Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 137

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
ིད་དང་མཚུངས་པར་ལྡན་པ་ཉིད་དང་། ས་ཉིད་དང་། འབྲས་བུ་ཉིད་རྣམ་པ་གཉིས་ཏེ། ཇི་སྐད་དུ་འབྲས་བུ་གྲངས་ཀྱི་ཁྱད་པར་བསྟན་པ་དང་། ཇི་སྐད་དུ་མཐར་ཕྱིན་པའི་
ཁྱད་པར་བསྟན་པ་དང་། འཆད་པ་ཉིད་དང་། ཆུང་ངུས་ཡང་དག་པར་འཇོམས་པ་ཉིད་དང་། སྤོང་བ་ཉིད་དང་ཕྱོགས་སུ་གྱུར་པའི་ཁྱད་པར་ཉིད་དོ། །གཉིས་མེད་ཅེས་བྱ་བ་ནི་འདི་ལ་སངས་རྒྱས་ཀྱི་གསུང་གི་རང་བཞིན་གཉིས་པོ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་འཐོབ་ནི་ལེགས་

པར་རྙེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བསྒྲུབ་དཀའ་ནི་སྦྱོར་བ་དཀའ་བའི་ཕྱིར་རོ། །ནད་དྲག་ཡུན་རིངས་སུ་མི་སྟེན། །ཞེས་བྱ་བ་ནི་གང་ལ་ནད་དྲག་པ་དང་ཡུན་རིང་བ་ཡོད་པ་དེ་ནི་ནད་དྲག་ཡུན་རིང་ངོ་། །འདི་ནི་འདི་སྐད་དུ་ནད་དྲག་ལ་ཡུན་རིང་པོ་ཅན་སུ་ཞིག་སངས་རྒྱས་ཀྱི་གསུང་སྨན་དང་།
གྲུབ་པ་དང་། གཏན་དུ་བ་དང་། ནད་ཐམས་ཅད་འཇོམས་པ་དང་། གཉིས་སུ་མེད་པ་དང་། ལེགས་པར་འཐོབ་པ་དང་། ལེགས་པར་བསྟེན་པ་དང་། བསྒྲུབ་དཀའ་བ་ལ་རྟེན་པར་མི་བྱེད་ཅེས་བསྟན་པ་ཡིན་ནོ། །རྙེད་སོགས་འདོད་ཅེས་བྱ་བའི་སོགས་པའི་སྒྲས་ནི་གྲགས་པ་དང་། བསྔགས་
པ་དང་། ནོར་འདོད་པ་དང་། ཇི་སྐད་དུ་བསྟན་པའི་སྐྱོན་ནི་ཆགས་པ་ལ་སོགས་པའོ། །ཟབ་མོ་ནི་འཇུག་པར་དཀའ་བའི་དོན་གྱིས་སོ། །འདི་ལ་བརྟེན་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་འདི་ལ་གནས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ན་མ་ཐོ་མེད་ཅེས་བྱ་བ་ནི་རྣམ་པར་མ་སྨད་པའོ། །ཕུལ་བྱུང་
ཞེས་བྱ་བ་ནི་མང་པོའོ། །ངེས་པ་ནི་ཐེ་ཚོམ་མེད་པའོ། །འབྲས་བུ་མི་ཟད་ཅེས་བྱ་བ་ནི་འབྲས་བུ་ཟད་མི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐོབ་པ་ཞེས་བྱ་བ་ནི་རྙེད་པའོ། །ཐབས་གཞན་མེད་ཅེས་བྱ་བ་ནི་ཐབས་གཞན་ན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པ་པོ་ཡང་མེད་ཅེས་བྱ་བ་ནི་དེའི་དོན་དུ་སྒྲུབ་
པ་པོ་གཞན་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་དེ་བྱ་མོད་ཅེས་བྱ་བ་ནི་འོ་ན་དེ་བསྒྲུབ་པར་བྱ་མོད་ཅེས་བྱ་བའི་ཐ་ཚིག་གོ། །བསམས་པ་དང་བསྒོམས་པ་གཉིས་ཀྱི་དུས་སུ་ཡང་རྗེས་སུ་འཛིན་པ་ཡིན་ནོ། །ཡོན་ཏན་གཉིས་ལྡན་ནི་གོ་བར་བྱེད་པ་དང་། ངེས་པའི་ཚིག་ལེགས་པ་འདི་གཉིས་དང་ངོ་། །
ཅི་འོས་ཞེས་བྱ་བ་ནི་འདུལ་བ་ཇི་ལྟ་བ་བཞིན་ནོ། །རྟོགས་གྱུར་པ་ནི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་སོ། །དམ་པའི་ཆོས་མཉན་པ་ལ་ཕན་ཡོན་ལྔ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་མདོ་ལས་དམ་པའི་ཆོས་མཉན་པའི་ཕན་ཡོན་ལྔ་པོ་གསུངས་པ་གང་དག་མ་ཐོས་པ་ཐོས་པར་བྱེད་པ་དང་། ཐོས་
པ་ཡོངས་སུ་བྱང་བར་བྱེད་པ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་དོན་དང་ཚིག་ཟབ་མོ་རྟོགས་པར་བྱེད་ཅེས་བྱ་བའི་ཡོན་ཏན་ལྔ་པོ་དག་ནི་མི་ཤེས་པ་དང་། ཐེ་ཚོམ་དང་ལོག་པའི་ཤེས་པ་དང་། བདེན་པ་རྣམས་རྟོགས་པ་བཞི་པོ་འདི་དག་ཏུ་བསྡུས་ཏེ། ཇི་ལྟར་བྱས་

པས་ཤེ་ན། གཉིས་ཀྱིས་མི་ཤེས་པ་ལྡོག་བའི་ཕྱིར་ཏེ། མ་ཐོས་པ་ཐོས་པར་བྱེད་པ་དང་། ཐོས་པ་ཡོངས་སུ་བྱང་བར་བྱེད་པ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །གང་གི་ཕྱིར་མི་ཤེས་པ་ལྡོག་པར་བྱེད་པ་དེའི་ཕྱིར་མ་ཐོས་པ་ཐོས་པར་བྱེད་པ་དང་། ཐོས་པ་ཡོངས་སུ་བྱང་བར་
བྱེད་པ་ཞེས་བྱ་བ་ཡོན་ཏན་འདི་གཉིས་ནི་མི་ཤེས་པ་ལྡོག་པ་ཞེས་བྱ་བའི་ནང་དུ་འདུས་སོ། །སོམ་ཉི་སྤོང་བ་ཞེས་བྱ་བ་ཡོན་ཏན་འདི་ནི་ཐེ་ཚོམ་གྱི་ཤེས་པ་ལྡོག་པའི་ནང་དུ་འདུས་སོ། །ལྟ་བ་དྲང་པོར་བྱེད་ཅེས་བྱ་བ་འདི་ནི་ལོག་པའི་ཤེས་པ་ལྡོག་པའི་ནང་དུ་འདུས་སོ། །ཤེས་རབ་ཀྱིས་དོན་དང་ཚིག་ཟབ་
མོ་རྟོགས་པར་བྱེད་ཅེས་བྱ་བ་ཡོན་ཏན་འདི་ནི་བདེན་པ་རྣམས་རྟོགས་པའི་ནང་དུ་འདུས་སོ། །གཏན་དུ་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་གཏན་དུ་ཇི་ལྟར་རིགས་པར་མྱ་ངན་ལས་འདས་པ་དང་། མཐོ་རིས་ཐོབ་པའི་ཕྱིར་རོ། །ཡང་དང་ཡང་དུ་བསྒྲུབ་པར་བྱ་བ་དང་། སྦྱོར་བ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་
ནི་ཆོས་ནི་ཡང་དང་ཡང་དུ་བསྒྲུབ་པར་བྱ་བའི་ཕྱིར་དང་། སྦྱོར་བ་གཅིག་པའི་ཕྱིར་རོ། །འདི་ལྟར་མྱ་ངན་ལས་འདས་པ་ཐོབ་པའི་ཆོས་ལ་ནི་སྦྱོར་བ་གཞན་མེད་པས་སོ། །དེས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སོ། །ཉོན་མོངས་མྱ་ངན་ལས་འདས་པ་སྤང་ཕྱིར་ཏེ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཀུན་ནས་ཉོན་
མོངས་པ་སྤང་བའི་ཕྱིར་ནི་བདག་ལ་ཆགས་པ་ཟད་པར་བྱའོ། །མྱ་ངན་ལས་འདས་པ་སྤང་བའི་ཕྱིར་ནི་གཞན་ལ་ཆགས་པ་འཕེལ་བར་བྱ་སྟེ་སྙིང་རྗེ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གཉིས་ཀྱི་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་། མྱ་ངན་ལས་འདས་པས་སོ། །ཤེས་རབ་སྙིང་བརྩེ་དེ་ཟད་
འཕེལ་རྒྱུ་ཡིན། །ཤེས་རབ་ནི་བདག་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་ཟད་པའི་རྒྱུ་ཡིན་ལ། སྙིང་བརྩེ་སྟེ་སྙིང་རྗེ་ནི་གཞན་ལ་ཆགས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་འཕེལ་བའི་རྒྱུ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར། བྱང་ཆུབ་རྩ་བ་གཉིས་སུ་གསུངས། །དེའི་འཕེལ་རྒྱུ་ནི་ཤེས་རབ་དང་
སྙིང་བརྩེ་བ་དེ་གཉིས་འཕེལ་བའི་རྒྱུ་ནི་དེ་འཕེལ་རྒྱུའོ། །འབྲས་བུར་བཅས་འགྱུར་ཞེས་བྱ་བ་ནི་སྒྲུབ་པས་སོ། །དམན་པ་དག །ཡོངས་སུ་གཟུང་ལ་འཛིན་པ་དང་ལྡན་པའི་ཞེས་བྱ་བ་ནི་དམན་པ་ཡོངས་སུ་གཟུང་བ་ལ་འཛིན་པ་སྟེ། ཆགས་པ་ནི་དམན་པ་ཡོངས་སུ་གཟུང་བ་ལ་འཛིན་པའོ། །དེ་གང་

