནི་དོན་གཞན་དུ་གྱུར་པ་ཉིད་ཡིན་པས་སྐྱེ་བ་ལ་སོགས་པ་རྣམས་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཏེ་ཞེས་བྱ་བ་ལ། གཟུགས་ཀྱི་སྐྱེ་བ་
ཞེས་བྱ་བ་དྲུག་པ་འདི་ནི་འབྲེལ་བའི་རྒྱུ་ཅན་ཡིན་ལ། འབྲེལ་པ་ཡང་ལྷ་སྦྱིན་གྱི་ཞང་པོ་ཞེས་བྱ་བ་ལྟར་གཞན་དང་གཞན་དུ་ཡིན་གྱི། དེ་ཉིད་དང་། དེ་ཉིད་མ་ཡིན་པས། གཟུགས་ཀྱི་གཟུགས་ཞེས་དྲུག་པས་བསྟན་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱི་སྐྱེ་བ་ཞེས་བྱ་བར་ཡང་མི་འགྱུར་
རོ། །དེའི་ཕྱིར་དྲུག་པས་བསྟན་པ་འདི་ནི་འབྲེལ་པའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་བར་དུ་ཞེས་བྱ་བ་ལ། གནས་པ་ལ་སོགས་པ་དག་མེད་ན་གནས་སོ། །རྒས་སོ། །ཞིག་གོ་ཞེས་བྱ་བ་དང་། གཟུགས་ཀྱི་གནས་པ་དང་མི་རྟག་པ་ཉིད་
ཅེས་བྱ་བའི་བར་གྱི་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་རོ། །འོ་ན་ནི་དེས་ན་ཞེས་བྱ་བ་ལ། གལ་ཏེ་སྐྱེས་སོ། །གནས་སོ་ཞེས་བྱ་བའི་ཤེས་པ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། སྐྱེ་བ་ལ་སོགས་པ་དོན་གཞན་དུ་གྱུར་པ་དག་འདོད་ན། འོ་ན་ནི་དེས་ན་བདག་མེད་པའི་བློ་དང་། གཟུགས་ཀྱི་
བདག་མེད་པ་ཉིད་ཅེས་དྲུག་པའི་ཚིག་འགྲུབ་པར་བྱ་བའི་ཕྱིར། བདག་མེད་པ་ཉིད་ཅིག་ཀྱང་འདོད་པར་བྱ་སྟེ། བདག་མེད་པའི་བློ་ཡང་སྐྱེ་བ་ལ་སོགས་པའི་བློ་ལྟར་གཟུགས་དང་། ཚོར་བ་ལ་སོགས་པའི་རང་གི་ངོ་བོའི་རྒྱུ་ཅན་ནི་མ་ཡིན་ཏེ། ཐམས་ཅད་མཚུངས་པར་འབྱུང་བའི་ཕྱིར་
རོ། །དེ་བཞིན་དུ་བསྟན་དུ་ཡོད་པ་དང་། ཐོགས་པ་དང་བཅས་པ་དག་ལ་ཡང་བརྗོད་པར་བྱའོ། །མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པ་ཞེས་པ་ནི་བྱེ་བྲག་པས་ཡོངས་སུ་བརྟགས་པའོ། །ཡོད་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲ་ནི་རྫས་ཉིད་དང་།

གཟུགས་ཉིད་དང་། བུམ་པ་ཉིད་ལ་སོགས་པ་དག་སྦྲེལ་ལོ། །གཟུགས་གཅིག་གཟུགས་གཉིས་གཟུགས་མང་པོ་སྙམ་པའི་ཤེས་པ་འགྲུབ་པར་བྱ་བའི་ཕྱིར་གཅིག་ལ་སོགས་པའི་གྲངས་ཁས་བླང་བར་བྱ་དགོས་སོ། །གཟུགས་ཆུང་ངོ་། །གཟུགས་ཆེའོ་
སྙམ་པའི་ཤེས་པ་འགྲུབ་པར་བྱ་བའི་ཕྱིར་ཚད་ཆུང་ངུ་དང་། ཚད་ཆེན་པོ་ཡང་ཁས་བླང་བར་བྱའོ། །དེ་བཞིན་དུ་ཐ་དད་པ་ལྡན་པ་དང་། རྣམ་པར་དབྱེ་བ་དང་། གཞན་དང་། གཞན་མ་ཡིན་པའི་ཤེས་པ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཐ་དད་པ་ཉིད་དང་ལྡན་པ་དང་། རྣམ་པར་དབྱེ་བ་དང་།
གཞན་ཉིད་དང་། གཞན་ཉིད་མ་ཡིན་པ་ཉིད་དག་ཀྱང་ཁས་བླང་བར་བྱ་དགོས་སོ། །ཡོད་པ་ལ་སོགས་པའི་བློ་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྫས་དང་། བུམ་པ་དང་སྒྲ་ལ་སོགས་པའི་བློ་བསྡུ་སྟེ། དེ་དག་བསྒྲུབ་པར་བྱ་བའི་ཕྱིར་ཡོད་པ་དང་། རྫས་དང་། བུམ་
པ་ཉིད་དང་། གཟུགས་ཉིད་ལ་སོགས་པ་སྤྱི་དང་བྱེ་བྲག་དག་ཀྱང་ཁས་བླང་བར་བྱའོ། །གཟུགས་ཀྱི་ལྡན་པ་ཞེས་བྱ་བ་ལ། འདིར་ལྡན་པ་ཞེས་བྱ་བ་ནི་དཔེར་བརྗོད་པ་སྟེ། གཟུགས་ཀྱི་རྣམ་པར་དབྱེ་བ་དང་། གཟུགས་ཀྱི་གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་གཞན་ལ་ཡང་
