Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 137

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
པ་དང་། རྣམ་པར་ཐར་

པ་དག་སྟོན་པའི་བརྗོད་པ་གང་ཡིན་པའོ། །རྣམ་པར་བྱང་བ་དང་མཐུན་པ་ནི་བརྗོད་པ་ཙམ་དུ་ཟད་དེ་རང་གི་མཚན་ཉིད་མེད་ན་ཇི་ལྟར་ན་ལེགས་པར་བཤད་པའམ། ཉེས་པར་བཤད་པར་འགྱུར། གཞན་ཡང་ཀུན་རྫོབ་ཀྱང་ཁ་ཅིག་གདོན་མི་ཟ་བར་དངོས་སུ་ཁས་བླང་བར་བྱ་བར་འགྱུར་རོ། །དེ་ཁས་བླངས་
ན་ནི་ཐམས་ཅད་མེད་པ་ཡང་མ་ཡིན་ནོ། །ཡང་ན་དེ་ཡང་མེད་ན་ནི་ཇི་ལྟར་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་གསུངས་པ་ཡིན། གཞན་ཡང་དེ་སྐད་དུ་སྨྲ་བ་དེ་དག་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཐམས་ཅད་ལ་སྐུར་པ་བཏབ་པས་གནས་དང་གནས་མ་ཡིན་པ་གཉིས་ཏེ་སྲིད་པ་དང་མི་སྲིད་པ་གཉིས་ལ་མི་
གནས་པའི་ཕྱིར་ཏེ། འདི་ལྟར་དེ་ཉིད་ལ་མི་གནས་པས་དེའི་ཕྱིར་བརྗོད་དུ་མེད་པར་འགྱུར་རོ། །སྨྲར་མེད་པར་འགྱུར་རོ། །རང་གིས་རང་སྨྲ་བ་བཀག་པའི་ཕྱིར་འདི་ལྟར་རང་གིས་རང་སྨྲ་བ་སྟེ་མེད་པར་སྨྲ་བ་འགོག་པར་བྱེད་དོ། །ཇི་ལྟ་ཞེ་ན། གང་ངེད་ཀྱིས་མེད་དོ་ཞེས་སྨྲ་བ་འདི་ཡང་མེད་དོ་ཞེས་ཟེར་རོ། །
དེའི་ཕྱིར་ཡང་བརྗོད་དུ་མེད་པར་འགྱུར་རོ། །མིང་གིས་ཀྱང་ནི་མིང་ཉིད་སྟོང་། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣ་མས་ཐམས་ཅད་མིང་མེད་ཅིང། །མིང་གིས་ཡོངས་སུ་བརྗོད་པ་ཡིན། །བྱིས་པ་རྣམས་ཀྱིས་ཀུན་དུ་བརྟགས་པ་བཞིན་དུ་བརྗོད་པས་སེམས་དང། རྣམ་པར་ཤེས་པ་དང། དམིགས་པ་དང་
ཚོར་བ་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་ནི་སྟོན་པས་བཏགས་པའི་ཚིག་ཅེས་བྱ་བ་ནི་སྟོན་པས་གསུངས་པའི་ཚིག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ་ཞེས་བྱ་བ་ནི་ཀུན་དུ་རྟོག་པ་ལས་སྐྱེས་པ་ཐ་སྙད་དུ་བརྗོད་པ་
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་རྟོག་པ་སྣ་ཚོགས་ཞེས་བྱ་བ་ལས་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་ནི་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པའོ། །དེ་གཏན་ནི་གཏན་དུ་ཞེས་བྱ་བའི་ཐ་ཚིག་སྟེ། ཡོངས་སུ་མ་གྲུབ་པ་ནི་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་
ཡོངས་སུ་མ་གྲུབ་པའོ། །ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པ་དེས་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །འདུས་བྱས་ཇི་ལྟ་བ་བཞིན་དུ་འདུས་མ་བྱས་ཀྱང་དེ་བཞིན་ནོ་ཞེས་དེ་བཞིན་དུ་སྦྱར་རོ། །ཇི་ལྟ་ཞེ་ན། རིགས་ཀྱི་བུ་འདུས་མ་བྱས་ཞས་བྱ་བ་དེ་ནི་སྟོན་པས་བཏགས་

པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་མ་བྱས་མ་
ཡིན་ནོ། །དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་ཏེ། འདུས་བྱས་དང་འདུས་མ་བྱས་རྒྱ་ཆེར་གསུངས་པ་ཅི་འདྲ་བར་རོ། །སྦྱར་བ་ཡིན་ནོ་ཞེས་བྱ་བ་ནི་དོན་གཅིག་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིགས་སུ་བཅད་པ་དེ་ནི། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང་། །ཞེས་བྱ་བ་
དེ་ལྟ་བུ་ལ་སོགས་པའོ། །བྲམ་ཟེའི་ཁྱེའུ་བླ་མ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྤྲུལ་པ་ཙམ་ཞིག་ཡིན་པར་བསྟན་པ་ཇི་ལྟར་བྱས་པས་ཤེ་ན། བཅོམ་ལྡན་འདས་འོད་སྲུངས་ཀྱི་དྲུང་ན་བྲམ་ཟེའི་ཁྱེའུ་བླ་མ་ཚངས་པར་སྤྱོད་པ་ལ་གནས་པ་སྤྲུལ་པ་ཡིན་པར་བསྟན་ཏོ། །དེ་ནས་
དགའ་ལྡན་དུ་ལྷའི་བུ་ཏོག་དཀར་པོར་སྐྱེ་བ་ཡིན་པར་བསྟན་ཏོ། །དེར་ཡང་ལྷའི་རིགས་དྲུག་པོ་དག་ལ་བཀའ་སྩལ་ནས་འདིར་བྱོན་ཏེ། ཟས་གཙང་མའི་སྲས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ཡིན་པར་བསྟན་ཏོ། །བལྟམས་པ་དང་། སྐྱོ་བ་དང་། ཁབ་ནས་ངེས་པར་འབྱུང་ནས་གཞན་མུ་
སྟེགས་ཅན་རྣམས་ལས་བྱང་ཆུབ་ཀྱི་ལམ་ཚོལ་བ་ལ་ཞུགས་པ་ཡིན་པར་བསྟན་ཏོ། །རིམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ཞིང་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པར་བསྟན་ཏོ། །དེ་ནས་བཱ་རཱ་ཎ་སཱིར་ཐོག་མ་ཁོ་ནར་སྟེན་ལྔ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པར་བསྟན་ཏོ། །དེ་ནས་
རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྤྲུལ་པ་ཙམ་ཞིག་ཡིན་པར་བསྟན་ཏོ། །དད་པ་ལ་སོགས་པའི་ཁྱད་པར་སྐྱེས་པའི་ཕྱིར་ཏེ། སྩོགས་པའི་སྒྲས་ནི་ལྡང་བ་དང་ཕྱག་འཚལ་བ་ལ་སོགས་པའི་ཁྱད་པར་སྐྱེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་སངས་
རྒྱས་རྣམས་ཀྱི་དབང་བསྐུར་བ་གང་ཡིན་པ་དེ་འདིས་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱལ་པོའི་དབང་བསྐུར་ཐོབ་པ་དང་འདྲའོ། །གཞལ་ཡས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གཞལ་ཡས་ནི་བགྲང་བ་མཆོག་ཏུ་བྱུང་བས་སོ། །གྲངས་མེད་པ་ནི་ཡོན་ཏན་མང་བ་ཉིད་ཀྱིས་སོ། །བསམ་ཡས་ནི་ཡོན་