དག་ལ་ཡོད་པ་དེ་དག་ནི་དམན་པ་ཡོངས་སུ་གཟུང་བ་ལ་འཛིན་པ་དང་ལྡན་པ་སྟེ། དམན་པ་ཡོངས་སུ་གཟུང་བ་ལ་འཛིན་པ་དང་ལྡན་པ་དེ་དག་གིའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ཞེས་བྱ་བ་ནི་དེ་ལ་ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་དག་གོ། །ཉེ་བའི་ཉོན་
མོངས་པ་རྣམས་ནི་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པ་དག་གོ། །དེ་ལས་བྱུང་བའི་ལས་རྣམས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལས་བྱུང་བའི་ལས་རྣམས་སོ། །སྡུག་བསྔལ་གསུམ་པོ་དག་ཅེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་
ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །མྱ་ངན་ལ་སོགས་པ་དག་ཅེས་བྱ་བ་ནི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ན་བ་དང་། རྒ་ཤི་ལ་སོགས་པ་
དག་གོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ལ་སོགས་པའོ། །མཉན་པ་དང་། འཇོག་པ་ཞེས་བྱ་བ་ནི་མཉན་པ་དང་། འཇོག་པའོ། །དེ་ལ་མཉན་པ་ནི་བསྟན་པའི་ཆོས་སོ། །འཇོག་པ་ནི་དེའི་དོན་ཏེ། བདག་ཉིད་ལ་ཡང་དག་པར་སྐྱེད་པའོ། རྟེན་ལ་
ཚུལ་ཁྲིམས་དང་། ཐོས་པ་དང་། འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་གྱིས་ཡོངས་སུ་བསྒོས་པའི་ཕྱིར་ཏེ། སོགས་པའི་སྒྲས་ནི་ཆོག་ཤེས་པ་དང་། རབ་ཏུ་དབེན་པ་ཉིད་ལ་སོགས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་ལྟ་བུའོ། །བྱེད་པར་འདོད་པ་ཉིད་ཀྱི་སེམས་ཆེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་
བ་ལ། བྱེད་པ་པོར་འདོད་པ་ཉིད་ཀྱི་སེམས་ནི་རྒྱུས་ཀུན་ནས་བསླང་བ་ཡིན་ནོ། །སྐད་ཅིག་དེ་ལ་ཀུན་ནས་བསླང་བ་ནི་བྱ་བའི་དུས་སུ་རྗེས་སུ་འཇུག་པ་ཡིན་ནོ། །འགྲོ་བ་དང་སྡུག་བསྔལ་བ་དང་། ཕན་འདོགས་པ་དང་། ཡོན་ཏན་ཁྱད་པར་དུ་འཕགས་པས་སོ་ཞེས་བྱ་བ་ནི་འགྲོ་བ་ཁྱད་པར་དུ་འཕགས་པས་དང་།
སྡུག་བསྔལ་བ་ཁྱད་པར་དུ་འཕགས་པས་དང་། ཕན་འདོགས་པ་ཁྱད་པར་དུ་འཕགས་པས་དང་། ཡོན་ཏན་ཁྱད་པར་དུ་འཕགས་པས་ཏེ། ཇི་སྐད་དུ་ཆོས་མངོན་པའི་མཛོད་ལས་རྒྱ་ཆེར་བསྟན་པ་ལྟ་བུའོ། །མཇུག་ཉིད་ཀྱིས་ཞེས་བྱ་བ་ནི་མཇུག་ཉིད་ཀྱིས་སྟོབས་དང་ལྡན་པར་འགྱུར་རོ། །རབ་ཏུ་དགའ་

བ་ཡིད་ལ་བྱེད་པའི་ཀུན་དུ་རྟོག་པས་རྒྱས་པའི་ཕྱིར་རོ། །དེ་ལ་རབ་ཏུ་དགའ་བ་ནི་ཏིང་ངེ་འཛིན་ལ་སྦྱོར་བའི་གནས་སྐབས་སུ་ཚུལ་ཁྲིམས་ལ་སོགས་པའི་ཚོགས་ལ་རྣམ་པར་ལྟ་བ་ཡིད་བདེ་བ་ཉིད་གང་ཡིན་པ་སྟེ། དེ་ཉིད་བདག་གི་ཚོགས་ཕུན་སུམ་ཚོགས་སོ་ཞེས་རབ་ཏུ་
དགའ་བ་སྐྱེས་སོ། །མཉམ་པར་གཞག་པའི་གནས་སྐབས་སུ་ཡིད་བདེ་བ་ཉིད་གང་ཡིན་པ་དེ་ནི་འགལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་དགའ་བ་ལས་དགའ་བ་སྐྱེའོ་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་དགའ་བ་ཉིད་དང་མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དགའ་བའི་ཡིད་ལ་བྱེད་པའོ། །རབ་
ཏུ་དགའ་བ་ཡིད་ལ་བྱེད་པ་རྣམས་ཀྱི་ཀུན་དུ་རྟོག་པ་རྣམས་ནི་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཀུན་དུ་རྟོག་པའོ། །དེ་རྣམས་ཀྱིས་རྒྱས་པ་ནི་དེ་བསྒོམ་པ་བརྟས་པའོ། །རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཀུན་དུ་རྟོག་པས་རྒྱས་པ་དེའི་ཕྱིར་ན་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཀུན་དུ་རྟོག་པས་རྒྱས་པའི་ཕྱིར་རོ། །དེ་ལྟར་
ན་མཇུག་ཉིད་ཀྱིས་ཏེ། མཇུག་གིས་དགེ་བ་སྟོབས་དང་ལྡན་པའི་ཕྱིར་རོ། །འཁོར་དེ་ཉིད་ཀྱིས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཇི་སྐད་དུ་མདོ་ལས་སྦྱིན་པ་ལས་བྱུང་བའི་དགེ་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ལས་བརྩམས་ནས་གཞན་དག་དེ་ལ་ཡང་དག་པར་འཛིན་དུ་འཇུག་
ཅིང་བསྔགས་པ་བརྗོད་ལ། ཆོས་མཐུན་པ་ལ་ཡང་ཤིན་ཏུ་དགའ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །མྱ་ངན་ལས་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །མྱ་ངན་ལས་འདས་པར་ཡོངས་སུ་བསྔོ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །མི་དགེ་བ་ལ་ཡང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱ་བ་ནི་རྟེན་ཉིད་ཀྱིས་ནི་རྟེན་ལ་འཆལ་བའི་ཚུལ་ཁྲིམས་དང་། ཐོས་པ་མེད་པ་དང་། འདོད་ཆེན་ཆེ་བ་ཉིད་ལ་སོགས་པ་ཡོན་ཏན་མ་ཡིན་པས་ཡོངས་སུ་བསྒོས་པའི་ཕྱིར་རོ། དང་པོ་ཀུན་ནས་
བསླང་བ་ཉིད་ཀྱིས་ནི་རྒྱུས་ཀུན་ནས་བསླང་བས་བྱེད་པར་འདོད་པ་ཉིད་ཀྱི་སེམས་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་པ་དྲག་པོ་ཉིད་ཀྱིས་ནི་བྱེད་པའི་ཕྱིར་གུས་པར་བརྩོན་པའི་ཕྱིར་དང་། ཡང་དང་ཡང་དུ་བརྩོན་པའི་ཕྱིར་ཏེ། རྟག་ཏུ་བརྩོན་པའི་ཕྱིར་རོ། །ཞིང་ཉིད་ཀྱིས་ནི་ཞིང་རྣམ་པ་བཞི་སྟེ། འགྲོ་བ་དང་། སྡུག་

བསྔལ་བ་དང་། ཕན་འདོགས་པ་དང་། ཡོན་ཏན་ཁྱད་པར་དུ་འཕགས་པས་སོ། །གཞི་ཉིད་ཀྱིས་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་མི་སྤོང་བའི་ཁྱད་པར་གྱི་ཕྱིར་རོ། །བྱ་བ་ཉིད་ཀྱིས་ནི་གནོད་པ་བྱེད་པའི་ཁྱད་པར་གྱི་ཕྱིར་རོ། །མཇུག་ཉིད་ཀྱིས་ནི་བྱས་ནས་རབ་ཏུ་དགའ་བ་ཡིད་ལ་
བྱེད་པའི་ཀུན་དུ་རྟོག་པ་རྒྱས་པའི་ཕྱིར་རོ། །འཁོར་ཉིད་ཀྱིས་ནི་གཞན་དག་ཡང་དག་པར་འཛིན་དུ་འཇུག་ཅིང་བསྔགས་པ་བརྗོད་པ་དང་། ཆོས་མཐུན་པས་མཐོང་ན་ཤིན་ཏུ་ཡིད་དགའ་བ་ཉིད་དག་གིས་སོ། །དེ་བཞིན་དུ་ཅི་རིགས་པར་རིག་པར་བྱ་བ་ཡིན་ནོ། །སེམས་ལ་འཛིན་པ་ན་ལེགས་པར་གསུངས་
པའོ་ཞེས་བྱ་བའི་སྐབས་སོ། །ཇི་ལྟར་འཛིན་ཞེ་ན་བ་ལང་རྫིས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །ལེགས་ལྡན་འདི་ཞེས་བྱ་བ་ནི་ལེགས་པ་དང་ལྡན་པ་འདི་ནིའོ། །ལེགས་ལྡན་འདི་སུ་ཡིན་ཞེ་ན། ཚུལ་བཟང་ཆུ་བོ་ཚོལ་བ་ཅན། །མཆོག་དང་མཆོག་ཚོལ་མཆོག་མིན་ཤེས་པའི་ཡིན། །དེ་ལ་ཚུལ་
བཟང་ཆུ་བོ་ཚོལ་བ་ཅན། །ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་གི་དགེ་བ་སྟོན་པ་ནི་ཚུལ་བཟང་ངོ་། །འདི་ལ་ཚུལ་བཟང་པོའི་ཆུ་བོ་ཚོལ་བའི་ངང་ཚུལ་ཡོད་པས་འདི་ནི་ཚུལ་བཟང་པོའི་ཆུ་བོ་ཚོལ་བ་ཅན་ཏེ། ཚུལ་བཟང་པོའི་
ཆུ་བོ་ཚོལ་བ་ཅན་དེའིའོ། །མཆོག་དང་མཆོག་ཚོལ་ནི་མཆོག་དང་མཆོག་ཚོལ་བར་བྱེད་པས་ན་མཆོག་དང་མཆོག་ཚོལ་ཏེ། མཆོག་དང་མཆོག་ཚོལ་བ་དེའིའོ། །མཆོག་དང་མཆོག་མིན་ཤེས་པའི་ནི་གཙོ་བོ་དང་གཙོ་བོ་མ་ཡིན་པ་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་ལྡན་འདི་གང་གི་ཡིན་
པར་བསྟན་པའི་ལེགས་ལྡན་དེ་གང་ཡིན་ཞེ་ན། དེ་ཡི་སྙིང་པོ་ཉིད་ནི་རབ་ཏུ་རྣམས་ཕྱེ་ན། །རང་གི་སྲོག་གི་རིན་གྱིས་ལེགས་གསུངས་ཉོ་བ་མཛད། །ཅེས་བྱ་བ་རྒྱ་ཆེར་འབྱུང་བའོ། །མཛད་པ་ནི་མཛད་པར་གྱུར་པའོ། །སྙིང་པོ་ཉིད་ནི་རབ་ཏུ་རྣམ་ཕྱེ་ནས། །ཞེས་བྱ་བ་ནི་ལེགས་པར་གསུངས་པ་དང་རང་གི་སྲོག་
གཉིས་ལ་སྙིང་པོ་དང་སྙིང་པོ་མ་ཡིན་པ་གཉིས་ལ་རྣམ་པར་དཔྱད་ནས་རང་གི་སྲོག་གིས་ལེགས་པར་གསུངས་པ་ཉོ་བ་མཛད་དོ། །བསམ་པ་ཡོངས་སུ་སྨིན་པ་དག་པར་འགྱུར། །ཞེས་བྱ་བ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །མི་མཉེས་པར་ཞེས་བྱ་བ་ནི་མི་མཉེས་པར་ཞེས་བྱ་