བརྗོད་པར་བྱའོ། །གཟུགས་ཀྱི་རང་བཞིན་ཞེས་བྱ་བའི་དྲུག་པ་འདི་ཡང་ཇི་ལྟར་བརྟག །གང་གི་ཕྱིར་རང་བཞིན་གཟུགས་ལས་གཞན་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་འདི་ལྟར་བརྟག་པར་བྱ་སྟེ། ཚོར་བ་ལ་སོགས་པ་དག་ལ་ཡང་ཡོད་པའི་ཕྱིར་རང་བཞིན་ནི་རྣམ་པ་
མང་དུ་ཡོད་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར། གཟུགས་ཀྱི་རང་བཞིན་ཞེས་དྲུག་པར་མཛད་དེ། ཅི་ནས་ཀྱང་གཟུགས་ཞེས་བྱ་བ་ཁོ་ན་རང་བཞིན་དུ་ཤེས་པར་བྱའི། གཞན་ནི་ཤེས་པར་མི་འགྱུར་བར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་སྐྱེ་བ་ཞེས་བྱ་བ་འདི་ནི་མ་བྱུང་བ་ལས་བྱུང་བར་ཤེས་པར་བྱ་བའི་དོན་དུ།
སྐྱེ་བ་ལ་ལྟོས་པ་མེད་པར་བཏགས་པ་ཙམ་མཛད་པ་ཡིན་ཏེ། དཔེར་ན་གྲངས་ལ་སོགས་པ་དག་མེད་ཀྱང་ཟླ་བོ་མེད་པར་ཤེས་པར་བྱ་བའི་ཕྱིར། གཅིག་ཅེས་བཏགས་པ་ཙམ་དང་། ཆུང་ངུ་ཤེས་པར་བྱ་བའི་ཕྱིར་ཆུང་ངུ་དང་། ཡུལ་འདབ་ཆགས་པར་སྐྱེ་བར་ཤེས་པར་བྱ་བའི་ཕྱིར་

ལྡན་པ་ཞེས་བྱ་བ་དང་། ཡུལ་ཐ་དད་པར་སྐྱེས་པ་ཤེས་པར་བྱ་བའི་ཕྱིར་རྣམ་པར་དབྱེ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བྱེད་པ་བཞིན་ནོ། །རྣམ་པ་མང་དུ་ཡོད་པས་ཞེས་བྱ་བ་རྣམ་པ་མང་པོ་ཡོད་པ་སྟེ། གཟུགས་དང་། ཚོར་བ་ལ་སོགས་པ་རྣམ་པ་ཐ་དད་པའི་ཕྱིར་རོ། །སྐྱེ་བ་ཞེས་བྱ་བ་ཧ་ཅང་ཐལ་
བ་ཡིན་དང་། བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་སྐྱེ་བ་ཞེས་དྲུག་པར་མཛད་པ་ཡིན་ཏེ། དཔེར་ན་ཧ་ཅང་ཐལ་བ་ཡིན་དང་། རང་བཞིན་གཞན་རྣམ་པར་གཅད་པར་བྱ་བའི་ཕྱིར་གཟུགས་ཀྱི་རང་བཞིན་ཞེས་དྲུག་པ་བྱེད་པ་ཡིན་ནོ། །འདི་ཉིད་ཤེས་པར་བྱ་བའི་ཕྱིར། ཅི་ནས་ཀྱང་གཟུགས་ཞེས་བྱ་བ་
ཁོ་ན་སྐྱེ་བར་ཤེས་པར་བྱའི་ཞེས་རྒྱས་པར་སྨོས་སོ། །དཔེར་ན་ཙན་དན་གྱི་ཞེས་བྱ་བ་ལ་སོགས་པ་ལས། དྲི་ལ་སོགས་པ་དག་ལས་ཙན་དན་གཞན་མེད་མོད་ཀྱི། དྲི་ལ་སོགས་པ་ནི་ཙན་དན་གྱི་བདག་ཉིད་མ་ཡིན་པ་དག་ཀྱང་གུར་ཀུམ་ལ་སོགས་པ་དག་ལ་ཡོད་པ་དེའི་ཕྱིར། དེ་རྣམ་པར་གཅད་
པར་བྱ་བའི་ཕྱིར། ཙན་དན་གྱི་ཞེས་དྲུག་པ་བྱེད་པ་ཡིན་ནོ། །མཆི་གུའི་ལུས་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཚོགས་པའི་བདག་ཉིད་ཅན་མཆི་གུའི་ལུས་ལས་ལུས་གཞན་མེད་མོད་ཀྱི། སྟག་ལ་སོགས་པའི་ལུས་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཆི་གུའི་ལུས་ཞེས་དྲུག་པ་བྱེད་པ་
ཡིན་ནོ། །དེ་བཞིན་དུ་གནས་པ་ལ་སོགས་པ་ཡང་ཅི་རིགས་པར་རིག་པར་བྱའོ་ཞེས་བྱ་བ་ལ། གནས་པ་ཞེས་བྱ་བ་ནི་རྒྱུན་གྱི་མིང་སྟེ། དེ་ཡང་རྣམ་པ་མང་དུ་ཡོད་པས་དེའི་བྱེ་བྲག་ཏུ་བྱ་བའི་ཕྱིར་ལུས་ཀྱི་གནས་པ་ཞེས་དྲུག་པར་མཛད་དེ། དེ་ལྟར་ལུས་ཁོ་ནའི་རྒྱུན་ཤེས་པར་བྱའི། གཞན་གྱིས་
ནི་ཤེས་པར་མི་འགྱུར་བར་ཤེས་པར་བྱ་བ་ཡིན་ནོ། །རྒས་པ་ཞེས་བྱ་བ་ནི་རྒྱུན་གྱི་སྔ་ཕྱིའི་ཁྱད་པར་ལ་བརྗོད་ལ། སྔ་ཕྱིའི་ཁྱད་པར་རྒྱུན་དེ་ཡང་རྣམ་པ་དུ་མ་ཡོད་པས་ཞེས་གོང་མ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །གལ་ཏེ་སྐྱེ་བ་མེད་པར་སྐྱེ་བ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་