ཏན་པ་ལ་ཆེ་བའི་ཕྱིར་རོ། །བསྟན་དུ་མེད་པ་ནི་གཞལ་དུ་མེད་པ་ཉིད་ཀྱིས་སོ། །གང་གི་ཕྱིར་ཁྱོད་དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ན། ཁྱོད་ནི་ཉིད་ཀྱིས་རང་ཉིད་ཀྱི། །ཉིད་ནི་མཁྱེན་པ་ཁོ་ནར་འོས་སོ། །ཅི་ཞིག་ཏུ་འགྱུར་ཏེ་ཞེས་བྱ་བ་ནི་ཡོན་ཏན་ཅི་ཞིག་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་
མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་གང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཉེ་བར་འགྱུར་བ་དང་། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང་ཉེ་བར་གྱུར་པ་ཡོད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང་ཉེ་བར་གྱུར་
པ་ཡིན་ནོ། །ཐོས་པ་དང་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་མཐའ་ཡས་པའི་དབང་ཐོབ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད་པ་ནི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་སྟེ། ཐོས་པའི་དབང་མཐའ་ཡས་པ་ཐོབ་པ་དང་། ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པའི་དབང་མཐའ་ཡས་
པ་ཐོབ་པའོ། །བགྲེས་པའི་རྒྱུས་ཞེས་བྱ་བ་ནི་བགྲེས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་རྣམས་ཡོངས་སུ་སྨིན་པ་ནི་དབང་པོ་རྣམས་ཡོངས་སུ་སྨིན་པ་སྟེ། ཡུལ་གསལ་བར་དམིགས་པའི་རྒྱུ་ཉིད་ཡིན་ནོ། །གཞན་དག་གིས་ཞེས་བྱ་བ་ནི་གཞན་དག་གིས་རྒ་བ་དང་། ན་བ་དང་། འཆི་བའི་
ཆོས་ཉིད་མི་མཁྱེན་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་ནི་དུབ་པ་ཉིད་དུབ་པར་གནས་པ་སྟེ། ཁ་ཟས་མི་ཟ་བ་ལ་སོགས་པས་བདག་ཉིད་དུབ་པའོ་། །བདག་ཉིད་དུབ་པར་གནས་པ་དེ་ལ་བརྟེན་པ་ནི་བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་
སྦྱོར་བའི་མཐའ་སྟེ་དེ་ལའོ། །བསྐལ་པ་མི་ཉུང་བར་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདི་ལ་བསྐལ་པ་མི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པས་སྐུ་ཡང་དག་པར་གྲུབ་པ་ཡོད་པས་འདི་ནི་བསྐལ་པ་མི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པས་སྐུ་ཡང་དག་པར་གྲུབ་པའོ། །དྲན་
པ་དང་བློ་གྲོས་ཆེན་པོའི་སྟོབས་བསྐྱེད་པ་ཐོབ་པ་ནི་དྲན་པ་དང་། བློ་གྲོས་ཆེན་པོའི་སྟོབས་བསྐྱེད་པ་ཐོབ་པ་དང་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་པ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ཏེ་སྲིད་པའི་རྩེ་མོའི་བར་ཐོབ་པ་

ཡོངས་སུ་ཉམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དཀའ་བ་སྤྱད་པས་དག་པར་ཐུགས་སུ་ཆུད་པའི་ཕྱིར་དེའི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་ལྟ་བར་འགྱུར་རོ། །འདོད་པའི་ཁམས་ནས་འདོད་ཆགས་དང་བྲལ་བ་དག་ནི་དཀའ་བ་སྤྱད་པས་དག་པར་
མི་རྟོགས་ཏེ། དེའི་ས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དག་པར་འཛིན་པའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དེ་ནི་དེ་རྣམས་ལ་ཀུན་དུ་འབྱུང་བའོ། །འགྱུར་བ་ནི་འགྱུར་བའི་ངང་ཚུལ་ལོ། །མི་སྟོན་ཀྱང་ཞེས་བྱ་བ་ནི་གསལ་བར་མི་མཛད་ཀྱང་ངོ་། །ལས་ཀྱི་རྒྱུ་བ་ནི་ལས་
ཀྱི་རྣམ་པའོ། །གདུལ་བ་དང་སྐལ་བ་མཉམ་པའི་སྤྲུལ་པ་རྣམས་ཀྱི་ནི་གདུལ་བ་རྣམས་དང་སྐལ་བ་མཉམ་པའི་སྤྲུལ་པ་རྣམས་ཀྱི་ཞེས་བྱ་བར་སྦྱར་རོ། །དེ་དང་སྐལ་བ་མཉམ་པའི་རིགས་ལ་སོགས་པ་དམ་བཅས་པ་ཞེས་བྱ་བ་ནི་གདུལ་བ་རྣམས་དང་སྐལ་བ་མཉམ་པའི་རིགས་ལ་སོགས་པ་ནི་དེ་དང་སྐལ་བ་
མཉམ་པའི་རིགས་ལ་སོགས་པ་སྟེ། དེ་དམ་བཅས་པ་ནི་དེ་དང་སྐལ་བ་མཉམ་པའི་རིགས་ལ་སོགས་པ་དམ་བཅས་པའོ། །གཞན་དུ་ན་འཆར་ཀ་དང་། ཅི་ཞིག་གསུང་བའི་མདོ་ལ་སོགས་པ་དེ་དག་དང་འགལ་བར་འགྱུར་རོ། །རེ་ཞིག་འཆར་ཀའི་མདོ་ལས་ནི་རྒྱ་ཆེར་གསུངས་ནས་སྐྱེས་བུ་བླུན་
པོ་ལོང་བ་མིག་མེད་པ་ཁྱོད་ཀྱང་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཆོས་མངོན་པ་དང་འདུལ་བ་མངོན་པར་བརྗོད་པར་སེམས་སམ་ཞེས་ཚིག་རྩུབ་པོ་གསུངས་པ་ཡིན་ནོ། །ཅི་ཞིག་གསུངས་པའི་མདོ་ལས་ཀྱང་ཕལ་ཆེར་མཛའ་བོ་དང་དབྱེ་བར་འགྱུར་བའི་ཚིག་གསུངས་ཏེ། འདི་ལྟར་མདོ་དེ་ཉིད་ལས།
སྔོན་གཅེར་བུ་པ་དགེ་བསྙེན་གྱི་སྐྱེ་བོ་ལག་ན་རལ་གྲི་ཐོགས་པ་དེས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དཔེར་ན་སྐྱེས་བུ་དར་བ་དོན་དུ་གཉེར་བ། དར་བ་ཚོལ་བ་ཞིག་རྟ་དམུ་རྒོད་གསོ་བར་བགྱིད་ཀྱང་དེར་དར་བ་དེ་ཡང་མི་འཐོབ་པ། སླད་ཀྱིས་ཕོངས་པ་ཆེན་པོའི་སྐལ་བ་ཅན་དུ་འགྱུར་བ་དེ་བཞིན་དུ། བཙུན་
པ་དར་བ་དོན་དུ་གཉེར་བ། དར་བ་ཚོར་བ་བདག་གིས་གཅེར་བུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ལ་དོན་མ་མཆིས་པར་དང་། དོན་མ་མཆིས་པར་བསྙེན་བཀུར་བགྱིས་པ་ལས་བདག་གིས་དར་བ་དེ་ཡང་མ་ཐོབ་ལ། སླད་ཀྱིས་ཕོངས་པ་ཆེན་པོའི་སྐལ་བ་ཅན་དུ་གྱུར་ཏོ་ཞེས་འབྱུང་བ་