བའི་ཐ་ཚིག་གོ། །ཡོངས་སུ་ཉམས་པ་རྣམ་པ་བཞིར་ཡོངས་སུ་བསྟན་ཏེ། ཡོ་བྱད་རྣམས་ལ་ཟང་ཟིང་ལྷུར་ལེན་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཡོངས་སུ་ཉམས་པ་ནི་སྦྱངས་པའི་ཡན་ལག་རྣམས་འགྱུར་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་
ལ་བྱམས་པ་ཡོངས་སུ་ཉམས་པ་ནི་ད་ལྟར་ནི། དགེ་སློང་ཚོགས་ཀྱང་བྱམས་པས་ཕྱིར་ཕྱོགས་ཤིང་ཞེས་བྱ་བ་འདིས་སོ་ཞེས་ཡོངས་སུ་ཉམས་པ་ནི། སྡོམ་བརྩོན་སྐྱེ་བོ་དགེ་འདུན་ནང་དག་ཏུ། །དོགས་མེད་སྟག་མཚན་ཅན་དང་བྱ་ཐོགས་རྒྱུ། །ཞེས་བྱ་བ་འདིས་སོ། །རང་གི་དོན་ཐོབ་པར་བྱ་བ་ལ་མངོན་པར་བརྩོན་
པ་ཡོངས་སུ་ཉམས་པ་ནི། །སྔོན་གྱི་བསམ་གཏན་ས་ནི་གང་ཡིན་པ། །ཀྱེ་མ་ཇི་ལྟར་འབྲས་བུའི་ས་དག་བྱེད། །ཅེས་བྱ་བ་འདིས་སོ། །དེ་ལ་མཉན་པ་དང་། གཟུང་པ་དང་། བཅང་བ་དང་དོན་དང་མཐུན་པར་སྒྲུབ་པ་དག་གིས་འབད་པར་བྱའོ་ཞེས་བྱ་བ་ནི་མཉན་པ་དང་། གཟུང་བ་དང་། བཅང་བ་དང་དོན་དང་
མཐུན་པར་སྒྲུབ་པས་འབད་པར་བྱའོ། །མྱོང་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་གྱུར་པའོ། །བསྟན་པ་ཇི་ལྟ་བུར་ན་མི་བྱ་ཡིན། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་ཇི་ལྟར་ན་བྱ་བ་མ་ཡིན་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཚིགས་སུ་བཅད་པ་འདིས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཚིགས་
སུ་བཅད་པ་འདིས་ཅི་ཞིག་བསྟན་ཅེ་ན། །འདུ་བྱེད་རྣམས་ནི་རྣམ་འཇིག་ཅིང་། །ཞེས་བྱ་བ་ཡོངས་སུ་བསྟན་ཏེ། གནས་སྐབས་སུ་འགྱུར་ཞིང་ཞེས་བྱ་བ་འདིས་ཏེ། འགྲོའོ་ཞེས་བྱ་བའི་རང་གི་ངང་གིས་སྐད་ཅིག་ཏུ་འཇིག་པ་ཡིན་པར་ཡོངས་སུ་བསྟན་ཏེ། གནས་པར་མི་མངོན་ལ་ཞེས་བྱ་བ་འདིས་སོ། །གཏན་དུ་
འཇིག་པར་ཡོངས་སུ་བསྟན་ཏེ། སོང་ཞིང་སོང་བ་མི་འོང་ཞེས་བྱ་བ་འདིས་སོ། །གཏན་དུ་འཇིག་པ་ཡིན་ཡང་ཆད་མིན་ཞེས་བྱ་བ་འདི་ཡང་ཡོངས་སུ་བསྟན་ཏོ། །གསར་དུ་སྐྱེ་ཞེས་བྱ་བ་འདིས་སོ། །འདུས་བྱས་འཇིག་པ་དེ་དག་ལ། །མི་ཤེས་བདག་དང་བདག་གིར་འཛིན། །མི་ཤེས་པས་བདག་དང་བདག་གིར་
འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡང་གནས་སྐབས་འགྱུར་ཞིང་ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་ཚིགས་སུ་བཅད་པ་གང་གསུངས་པ་ནིའོ། །མི་འཇིག་ལྟ་ཞེས་བྱ་བ་ནི་འདུ་བྱེད་རྣམས་ལ་རྟག་པར་ལྟའོ། །ཡུན་རིང་འཇིག་པར་ལྟ་ཞེས་བྱ་བ་ནི་གལ་ཏེ་འདུ་བྱེད་འདི་དག་མི་རྟག་

པ་ཡིན་ཡང་ཡུན་རིང་ཞིག་ན་འཇིག་གོ་ཞེས་དེ་ལྟར་ལྟ་བའོ། །གཞན་དག་ནི་འདུ་བྱེད་དེ་དག་ཞིག་ན་མྱ་ངན་བྱེད་དོ། །གཞན་དག་ནི་དེ་དག་ཞིག་ལྟ་སྟེ་ཆད་པར་ལྟའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་འདུ་བྱེད་ལ་དེ་ལྟར་ལྟ་བ་དེའི་ཆེད་དུ། དེའི་རྩ་བཞི་ཡིས་མི་རྟག་འདི་ཉིད་བསྟན། །ཚིགས་སུ་བཅད་
པ་དེའི་རྩ་བ་བཞི་པོ་དེ་དག་གིས་ཏེ། གནས་སྐབས་འགྱུར་ཞེས་བྱ་བ་དང་པོས་དང་། གནས་པར་མི་མངོན་ཞེས་བྱ་བ་གཉིས་པས་དང་སོང་ཞིང་སོང་བ་མི་འོང་ཞེས་བྱ་བ་གསུམ་པས་དང་། གསར་དུ་སྐྱེ་ཞེས་བྱ་བ་བཞི་པས་སོ། །དེ་ལ་རྩ་བ་གཉིས་ཀྱིས་ནི་འདུས་བྱས་རྣམས་ལ་བདག་མེད་པ་དང་བདག་
གི་བ་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏེ། གང་དག་གིས་ཤེ་ན། གནས་སྐབས་འགྱུར་ཞིང་གནས་པར་མི་མངོན་ལ། །ཞེས་བྱ་བ་འདིས་དང་། སོང་ཞིང་སོང་བ་མི་འོང་གསར་དུ་སྐྱེ། །ཞེས་བྱ་བ་འདིས་ཏེ། མདོ་ལས་གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པ་དང་།
དེ་ནི་བདག་གི་མེད་པ་དང་། དེ་ལ་ང་མེད་པ་དང་བདག་དེའི་ངའི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཅིག་གིས་ནི་དེ་དག་ལ་བདག་དང་བདག་གིར་ལྟ་བ་སྟེ། འོན་ཀྱང་བདག་དང་བདག་གིར་འཛིན་འཇུག་པ་ཞེས་བྱ་བ་འདིས་སོ། །གཅིག་གིས་ནི་དེའི་རྒྱུ་མ་རིག་པས་ཟིན་པ་ཉིད་དང་། འགྲོ་བ་འདི་ནི་མ་
རིག་པ་ཡིས་མེད་ཅེས་བྱ་བ་འདིས་སོ། །བདག་ཏུ་ཕྱིན་ཅི་ལོག་པའི་གཞི་དང་། རང་བཞིན་དང་རྒྱུ་ཡོངས་སུ་བསྟན་པ་ཡིན་ནོ། ཇི་ལྟར་ཞེ་ན། རེ་ཞིག་བདག་ཏུ་ཕྱིན་ཅི་ལོག་པའི་གཞི་ནི་རྩ་བ་སྔ་མ་གཉིས་ཀྱིས་ཡོངས་སུ་བསྟན་ཏོ། །རང་བཞིན་ནི་རྩ་བ་གསུམ་པས་ཡོངས་སུ་བསྟན་ཏོ། །རྒྱུ་ནི་རྩ་བ་བཞི་པས་
ཡོངས་སུ་བསྟན་ཏོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ཡང་སྔ་མ་དང་མཐུན་པར་བརྗོད་པར་བྱའོ། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་ཚིགས་སུ་བཅད་པ་དང་པོ་ལས་བྱས་པ་ཀུན་མི་བྱ་བ་ནི་ཕྱིས་གང་མི་བྱ་བ་དེ་ནི་མི་བྱ་བ་ཞེས་བྱའོ། །བྱང་ཆུབ་གསུམ་ལས་བརྩམས་ནས་ཐོས་པ་དང་། །བསམས་པ་དང་།
བསྒོམས་པ་ལས་བྱུང་བས་རྒྱུད་ཡོངས་སུ་སྨིན་པར་བྱ་བ་གང་ཡིན་པ་དེ་མི་བྱའོ། །ཡུན་རིང་ན་ཡང་ཞི་བ་འཐོབ། །བྱས་པ་མི་བྱ་བ་དེས་དུས་རིང་པོར་གང་གི་ཚེ་བརྩོན་པར་བྱེད་པ་དེའི་ཚེ་ཐར་པ་གདོན་མི་ཟ་བར་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །གང་བྱས་པ་ཡིན་ནི་གང་བྱས་པ་ཡང་བྱ་བ་ཡིན་ན་ཞེས་བྱ་བའི་ཐ་

ཚིག་གོ། །ཡང་བྱ་བ་དེ་ཡིས་ནི་ཤིན་ཏུ་ཡུན་རིང་ཞི་མི་འཐོབ། ཤིན་ཏུ་དུས་ཡུན་རིང་པོར་ཡང་ཐར་པ་མི་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟར་ཕྱི་རོལ་པའི་སྙོམས་པར་འཇུག་པ་དག་ལྟ་བུའོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་བཅོ་ལྔ་པ་སྟེ་
ཐ་མའོ། །གཉིས་པ་ལས་ཀྱང་གང་བྱས་པ་ནི་མི་བྱ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་ཆེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་ཡིན་པ་ཡང་མི་བྱའོ། །གང་བྱས་པ་སྟེ་བསྒྲུབས་པས་དེ་མི་བྱའོ། །བྱས་པ་མི་བྱ་བ་དེས་སངས་རྒྱས་ཉིད་དུ་སྲིད་པ་ཡོད། དེས་གདོན་མི་ཟ་བར་སངས་རྒྱས་སུ་འགྱུར་རོ་ཞེས་
བྱ་བའི་ཐ་ཚིག་གོ། །གང་བྱས་པ་སྟེ་བསྒྲུབས་པ་བྱ་བ་སྟེ། གང་ཞིག་ཡང་བྱ་བ་ཡིན་ནོ། །བྱས་པ་ཡང་བྱ་བ་དེ་ཡིས་ནི་ཐར་པ་ཡང་སྲིད་པར་མི་འགྱུར་རོ། །མྱ་ངན་ལས་འདས་པ་ཡང་མི་འཐོབ་ན་སངས་རྒྱས་ཉིད་ལྟ་ཅི་སྨོས་བདག་ལ་ཁྲོས་ཏེ་བསད་ན་མི་རུང་ངོ་། །བསད་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །
དེའི་ཚིག་བཟློག་པར་ཡང་མི་ནུས་ནས་ཞེས་བྱ་བ་ནི་དེའི་ཚིག་བཞིན་མི་བྱ་བར་ཡང་མི་ནུས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་ཏེ་ནི་ཤེས་པར་གྱུར་ཏེའོ། །ཐབས་མ་ཡིན་པ་བྱེད་པས་བུད་མེད་དོན་དུ་གཉེར་བ་ལས་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་འདོད་པས་བུད་མེད་དོན་དུ་གཉེར་བ་ལས་ཞེས་བྱ་བའི་ཐ་ཚིག་གོ། །
དད་པའི་རྟགས་རྣམས་ལས་ཞེས་བྱ་བ་ནི་དད་པའི་རྟགས་དེ་དག་འབྱུང་བ་ཡང་དགེ་སློང་དག་གསུམ་པོ་འདི་དག་ནི་དད་པའི་རྟགས་དང་། མཚན་མ་དང་། དད་པ་རྟོགས་པར་བྱེད་པ་ཡིན་ནོ། །གསུམ་པོ་གང་དག་ཅེ་ན། དགེ་སློང་དག་དད་པ་ཅན་ནི་འཕགས་པ་རྣམས་མཐོང་བར་འདོད་པ་ཡིན། དམ་པའི་
ཆོས་ཉན་པར་འདོད་པ་ཡིན། སྐྱེ་དགུ་སེར་སྣའི་དྲི་མས་དཀྲིས་པ་རྣམས་ཀྱི་ནང་ན་སེར་སྣའི་དྲི་མ་དང་བྲལ་བའི་སེམས་ཀྱིས་ཁྱིམ་ན་གནས་ཤིང་ལྷུག་པར་གཏོང་བ་དང་། ལག་བརྐྱང་བ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་། མཆོད་སྦྱིན་ཁོར་མོར་བྱེད་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལ་
ཀུན་འགེད་པར་དགའ་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་རྒན་ཞུགས་བསྙེན་པར་རྫོགས་སུ་གཞུག་པར་མ་ནུས་སོ། །དེ་བཞིན་དུ་ཁྱོད་སྐྱེས་པ་ཡིན་ནམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྙེན་པར་རྫོགས་པར་བྱེད་དུ་འཇུག་པས་མ་བཟླས་པས་སོ། །དེ་བཞིན་དུ་ཁྱོད་ཉན་དུ་གཞུག་མ་ནུས་སོ་ཞེས་བྱ་བ་ཡིན་ནོ། །