སྐད་སྨྲས་པར་འགྱུར་ཏེ། སྐྱེ་བ་ནི་འདུ་བྱེད་རྣམས་ཀྱི་སྐྱེ་བའི་རྒྱུ་ལྷན་ཅིག་སྐྱེས་པ་ཡིན་ལ། རྒྱུ་དང་རྐྱེན་ལྷག་མ་རྣམས་ནི་དེའི་ལྷན་ཅིག་བྱེད་པ་ཡིན་ཏེ། དེའི་ཕྱིར་གང་ལ་སྐྱེ་བ་དེ་ལ་དེ་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་དང་། རྐྱེན་གཞན་དག་ཀྱང་བྱེད་པར་ནུས་ན། འདུས་མ་བྱས་ལ་ནི་སྐྱེ་བ་

མེད་པ་སྟེ། དེའི་ཕྱིར་དེ་ལ་དེ་ལས་གཞན་རྐྱེན་རྣམས་ཀྱི་བྱེད་པ་རྡུགས་པས་དེ་མི་སྐྱེ་བ་ཡིན་ནོ། །སྐྱེས་པ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བ་ལ་བརྗོད་ན། མ་བྱུང་བ་ལས་བྱུང་བ་ཡང་འདུས་བྱས་ཁོ་ན་ལ་རིགས་ཏེ། སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་རོ། །འདུས་མ་བྱས་ནི་རྟག་
ཏུ་ཡོད་པ་ཡིན་ཏེ། དེ་ན་དེ་མ་བྱུང་བ་ལས་བྱུང་བ་མ་ཡིན་པས་མི་སྐྱེ་བ་ཡིན་གྱི། སྐྱེ་བ་མེད་པ་ནི་མ་ཡིན་ནོ། །ཡང་ཇི་ལྟར་ཆོས་ཉིད་ཀྱིས་ཞེས་བྱ་བ་ཆོས་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་དང་ངོ་བོའོ། །འདུས་བྱས་ཁོ་ན་སྐྱེ་བ་དང་ལྡན་པར་འདོད་ཀྱི། འདུས་མ་བྱས་ནི་མ་ཡིན་པ་གང་ཡིན་པ་འདི་ལ་ཆོས་ཉིད་
ལས་མ་གཏོགས་པའི་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་ཉིད་རང་བཞིན་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཤེ་ན། བཤད་པ། མདོ་ལས་བྱུང་བའི་ཕྱིར་ཏེ། མདོ་ལས། རབ་འབྱོར་མིག་ནི་སྟོང་པ་སྟེ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་འགྱུར་བའི་ཆོས་ཅན་བདག་
དང་། བདག་གིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལྟར་སྐྱེ་བ་མེད་ཀྱང་ཆོས་ཉིད་ཀྱིས་ཐམས་ཅད་མི་སྐྱེའོ་ཞེས་བྱ་བར་འདོད་པར་བྱའོ། །ཡང་ཇི་ལྟར་སྐྱེ་བ་དང་ལྡན་པར་མཚུངས་པ་ལས་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་ལ་སོགས་
པ་རྣམས་སོ། །དེ་ལས་གཞན་པའི་རྐྱེན་རྣམས་ཀྱིས་ཞེས་བྱ་བ་ལ། དེ་དག་ལས་གཞན་པའི་རྐྱེན་རྣམས་ནི་གཟུགས་བསྐྱེད་པའི་རྐྱེན་དག་ལས་གཞན་པ་སྟེ། ཚོར་བ་ལ་སོགས་པའི་བསྐྱེད་པའི་རྐྱེན་རྣམས་སོ། །དེ་དག་ལས་གཞན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཚོར་བ་ལ་སོགས་
པ་དེ་དག་ལས་གཞན་པའོ། །དེ་ཡང་གང་ཞིག་ཅེ་ན། གཟུགས་ཏེ། ཚོར་བ་ལ་སོགས་པ་རྐྱེན་རྣམས་ཀྱིས་དེ་དག་ལས་གཞན་པ་དེ་སྐྱེད་པར་ནུས་པ་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་མེད་ཀྱང་། གཟུགས་དང་ཚོར་བ་ལ་སོགས་པའི་རྐྱེན་ཐམས་ཅད་ཀྱིས་ཀྱང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་བསྐྱེད་པར་
མི་ནུས་པར་འགྱུར་རོ། །སྔར་ནི་རང་བཞིན་ངེས་པའི་སྒོ་ནས་བཤད་པ་ཡིན་ལ། ད་ལྟ་ནི་ནུས་པ་ངེས་པའི་སྒོ་ནས་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་ཤེ་ན། ལུང་ལས་ཏེ། ཇི་སྐད་དུ། དགེ་སློང་ཁྱོད་ནི་སྐད་ཅིག་སྐད་ཅིག་ལ་སྐྱེ་བ་ཡང་ཡིན། རྒ་བ་ཡང་

ཡིན། འཆི་བ་ཡང་ཡིན་ཞེས་གསུངས་པ་ལྟ་བུའོ། །འདི་ནི་བསྟན་བཅོས་མཁན་པོས་ཀྱང་གཞན་ལས། གལ་ཏེ་སྐད་ཅིག་རེ་རེར་ལུས། །གཞན་དུ་འགྱུར་བ་མ་ཡིན་ནོ། །ཕྱི་རོལ་ཁྱད་པར་མེད་པར་ཕྱིས། །ཇི་ལྟར་ཁྱད་པར་འཛིན་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་