ཡིན་ནོ། །དེ་བཞིན་དུ་མདོ་སྡེ་གཞན་ལས་ཀྱང་ཚིག་རྩུབ་པོ་ལ་སོགས་པ་བཤད་དོ། འདི་ལྟ་སྟེ། རྒྱ་ཆེར་གསུངས་ནས། ཤཱ་རིའི་བུ་དང་མཽད་གལ་གྱི་བུ་དེས་པ་གཉིས་ལ་ཡང་ང་རེ་ཞིག་དགེ་སློང་གི་དགེ་འདུན་མི་གཏོང་ན་རོ་མཆིལ་མ་མིད་པ་ཁྱོད་ལ་ལྟ་མོས་ཀྱང་ཅི་དགོས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་
འབྱུང་བ་ཡིན་ནོ། །ཐབས་ལ་མཁས་པའི་མདོ་སྡེ་དང་། འཇིག་རྟེན་ལས་འདས་པའི་ལེའུ་ལ་སོགས་པ་དག་ལས་ཇི་ལྟར་འོས་པར་ངེས་པར་གཟུང་བར་བྱ་སྟེ། དེའི་དགོས་པ་ནི་ངེད་ཀྱིས་གཞུང་མངས་ཀྱིས་དོགས་པས་མ་བྲིས་སོ། །ཅིའོ་ཐུག་དང་ཁྭར་འདྲ་བ་ཉིད་ཡིན་ནམ་ཞེས་བྱ་བ་ནི་ཅི་དཀར་པོའི་ཕྱོགས་
དང་། ནག་པོའི་ཕྱོགས་སུ་འདྲ་བ་ཉིད་ཡིན་ནམ་ཞེས་བྱ་བར་དགོངས་པ་ཡིན་ནོ། །མཆོད་སྦྱིན་ཅན་གྱི་སྡུག་བསྔལ་གྱིས་འཆི་བར་བྱེད་པའམ། བསད་པས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་མཆོད་སྦྱིན་ཡོད་པ་ནི་མཆོད་སྦྱིན་ཅན་ཏེ་དེས་སོ། །མཆོད་སྦྱིན་ཅན་གྱི་སྡུག་བསྔལ་གྱིས་འཆི་བར་བྱེད་པ་ཞེས་བྱ་ནི་སྡུག་
བསྔལ་གྱིས་འཆི་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐོ་རིས་སམ་ཐར་པ་འཐོབ་བོ་སྙམ་པ་ནི་གཏི་མུག་ཡིན་ནོ། །ལས་དང་འབྲས་བུ་ཕྱིན་ཅི་ལོག་པ་ལས་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལྟར་ལས་དང་འབྲས་བུ་ཕྱིན་ཅི་ལོག་པ་ལ་མངོན་པར་ཞེན་པར་བྱེད་དེ། དེ་ལྟར་ན་རེ་ཞིག་དེས་གསོད་པར་བྱེད་
པ་དེ་རྣམས་ཀྱི་གཏི་མུག་ཡིན་ནོ། །བདག་ལས་འདིས་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་པ་ནི་གཏི་མུག་དང་ཆགས་པ་ཡིན་ནོ། །དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་བྱས་ཏེ་ཞེས་བྱ་བ་ནི་དགེ་བའི་སེམས་ཀྱི་གནས་སྐབས་བྱས་ཏེའམ། ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་
སྐབས་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་གསུངས་པའི་མདོ་སྡེ་ཡང་འཆར་ཀའི་མདོ་ལ་སོགས་པའོ། །དེར་
ངེས་པར་མྱོང་བར་འགྱུར་བའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པའི་ལུས་པས་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དེར་ངེས་པར་མྱོང་བར་འགྱུར་བའི་ལས་དེ་བྱེད་པ་ལ་མངོན་དུ་ཕྱོགས་པ་ནི་དེར་ངེས་པར་མྱོང་བར་འགྱུར་བའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པའོ། །དེ་ལྟ་བས་ན་ངེས་པར་མྱོང་བར་འགྱུར་བའི་

ལས་བྱེད་པ་ལ་མངོན་དུ་ཕྱོགས་པ་དེ་བས་སོ། །གང་ཞེ་ན་ལུས་སོ། །སྦྱོར་བ་དེ་ནི་སྐྱོན་ཅན་ན་མཚོན་འདེབས་པར་བྱེད་ཅེས་བྱ་བ་ནི་མཚོན་ཀྱང་འཆི་བའི་ཕྱིར་མགྲིན་པར་འདེབས་པར་བྱེད་དོ། །དགེ་སློང་གིས་དགེ་སློང་གསོད་ཅེས་བྱ་བ་ནི་དགེ་སློང་གིས་དགེ་སློང་གསོད་པར་བྱེད་
ཅེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱ་ཆེན་པོ་ལ་མོས་པ་ཡིན་པས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་སྤྲུལ་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ནོ་ཞེས་དེ་ལྟར་བསྟན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ངོ་བོ་ཉིད་དང་། མཐུའི་བདག་ཉིད་ཆེན་པོའི་ཁྱད་
པར་བསྟན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་བདག་ཉིད་ཆེན་པོའི་ཁྱད་པར་བསྟན་པའི་ཕྱིར་དང་། མཐུའི་བདག་ཉིད་ཆེན་པོའི་ཁྱད་པར་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པའི་མདོ་སྡེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པའི་མདོ་དེ་ལས་སངས་
རྒྱས་ཀྱི་ངོ་བོ་ཉིད་དང་། མཐུའི་བདག་ཉིད་ཆེན་པོའི་ཁྱད་པར་བསྟན་པ་ལྟ་བུའོ། །གཞན་དུ་ན་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་གཞན་དུ་ན་དེ་ལྟར་མ་བསྟན་ན་ནི་དེ་རྣམས་དེ་ལྟར་སེམས་མངོན་པར་འདུ་བྱེད་པར་མི་འགྱུར་ཏེ། བདག་ཅག་ཀྱང་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་དང་། མཐུའི་བདག་ཉིད་ཆེན་
པོའི་ཁྱད་པར་དང་ལྡན་པར་གྱུར་ཅིག་སྙམ་དུ་དེ་ལྟར་སེམས་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །མི་རིགས་པར་འགྱུར་བ་ཇི་སྐད་དུ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང་ཉེ་བར་གྱུར་པའི་ཞེས་བྱ་བ་དེ་ལྟ་བུ་
ལ་སོགས་པ་སྟེ། གལ་ཏེ་འདི་ཐམས་ཅད་སྤྲུལ་པ་ཡིན་ནོ་ཞེས་མ་བསྟན་ན་བྱང་ཆུབ་སེམས་དཔའ་ཐེ་ཚོམ་ཐམས་ཅད་གཅོད་པ་དེ་དག་གིས་ཇི་ལྟར་ལེན་འདེབས་པར་འགྱུར། ཉན་ཐོས་གང་དག་དེ་ལྟ་བུ་ལ་མོས་པའི་སྐལ་བ་ཅན་དེ་དག་ནི་དེ་ཉིད་ལས་ཏེ། ཐེག་པ་ཆེན་པོ་ལས་ཐོས་པར་འགྱུར་རོ། །གང་དག་
སྐལ་བ་མེད་པ་དེ་རྣམས་ལ་ནི་བསྟན་པ་སྐྱོན་དུ་འགྱུར་རོ། རྣམ་པར་བཤད་པ་རིགས་པའི་བཤད་པ་ལས་ལེའུར་བཅད་པ་བཞི་པའི་བཤད་པ་རྫོགས་སོ།། །།དགོས་པ་ལ་སོགས་པའི་རིམ་པས་ནི་དགོས་པ་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་