གསོན་འདྲར་ནི་གསོན་པ་ལྟ་བུར་རོ། །གང་ཞིག་ཐོབ་པས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འབྲས་བུ་གང་ཞིག་ཐོབ་པས་ངན་སོང་བ་སྟེ་ངན་སོང་གི་འབྲས་བུ་ཅན་ནོ། །ཉོན་མོངས་པ་དང་སྐྱེ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་ཟད་པ་ཡིན་ནོ། །རེ་ཞིག་དེ་ལྟ་བུ་ནི་བསླབ་པའི་
གནས་སྐབས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །ཡང་འབྱུང་བ་པ་སྟེ། ཡང་འབྱུང་བ་པའི་འབྲས་བུ་ཅན་གྱི་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་གཉིས་སྤངས་པ་ནི་དགྲ་བཅོམ་པ་ཡིན་ནོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་མི་སྨོས་སོ། །ཅིའི་ཕྱིར་ཞེ་ན།
ངན་སོང་བའི་ལས་སྤངས་པ་ལ་ནི་ཡང་འབྱུང་བ་བའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པར་མི་གཞག་སྟེ། ཡང་འབྱུང་བ་ནི་དགེ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །འདི་ལྟར་སློབ་པ་རྣམས་ཀྱི་ཡང་འབྱུང་བ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ནས་བསགས་པའི་ལས་དགེ་བ་ལས་དགེ་བ་ལན་གྲངས་གཞན་
ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བའི་འབྲས་བུ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། སློབ་པའི་གནས་སྐབས་ཀྱི་འབྱུང་བ་པ་མ་ཡིན་ཏེ། དེ་རྣམས་ཀྱི་དགེ་བ་ཟག་པ་དང་བཅས་པའི་ཡིན་ཏེ། དེ་ནི་ཟད་པར་དགའ་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་ནི་མངོན་པར་
རྟོགས་པའི་བགེགས་ཡིན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་ལས་བགེགས་ཞེས་བསྟན་པས་བསྒོམ་པས་སྤང་བར་བྱ་བ་རྣམས་ནི་བདེན་པ་མངོན་པར་རྟོགས་པ་རྣམས་ལ་བགེགས་སུ་གྱུར་པ་མ་ཡིན་ཏེ། འདི་ལ་མཐོང་བའི་ལམ་ལ་མཐོང་བས་སྤང་བར་བྱ་བ་རྣམས་ཁོ་ནའི་འཐོབ་པ་དག་གཅོད་ཀྱི་བསྒོམ་
པས་སྤང་བར་བྱ་བ་རྣམས་ཀྱི་ནི་མ་ཡིན་ནོ། །ཉོན་མོངས་པ་ལ་ཡང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དེའི་ནུས་པ་ཡོད་པར་བསྟན་པའི་ཕྱིར་བར་དུ་དེ་སྨོས་པ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་ཀྱི་བར་དུ་སྐྱེ་བ་སྨོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། བགེགས་
ནི་ཅི་དག་སྤངས། ངན་འགྲོ་རྣམས་ལས་རྒལ་ཏམ་ཅི་ཡིན་མི་བྱའི་ངེས་པའི་ལས་ནི་ཅི་ཞིག་ཐོབ་ཅེས་བྱ་བ་ཡིན་ནོ། །ངན་སོང་བའི་སྐྱེ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་བདག་དང་གཞན་ལ་གནོད་པའི་དབང་དུ་མཛད་པའི་ཕྱིར་ཡང་བར་དུ་དེ་སྨོས་པ་ཡིན་ཏེ། དེ་ལ་བདག་ལ་གནོད་པར་བྱེད་པ་ནི་སྐྱེ་

བའི་ཀུན་ནས་ཉོན་མོངས་པའོ། །བདག་དང་གཞན་ལ་གནོད་པར་བྱེད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །ངན་སོང་དང་ནི་ཡང་འབྱུང་འགྱུར་བ་གང་། །ཉོན་མོངས་ཡན་ལག་གསུམ་གཉིས་ཟད་བྱའི་ཕྱིར། །ཉོན་མོངས་པའི་ཡན་ལག་གསུམ་ཟད་པར་བྱ་བའི་ཕྱིར་ཏེ། ངན་
སོང་དུ་གྱུར་པ་གང་ཡིན་པའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཟད་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་དེ་རྟོགས་པ་མེད་པའོ། །ཉོན་མོངས་པའི་ཡན་ལག་གཉིས་ཟད་པར་བྱ་བའི་ཕྱིར་ཏེ། ཡང་འབྱུང་བར་འགྱུར་བ་གང་ཡིན་པ་ཉོན་མོངས་པ་དང་། སྐྱེ་བ་ཟད་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་དེ་རྟོགས་
པ་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ཕྲ་རྒྱས་མེ་རྣམས་ཀྱིས་བསྲེགས་སྲིད་པ་རྣམས་ཀྱི་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་སོ། །སློབ་པའི་གནས་སྐབས་ཀྱི་དབང་དུ་མཛད་ནས་བཤད་པ་སྔ་མ་བཞིན་ནོ། །ཇི་ལྟ་ཞེ་ན། རྒྱུ་གཉིས་དག་གིས་སྲོག་དབུགས་མ་ཕྱིན་པ་ལས་སྲོག་དབུགས་ཕྱིན་པ་ཐོབ་པ་ནི་གསོན་པ་དང་འདྲ་
བར་ཉལ་བར་རུང་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རྒྱུ་གཉིས་པོ་གང་དག་གིས་ཤེ་ན། ལུང་བསྟན་པ་ཐོབ་པ་ཞེས་བྱ་བ་རྒྱུ་འདི་མ་གཏོགས་པའོ། །གཞན་ཡང་བཤད་པ། ཡོངས་སུ་ཉམས་པ་མེད་པར་སྦྱོར་བའི་ལམ་ཐོབ་པ་ཉིད་ཀྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་
ཐོབ་པའི་ཕྱིར་རོ། །དེ་ཐོབ་པའི་ཕྱིར་ན་ཡོངས་སུ་ཉམས་པ་མེད་པར་སྦྱོར་བའི་ལམ་ཐོབ་པ་ཡིན་ནོ། །དེ་ཐོབ་པས་ཡང་ངན་སོང་དུ་མི་འགྲོའོ། །འབྲས་བུ་ཐོབ་པ་ཉིད་ཀྱིས་ནི་གང་ཞིག་ཐོབ་པའི་ཕྱིར་སྔ་མ་བཞིན་ནོ། །ཇི་ལྟ་ཞེ་ན། གང་ཞིག་ཐོབ་པས་ངན་སོང་བའི་ཉོན་མོངས་པ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་
ཡིན་ནོ། །ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ན། །ཞེས་བྱ་བས་ནི་ཡོངས་སུ་ཉམས་པ་མེད་པར་སྦྱོར་བའི་ལམ་མ་ཐོབ་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །ཅི་ཞིག་རྟོགས་ཞེས་བྱ་བ་ནི་འབྲས་བུ་མ་ཐོབ་པ་ཉིད་དུའོ། །སྔ་མ་བཞིན་ནོ། །ཇི་ལྟ་ཞེ་ན། སྲོག་དབུགས་མ་ཕྱིན་པ་ལས་དབུགས་ཕྱིན་པ་ཐོབ་པ་ནི་
གསོན་པ་དང་འདྲ་བར་ཉལ་བར་རུང་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གསུམ་པོ་གང་དག་གིས་ཤེ་ན། ལུང་སྟོན་པ་ཐོབ་པ་ཉིད་ཀྱིས་ནི་སྔ་མ་བཞིན་ནོ། །ཐོབ་པ་ལ་རྣམ་པ་གཉིས་སུ་ཕྱེ་སྟེ། བཤད་པ། ཡེ་ཤེས་ཀྱི་ཁྱད་པར་ཐོབ་པ་ཉིད་ཀྱིས་དང་། སྤངས་པའི་ཁྱད་པར་ཐོབ་པ་ཉིད་ཀྱིས་སོ། །སྤངས་པའི་

ཁྱད་པར་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །དེ་ལ་ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཅེས་བྱ་བ་ནི་ལུང་བསྟན་པ་མ་ཐོབ་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །ཅི་ཞིག་རྟོགས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་མ་ཐོབ་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཞི་ཉིད་
ཡིན་པའི་ཕྱིར་རོ། །བདེ་བ་མ་ཡིན་པ་དེ་དག་ལ་བདེ་བའོ་སྙམ་དུ་འདུ་ཤེས་པ་སྟེ། ཡོངས་སུ་གདུང་བ་དང་བཅས་པའི་བདེ་བ་ཡིན་པའི་ཕྱིར་གཞན་པ་བཞིན་ནོ། །བདེ་བར་འདུ་ཤེས་པ་དེ་ཉིད་ཕྱིན་ཅི་ལོག་ཡིན་ནོ། །དེའི་གཞི་ནི་བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཞི་སྟེ་དེའི་དངོས་པོའོ། །དེའི་ཕྱིར་བདེ་བར་
འདུ་ཤེས་པ་སྟེ། བདེ་བ་ཉིད་དུ་ཕྱིན་ཅི་ལོག་གི་གཞི་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ཕྱི་མའི་ཕྱེད་ཀྱིས་ནི་འདི་ལྟར་དེ་རྣམས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་ཇི་ལྟར་དེ་དག་རྨོངས་པར་བྱེད་པ་དེ་ལྟ་བུ་སྟོན་པ་ཡིན་ནོ། །སྨོན་པ་ན་ཡང་མི་རྣམས་ཀྱི་ནི་སེམས། །རྨོངས་ན་བདག་ཉིད་ཕྲད་ན་སྨོས་ཅི་དགོས། །ཞེས་བྱ་བས་དེ་
རྣམས་ནི་མ་ཕྲད་ཀྱང་སྲེད་པ་དང་བཅས་པ་རྣམས་ཀྱི་སེམས་བདེ་བར་འདུ་ཤེས་པས་རྨོངས་པར་བྱེད་ན་ཕྲད་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །སྨོན་པ་ན་ནི་འདོད་པ་ན་སྟེ། དོན་དུ་གཉེར་བ་ནའོ། །བསྡུས་པའི་ཚིགས་སུ་བཅད་པ་གཉིས་ཏེ་དོན་ཇི་སྐད་དུ་བསྟན་པའིའོ། །དཔུང་ཐུབ་དཀའ་བ་ཅན་ཞེས་བྱ་
བ་ནི་གང་དག་གི་དཔུང་ཐུབ་པར་དཀའ་བ་དེ་དག་ནི་དཔུང་ཐུབ་པར་དཀའ་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པ་འདི་དག་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདོད་པ་འདི་དག་ནི་མནོག་ཆུང་ཞིང་སྡུག་བསྔལ་མང་བ་ཡིན་ཏེ། ཉེས་དམིགས་མང་བ་ཡིན་ནོ། །འདིར་མནོག་ཆུང་བ་ནི་ཉེས་དམིགས་ཤིན་ཏུ་མང་བས་སོ། །
ཞེས་བྱ་བ་རྒྱ་ཆེར་སྦྱར་རོ། །གོ་རིམས་བཞིན་ནོ། །ཇི་ལྟ་ཞེ་ན། གསལ་བའི་སྤངས་པར་དཀའ་བ་ཉིད་ཀྱིས་ནི་བཟློག་པར་དཀའ་བ་ཡིན་ནོ། །རྣམ་པར་གནོན་པའི་སྤང་བར་དཀའ་བ་ཉིད་ཀྱིས་ནི་དཔུང་ཐུབ་པར་དཀའ་བ་ཡིན་ནོ། །བག་ལ་ཉལ་ཡང་དག་པར་གཞོམ་པ་ནི་ཡང་དག་པར་སྤང་བར་དཀའ་བ་ཉིད་
ཀྱིས་ནི་རྒྱུ་བ་རྣམས་རྟོགས་པར་དཀའ་བ་ཡིན་ནོ། །དེ་ལ་གསལ་བའི་སྤང་བ་ནི་གསལ་བ་ཉིད་སྤང་བ་ཡིན་པས་གསལ་བའི་སྤོང་བ་སྟེ། སོ་སོར་རྟོག་པའི་སྟོབས་ཀྱིས་ཏེ། ཇི་སྐད་དུ་འདོད་པ་འདི་དག་ནི་མནོག་ཆུང་ཞིང་སྡུག་བསྔལ་མང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ལྟ་བུའོ། །