བཤད་དོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་སྐད་ཅིག་སྐད་ཅིག་ལ་ཡོད་པ་ཡིན་ནོ། །ཡང་རི་དགས་ཡོད་ཅེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་སུན་འབྱིན་པར་བྱེད་པ་ལ་ལྟོས་ནས་གྲུབ་པའི་མཐའ་འདོར་བ་ཡིན་ཏེ། ཇི་ལྟར་རི་དགས་ཡོད་ཅེས་
ཏེ། ནས་མི་རྨོ་བ་མ་ཡིན་གྱི། དགག་པ་གཉིས་ཀྱིས་རྣལ་མའི་དོན་གོ་བས་རྨོ་བ་ཉིད་ཡིན་པ་དང་། ཇི་ལྟར་སྦྲང་བུ་ཡོད་ཅེས་ཏེ། ལ་དུ་མི་བཟའ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བཟའ་བ་ཁོ་ན་ཡིན་པ་དེ་བཞིན་དུ་སུན་འབྱིན་པར་བྱེད་པ་དག་ཡོད་ཅེས་ཏེ། ལུང་དུ་དོར་དུ་མི་
རུང་སྟེ། ཆོས་མངོན་པའི་བསྟན་བཅོས་དོར་དུ་མི་རུང་ངོ་། །དེ་བས་ན་སྐྱོན་རྣམས་ལ་ཡང་ལན་གདབ་པར་བྱ་བ་ལ་ཞེས་བྱ་བ་ལ། གྲུབ་པའི་མཐའ་དང་འགལ་བར་བསྒྲུབ་པ་རྣམས་ལ་ལན་བསམ་པར་འབད་པར་བྱ་ལ། གྲུབ་པའི་མཐའི་རྗེས་སུ་འབྲང་བར་ཡང་བྱའོ་
ཞེས་ཟེར་རོ། །མཚན་ཉིད་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ལ། ཇི་ལྟར་བཤད་ཅེ་ན། མཚན་ཉིད་དག་ནི་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་ཉིད་ཅེས་བྱ་བ་དེ་སྐད་དུ་བཤད་དོ། །མིང་གི་ཚོགས་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། མིང་གི་ཚོགས་ནི་མིང་གི་ཚོགས་སོ། །
ཚིག་གི་ཚོགས་ནི་ངག་གི་ཚོགས་སོ། །ཡི་གེའི་ཚོགས་ནི་ཡི་གེའི་ཚོགས་སོ། །དེ་ལ་མིང་བྱེད་པ་ནི་མིང་སྟེ་ཞེས་བྱ་བ་ལ། མིང་བྱེད་པ་ནི་མིང་བྱེད་པ་སྟེ། གང་གི་མིང་བྱེད་པའོ། །མཚན་ཞེས་བྱ་བ་ནི་རྣམ་གྲངས་དག་གོ། །ཇི་ལྟར་འཇིག་རྟེན་སྨྲ་བ་པོ་དག་ལྷ་སྦྱིན་ཞེས་བྱ་བ་འདིའི་མིང་བྱེད་པའོ་
ཞེས་ཟེར་བ་ཡིན་ནོ། །མིང་བྱེད་པ་དེ་ཡང་གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ངག་ནི་ཚིག་སྟེ་ཞེས་བྱ་བ་ལ། འདིས་གོ་བར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད་པས་ན་ཚིག་སྟེ། དེ་ལ་རེ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །དཔེར་ན།

ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ནི་དམ་བཅའ་བའོ། །སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་ནི་གཏན་ཚིགས་སོ། །དང་པོའི་མཐའ་ཅན་ཡིན་ཡང་གཏན་ཚིགས་སུ་
འགྱུར་ཏེ། དཔེར་ན། ཡུལ་འཁོར་སྲུང་གི་བུ་ལ་དགའ། །ཞེས་བྱ་བ་ལྟ་བུ་སྟེ། བུ་ལ་དགའ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་འཇིག་པར་འགྱུར་བ་སྟེ། །ཞེས་བྱ་བ་ནི་དཔེ་སྟེ། གང་དག་སྐྱེ་བ་དེ་དག་ནི་འཇིག་པར་འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་རྣམས་བཞིན་ནོ། །འདུ་
བྱེད་རྣམས་ཀྱང་དེ་དང་འདྲའོ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་ནི་ཚད་མའི་འབྲས་བུའོ། །གང་གིས་བྱ་བ་དང་། ཡོན་ཏན་དང་། དུས་ཀྱི་འབྲེལ་པའི་ཁྱད་པར་རྟོགས་པར་འགྱུར་བའོ་ཞེས་བྱ་བ་ནི་སུབ་དང་ཏིང་གི་མཐའ་ཅན་ནི་ཚིག་མ་ཡིན་པའོ། །དེ་ལ་བྱ་བ་དང་འབྲེལ་པའི་ཁྱད་
པར་སྟོན་པར་བྱེད་པ་ནི་འཆད་དོ། །འདོན་ཏོ། །འགྲོའོ་ཞེས་བྱ་བའོ། །དཀར་པོའོ། །ནག་པོའོ་ཞེས་བྱ་བ་ནི་ཡོན་ཏན་གྱི་འབྲེལ་པའི་ཁྱད་པར་སྟོན་པར་བྱེད་པའོ། །དུས་ཀྱི་འབྲེལ་པའི་ཁྱད་པར་སྟོན་པར་བྱེད་པ་ནི་འཚེད་དོ། །འཚེད་པར་འགྱུར་རོ། །བཙོས་སོ་ཞེས་བྱ་བའོ། །ཇི་
ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ཡི་གེ་ནི་ཡི་གེ་སྟེ་ཞེས་བྱ་བ་ལ། འདིར་རམ་འདིས་མིང་དང་ཚིག་གསལ་བར་འགྱུར་བས་ན་ཡི་གེའོ། །དཔེར་ན་ཨ་ཨཱ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་དཔེར་བརྗོད་པའོ། །དེ་དག་གིས་དེར་ཡི་གེ་ཀ་
ལ་སོགས་པའི་མིང་སྐྱེད་པར་བྱེད་པའི་ཕྱིར་དང་། དེ་དག་ཐོས་པ་ལས་བརྡས་རྟོགས་པའི་ཕྱིར་ཡི་གེ་རྣམས་ཀྱང་ཡིག་འབྲུའི་ཡན་ལག་དག་གི་མིང་མ་ཡིན་ནམ། དེའི་ཕྱིར་ཡི་གེའི་མིང་ལས་ཐ་དད་པར་བརྗོད་པར་མི་བྱའོ་ཞེ་ན། ཡིག་འབྲུའི་ཡན་ལག་རྣམས་གོ་བར་བྱ་བའི་ཕྱིར་ནི་ཞེས་
བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་ལྷ་སྦྱིན་ལ་སོགས་པའི་གོང་བུ་གོ་བར་བྱ་བའི་ཕྱིར་ལྷ་སྦྱིན་ཞེས་མིང་བྱས་པས་དེ་བཞིན་དུ་ཡི་གེ་རྣམས་གོ་བར་བྱ་བའི་ཕྱིར་ཡིག་འབྲུའི་ཡན་ལག་རྣམས་བྱས་པ་ཡིན་ནོ། །ཡི་གེ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ལྡན་པ་མ་ཡིན་པ་རྣམས་

གོ་བར་བྱ་བའི་ཕྱིར་ཡིག་འབྲུའི་ཡན་ལག་རྣམས་བྱས་པ་ཡིན་ཏེ། དེ་གོ་བར་བྱེད་པའི་ངོ་བོར་བརྡར་བཏགས་པའི་ཕྱིར། ཇི་ལྟར་ཡི་གེ་མི་ཐོས་པ་བྲིས་པས་གོ་བར་འགྱུར་ཞེས་བྱ་བར་ཏེ། བརྡས་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཡི་གེ་རྣམས་ནི་ཡིག་འབྲུའི་ཡན་ལག་དེ་དག་གི་མིང་མ་
ཡིན་ནོ། །དེའི་ཕྱིར་ཡི་གེ་ནི་མིང་ལས་གཞན་ཡིན་ནོ། །མང་པོའི་དོན་གང་ཡིན་པའོ་ཞེས་བྱ་བ་ནི་ཚོགས་ཞེས་བྱ་བ་ཤེས་པར་བྱའོ། །དེ་ལ་མིང་གི་ཚོགས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྔར་དཔེར་ན་གཟུགས་སྒྲ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལྟ་བུའོ་ཞེས་གང་བཤད་པ་དེ་ནི་མིང་གི་རང་གི་ངོ་བོ་
བསྟན་པར་བྱ་བའི་ཕྱིར་ཡིན་ལ། འདིར་དཔེར་ན། གཟུགས་སྒྲ་དྲི་རོ་རེག་བྱ་དག །ཅེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པའོ་ཞེས་གང་བཤད་པ་དེ་ནི་མིང་གི་ཚོགས་བསྟན་པར་བྱ་བའི་དོན་དུའོ། །དེ་བཞིན་དུ་སྔར་ནི་རང་གི་ཚིག་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར་བཤད་ལ། འདིར་ནི་ཚིག་གི་ཚོགས་
བསྟན་པར་བྱའི་ཕྱིར་ཡང་བཤད་དོ། །དེ་བཞིན་དུ་ཡི་གེ་དག་ལ་ཡང་བརྗོད་པར་བྱའོ། །དེ་དག་ཀྱང་ངག་གི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བརྗོད་པར་འདོད་པ་སྔོན་དུ་འགྲོ་བ་མགྲིན་པ་དང་། རྐན་དང་མཆུ་དང་། སོ་དང་། ལྕེ་ཕྲད་པ་ལས་ཡི་གེ་ཨ་ལ་
སོགས་པའི་ངོ་བོར་གྱུར་པའི་སྒྲ་ལ་ངག་ཅེས་བྱ་བ་ལ། ངག་ལས་ཐ་དད་པར་མིང་གི་ཚོགས་ལ་སོགས་པ་དག་རང་གི་ངོ་བོ་འམ་འབྲས་བུའི་སྒོ་ནས་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་དག་ངག་གི་རང་བཞིན་ཁོ་ན་ཡིན་ལ། ངག་གི་རང་བཞིན་ཡིན་པའི་ཕྱིར་སྒྲའི་བདག་ཉིད་ཡིན་པས་
གཟུགས་ཀྱི་རང་བཞིན་དུ་འགྱུར་ཏེ། སྒྲ་ནི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་སེམས་དང་ལྡན་པ་ཡིན་པ་རྣམས་ཞེས་བྱ་སྟེ། དེ་དག་རྣ་བའི་དབང་པོས་གཟུང་བར་ཡོད་བཞིན་དུ་ཡང་ཞེས་བྱ་བར་བསམས་པའོ། །དེ་དག་ནི་ངག་གི་རང་བཞིན་མ་ཡིན་ཏེ་ཞེས་བྱ་