བ་དང་། ལན་ཏེ་རིམ་པ་དེ་ལྟ་བུས་སོ། །རྨུགས་པ་དང་གཉིད་དང་། ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱིས་སེམས་ཞུམ་པ་དང་། རྣམ་པར་གཡེངས་པ་རྣམས་ལ་ཞེས་བྱ་བ་ནི་རྨུགས་པ་དང་། གཉིད་ཀྱིས་སེམས་ཞུམ་པ་རྣམས་ལ་རྣམ་པ་གསུམ་དག་གིས་གུས་པར་མཉན་པ་དང་ལྡན་པ་བཤད་པར་
བྱའོ། །ཡ་མཚན་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡ་མཚན་གྱི་གཏམ་ཉེ་བར་སྒྲུབ་པ་ཉིད་དང་། རབ་ཏུ་དགའ་བའི་གཏམ་ཉེ་བར་སྒྲུབ་པ་ཉིད་དང་། སྐྱོ་བའི་གཏམ་ཉེ་བར་སྒྲུབ་པ་ཉིད་ཀྱིས་སོ། །ཡ་མཚན་དང་། རབ་ཏུ་དགའ་བ་དང་། སྐྱོ་བའི་གཏམ་ཉེ་བར་སྒྲུབ་པ་དང་རྣམ་པ་གསུམ་དག་གིས་གུས་པར་
མཉན་པ་དང་ལྡན་པ་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། གཉིད་དང་རྨུགས་པ་དང་ལྡན་པ་རྣམས་ལ་ཡ་མཚན་སྐྱེད་པའམ། རབ་ཏུ་དགའ་བར་བྱ་བའམ། སྐྱོ་བའི་གཏམ་བྱས་ཏེ། གསལ་བར་བྱ་བའི་ཕྱིར་རོ་ཞེས་འོག་ནས་སྟོན་པའི་ཕྱིར་རོ། །ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱིས་སེམས་རྣམ་པར་
གཡེངས་པ་རྣམས་ལ་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་གཡེངས་པ་རྣམས་ལ་སྐྱོ་བའི་གཏམ་བྱ་སྟེ། སྐྱོ་བ་རྣམས་སེམས་རྩེ་གཅིག་པ་ཉིད་དུ་བྱ་བའི་ཕྱིར་རོ་ཞེས་འོག་ནས་འབྱུང་བའི་ཕྱིར་རོ། །འདི་ཡང་དག་པར་འཛུད་པ་ནི་ཡང་དག་པར་འཛིན་དུ་གཞུག་
པ་ཡིན་པར་རིག་པར་བྱའོ། །སྡུད་པར་བྱེད་པའམ་འཇིག་རྟེན་པའི་དོན་གཞན་མ་ཡིན་པར་རིག་པར་བྱའོ། །འདིས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་འདིས་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡོན་ཏན་ལྔ་པོ་ཡོངས་སུ་བསྟན་ཏོ། །རབ་ཏུ་བསྟན་ཏོ། །རྒྱ་ཆེ་བ་ཉིད་ནི་འབྲུག་སྒྲ་ལྟར་ཟབ་པ་ཞེས་བྱ་བ་འདིས་སོ། །
སྙན་པ་ཉིད་ནི་སྙན་ཅིང་འཇེབས་ལ་རྣར་སྙན་པ་ཞེས་བྱ་བ་འདིས་སོ། །རིགས་པའི་དོན་དང་ལྡན་པ་ཉིད་ནི་ཡིད་དུ་འོང་ཞིང་དགའ་བར་བྱེད་པ་ཞེས་བྱ་བ་འདིས་སོ། །གཟུང་སླ་བ་ཉིད་ནི་རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱ་ཞེས་བྱ་བ་འདིས་སོ། །སྣ་ཚོགས་ཅི་འདོད་པ་ཉིད་ནི་མཉན་པར་འོས་ཤིང་མི་
མཐུན་པ་མེད་པ་ཞེས་བྱ་བ་འདིས་སོ། །ཅི་འདོད་པ་ཉིད་ནི་མང་བ་ཉིད་དོ། །ཇི་ལྟར་ན་གོ་རིམས་བཞིན་དུ་འགྱུར་ཞེ་ན། རྒྱ་ཆེ་བ་ཉིད་ནི་མཉན་པའི་ཡན་ལག་ཏུ་འགྱུར་བ་ནས། སྣ་ཚོགས་ཅི་འདོད་པ་ཉིད་ནི་ཡོངས་སུ་སྨིན་པར་བྱེད་པའི་ཡན་ལག་ཏུ་འགྱུར་བའི་བར་དུའོ། །དུས་སུ་གཏམ་བྱ་བ་དང་།

གུས་པ་དང་གོ་རིམས་དང་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བསྟན་པ་ཡིན་ནོ། །སྲི་ཞུ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་ཇི་སྐད་བསྟན་པ་ཡིན་ནོ། །ཡང་དག་པར་འཛིན་དུ་གཞུག་པ་འདི་གང་ལ་ཡང་དག་པར་འཛིན་དུ་བཅུག་ཅེ་ན། ཚིག་བདུན་དག་གིས་ཏེ། གང་དག་
གིས་ཤེ་ན། མ་ཆགས་པའི་སེམས་ཞེས་བྱ་བ་ནས་བརྩམས་ནས། རྒྱུད་གཅིག་ཏུ་གྱུར་པའི་སེམས་ཞེས་བྱ་བའི་ཚིག་བདུན་པོ་འདི་དག་གིས་ནི་སྒྲིབ་པ་ལྔ་པོ་ཡོངས་སུ་སྤོང་བ་ལ་སྟེ། སྒྲིབ་པ་ལྔ་ནི་འདོད་པ་ལ་བདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་
པ་དང་། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་སྤོང་བ་འདི་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་རྣམ་པ་གཉིས་སུ་བྱས་ཏེའོ། །དེ་ལྟར་ན་སྒྲིབ་པ་ལྔ་པོ་འདི་དག་ཀྱང་ཚིག་བདུན་དག་ཏུ་འགྱུར་རོ། །དེ་ལ་མ་ཆགས་པའི་སེམས་ཞེས་བྱ་བའི་ཚིག་
འདིས་ནི་འདོད་པ་ལ་འདུན་པའི་སྒྲིབ་པ་ཡོངས་སུ་སྤོང་བ་ལ་ཡང་དག་པར་འཛིན་དུ་འཇུག་པ་ནས། རྒྱུད་གཅིག་ཏུ་གྱུར་པའི་སེམས་ཞེས་བྱ་བ་འདིས་ནི་ཐེ་ཚོམ་གྱི་སྒྲིབ་པ་ཡོངས་སུ་སྤོང་བ་ལ་ཡང་དག་པར་འཛིན་དུ་འཇུག་པའི་བར་ཡིན་ནོ། །ཚིག་བཞི་དག་གིས་ཏེ། དགེ་བའི་སེམས་དང་།
བྱེ་བྲག་ཕྱེད་པའི་སེམས་དང་། གུས་པའི་སེམས་དང་། མོས་པའི་སེམས་ཞེས་བྱ་བ་འདི་རྣམས་ཀྱིས་སོ། །བཅོམ་ལྡན་འདས་ཀྱིས་ཁྱི་ལྟ་བུའི་གང་ཟག་བཞི་བསྟན་པ་གང་ཡིན་པ་དག་སྟེ། བཞི་གང་དག་ཅེ་ན། ཁྱི་བཞི་རྒྱ་ཆེར་གསུངས་ནས་དེ་བཞིན་དུ་འཕགས་པའི་ཆོས་འདུལ་བ་ལ་ཡང་རྔོན་
པའི་ཁྱི་ལྟ་བུའི་གང་ཟག་བཞི་པོ་འདི་དག་ཡོད་ཅིང་བདོག་པ་ཡིན་ནོ། །བཞི་གང་དག་ཅེ་ན། རྔོན་པའི་ཁྱི་དུས་མ་ཡིན་པར་རྟུག་པ་ལྟ་བུའི་གང་ཟག་དང་། རྔོན་པའི་ཁྱི་སེ་གོལ་ལ་ལྟ་བ་ལྟ་བུའི་གང་ཟག་དང་། རྔོན་པའི་ཁྱི་འཁོར་བ་ལྟ་བུའི་གང་ཟག་དང་། རྔོན་པའི་ཁྱི་དམ་དུ་འཛིན་པ་ལྟ་བུའི་གང་
ཟག་གོ། །རྔོན་པའི་ཁྱི་དུས་མ་ཡིན་པར་རྟུག་པ་ལྟ་བུའི་གང་ཟག་གང་ཞེ་ན། དགེ་སློང་དག་འདི་ན་དགེ་སློང་གི་མདུན་དུ་གང་ཟག་ཆོས་མཉན་པའི་ཕྱིར་འདུག་ལ། དགེ་སློང་གིས་དེ་ལ་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ།

ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་བསྟན་པ་སྟོན་པ། དེ་ནི་དེའི་ཚེ་འདོད་པའི་རྣམ་པར་རྟོག་པ་ལ་རྟོག་པར་བྱེད། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ལ་རྣམ་པར་རྟོག་པར་བྱེད་པས་དེ་གང་གི་དོན་
དུ་དགེ་སློང་གི་མདུན་དུ་འདུག་པའི་དོན་དེ་མི་འཐོབ་སྟེ། དཔེར་ན་རྔོན་པའི་ཁྱི་དུས་མ་ཡིན་པར་རྟུག་པ་ནི་གང་གི་ཚེ་རྔོན་པས་ཕག་གམ་རི་དགས་ལ་བཏང་བ་ན། དེ་དེའི་ཚེ་བཤང་བར་བྱེད། གཅི་བར་བྱེད་པ་ལྟ་བུ་སྟེ། ང་གང་ཟག་དེ་ལ་དེ་དང་འདྲ་བར་སྨྲའོ། །འདི་ནི་རྔོན་པའི་ཁྱི་དུས་མ་ཡིན་པར་རྟུག་པའི་གང་
ཟག་ལྟ་བུ་ཞེས་བྱའོ། །རྔོན་པའི་ཁྱི་སེ་གོལ་ལ་ལྟ་བ་ལྟ་བུའི་གང་ཟག་གང་ཞེ་ན། དགེ་སློང་དག་འདི་ན་དགེ་སློང་གི་མདུན་དུ་གང་ཟག་ཆོས་མཉན་པའི་ཕྱིར་འདུག་ལ། དགེ་སློང་གིས་དེ་ལ་ཆོས་ཐོག་མར་དགེ་བ་ནས། དེ་ནི་དེའི་ཚེ་གང་ཟག་ཆོས་སྨྲ་བའི་གདོང་དུ་ལྟ་བ་དང་། སེ་གོལ་ལ་ལྟ་བར་བྱེད་
པས་དེ་གང་གི་དོན་དུ་དགེ་སློང་གི་མདུན་དུ་འདུག་པའི་དོན་དེ་མི་ཐོབ་སྟེ། དཔེར་ན་རྔོན་པའི་ཁྱི་སེ་གོལ་ལ་ལྟ་བ་དེ་གང་གི་ཚེ་རྔོན་པས་ཕག་གམ་རི་དགས་ལ་བཏང་ན། དེ་དེའི་ཚེ་རྔོན་པའི་གདོང་དུ་ལྟ་བ་དང་། སེ་གོལ་ལ་ལྟ་བར་བྱེད་དེ། དེ་གང་གི་དོན་དུ་རྔོན་པས་ཕག་གམ། རི་དྭགས་ལ་བཏང་བའི་དོན་
དེ་དག་མི་ཐོབ་པ་རང་འདྲ་བར། ང་གང་ཟག་དེ་ལ་དེ་དང་འདྲ་བར་སྨྲའོ། །འདི་ནི་རྔོན་པའི་ཁྱི་སེ་གོལ་ལ་ལྟ་བ་ལྟ་བུའི་གང་ཟག་ཅེས་བྱའོ། །རྔོན་པའི་ཁྱི་འཁོར་བ་ལྟ་བུའི་གང་ཟག་གང་ཞེ་ན། དགེ་སློང་དག་འདི་ན་དགེ་སློང་གི་མདུན་དུ་གང་ཟག་ཆོས་མཉན་པའི་ཕྱིར་འདུག་ལ།
དགེ་སློང་གིས་དེ་ལ་ཆོས་ཐོག་མར་དགེ་བ་ནས། དེས་ཆོས་དེ་དམ་དུ་མི་འཛིན། བརྟན་པར་མི་འཛིན། ལེགས་པར་གཟུང་བར་མི་འཛིན། བཟུང་བ་ཡང་ཆུད་ཟ་བར་བྱེད་པས་དེ་གང་གི་དོན་དུ་དགེ་སློང་གི་མདུན་དུ་འདུག་པའི་དོན་དེ་དེས་མ་ཐོབ་སྟེ། དཔེར་ན་རྔོན་པའི་ཁྱི་འཁོར་བ་དེ་ནི་གང་གི་
ཚེ་རྔོན་པས་ཕག་གམ་རི་དགས་ལ་བཏང་བ་ན། དེ་དེའི་ཚེ་ཕག་གམ་རི་དྭགས་ཀྱི་ཉེ་འཁོར་ན་འཁོར་ཞིང་དམ་དུ་མི་འཛིན། བརྟན་པོར་མི་འཛིན། ལེགས་པར་གཟུང་བར་མི་འཛིན། བཟུང་བ་ཡང་གཏོང་བར་བྱེད་པ་དང་འདྲ་བར་ང་གང་ཟག་དེ་ལ་དེ་དང་འདྲ་བར་སྨའོ། །འདི་ནི་རྔོན་པའི་ཁྱི་འཁོར་བ་

ལྟ་བུའི་གང་ཟག་ཅེས་བྱའོ། །རྔོན་པའི་ཁྱི་དམ་དུ་འཛིན་པ་ལྟ་བུའི་གང་ཟག་གང་ཞེ་ན། དགེ་སློང་དག་འདི་ན་དགེ་སློང་གི་མདུན་དུ་གང་ཟག་ཆོས་མཉན་པའི་ཕྱིར་འདུག་ལ། དགེ་སློང་གིས་དེ་ལ་ཆོས་ཐོག་མར་དགེ་བ་ནས་ཚངས་པར་སྤྱོད་པ་རབ་ཏུ་བསྟན་པའི་བར་དུ་སྟོན་
ན། དེ་ཆོས་དེ་དམ་དུ་འཛིན། བརྟན་པོར་འཛིན། ལེགས་པར་གཟུང་བར་འཛིན། བཟུང་བ་ཡང་ཆུད་མི་ཟ་བར་བྱེད་པས་དེས་གང་གི་དོན་དུ་དགེ་སློང་གི་མདུན་དུ་འདུག་པའི་དོན་དེ་ཐོབ་སྟེ། དཔེར་ན་རྔོན་པའི་ཁྱི་དམ་དུ་འཛིན་པ་ནི་གང་གི་ཚེ་མངོན་པས་ཕག་གམ་རི་དགས་ལ་བཏང་བ་ན་དེས་དེའི་ཚེ་
ཕག་གམ་རི་དགས་ཀྱི་ཉེ་འཁོར་བསྐོར་ནས་དམ་དུ་འཛིན། བརྟན་པོར་འཛིན། ལེགས་པར་གཟུང་བར་འཛིན། བཟུང་བ་དང་མི་གཏོང་བ་དང་འདྲ་བར་ང་གང་ཟག་དེ་ལ་དེ་དང་འདྲ་བར་སྨྲའོ། །འདི་ནི་རྔོན་པའི་ཁྱི་དམ་དུ་འཛིན་པ་ལྟ་བུའི་གང་ཟག་ཅེས་བྱའོ། །གསུམ་ནི་ནག་པོའི་ཕྱོགས་དང་མཐུན་པ་
ནི་སྔ་མ་རྣམས་སོ། །གཅིག་ནི་དཀར་པོའི་ཕྱོགས་དང་མཐུན་པ་སྟེ་ཐ་མའོ། །གོ་རིམས་བཞིན་དུ་དེ་ལྟ་བུ་ཉིད་ཡོངས་སུ་སྤངས་པ་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ལ། དེ་ལྟ་བུ་ཉིད་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །ཚིག་ལྷག་མ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཚིག་ལྷག་མ་བཅུ་དྲུག་
པོ་གང་དག་ལ་ཞེས་བྱ་བ་ནི་ལེགས་པར་རྣམ་པར་གནས་པའི་སེམས་དང་ཞེས་བྱ་བ་ནས་བརྩམས་ཏེ། ཡིད་ལ་བྱེད་པ་དྲག་པོའི་སེམས་ཞེས་བྱ་བའི་བར་ཚིག་བཅུ་དྲུག་པོ་འདི་དག་གིས་རྣམ་པ་བཅུ་དྲུག་པོ་དག་ལ་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ནོ། །བཅུ་དྲུག་པོ་གང་དག་ལ་ཞེ་ན། དོན་རྒྱས་པ་
ལས་འཕགས་པ་ཤཱ་རིའི་བུས་རྣམ་པ་བཅུ་དྲུག་པོ་གང་དག་གིས་ཆོས་མཉན་པར་བྱ་བར་གསུངས་པ་དུས་སུ་ཆོས་མཉན་པར་བྱ་བ་དང་། གུས་པ་དང་། ཉན་པར་གུས་པ་དང་། མ་རངས་པ་མེད་པ་དང་། བསྒོ་བ་བཞིན་བྱེད་པ་དང་། ཀླན་ཀ་མི་ཚོལ་བ་དང་། ཆོས་ལ་གུས་པ་ཉེ་བར་གཞག་པ་དང་།
གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་གཞག་པ་དང་། ཆོས་ལ་བརྙས་པ་མེད་པ་ཉིད་དང་། གང་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་དང་། བདག་ཉིད་ལ་བརྙས་པ་མེད་པ་ཉིད་དང་། ཀུན་དུ་ཤེས་པར་བྱ་བའི་སེམས་དང་། སེམས་རྩེ་གཅིག་ཏུ་བྱ་བ་ཉིད་དང་། རྣ་བླགས་པ་དང་། སེམས་ཀུན་དུ་