རྣམ་པར་གནོན་པའི་སྤང་བ་ནི་རྣམ་པར་གནོན་པ་ཉིད་སྤོང་བ་ཡིན་པས་རྣམ་པར་གནོན་པའི་སྤོང་བ་སྟེ། འཇིག་རྟེན་པའི་ལམ་གྱིས་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའོ། །དེ་བཞིན་དུ་བག་ལ་ཉལ་ཡང་དག་པར་འཇོམས་པ་ཉིད་སྤོང་བ་ཡིན་པས་བག་ལ་ཉལ་ཡང་
དག་པར་འཇོམས་པའི་སྤོང་བ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་ཏེ། འདོད་པ་ནི་སྡུག་བསྔལ་བའོ་ཞེས་རྒྱ་ཆེར་འབྱུང་བའོ། །སྔོན་རྡུལ་བསགས་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཚེ་རབས་སྔ་མ་ལ་ཉོན་མོངས་པ་བསགས་པའོ། །འདིར་ནི་དེ་ལྟར་གྱི་ཚེ་ལའོ། །ཡིད་འཁྲུལ་
པ་རྣམས་ཀྱི་ནི་སེམས་རྣམ་པར་གཡེངས་པ་རྣམས་ཀྱིའོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །ཇི་ལྟ་ཞེ་ན། ཏིང་ངེ་འཛིན་གྱི་བར་དུ་གཅོད་པའི་ཕྱིར་མོས་པའི་དགྲ་རྣམས་སོ། །ཤེས་རབ་ཀྱི་བར་དུ་གཅོད་པའི་ཕྱིར་བློ་གྲོས་ཀྱི་དགྲ་རྣམས་སོ། །
ཚུལ་ཁྲིམས་ཀྱི་བར་དུ་གཅོད་པའི་ཕྱིར་ཚུལ་ཁྲིམས་ཟད་པར་བྱེད་པ་དག་ཡིན་ནོ། །འདི་དང་ཕྱི་མར་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ད་ལྟར་གྱི་ཚེ་ལ་བདེ་བའི་རྒྱུ་གཉིས་ཡིན་པས་ནོར་དང་འདྲ་བའི་ཕྱིར་རྫས་དང་འདྲ་བའི་དགེ་བ་ཡིན་ཏེ། གྲགས་པའི་རྫས་དང་ཆོས་མཐུན་པས་སོ། །དེ་བཞིན་དུ་ཕྱི་མར་སྡུག་བསྔལ་
ཡོངས་སུ་སྐྱོབ་པའི་རྒྱུ་ཉིད་ཡིན་པས་ནོར་དང་འདྲ་བའི་ཕྱིར་རྫས་དང་འདྲ་བའི་དགེ་བ་སྟེ། གྲགས་པའི་རྫས་དང་ཆོས་མཐུན་པས་སོ། །དགེ་བའི་ཆོས་རྣམས་ལས་ཐོབ་པ་དང་མ་ཐོབ་པ་ཡོངས་སུ་ཉམས་པ་ཉིད་ཀྱིས་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ། །དགེ་བའི་ཆོས་རྣམས་ལས་ཐོབ་པ་ཡོངས་སུ་ཉམས་
པས་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་དང་། དེ་དག་ཉིད་ལས་མ་ཐོབ་པ་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་མདོར་བསྡུས་ན་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་མདོར་བསྡུ་ན་ཚིགས་སུ་བཅད་པ་འདིས་ནི་འདོད་པ་རྣམས་ཡོངས་སུ་ཤེས་པར་དགའ་བ་ཉིད་ནི་ཚིག་གཅིག་
གིས་ཡོངས་སུ་བསྟན་ཏེ། ཤེས་དཀའ་ཞེས་བྱ་བ་འདིས་སོ། །སྤང་བར་དཀའ་བ་ཉིད་ནི་ཚིག་གསུམ་དག་གིས་ཡོངས་སུ་བསྟན་ཏེ། བཟློག་དཀའ་དཔུང་ཐུབ་དཀའ་བ་ཅན་རྒྱུ་བ། རྟོགས་དཀའ་ཞེས་བྱ་བ་འདི་རྣམས་ཀྱིས་སོ། །ཡོངས་སུ་མ་ཤེས་ཤིང་མ་སྤངས་པ་དང་། ཇི་ལྟར་གང་ཞིག་ནི་གང་དག་ལ་གནོད་

པར་བྱེད་པ་དེ་ནི་ཚིག་གསུམ་དག་གིས་ཡོངས་སུ་བསྟན་ཏེ། དེ་ལ་བཟང་པོའི་ལམ་རྣམས་འཇོམས་པ་ཞེས་བྱ་བ་འདིས་ནི་རེ་ཞིག་ཇི་ལྟར་བྱེད་པ་དེ་ཡོངས་སུ་བསྟན་ཏོ། །མོས་དང་བློ་ཡི་དགྲ་ཡིན་དང་། །ཚུལ་ཁྲིམས་ཟད་བྱེད་ཅེས་བྱ་བ་འདི་གཉིས་ཀྱིས་ཀྱང་གནོད་པ་མང་ཞིག་བྱེད་པ་ཡོངས་སུ་སྟོན་ཏོ། །ཚིགས་
སུ་བཅད་པ་ལྷག་མས་ནི་གང་དག་ལ་གནོད་པ་བྱེད་པ་དེ་ཡོངས་སུ་བསྟན་ཏོ། །གང་གིས་ཤེ་ན། འདོད་ཆགས་རང་དགའི་དབང་པོ་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་སོ། །བརྟན་པ་ཡིན་ཏེ། ཇི་ལྟར་ཞེ་ན། འཕྲིགས་ན་ཡང་མི་ལྡོག་པས་སོ། །ཐག་རིང་ཞིང་ཐིབས་པོར་རྒྱུ་བ་ཡིན་ནོ། །ཇི་ལྟར་ན་ཐིབས་པོར་
རྒྱུ་བ་ཡིན་ཞེ་ན། མི་མངོན་པ་དང་བགྲོད་དཀའ་བའི་གནས་སུ་སྟེ། ཤེས་པར་དཀའ་བ་ཉིད་ཀྱིས་སྟོན་ཏེ། ཤེས་དཀའ་བ་ཞེས་བྱ་བའི་ཚིག་འདིས་སོ། །དེ་ལྟ་བུ་ནི་སྲིད་པའི་སྒོ་ནས་སྦྱར་བར་བྱ་བ་ཡིན་ནོ། །སྙིང་བརྩེ་བ་མེད་པ་ཉིད་ནི་བཟང་པོའི་ལམ་འཇོམས་པ་ལ་སོགས་པ་ཉིད་ཀྱིས་སོ། །ཚུལ་ཁྲིམས་ལ་སོགས་
པ་གང་དག་གི་དང་པོ་བཟང་པོའི་ལམ་འཇོམས་པ་ཡོད་པ་དེ་དག་ནི་བཟང་པོའི་ལམ་འཇོམས་པ་ལ་སོགས་པའོ། །དེའི་དངོས་པོ་ནི་བཟང་པོའི་ལམ་འཇོམས་པ་ལ་སོགས་པ་ཉིད་དེ། བཟང་པོའི་ལམ་འཇོམས་པ་ལ་སོགས་པ་དེ་ཉིད་ཀྱིས་སོ། །མོས་དང་བློ་ཡི་དགྲ་ཡིན་དང་། །ཚུལ་ཁྲིམས་ཟད་བྱེད་ཡིན་ཞེས་བྱ་
བ་འདི་རྣམས་ཀྱིས་དགེ་བའི་རྩ་བ་མ་ལུས་པར་མེད་པར་བྱེད་པའི་ཕྱིར་རོ། །དཔེ་གསུམ་དག་གིས་བསྟན་ཞེ་ན་ཞེས་བྱ་བ་ནི་མར་མེ་དང་། ལྗོན་ཤིང་དང་། ཆུ་རྣམས་ཀྱིས་སོ། །འདི་ནི་ཚེའི་དབང་གིས་མིང་དང་གཟུགས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་དེ་ལས་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། དེར་གཞོལ་
བའི་ཕྱིར་རོ། །གཟུགས་ནི་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། གཟུགས་སུ་རུང་བའི་ཕྱིར་རོ། །ཚེ་ནི་དོད་དང་རྣམ་པར་ཤེས་པ་གཉིས་ཀྱི་གཞིར་གྱུར་པའི་ཆོས་གང་ཡིན་པ་སྟེ། སྲོག་ཅེས་བྱ་བའི་རྣམ་གྲངས་སོ། །དེའི་དབང་གིས་འཇུག་ཅེས་བྱ་བ་ནི་ཚེ་དེ་མེད་པར་མིང་དང་གཟུགས་
མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པོ་དེ་ཕྱིར་ཇི་ལྟ་བུར། །མི་བརྟན་པ་ནི་ཞེས་བྱ་བ་ནི་ཚེ་དང་མིང་དང་གཟུགས་དེ་དག་དཔེ་གསུམ་པོ་དེའི་ཕྱིར་རྣམ་པ་གང་གིས་མི་བརྟན་པ་སྟེ། འཇིག་པའི་ཆོས་ཅན་ཡིན་པ་དེ་འཆི་འགྱེལ་ཟད་པ་ལས་ཕྱོགས་པ་རྣམས་ཀྱིས་ཏེ། དེ་མི་བརྟན་པ་ཉིད་ནི་འཆི་བ་ལ་ཕྱོགས་པ་དང་།