བ་ནི་སྒྲའི་བདག་ཉིད་མ་ཡིན་པའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་ངག་གི་སྒྲ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཙམ་ཞེས་བྱ་བའི་སྒྲ་ནི་མིང་དང་། ཚིག་དང་། ཡི་གེ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །སྒྲ་ནི་བརྒྱད་ནས་མིང་དང་ཚིག་གསལ་བར་བྱེད་པ་ཡིན་པའི་ཕྱིར་དོན་རྟོགས་པའི་རྒྱུ་

ཡིན་གྱི། མིང་དང་ཚིག་ལ་ལྟོས་པ་མེད་པར་དངོས་སུ་ནི་མ་ཡིན་ཏེ། དེའི་ཕྱིར་གང་དག་གིས་དོན་རྟོགས་པར་བྱེད་པ་མིང་དང་ཚིག་ལ་སོགས་པ་ངག་ལས་ཐ་དད་པར་ཡོད་དོ། །དེའི་ཕྱིར་ངག་གིས་དོན་རྗོད་པར་བྱེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ངག་ནི་མིང་གསལ་བར་བྱེད་པའམ། མིང་སྐྱེད་པར་
བྱེད་པའི་ཕྱིར་མིང་ལ་འཇུག་ལ། མིང་གིས་དོན་རྗོད་པར་བྱེད་དེ། དེ་གོ་བར་བྱེད་པའི་ཕྱིར་རོ། །འདིས་ནི་མིང་ནི་དོན་དག་ལ་དངོས་སུ་འཇུག་གི །ཚིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྒྲ་ཙམ་ཁོ་ན་ནི་ངག་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྒྲའི་ཁྱད་པར་རོ། །ཡང་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་བཤད་པ།
ཡི་གེ་ཀ་ལ་སོགས་པའི་བདག་ཉིད་སྒྲ་གང་གིས་དོན་གོ་བར་འགྱུར་བའི་སྒྲ་དེ་དག་ཡིན་ནོ། །མིང་ལ་སོགས་པའི་ཚོགས་བཀག་པས་འདྲི་བ་ནི་སྒྲ་གང་གིས་དོན་གོ་བར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྨྲ་བ་པོ་རྣམས་ཀྱིས་དོན་དག་ལ་མཚམས་གཅད་པ་སྟེ་ཞེས་བྱ་བ་ལ། ཡི་གེ་ཨ་
ལ་སོགས་པ་འདི་སྙེད་ཅིག་གི་རིམ་པ་འདིས་དོན་འདི་རྗོད་པར་བྱེད་པ་སྟེ། གང་ཞིག་དེ་ལྟར་དོན་གང་དག་ལ་མཚམས་གཅད་པ་དེས་དོན་རྟོགས་པར་བྱེད་ཀྱི། ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །འདིས་ནི་བརྡ་ལ་ལྟོས་ནས་སྒྲ་དོན་གོ་བར་བྱེད་ཀྱི། ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། ཡོད་པ་ཙམ་གྱིས་ཀྱང་
མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་སྐད་དུ་ཡང་། ཡུལ་ཉིད་དུ་ནི་མ་གྱུར་པའི། །སྒྲ་ཡི་དོན་ནི་སྟོན་མི་བྱེད། །དེ་དག་མ་བཟུང་ཡིད་ཉིད་ཀྱིས། །དོན་རྣམས་གསལ་བར་བྱེད་པ་མིན། །ཞེས་བཤད་དོ། །དཔེར་ན་གཽ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ག་དང་། ཡི་གེ་ཨཽ་དང་། ཚེག་དྲག་གི་བདག་ཉིད་ཅན་གྱི་
སྒྲ་ནི་གོ་རིམས་འདིས་དོན་དགུ་དག་ལ་མཚམས་གཅད་པ་དེ་ལས་དེ་དག་རྟོགས་པར་འགྱུར་རོ། །གང་ཡང་མིང་གིས་དོན་རྗོད་པར་བྱེད་དོ་སྙམ་དུ་སེམས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་དོན་གོ་བ་ཅན་ཡིན་ཞེ་ན། དོན་འདིའི་མིང་ནི་འདི་ཡིན་ནོ་ཞེས་རྒྱས་པར་བྱས་པ་ལས་ཏེ། དེ་ལྟ་མ་
ཡིན་ཏེ། དོན་གོ་བ་ཅན་མ་ཡིན་པས་རྟོགས་ན་ནི་བརྡ་བྱང་བ་མེད་པ་ཡང་འགྱུར་བ་ཞིག་ན། འགྱུར་བ་ཡང་མ་ཡིན་ནོ། །དེ་ནི་དོན་གོ་བ་ཅན་གྱི་སྒྲ་ཙམ་ཁོ་ནས་འགྲུབ་ལ་ཞེས་བྱ་བ་ལ། དོན་རྗོད་པར་བྱེད་པ་དེ་ནི་མིང་དང་བྲལ་ཞིང་དོན་གོ་བ་ཅན་གྱི་སྒྲས་བསྒྲུབ་པོ། །འབྲེལ་པ་ལ་བྱང་བས་དོན་གོ་བ་འདི་