བཏུད་པ་དང་། སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་པར་བྱ་བ་ཡིན་ནོ། །ཇི་ལྟར་ན་ཆོས་མཉན་པ་རྣམ་པ་བཅུ་དྲུག་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ཞེ་ན། དེ་ལ་ཆོས་མཉན་པ་དང་མཐུན་པའི་སྤྱོད་ལམ་ལ་རྣམ་པར་གནས་པའི་ཕྱིར་ལེགས་པར་རྣམ་པར་གནས་པའི་སེམས་སོ་ཞེས་བྱ་བ་
རྒྱ་ཆེར་འབྱུང་བ་སྟེ། དེ་ལྟར་ན་དེ་རྣམས་ཀྱི་དེ་དག་ལ་གོ་རིམས་བཞིན་དུ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ལྷག་མ་ནི་གང་ཞེ་ན། ཞུམ་པ་མེད་པའི་སེམས་ཞེས་བྱ་བ་ནས་བརྩམས་ཏེ། ཡིད་ལ་བྱེད་པ་དྲག་པོའི་སེམས་ཞེས་བྱ་བའི་བར་རོ། །དེ་ལ་ཞུམ་པ་
མེད་པའི་སེམས་ཞེས་བྱ་བའི་ཚིག་འདིས་ནི་བདག་ཉིད་ལ་བརྙས་པ་མེད་པ་ཉིད་ཅེས་བྱ་བའི་རྣམ་པ་འདི་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །ཡིད་ལ་བྱེད་ན་དྲག་པོ་ཞེས་བྱ་བའི་བར་འདིས་ནི་སེམས་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བ་འདི་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །དེ་ལྟ་བུ་ནི་
ཡང་དག་པར་འཛིན་དུ་གཞུག་པ་ཉིད་ཀྱིས་སོན་ནོ། །རྣམ་པར་གཡེང་བ་དང་། རྨུགས་པ་དང་། གཉིད་དག་གིས་ཞེས་བྱ་བའི་རྣམ་པར་གཡེང་བ་དང་། རྨུགས་པ་དང་། གཉིད་ཀྱིས་སོ། །དེའི་སྐྱོན་ཡོངས་སུ་སྤང་བའི་ཕྱིར་ཇི་སྐད་བསྟན་པའི་སྐྱོན་གསུམ་པོ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་
དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་གསུངས་པ་ཡིན་ཏེ། གོ་རིམས་བཞིན་ནོ། །དེ་རྣམས་ལས་བར་མ་ནི་ཐམས་ཅད་ལས་ཐ་ཆད་ཡིན་ནོ། །གང་གིས་ཉེ་བར་བཟུང་བའོ། །དེའི་གཉེན་པོར་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་དེའི་གཉེན་པོ་སྟེ། བཅོམ་ལྡན་འདས་ཀྱིས་གང་ཟག་དེ་ལྟ་བུ་གསུམ་
པོའི་གཉེན་པོར་གོ་རིམས་བཞིན་དུ་དེའི་ཕྱིར་ཉོན་ལ་ཞེས་བྱ་བས་མཉན་པ་ལ་ཡང་དག་པར་འཛུད་པར་མཛད་པ་ཡིན་ནོ། །ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་བྱ་བ་ནས་ལེགས་པར་དང་། རབ་ཏུ་ཡིད་ལ་བྱ་བ་ལ་ཡང་དག་པར་རབ་ཏུ་འཛུད་པར་མཛད་པ་ཡིན་ནོ། །རྣམ་པར་གཞག་པ་ཞེས་བྱ་བ་རྒྱ་ཆེར་
འབྱུང་བ་ལ། རྣམ་པར་གཞག་པ་འདི་ནི་ཇི་སྐད་བསྟན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རེ་རེ་དང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། ཕུང་པོ་རྣམ་པར་གཞག་པ་དང་། ཁམས་རྣམ་པར་གཞག་པ་དང་། སྐྱེ་མཆེད་རྣམ་པར་གཞག་པ་ནས། དད་པའི་སེམས་རྣམ་པར་གཞག་པ་སྟེ།

དེ་ནི་རྣམ་པར་གཞག་པ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་དག་གི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཇི་ལྟར་རིགས་པར་རང་དང་སྤྱིའི་མཚན་ཉིད་དང་། རྒྱུ་དང་འབྲས་བུའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པ་ཡང་དེ་བཞིན་ནོ། །
བདག་ཉིད་དུ་སྨྲ་བའི་ཉེ་བར་ལེན་པ་སྤོང་བ་ཡོངས་སུ་སྟོན་པ་དེ་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ཏེ། མ་ཐོས་པར་ཐོས་པར་འགྱུར་རོ། །འདོད་པའི་ཉེ་བར་ལེན་པ་དང་། ལྟ་བའི་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་
བར་ལེན་པ་སྤོང་བ་གང་ཡོངས་སུ་སྟོན་པར་ནི་མི་མཛད་དེ། འདི་ལྟར་མུ་སྟེགས་ཅན་དག་ཀྱང་དེ་སྤོང་བར་སྨྲའོ། །འདི་ལྟར་མདོ་སྡེ་ལས་ཀྱང་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་འདོད་པའི་ཉེ་བར་ལེན་པ་དང་། ལྟ་བའི་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་སྤོང་བ་
དང་ཡོངས་སུ་ཤེས་པ་འདོགས་པར་བྱེད་ཀྱི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་བ་ཡིན་ནོ། །གང་ཟག་སློབ་པ་དང་། མི་སློབ་པ་ནས་སྨོན་ནས་མི་ཤེས་པ་ལ་སོགས་པ་ཡང་ཐོབ་པར་འགྱུར་རོ། །ཡོངས་སུ་བྱང་བར་འགྱུར་ཞེས་བྱ་བ་ནི་དྲི་མ་མེད་པར་བྱེད་ཅེས་བྱ་བའི་ཐ་
ཚིག་གོ། །ཡང་ཅིའི་ཕྱིར་གུས་པར་ཆོས་མཉན་པར་བྱ་ཞེ་ན། འདི་ནི་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདིས་སོ། །ཇི་ལྟར་གོ་རིམས་བཞིན་དུ་ཞེ་ན། ཡང་དག་པའི་ལྟ་བ་རྙེད་པ་ནི། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །ལྷག་པའི་ཚུལ་
ཁྲིམས་ཀྱི་བསླབ་པ་དང་བརྟེན་པས་སྡིག་པ་ལས་ཡང་དག་པར་རྒལ་བ་ནི་ཐོས་པས་སྡིག་ལས་ལྡོག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་འདིས་ཡོངས་སུ་བསྟན་ཏོ། །ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་དག་པར་བརྟེན་པས་འདོད་པ་ཡང་དག་པར་རྒོལ་བ་ནི། ཐོས་པས་དོན་མེད་སྤོང་བར་
འགྱུར། །ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་དག་པར་བརྟེན་པས་ཡང་སྲིད་པ་ལས་ཡང་དག་པར་བརྒལ་ཞེས་བྱ་བ་ནི་ཐོས་པས་མྱ་ངན་ལས་འདས་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གིས་ཡོངས་སུ་བསྟན་ཏོ། །ཡང་ཉོན་མོངས་པའི་གནོད་པའི་རྒྱུས་