འགྱེལ་བ་ལ་ཕྱོགས་པ་དང་། ཟད་པ་ལ་ཕྱོགས་པའི་མར་མེ་ལྗོན་ཤིང་ཆུ་ཡིས་བསྟན། མར་མེས་ནི་མིང་འཆི་བ་ལ་ཕྱོགས་པ་ཉིད་དུ་བསྟན་ཏེ། ནང་པར་མར་མེ་རླུང་གིས་བསྐྱོད་པ་འདྲ་བར་ཞེས་བྱ་བས་སོ། །ལྗོན་ཤིང་གིས་ནི་གཟུགས་འགྱེལ་བ་ལ་ཕྱོགས་པ་ཉིད་དུ་བསྟན་ཏེ། ཆུ་བོའི་
འགྲམ་གྱི་ལྗོན་ཤིང་རྩ་བ་འགུལ་འདྲ་བར། །ཞེས་བྱ་བས་སོ། །ཆུས་ནི་ཚེ་ཟད་པ་ལ་ཕྱོགས་པ་ཉིད་དུ་བསྟན་ཏེ། སྣོད་ཆག་ཡོད་པའི་ཆུ་ནི་འཛག་པར་བྱེད་པ་ལྟར། །ཞེས་བྱ་བས་སོ། །རྒྱུ་བརྒྱད་དག་གིས་ཆོས་འདི་ལ་ཤིན་ཏུ་བརྩལ་བར་མི་བྱ་བར་འགྱུར་ཏེ་ཞེས་རྒྱ་ཆེར་བསྟན་པ་གང་ཡིན་པ་དེ་དང་ཆོས་
མི་མཐུན་པ་ནི། དོན་གཉེར་ནུས་དང་མ་བྱས་པར། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནས། དེ་ནི་ངེས་པར་སྡིག་ལས་ཀྱིས། །བསྒྲིབས་ཤིང་སྡུག་བསྔལ་མང་སྟོན་ཡིན། །ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གཞན་ཡང་སྐྱོ་བར་བྱེད་པ་ནི། །ངན་སོང་ཐོས་ལ་ཡིད་ཆེས་ཤིང་། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་
ཡིན་ནོ། །ངན་སོང་ཐོས་པ་ནི་ཆོས་སྒྲོགས་པ་རྣམས་སོ། །ཡིད་ཆེས་པ་ནི་ངན་སོང་ཡོད་དོ། །མི་དགེ་བའི་ལས་ཀྱིས་དེར་སྐྱེའོ་སྙམ་དུའོ། །དེ་ཡི་གཉེན་པོར་མི་བྱེད་པ། །དེའི་གཉེན་པོར་དགེ་བའི་ལས་ངན་སོང་དུ་སྐྱེ་བའི་བགེགས་བྱེད་པ་དང་། བདེ་འགྲོ་ཐོབ་པར་བྱེད་པ་མི་བྱེད་དོ། །འཇིགས་པ་ནི་ངན་
སོང་རྣམས་ལའོ། །ནུས་དང་ལྡན་པ་ནི་དགེ་བ་ལ་སྦྱོར་བ་ལའོ། །ཚེ་ཐུང་བ་ནི་རེ་ལྟར་ཐོགས་ན་ཚེ་ལོ་བརྒྱའོ། །དེ་ཡང་མ་ངེས་པ་ནི་ཚེ་དེ་ཡང་མ་ངེས་ཏེ། རེས་འགའ་ནི་མངལ་ཉིད་དུ་འཆིའོ། །རེས་འགའ་ནི་བྱིས་པར་རོ། །རེས་འགའ་ནི་དར་ལ་བབ་པ་ནའོ། །མི་བྱ་བ་ནི་བྱ་མིན། དགེ་བ་མི་དགེ་བར་བྱ་བ་མ་
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་པ་པོ་གཞན་མེད། དེ་ལ་བྱེད་པ་པོ་གཞན་མེད་པའོ། །མ་བྱས་པར་བདེ་ལེགས་མེད། དགེ་བ་མ་བྱས་པར་སྡུག་བསྔལ་མེད་པ་མེད་པའོ། །བྱས་པ་ཡང་མི་འཇིག་དགེ་བ་དང་མི་དགེ་བའི་ལས་བསགས་པ་ཡང་འབྲས་བུར་མ་སྨིན་པར་ཆུད་མི་ཟའོ། །དེ་བྱེད་མི་ཤེས་མིན།
བདག་གིས་ཇི་ལྟར་དགེ་བ་བྱ་སྙམ་པ་དང་། གང་གིས་ན་ངན་སོང་དུ་མི་འགྲོ་ཞིང་བདེ་འགྲོ་ཐོབ་པར་བྱ་སྙམ་དུ་ཐབས་མི་ཤེས་པ་ལ་ཡང་མ་ཡིན་བཞིན་དུའོ། །གལ་ཏེ་སོ་སོའི་སྐྱེ་བོ་དག །ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདོད་པ་ཉིད་ནི་ཟང་ཟིང་གི་ཕུབ་མ་ཡིན་པས་འདོད་པའི་ནི་ཟང་ཟིང་གི་ཕུབ་མ་སྨོས་པས་ནི་དེ་ལ་

སྙིང་པོ་ཉིད་འགོག་པར་བྱེད་དོ། །འདི་སྐད་དུ་འདི་ཇི་སྐད་དུ་བསྟན་པ་དེ་ལྟར་ཡིན་ན། །ཅིའི་ཕྱིར་སོ་སོའི་སྐྱེ་བོ་འདི་འདོད་པའི་ཟང་ཟིང་གི་ཕུབ་མ་ལ་འཇུས་ནས་ཀྱེ་མ་རབ་ཏུ་མྱོས་པའི་གླང་པོ་ཆེའི་ཉལ་བ་བྱེད་དམ་ཅི་ཞེས་བསྟན་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་ཞེས་བྱ་བ་ནི་སྐྱེ་བོ་གང་བདེན་པ་མཐོང་བ་རྣམས་ལས་
སོ་སོར་ཕྱི་རོལ་དུ་གྱུར་པ་དེ་ནི་སོ་སོའི་སྐྱེ་བོ་ཞེས་བྱ་བའོ། །ཀྱེ་མ་འདི་ནི་ཞེས་བྱ་བ་ནི་དེ་ལ་སྙིང་བརྩེ་བར་སྟོན་པ་ཡིན་ནོ། །རབ་མྱོས་པའི་གླང་ཆེན་ཉལ་བ་ཞེས་བྱ་བ་ནི་རབ་ཏུ་མྱོས་པ་ཉིད་ཀྱི་གླང་ཆེན་ཉལ་བ་ཡིན་པས་ན་རབ་ཏུ་མྱོས་པའི་གླང་ཆེན་ཉལ་བ་དེའོ། །ཡང་རྣམ་པ་གཞན་གྱིས་སྐྱོ་བར་བྱེད་པ་ནི། བྱིས་
པ་ཀུན་ནི་རྟེན་ཡོད་ཀྱང་། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །བྱིས་པ་ཀུན་ནི་རྟེན་ཡོད་ཀྱང་། །ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ནི་རྟེན་པ་ཡོད་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །འདིར་བྱས་ལེགས་ཞེས་བྱ་བ་ནི་ཀྱི་ཧུད་ཚིག་གོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་ཞེས་བྱ་བ་ནི། ཀྱེ་མ་མི་བཟད་ཀྱེ་མ་དཀའ། །
ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་སོ། །ལོག་པར་བསྒྲུབ་པ་སྐྱོན་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ལོག་པར་བསྒྲུབ་པ་དེ་ནི་རྣམ་པ་གཉིས་ཏེ། སངས་རྒྱས་ཀྱི་གསུང་མི་ཉན་པའི་མཚན་ཉིད་ཡིན་པར་འཆད་དེ། ལོག་པར་བསྒྲུབ་པ་དེ་ཡང་ཚིགས་སུ་བཅད་པ་གཞན་གསུམ་དག་གིས་བསྟན་པ་ཡིན་ནོ་ཞེས་བྱ་བ་
རྒྱ་ཆེར་འབྱུང་བས་སོ། །ཚིགས་སུ་བཅད་པ་གཞན་གསུམ་དག་གིས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་གསུང་ཞེས་བྱ་བ་གང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་སྟེ། ཚིགས་སུ་བཅད་པ་གསུམ་པོ་འདི་དག་གིས་སོ། །དེ་ཡང་མདོར་བསྡུ་ན་སངས་རྒྱས་ཀྱི་གསུང་མི་ཉན་པ་དང་། མི་འཛིན་པ་ལས་བརྩམས་
ནས་རིག་པར་བྱའོ། །རེ་ཞིག་མི་ཉན་པ་ལས་བརྩམས་ནས་རིག་པར་བྱ་བ་ནི་སངས་རྒྱས་ཀྱི་གསུང་གང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་སྟེ། དེ་ལྟར་སངས་རྒྱས་ཀྱི་གསུང་མི་ཉན་པའི་ལོག་པར་བསྒྲུབ་པ་ནི་སངས་རྒྱས་གསུང་ཞེས་བྱ་བ་ནས་བརྩམས་ནས་བརླག་པའི་རྒྱུ། གྲོང་པའི་སྒྲ་ལ་མངོན་པར་དགའ། །ཞེས་
བྱ་བའི་བར་གྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་གསུང་གང་རྙེད་པར་དཀའ་བ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚིག་རྣམས་སངས་རྒྱས་གསུང་ཞེས་བྱ་བ་གང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚིག་རྣམས་སུ་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །མི་འཛིན་པ་ལས་

བརྩམས་ནས་རིག་པར་བྱ་བ་ནི་ཐོས་ནས་ཡང་ཕན་པར་བཞེད་པ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ཏེ། དེ་ལྟ་བུའི་འཛིན་པའི་ལོག་པར་སྒྲུབ་པ་ནི། བདག་ལ་ཕན་པར་བརྩོན་རྣམས་ཀྱིས་ནི་དགྲ་ཡིན་ཡང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བསྟན་པ་ཡིན་ནོ། །འདིར་ཡང་ཚིག་
ཏུའམ་དོན་དུ་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །དེ་ནི་མི་བཟད་པ་ལ་སོགས་པའི་སྒྲས་བསྟན་ཏོ་ཞེས་བྱ་བ་ནི་ལོག་པར་སྒྲུབ་པ་དེ་ནི་མི་བཟད་པ་དང་། དཀའ་བ་ལ་སོགས་པའི་སྒྲས་བསྟན་ཏོ། ཇི་ལྟར་བྱས་པས་ཤེ་ན། དེ་རྣམས་ཀྱིས་ལོག་པར་སྒྲུབ་པ་དེ་མཐོང་ནས། ཀྱེ་མ་མི་བཟད་ཀྱེ་མ་དཀའ། །ཀྱེ་མའོ་
སྡུག་བསྔལ་ཀྱེ་མའོ་འཇིགས། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྨོས་པ་ཡིན་ནོ། །གནོད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། ལུས་ལ་གནོད་པའི་རྒྱུ་ཡིན་པའི་ཕྱིར་དང་། སེམས་ལ་གནོད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གསོད་པ་དང་། འཆིང་བ་དང་། རྡེག་པ་ལ་སོགས་པ་གཞན་གྱི་གནོད་པ་དང་།
མྱ་ངན་གྱི་གནས་ཡིན་པ་ཉིད་ཀྱིས་ཏེ། གསོད་པ་དང་། འཆིང་བ་དང་། རྡེག་པ་ལ་སོགས་པ་ཉིད་གཞན་གྱི་གནོད་པ་ཡིན་པས་གསོད་པ་དང་། འཆིང་བ་དང་། རྡེག་པ་ལ་སོགས་པ་གཞན་གྱི་གནོད་པ་དང་། སོགས་པའི་སྒྲས་ནི་རྩོད་པ་ལ་སོགས་པ་གཟུང་ངོ་། །གསོད་པ་དང་། འཆིང་བ་དང་། རྡེག་
པ་ལ་སོགས་པ་གཞན་གྱི་གནོད་པ་དེའི་གནས་ཡིན་པ་ཉིད་ཀྱིས་ནི་རྟེན་ཡིན་པ་ཉིད་ཀྱིས་སོ། །དེ་ལྟར་ན་རེ་ཞིག་སྡུག་བསྔལ་བ་ནི་ལུས་ལ་གནོད་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་ལ་གནོད་པའི་ཕྱིར་ཡང་ཡིན་ཏེ། མྱ་ངན་གྱི་གནས་ཡིན་པ་ཉིད་ཀྱིས་ནི་ཡིད་མི་བདེ་བའི་རྟེན་ཡིན་པ་ཉིད་ཀྱིས་སོ་ཞེས་བྱ་བའི་ཐ་
ཚིག་གོ། །མྱ་ངན་བྱས་པ་ནི་གནས་འཇོག་གི་བུ་སའི་བཅུད་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཕྲད་ནས་ཀྱེ་མའོ་སའི་བཅུད་ཅེས་མྱ་ངན་གྱིས་དུབ་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་དོ་ཞེས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་ཁྱེད་ཀྱིས་མི་ཁོམ་པའི་ར་བ་བརྒྱད་ཕུག་སྟེ་ཞེས་བྱ་བ་ལ། མི་ཁོམ་བརྒྱད་པོ་
གང་དག་གི་ཞེ་ན། དགེ་སློང་དག་བརྒྱད་པོ་འདི་དག་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་མི་ཁོམ་པ་དང་དུས་མེད་པ་དག་ཡིན་ནོ། །བརྒྱད་པོ་དག་གང་ཞེ་ན། དགེ་སློང་དག་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་

གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱུང་སྟེ། ཆོས་ཉེ་བར་ཞི་བ་ཅན་ཡོངས་སུ་མྱ་ངན་ལས་འདས་པ་ཅན་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་བདེ་བར་གཤེགས་པས་གསུངས་པ་
སྟོན་པར་མཛད་ལ་སེམས་ཅན་དེ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་ཡིན་ཏེ། འདི་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་མི་ཁོམ་པ་དང་། དུས་མེད་པ་དང་པོ་ཡིན་ནོ། །དེ་བཞིན་དུ་དུད་འགྲོ་རྣམས་སུ་ཡིན་ནོ། །འདི་ནི་གཉིས་པ་སྟེ་སྔ་མ་བཞིན་ནོ། །དེ་བཞིན་དུ་ཡི་དགས་རྣམས་སུ་
ཡིན་ནོ། །འདི་ནི་གསུམ་པ་སྟེ་སྔ་མ་བཞིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནས། སེམས་ཅན་དེ་ནི་ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེས་པ་ཡིན་ཞེས་བྱ་བའི་བར་དུ་སྟེ། འདི་ནི་བཞི་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནས་བདེ་བར་གཤེགས་པས་གསུངས་པ་སྟོན་པར་མཛད་ལ་ཞེས་བྱ་
བའི་བར་དང་། སེམས་ཅན་དེ་ནི་ཡུལ་མཐའ་འཁོབ་ཏུ་གང་ན་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་མི་སྣང་བའི་མཐའ་འཁོབ་ཀླ་ཀློ་རྣམས་སུ་སྐྱེས་པ་ཡིན་ཏེ། འདི་ནི་མི་ཁོམ་པ་ལྔ་པ་ཡིན་ཏེ་སྔ་མ་བཞིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནས།
བདེ་བར་གཤེགས་པས་གསུངས་པ་སྟོན་པར་མཛད་ལ་ཞེས་བྱ་བའི་བར་དང་། སེམས་ཅན་དེ་ཡང་ཡུལ་དབུས་སུ་སྐྱེས་ནས། དེ་གླེན་པ་དང་། ལུག་ལྟར་ལྐུགས་པ་དང་། ལག་བརྡ་ཅན་དང་། ལེགས་པར་བཤད་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཤེས་པར་མི་ནུས་པ་ཡིན་ཏེ། སྔ་མ་
བཞིན་དུ་མི་ཁོམ་པ་དང་། དུས་མེད་པ་དྲུག་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ན། བདེ་བར་གཤེགས་པས་གསུངས་པ་སྟོན་པར་མཛད་ལ་ཞེས་བྱ་བའི་བར་དང་། སེམས་ཅན་དེ་ཡང་ཡུལ་དབུས་སུ་སྐྱེས་ཤིང་མི་གླེན་པ་དང་། ལུག་ལྟར་ལྐུགས་པ་མ་ཡིན་པ་དང་། ལག་བརྡ་
ཅན་མ་ཡིན་པ་དང་། ལེགས་པར་བཤད་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཤེས་པར་ནུས་པ་ཡིན་ན། དེ་ལོག་པར་ལྟ་བ་ཅན་དང་། ཕྱིན་ཅི་ལོག་པར་ལྟ་བ་ཅན་དང་། ཕྱིན་ཅི་ལོག་ཏུ་ལྟ་བ་ཅན་ཡིན་པས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་

སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་
སྐྱེ་བ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ། །ཡང་དག་པར་སོང་བ་མེད་དོ། །ཡང་དག་པར་ཞུགས་པ་མེད་དོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་
པ་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་མེད་དོ་ཞེས་སྨྲ་བ་འདི་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་མི་ཁོམ་པ་སྟེ། དུས་མེད་པ་བདུན་པ་ཡིན་ནོ། །གཞན་ཡང་སེམས་ཅན་དེ་ནི་ཡུལ་དབུས་སུ་སྐྱེས་པ་ཡིན་ལ། དེ་ཡང་མི་གླེན་པ་དང་། ལྐུགས་པ་མ་ཡིན་པ་དང་། ལག་བརྡ་ཅན་མ་ཡིན་
པ་དང་། ལེགས་པར་བཤད་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཤེས་པར་ནུས་པ་ཡིན་ལ། དེ་ཡང་དག་པའི་ལྟ་བ་ཅན་ནས་བྱ་བ་བྱས་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པའི་བར་ཡང་ཡིན་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་ཞིང་ཆོས་ཉེ་བར་ཞི་བ་ཅན། ཡོངས་སུ་མྱ་ངན་ལས་འདས་པ་ཅན། རྫོགས་པའི་བྱང་
ཆུབ་ཏུ་འགྲོ་བ་བདེ་བར་གཤེགས་པས་གསུངས་པ་སྟོན་པར་མི་མཛད་པ་འདི་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་མི་ཁོམ་པ་དང་དུས་མེད་པ་བརྒྱད་པ་ཡིན་ནོ། །དགེ་སློང་དག་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ཁོམ་པ་དེ་ནི་གཅིག་པུ་ཁོ་ན་དང་། དུས་གཅིག་པུ་
ཡིན་ནོ། །དགེ་སློང་དག་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ཁོམ་པ་དེ་གཅིག་པུ་དང་། དུས་གཅིག་པུ་གང་ཞེ་ན། དགེ་སློང་དག་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་

པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱུང་ཞིང་ཆོས་ཉེ་བར་ཞི་བ་ཅན། ཡོངས་སུ་མྱ་ངན་ལས་འདས་པ་ཅན་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་བདེ་བར་གཤེགས་པས་གསུངས་པ་སྟོན་པར་མཛད་ལ། སེམས་ཅན་
དེ་ཡང་ཡུལ་གྱི་དབུས་སུ་སྐྱེས་ཤིང་། དེ་མི་གླེན་པ་དང་། ལུག་ལྟར་ལྐུགས་པ་མ་ཡིན་པ་དང་། ལག་བརྡ་ཅན་མ་ཡིན་པ་དང་། ལེགས་པར་སྤྱད་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཤེས་པར་ནུས་པ་ཡང་ཡིན་ལ། དེ་ཡང་དག་པའི་ལྟ་བ་ཅན་དང་། ཕྱིན་ཅི་མ་ལོག་པའི་
ལྟ་བ་ཅན་ཡིན་པས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྦྱིན་པ་ཡོད་དོ། །མཆོད་སྦྱིན་ཡོད་དོ། །སྦྱིན་སྲེག་ཡོད་དོ། །ལེགས་པར་སྤྱོད་པ་ཡོད་དོ། །ཉེས་པར་སྤྱོད་པ་ཡོད་དོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་གཉིས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ། །འཇིག་རྟེན་འདི་ཡོད་དོ། །འཇིག་རྟེན་ཕ་རོལ་ཡོད་
དོ། །ཕ་ཡོད་དོ། །མ་ཡོད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་ཡོད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་དང་། ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་
པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་ཡོད་དོ་ཞེས་སྨྲ་བ་འདི་ནི་དགེ་སློང་དག་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ཁོམ་པ་དེ་གཅིག་པུ་ཡིན་ཞིང་དུས་གཅིག་པུ་ཡིན་ནོ། །ཕག་མོ་ཐི་བའི་ཕྲེང་ལྡན་མའི་སྔོན་གྱི་ཚུལ་ཡང་བརྗོད་པར་བྱ་སྟེ། དེ་བཞིན་
དུ་དམ་པའི་ཆོས་མཉེན་པས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཇི་ལྟ་བུ་ཞེ་ན། གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། བཅོམ་ལྡན་འདས་ཀྱིས་ཕག་མོ་ཕྲུ་གུ་མང་པོ་དག་གིས་ནུ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་འཛུམ་པ་མཛད་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་འཛུམ་པ་མཛད་པ་མཐོང་ངོ་། །
མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཀུན་དགའ་བོ་སྔོན་བྱུང་བ་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་ལ་བུ་མོ་ཐི་བའི་ཕྲེང་ལྡན་མ་ཞེས་བྱ་བ་ཞིག་ཡོད་དེ། བུ་མོ་དེས་ཕ་ལ་ཚིགས་སུ་བཅད་པ། གང་ནས་འགྲོ་བ་ལྡོག་པར་འགྱུར། །ལམ་ནི་གང་དུ་ལྡོག་པར་འགྱུར། །འཇིག་རྟེན་ན་ནི་བདེ་བ་དང་། །སྡུག་བསྔལ་
མ་ལུས་གང་དུ་འགག །ཅེས་བྱ་བ་འདི་སྨྲས་པ་དང་། དེ་ནས་ཕས་བྲམ་ཟེ་རྣམས་བསྡུས་ཏེ་འདི་ཅི་ཞིག་ཅེས་སྨྲས་ན། དེ་རྣམས་ཀྱིས་དོན་ཁོང་དུ་མ་ཆུད་ནས་བགྲོས་ཏེ། རྒྱལ་པོ་ཆེན་པོ་ཅི་ཡང་མ་ལགས་སོ། །ཅི་ཡང་མ་ལགས་སོ་ཞེས་སྨྲས་པ་དང་། བུ་མོ་དེས་མང་པོ་དག་གི་སྒྲ་དེ་ཐོས་ནས་སྔོན་དེའི་སྙོམས་པར་འཇུག་པའི་
ཚོགས་ཡང་དག་པར་བསྒྲུབས་པའི་ཕྱིར་རིམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་སོ། །རྒྱུ་དེས་ཅི་ཡང་མེད་པའི་སྐྱེ་མཆེད་དག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་ཁྱད་པར་གྱིས་དེ་ལྟར་ཕག་མོར་གྱུར་པ་ཡིན་ནོ། །གལ་ཏེ་བུ་མོ་དེས་
ཚིགས་སུ་བཅད་པ་འདིས་ལས། མིག་དང་རྣ་བ་དེ་བཞིན་སྣ། །ལྕེ་དང་ལུས་དང་དེ་བཞིན་ཡིད། །མིང་དང་གཟུགས་ནི་གང་དག་ཏུ། །མ་ལུས་པར་ནི་འགག་འགྱུར་བ། །དེ་ནས་འགྲོ་བ་ལྡོག་གྱུར་པ། །ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་ལན་ཐོབ་ན་དེ་གནས་སྐབས་དེར་མི་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དམ་པའི་ཆོས་མཉན་
པས་སེམས་ཅན་རྣམས་མངོན་པར་མཐོ་བའི་འགྲོ་བར་སྐྱེས་ནས་ཤུགས་ཟད་པ་ནི་འཕེན་པ་ཟད་པ་ཞེས་བྱ་བའི་ཐ་ཚིག་སྟེ། མདའ་གནམ་དུ་འཕངས་པ་སླར་ས་ལ་ལྟུང་བ་བཞིན་དུ་ཡང་ངན་འགྲོར་འགྲོ་བར་འགྱུར་རོ། །འདྲི་བའི་ཚིགས་སུ་བཅད་པ་གང་ནས་འགྲོ་བ་ལྡོག་པར་འགྱུར་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་འདི་དང་། ཚིགས་
སུ་བཅད་པ་དེའི་ལན། མིག་དང་རྣ་བ་དེ་བཞིན་སྣ། །ཞེས་རྒྱ་ཆེར་འབྱུང་བས་ཚིགས་སུ་བཅད་པའི་དོན་དང་ལྡན་པ་ཡང་ཤེས་པར་བྱ་སྟེ། གཞུང་མངས་ཀྱིས་དོགས་པས་བདག་གིས་མ་བྲིས་སོ། །དེ་ལྟ་བས་ན་རྣམ་པ་དེ་ལྟ་བུའི་ཚིགས་སུ་བཅད་པ་དང་། གཏམ་དང་སྔོན་གྱི་སྦྱོར་བ་ལ་སོགས་པ་དག་གིས་ཏེ། ཇི་སྐད་
སྟོན་པའི་ཚིགས་སུ་བཅད་པ་དག་དང་། གཏམ་དག་དང་། སྔོན་གྱི་སྦྱོར་བ་ལ་སོགས་པ་དག་གིས་སོ། །སོགས་པའི་སྒྲས་ནི་རང་གིས་ལེགས་པར་བཤད་པ་སྦྱར་བ་དག་གིས་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པར་བྱའོ། །གཅེས་པ་དང་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མདོ་སྡེའི་ཡང་དག་པར་བསྟན་པ་ལ་སོགས་པ་གཅེས་