ལ་ཡོད་པ་ནི་སྒྲ་དོན་གོ་བ་ཅན་ཏེ། དོན་འདིའི་མིང་ནི་འདི་ཡིན་ནོ་ཞེས་བརྡར་བཏགས་པས་འབྲེལ་པ་ལ་བྱང་བའི་ཕྱིར་རོ། །ཇི་ལྟར་ན་ངག་མིང་ལ་འཇུག་པ་འདི་ཡང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། ངག་ནི་སྒྲའི་བདག་ཉིད་ཡིན་ན་དེ་གལ་ཏེ་རང་གི་བྱེ་བྲག་མིང་སྐྱེད་པར་
བྱེད་པ་འམ། གསལ་བར་བྱེད་པ་ཞིག་ཡིན་གྲང་། དེ་ལྟ་ཡིན་ན་འདིར་བྱེ་བྲག་ཁས་མ་བླངས་པའི་ཕྱིར་ཁྱུ་མཆོག་ལ་སོགས་པ་ལ་ཡོད་པའི་སྒྲ་ཐམས་ཅད་ཀྱིས་ཀྱང་མིང་སྐྱེད་པར་འགྱུར་ཏེ། ངག་ནི་སྒྲ་ཡིན་པའི་ཕྱིར་ཐམས་ཅད་ཀྱིས་མིང་སྐྱེད་པར་བྱེད་པའམ་གསལ་བར་བྱེད་པར་འགྱུར་རོ། །
འོན་ཏེ་མིང་བཞིན་དུ་ཡི་གེའི་བདག་ཉིད་ཀྱི་སྒྲ་སྨྲ་བ་པོ་ངག་གི་བརྡར་བཏགས་པ་ཁྱད་པར་དུ་འཕགས་པ་དེ་ཁོ་ནས་མིང་སྐྱེད་པར་བྱེད་དོ་ཞེས་བརྗོད་ན། དེ་ལྟ་ན་ཡང་འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །དོན་བརྗོད་པ་ནི་དོན་གྱི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ཡིན་ནོ། །དེ་ནི་
སྒྲའི་ཁྱད་པར་དོན་དག་ལ་མཚམས་གཅད་པ་ཁོ་ནས་བྱེད་པར་འགྱུར་བས་འདིར་དེ་ལ་ཐ་དད་པའི་མིང་བཏགས་པས་ཅི་དགོས། །འོན་ཏེ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་སྒྲ་འབྱུང་བས་སེམས་དང་ལྡན་པ་མ་ཡིན་པ་དེ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་
བརྗོད་པར་བྱ་བའི་ཕྱིར་དེས་དེ་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་འདོད་ན། འདི་ལ་བརྗོད་པར་བྱ་སྟེ། སྒྲ་ཙམ་ཐམས་ཅད་ཀྱིས་མིང་གསལ་བར་བྱེད་པར་འགྱུར་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཡང་སྒྲ་རྣམས་ནི་ཚོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། ངག་ནི་རིམ་གྱིས་ཡི་གེ་
དག་ལ་གནས་པའི་ཕྱིར་ཡི་གེ་རྣམས་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་ཡི་གེ་ཀ་ལ་སོགས་པའི་སྒྲ་རྣམས་ཅིག་ཅར་ཡོད་པ་མ་ཡིན་ལ། ཆ་མེད་པའི་ཕྱིར་ཆོས་གཅིག་ཆ་ཤས་ཀྱིས་སྐྱེ་བ་ཡང་མ་ཡིན་ནོ། །སྐྱེད་པར་བྱེད་པ་ན་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་དུ་མ་ཅན་གྱི་མིང་ནི་སྒྲ་དུ་མ་ལ་ལྟོས་
ནས་ཡོངས་སུ་གཅད་པར་བྱ་བ་ཡིན་པས་དེ་སྐྱེད་པར་བྱེད་པ་ནི་ཇི་ལྟར་ངག་གིས་སྐྱེད་པར་བྱེད་པ་དེ། ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཞིག་གིས་ཡིན། འདི་ལྟར་སྒྲ་རྣམས་ལ་ནི་ཅིག་ཅར་བ་ཉིད་ཡོད་པ་མ་ཡིན་ཏེ། རིམ་གྱིས་འཇུག་པའི་ཕྱིར་དང་། སྐད་ཅིག་མ་ཡིན་པའི་

ཕྱིར་རོ། །དེའི་ཕྱིར་རེ་ཞིག་ཇི་ལྟར་འདས་པ་ལ་ལྟོས་པའི་ཞེས་བྱ་བ་རྒྱས་པར་སྨྲས་སོ། །སོ་སོར་ཐར་པའི་སྡོམ་པ་ལེན་པའི་ཚེ་ལུས་དང་ངག་གི་རྣམ་པར་རིག་བྱེད་རྣམས་ཚོགས་པ་མེད་མོད་ཀྱི། འོན་ཀྱང་འདས་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་ལ་ལྟོས་པའི་རྣམ་
པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྲོག་གཅོད་པ་སྤོང་བར་བགྱིད་དོ་ཞེས་བྱ་བའི་སྒྲ་གང་ཡིན་པས་སོ་སོར་ཐར་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད་པ་དེ་བཞིན་དུ་འདས་པའི་སྒྲ་ལ་ལྟོས་པའི་ངག་གི་སྒྲ་ཐ་མས་མིང་སྐྱེད་པར་
བྱེད་དེ། དེའི་ཕྱིར་གཅིག་ཆ་ཤས་ཀྱིས་སྐྱེ་བར་ཐལ་བར་མི་འགྱུར་རོ། །དེའི་ཕྱིར་དོན་ཇི་སྙེད་དག་ལ་མཚམས་གཅད་པའི་སྒྲ་མཐའ་དག་བྱེ་བྲག་མེད་པར་ཡིད་ལ་གཟུང་སྟེ། ཕྱིས་རིམ་གྱིས་རྗོད་པར་བྱེད་ལ། རྟོགས་པ་པོ་ཡང་རིམ་གྱིས་ཁོ་ནས་མཉན་ནས་ཕྱིས་ཐམས་ཅད་བྱེ་བྲག་མེད་