ཡིན་གྱི་འདོད་པའི་གནོད་པའི་རྒྱུས་ནི་མ་ཡིན་ཏེ། ཇི་སྐད་དུ། འདི་ལྟ་སྟེ། འདི་ནི་ཁ་ཅིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནས། འདོད་པ་དོན་མེད་པར་གྱུར་པ་རྣམས་རབ་ཏུ་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་བསྟན་མ་ཐག་པས་སོ། །ཚིག་བཞི་དག་གིས་གོ་རིམས་བཞིན་དུ་ཡང་དག་པའི་ལྟ་བ་རྙེད་
པ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་ཕན་ཡོན་རྣམ་པ་བཞི་ཡོངས་སུ་བསྟན་ཏོ། །ཡང་ཕན་ཡོན་རྣམ་པ་བཞི་ཡོངས་སུ་བསྟན་ཏེ། ཚིག་དང་པོས་ནི་དད་པ་རྙེད་པའོ། །ཚིག་གཉིས་པས་ནི་རབ་ཏུ་འབྱུང་བའོ། །ཚིག་གསུམ་པས་ནི་དབང་པོའི་སྒོ་བསྲུང་བ་ཉིད་ལ་སོགས་པའི་རིམ་པས་ཞེས་བྱ་བ་རྒྱ་ཆེར་འབྱུང་
བའོ། །ཚིག་བཞི་པས་ནི་འཕགས་པའི་བདེན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །ནྱ་གྲོ་དྷ་ལ་སོགས་པའི་མདོ་སྡེ་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཇི་སྐད་དུ་ཞེ་ན། ནྱ་གྲོ་དྷ་འཇིག་རྟེན་འདིར་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་
བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་འབྱུང་ཞིང་དེའི་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་དག་
པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་བསྟན་པ་སྟོན་ལ་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་གང་ཞིག་ཆོས་དེ་ཉན་པ་དེས་ཆོས་དེ་ཐོས་ནས་དད་པ་རྙེད་དོ། །དེ་དད་པ་རྙེད་པ་དེ་དང་ལྡན་པས་འདི་ལྟར་སློབ་སྟེ། ཁྱིམ་ན་གནས་པ་ནི་ཉམ་ང་བ་རྡུལ་གྱི་གནས་ཡིན་གྱི། རབ་ཏུ་བྱུང་བ་ནི་
སྐབས་ཡོད་པ་ཡིན་ནོ། །ཁྱིམ་པ་ཁྱིམ་ན་གནས་པས་ཇི་སྲིད་འཚོའི་བར་དུ་མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ་སྤྱད་པར་བྱ་བ་འདི་སླ་བ་མ་ཡིན་གྱི་མ་ལ་བདག་ལོངས་སྤྱོད་ཀྱི་ཕུང་པོ་མང་ཡང་རུང་ཉུང་ཡང་རུང་བ་སྤངས། ཉེ་དུའི་འཁོར་མང་ཡང་རུང་
ཉུང་ཡང་རུང་བ་ཡང་སྤངས་ནས། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་དུ་དེས་དེ་ལྟར་སོ་སོར་རྟོག་ནས་ལོངས་སྤྱོད་ཀྱི་ཕུང་པོ་མང་ཡང་རུང་ཉུང་ཡང་རུང་བ་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་

རབ་ཏུ་འབྱུང་བར་བྱེད་དོ། །དེ་དེ་ལྟར་རབ་ཏུ་བྱུང་བ་དང་ལུས་དང་ངག་གིས་བསྡམས་ཤིང་གནས་ལ་ཡང་དག་པའི་འཚོ་བ་ལ་ཡོངས་སུ་སྦྱོར་བར་བྱེད་དོ། །དེ་སྲོག་གཅོད་པ་སྤངས་ནས། སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ལ་ངོ་ཚ་
ཤེས་པ་དང་ལྡན་ཞིང་སེམས་ཅན་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་བ་དང་ལྡན་པ་དང་། ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་ཡང་སྲོག་གཅོད་པ་ལས་སླར་ལྡོག་པར་བྱེད་དོ། །མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པར་ལེན་པ་ལས་སླར་ལྡོག་སྟེ། བྱིན་པ་ལེན་པ་དང་། སྦྱིན་པ་ལ་དགའ་བ་
དང་། བྱིན་པ་དང་བོར་བ་འདོད་པ་དང་། མི་རྐུ་བ་དང་། བདག་ཉིད་བརྐམ་ཆགས་མི་བྱེད་པའི་ཁ་ན་མ་ཐོ་བ་མེད་པར་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱེད་དོ། །མི་ཚངས་པར་སྤྱོད་པ་སྤངས་ནས། མི་ཚངས་པར་སྤྱོད་པ་ལས་སླར་ལྡོག་སྟེ། ཚངས་པར་སྤྱོད་པ་དང་། མི་ཆགས་པར་སྤྱོད་པ་དང་།
དག་པ་དང་གྲོང་བའི་ཆོས་ལས་ལྡོག་པར་བྱེད་དོ། །བརྫུན་དུ་སྨྲ་བ་སྤངས་ནས་བརྫུན་དུ་སྨྲ་བ་ལས་སླར་ལྡོག་སྟེ། ཡིད་བརྟན་པར་བྱ་བ་དང་། ཡིད་ཆེས་པར་བྱ་བ་དང་ཡིད་གཅུགས་པའི་གནས་དང་། འཇིག་རྟེན་ལས་མི་སླུ་ཞིང་བརྫུན་དུ་སྨྲ་བ་ལས་ལྡོག་པར་བྱེད་དོ། །ཕྲ་མ་སྤངས་ནས་ཕྲ་མ་ལས་
ལྡོག་སྟེ། དེ་འདི་དག་ལས་ཐོས་ནས་འདི་དག་དང་དབྱེ་བའི་ཕྱིར་དེ་དག་ལ་མི་སྨྲ། དེ་དག་ལས་ཐོས་ནས་དེ་དག་དང་དབྱེ་བའི་ཕྱིར་འདི་དག་ལ་མི་སྨྲ་ཞིང་བྱེ་བ་རྣམས་ཀྱང་སྡུམས་བྱེད། མཐུན་པ་རྣམས་ཀྱི་རྗེས་སུ་མཐུན་པར་བྱེད། མཐུན་པ་ལ་ཀུན་དུ་དགའ། མཐུན་པ་ལ་དགའ། མཐུན་པར་བྱ་བའི་
ཕྱིར་ཚིག་སྨྲ་ཞིང་ཕྲ་མ་ལས་སླར་ལྡོག་པར་བྱེད་དོ། །ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་སླར་ལྡོག་སྟེ། ཚིག་ཞེར་འདེབས་པ་དང་། རྩུབ་པ་དང་། དྲག་པ་དང་། ཕ་རོལ་ནང་པར་བྱེད་པ་དང་། སྐྱེ་བོ་མང་པོ་མི་འདོད་པ་དང་། སྐྱེ་བོ་མང་པོ་ལ་མི་སྡུག་པ་དང་། སྐྱེ་བོ་མང་པོ་ལ་མི་དགའ་བ་དང་།
སྐྱེ་བོ་མང་པོ་ཡིད་དུ་མི་འོང་བ་དང་། མཉམ་པར་མ་བཞག་པ་དང་། ཏིང་ངེ་འཛིན་མ་ཡིན་པ་འགྲུབ་པ་གང་ཡིན་པ་དེ་ལྟ་བུའི་ངོ་བོའི་ཚིག་སྤངས་ནས། ཚིག་མི་རྩུབ་པ་དང་། རྣར་སྙན་པ་དང་། ཡིད་དུ་འཐད་པ་དང་། དགའ་བར་བྱེད་པ་དང་། གྲོང་ཁྱེར་བ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་