པ་སྟེ་དགོས་པ་བརྗོད་པར་བྱའོ། །མདོ་སྡེའི་དགོངས་པ་ཅན་གྱི་གསུང་དེ་དག་རྣམ་པ་མང་དུ་ནི་དགོངས་པ་ཅན་གྱི་གསུང་ནི་དགོངས་པ་ཅན་གྱི་གསུང་ངོ་། །རྣམ་པ་མང་དུ་སྟེ་རྣམ་པ་དུ་མར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་གི་དོན་ཡང་བརྗོད་པར་བྱ་སྟེ། བརྗོད་པ་གང་གིས་བརྗོད་པར་བྱ་བ་གང་
ཡིན་པ་ཡང་སྨོས་པར་བྱ་ཞིང་བརྗོད་པར་བྱའོ། །མཚམས་སྦྱར་བསྡེབས་པ་འདྲ་བར་ནི་མཚམས་སྦྱར་བ་ནི་ཚིག་སྔ་ཕྱི་གཉིས་འབྲེལ་པར་བྱའོ། །མཚམས་སྦྱར་བ་དེའི་བསྡེབས་པ་ནི་འབྲེལ་པར་བྱའོ། །འདྲ་བར་ནི་རིག་པའི་ངོ་བོ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འགལ་བ་ཤེས་པར་བྱ་བ་ནི་བརྒལ་
བ་རྣམ་པ་གཉིས་ཏེ། སྒྲ་ལ་བརྒལ་བ་དང་། དོན་ལ་བརྒལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་གདབ་ཐབས་ཀྱང་ནི་ལན་གདབ་ནི་བརྒལ་བ་དེའི་ལན་ནོ། །ལན་གདབ་པ་དེ་ཡང་ཐབས་ཏེ། ཐབས་དེ་ཉིད་མང་དུ་སྟེ་མང་པོར་བརྗོད་པར་བྱའོ། །ཡོན་ཏན་འདི་དག་རྣམས་དང་ལྡན་པས། གལ་ཏེ་སྨྲ་ན་
ལེགས་སྨྲ་ཡིན། །ཞེས་བྱ་བ་ནི་དགོས་པ་དང་བཅས་པ་ཉིད་ཀྱི་ཡོན་ཏན་དུ་བསྟན་པ་ཡིན་ཏེ། གཅེས་པ་བརྗོད་ཅེས་བྱ་བའི་ཚིག་འདིས་སོ། །དགོངས་པ་ཟད་པ་ཉིད་ནི། དགོངས་པ་ཅན་གྱི་གསུང་དག་རྣམ་པ་མང་དུ་བརྗོད། །ཅེས་བྱ་བའི་ཚིག་འདིས་སོ། །མཚན་ཉིད་ཟབ་པ་ཉིད་ནི་ཚིག་གི་དོན་ནི་བརྗོད་པར་བྱ།
ཞེས་བྱ་བའི་ཚིག་འདིས་སོ། །སྔ་ཕྱི་འབྲེལ་པ་ཉིད་ནི་མཚམས་སྦྱར་བསྡེབས་པ་འདྲ་བར་ཞེས་བྱ་བའི་ཚིག་འདིས་སོ། །རིགས་པ་དང་འབྲེལ་པ་ཉིད་ཀྱི་ཡོན་ཏན་བསྟན་པ་ནི་འགལ་བ་དག་དང་། ལན་གདབ་ཐབས་ཀྱང་མང་དུ་ཤེས་པར་བྱ། །ཞེས་བྱ་བའི་ཚིག་འདིས་སོ། །གང་ཞིག་གསལ་དང་ཞེས་བྱ་བ་རྒྱ་
ཆེར་འབྱུང་བ་ནི་གང་ཞིག་དོན་གསལ་བར་སྨྲ་བ་ནས་གང་ཞིག་དོན་གོ་བར་བྱེད་པ་སྨྲ་བའི་བར་རོ། །རང་གི་ཕྱོགས་འཛུགས་པ་དང་ཆོས་སྟོན་པའོ། །དེ་ལ་རང་གི་ཕྱོགས་འཛུགས་པ་ནི་ཕས་ཀྱི་རྒོལ་བ་ཚར་བཅད་ནས་རང་གི་ཕྱོགས་སངས་རྒྱས་ཀྱི་གསུང་འཛུགས་པ་བྱེད་པ་ཡིན་པར་རིག་པར་བྱའོ། །ཆོས་སྟོན་པ་
ནི་གང་ཞིག་ཆོས་ཁོ་ན་ཕྱིན་ཅི་མ་ལོག་པར་སྟོན་ཅིང་ལེགས་པར་བྱེ་བྲག་ཕྱེད་ནས་མཁས་པ་གང་ཡིན་པའོ། །དེ་ལ་དང་པོའི་ངག་ཡོངས་སུ་དག་པ་ནི་རང་གི་ཕྱོགས་འཛུགས་པ་ཡིན་ལ། གཞན་གྱིས་བརྒལ་དུ་ཟིན་ཀྱང་སྙན་པར་སྨྲ་བ་ཉིད་དང་། མི་སྙན་པ་མི་སྨྲ་བ་ཉིད་ཀྱིས་སོ། །ཕས་ཀྱི་རྒོལ་བ་ལ་སྙན་པར་སྨྲ་

བ་དང་། མི་སྙན་པར་མི་སྨྲ་བས་ངག་ཡོངས་སུ་དག་པར་བསྟན་པ་ཡིན་ཏེ། གང་གིས་ཤེ་ན་རྩ་བ་དང་པོ་ཉིད་ཀྱིས་སོ། །སེམས་ཡོངས་སུ་དག་པ་ནི་གཞན་གྱིས་ཏེ། དེ་ལ་བསྔགས་པ་དང་རྒྱལ་བ་ཐོབ་ཀྱང་ཞེས་བྱ་བ་ནི་བསྔགས་པ་ཐོབ་ཅིང་རྒྱལ་བ་ཐོབ་ཀྱང་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བས་སོ། །འདིར་
བསྔགས་པ་ཐོབ་ཅིང་རྒྱལ་བ་ཐོབ་ཀྱང་རྒྱགས་པ་གང་ཡིན་པ་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བ་ནི་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བའོ། །དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བ་སྟེ། སེམས་ཡོངས་སུ་དག་པ་བསྟན་པ་ཡིན་ཏེ། རྩ་བ་གཉིས་པས་སོ། །གཉིས་པའི་ངག་ཡོངས་
སུ་དག་པ་ནི་ཡོངས་སུ་རྫོགས་པ་དང་མི་ཟློས་པ་དང་། ཚད་མ་དང་མི་འགལ་བ་དང་། དོན་གསལ་བའི་ཚིག་བརྗོད་པ་ཉིད་ཀྱིས་ངག་ཡོངས་སུ་དག་པ་བསྟན་པ་ཡིན་ཏེ། རྩ་བ་གསུམ་པས་སོ། །ཇི་ལྟར་བྱས་པས་ཤེ་ན། ཡོངས་སུ་རྫོགས་པ་བརྗོད་པས་ངག་ཡོངས་སུ་དག་པ་བསྟན་པ་ནི་རྒྱས་པ་ཞེས་བྱ་
བའི་ཚིག་འདིས་སོ། །མི་ཟློས་པར་བརྗོད་པས་མི་ཟློས་པ་བརྗོད་པ་སྟེ། སྣ་ཚོགས་ཞེས་བྱ་བའི་ཚིག་འདིས་སོ། །ཚད་མ་དང་མི་འགལ་བའི་དོན་གྱིས་ན་ཚད་མ་དང་མི་འགལ་བའི་དོན་གྱིས་ཏེ། འབྲེལ་ཞེས་བྱ་བའི་ཚིག་འདིས་སོ། །གསལ་བའི་ཚིག་གིས་དོན་བརྗོད་པས་ན་གསལ་བའི་ཚིག་བརྗོད་པ་སྟེ།
གོ་བྱེད་ཅེས་བྱ་བའི་ཚིག་འདིས་སོ། །དེའི་སེམས་ཡོངས་སུ་དག་པ་ནི་བདག་དང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པའི་བསམ་པའི་སེམས་ཟང་ཟིང་མེད་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། རྩ་བ་བཞི་པས་སོ། །མདོ་སྡེའི་བཤད་པའི་ཤན་འདི་ནི་མདོ་སྡེའི་བཤད་པ་སྟེ། རྣམ་པར་བཤད་པ་ནི་མདོ་སྡེའི་བཤད་པའོ། །
མདོ་སྡེའི་བཤད་པའི་ཤན་ཏེ། ཕྱོགས་གཅིག་དང་ཆ་ཤས་ནི་མདོ་སྡེའི་བཤད་པའི་ཤན་ཏོ། །འདི་ཞེས་བྱ་བས་ནི་ཇི་སྐད་དུ་བསྟན་པ་སྟོན་པར་བྱེད་པ་ཡིན་ནོ། །སློབ་དཔོན་མངོན་སུམ་མཉན་བྱས་ནས། །དད་དང་ལྡན་པ་བློ་ཞན་པ། །དེ་རྣམས་ལ་ནི་ཕན་འདོད་པས། །རྣམ་བཤད་རིགས་པའི་འགྲེལ་བཤད་ཡིན། །རྣམ་པར་
བཤད་པ་རིགས་པའི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུ་དྡྷ་སིང་ཧ་དང་། ཤཱཀྱ་སིང་ཧ་དང་། ལོ་ཙཱ་བ་བནྡེ་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཚིགས་སུ་བཅད་པ་ནི་བཞི་སྟོང་ཆིག་བརྒྱ་ཡོད།། །།