པར་ཡིད་ལ་བྱེད་དོ། །དེ་ལྟར་ན་འོ་ན་ནི་སྒྲ་ཐ་མ་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡི་གེ་དུ་མ་ཅན་དུ་མ་ཅན་གྱི་མིང་ལ། གང་གི་ཡི་གེ་ཐ་མས་བསྡུས་པའི་སྒྲ་ཐོས་པ་དེས་ཀྱང་དོན་དེ་གོ་བར་འགྱུར་ཏེ། དཔེར་ན་བྷ་ཝ་རཱ་ཏ་བརྗོད་པ་བཞིན་ནོ། །ཡི་གེ་ཏའི་དུས་སུ་མིང་སྐྱེད་པའི་ཕྱིར་ཡི་གེ་བྷ་དང་
ཡི་གེ་ཝ་དང་ཡི་གེ་རཱ་མ་ཐོས་པར་ཡི་གེ་ཏ་ཐོས་པས་དེ་གོ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲ་ཕྱི་མ་ཁོ་ནས་མིང་སྐྱེད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དམིགས་པའི་སྒྲ་ལ་ལྟོས་པའི་སྒྲ་ཐ་མས་མིང་སྐྱེད་པར་བྱེད་པས་ཉེས་པ་འདི་མེད་དོ་ཞེ་ན། དེ་ལྟ་ན་འོ་ན་རྣམ་པར་རིག་བྱེད་དཔེ་མ་ཡིན་ཏེ།
རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མ་ནི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་སྔར་སྐྱེས་པ་དམིགས་ཤིང་འགགས་པ་དག་ལ་ལྟོས་ནས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། དེ་ཡོད་པ་ཙམ་ཉིད་ལ་ལྟོས་ནས་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ལྟ་མ་
ཡིན་ན་གཡེངས་པ་དང་སེམས་མེད་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་འགྱུར་རོ། །དེའི་ཕྱིར་སྒྲ་ཐ་མ་ནི་རྣམ་པར་རིག་བྱེད་ཁོ་ན་ལྟར་མིང་སྐྱེད་པར་བྱེད་ཀྱི། སྔར་གྱི་སྒྲ་དམིགས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་སྨྲས་མ་ཐག་པའི་སྐྱོན་

མེད་དེ། སྒྲ་རེ་རེ་ལ་ཡི་གེ་སྐྱེ་བའི་ཕྱིར་དང་། ཡི་གེ་དག་གིས་ཀྱང་མིང་སྐྱེད་པར་བྱེད་པའི་ཕྱིར་རོ། །འདི་ལ་ཡང་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་སྒྲ་རྣམས་མིང་སྐྱེད་པ་ལ་བསྟན་པ་གང་ཡིན་པའོ། །ཅི་ལྟར་ཞེ་ན། ཡི་གེ་རྣམས་ནི་ཚོགས་པ་མེད་པའི་ཕྱིར་དང་། སྒྲ་ལྟར་རིམ་གྱིས་འཇུག་པའི་ཕྱིར་
དང་། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡི་གེ་རྣམས་ལ་ཡང་ཅིག་ཅར་བ་ཉིད་མེད་དོ། །དེར་མིང་ཡི་གེ་དུ་མས་བསྐྱེད་པར་བྱ་བ་ཆ་མེད་པ་གཅིག་ལ་རིམ་གྱིས་ཆ་ཤས་ཀྱིས་སྐྱེ་བར་ཡང་རིགས་པ་མ་ཡིན་ནོ། །ཅི་སྟེ་འདས་པའི་ཡི་གེ་ལ་ལྟོས་པའི་ཡི་གེ་ཕྱི་མ་ཁོ་ནས་མིང་སྐྱེད་པར་བྱེད་དོ་སྙམ་ན། དེ་ལྟ་ན་
འོ་ན་ནི་གང་གིས་ཡི་གེ་ཐ་མ་སྐྱེད་པར་བྱེད་པའི་སྒྲ་ཐོས་པ་དེས་ཀྱང་། དོན་དེ་གོ་བར་འགྱུར་ཏེ་ཡི་གེ་ཐ་མ་ཁོ་ནས་མིང་སྐྱེད་པའི་ཕྱིར་དང་། མིང་གིས་ཀྱང་དོན་རྗོད་པར་བྱེད་པའི་ཕྱིར་རོ། །ངག་མི་གསལ་བར་བྱེད་པ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེ་ན། མིང་སྐྱེད་པར་བྱེད་
པ་ཉིད་ལ་བསྟན་པ་དེ་ཁོ་ནའོ། །ཡང་སྒྲ་རྣམས་ནི་ཚོགས་པ་མེད་ལ། ཆོས་གཅིག་ལ་ཆ་ཤས་ཀྱིས་གསལ་བ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ། །གོང་དུ་ནི་ངག་ལས་ཐ་དད་པའི་ཡི་གེ་ཁས་བླངས་ནས་ཡི་གེ་མིང་གིས་སྐྱེད་པ་ཉིད་ཡིན་པ་བཀག་པ་
ཡིན་ལ། ད་ནི་ངག་ལས་ཐ་དད་པའི་ཡི་གེ་ཡོད་པ་མ་ཡིན་པ་ཉིད་དེ་ཉིད་ཀྱི་ཕྱིར་ཡི་གེ་ཡང་ངག་ཅེས་བྱ་བ་རྒྱས