གསལ་བ་དང་། རྣམ་པར་རིག་པར་བྱ་བ་དང་། མཉན་པར་འོས་པ་དང་། མི་བརྟེན་པ་དང་། མི་མཐུན་པ་མེད་པ་དང་། ཡོངས་སུ་མ་གཏུགས་པ་དང་། སྐྱེ་བོ་མང་པོ་འདོད་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་འཐད་པ་དང་། སྐྱེ་བོ་མང་པོ་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཉམ་པར་
གཞག་པ་དང་། ཏིང་ངེ་འཛིན་འགྲུབ་པར་གྱུར་པ་དེ་ལྟ་བུའི་ངོ་བོའི་ཚིག་སྨྲ་ཞིང་ཚིག་རྩུབ་མོ་ལས་སླར་ལྡོག་པར་བྱེད་དོ། །ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལྡོག་པར། དུས་སུ་སྨྲ་བ་དང་། ཡང་དག་པར་སྨྲ་བ་དང་། དེ་ཁོ་ན་ཉིད་དུ་སྨྲ་བ་དང་། དོན་སྨྲ་བ་དང་། ཆོས་སྨྲ་བ་དང་།
བརྟགས་ཏེ་སྨྲ་བ་དང་། བརྟགས་པ་དང་ལྡན་པ་དང་། དུས་སུ་དང་། མ་འཆོལ་བ་དང་། མཐར་ཆགས་པ་དང་། མན་ངག་དང་བཅས་པ་དང་། ཆོས་དང་ལྡན་པ་དང་དོན་དང་ལྡན་པའི་ཚིག་སྨྲ་ཞིང་ཚིག་ཀྱལ་པ་ལས་སླར་ལྡོག་པར་བྱེད་དོ། །ཉོ་ཚོང་སྤངས་ནས་ཉོ་ཚོང་ལས་སླར་ལྡོག་པར་བྱེད་དོ། །བྲེ་
ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། གཞལ་བླུགས་ལ་གཡོ་བྱེད་པ་སྤངས་ནས་བྲེ་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། གཞལ་བླུགས་ལ་གཡོ་བྱེད་པ་ལས་སླར་ལྡོག་པར་བྱེད་དོ། །གསུག་དང་འདྲིད་པ་དང་། འཚེ་བ་བདག་གིར་བྱེད་པ་སྤངས་ནས་གསུག་དང་། འདྲིད་
པ་དང་། འཚེ་བ་བདག་གིར་བྱེད་པ་ལས་སླར་ལྡོག་པར་བྱེད་དོ། །གསོད་པ་དང་། འཆིང་བ་དང་། གཅོད་པ་དང་། རྡེག་པ་ལ་ནོམ་པ་སྤངས་ནས། གསོད་པ་དང་། འཆིང་བ་དང་། གཅོད་པ་དང་། རྡེག་པ་ལས་སླར་ལྡོག་པར་བྱེད་དོ། །སྒྲོན་མ་དང་བཅས་པའི་ཁྱིམ་སྤངས་ནས་སྒྲོན་མ་དང་བཅས་པའི་
ཁྱིམ་ལས་སླར་ལྡོག་པར་བྱེད་དོ། །ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་རྡལ་གྱི་གཞི་འཛིན་པ་སྤངས་ནས་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་རྡལ་གྱི་གཞི་འཛིན་པ་ལས་སླར་ལྡོག་པར་བྱེད་དོ། །གླང་པོ་ཆེ་དང་། རྟ་དང་། བ་གླང་དང་། ལུག་དང་། བྱ་གག་དང་། ཕག་བསྲེལ་བ་
སྤངས་ནས། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་བསྲེལ་བ་ལས་སླར་ལྡོག་པར་བྱེད་དོ། །བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་བསྲེལ་བ་སྤངས་ནས། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་བསྲེལ་བ་ལས་སླར་

ལྡོག་པར་བྱེད་དོ། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་བསྲེལ་བ་སྤངས་ནས། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་བསྲེལ་བ་ལས་སླར་ལྡོག་པར་བྱེད་དོ། །གསེར་དང་། དངུལ་ལེན་པ་སྤངས་ནས་གསེར་དང་དངུལ་ལེན་པ་ལས་སླར་ལྡོག་པར་བྱེད་དོ། །
འབྲས་རྗེན་ལེན་པ་སྤངས་ནས་འབྲས་རྗེན་ལེན་པ་ལས་སླར་ལྡོག་པར་བྱེད་དོ། །ཟ་གཅིག་པ་ཡིན་ཏེ། ནུབ་མོ་སྤངས་ནས་དུས་སུ་འགྲོ་བར་སྦྱོར་བ་ལ་རྗེས་སུ་བརྩོན་པ་ཡིན་ནོ། །དུས་མ་ཡིན་པར་ཟ་བ་སྤངས་ནས་དུས་མ་ཡིན་པར་ཟ་བ་ལས་སླར་ལྡོག་པར་བྱེད་དོ། །ལུས་གཡོགས་པའི་གོས་ཀྱིས་མགུ་
ཞིང་ཆོག་ཤེས་པར་བྱེད་དོ། །ཟས་ལྟོ་འགྲངས་པ་ཙམ་གྱིས་མགུ་ཞིང་ཆོག་ཤེས་པར་བྱེད་དོ། །དེ་གང་དང་གང་དུ་འགྲོ་བར་ལྷུང་བཟེད་དང་བཅས་པ་ཆོས་གོས་དང་བཅས་ཏེ། དཔེར་ན་འདབ་ཆགས་བྱ་ནི་གང་དང་གང་དུ་འཕུར་བར་འདབ་མ་དང་བཅས་པ། གཤོག་པ་དང་བཅས་སོ། །དེ་བཞིན་དུ་གོས་
ལུས་ཁེབས་པས་མགུ་ཞིང་ཆོག་ཤེས། ཟས་ལྟོ་འགྲངས་པས་མགུ་ཞིང་ཆོག་ཤེས་ལ། གང་དང་གང་དུ་འགྲོ་བར་ལྷུང་བཟེད་དང་བཅས་ཆོས་གོས་དང་བཅས་སོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་པས་དབང་པོ་རྣམས་ཀྱི་སྒོ་བསྲུངས་ཤིང་གནས་ཏེ། དེ་མིག་གིས་གཟུགས་
རྣམས་མཐོང་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ་མིག་གི་དབང་པོ་རྣམས་སྡོམ་པས་བསྡམས་ཏེ་གནས་པ་ནི་གཞི་གང་ཁོ་ན་ལས་བརྣབ་སེམས་དང་ཡིད་མི་བདེ་བའི་སྡིག་པ་མི་དགེ་བའི་ཆོས་སེམས་ལ་ཟག་པ་དེ་རྣམས་བསྡམས་པའི་ཕྱིར་མིག་གི་དབང་པོ་སྡོམ་པར་བྱེད་དོ། །མིག་གི་
དབང་པོ་ཇི་ལྟར་སྡོམ་པར་བྱེད་པ་བཞིན་དུ། རྣ་བ་ནས་ཡིད་ཀྱི་དབང་པོའི་བར་དུ་ཡང་དེ་བཞིན་དུ་སྡོམ་པར་བྱེད་དོ། །འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་ལྡན་པ་དང་། དབང་པོའི་སྒོ་བསྲུངས་པ་དེ་ཉིད་ཀྱིས་འགྲོ་བ་དང་ལྡོག་པ་དང་ཤེས་བཞིན་དུ་གནས་པར་བྱེད། འགྲོ་བ་དང་། འགྲེང་བ་དང་།
འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་དང་། དུབ་པ་བསངས་པ་ན་ཤེས་བཞིན་དུ་གནས་པར་བྱེད་དོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང་། དབང་པོའི་སྒོ་བསྲུངས་པ་འདི་ཉིད་དང་དྲན་པ་དང་ཤེས་བཞིན་དང་ལྡན་པས་དགོན་པ་དང་།

ནགས་ཚལ་དང་། རི་ཁྲོད་དང་། བས་མཐའི་གནས་མལ་དག་ཏུ་གནས་པར་བྱེད་ཅིང་དེ་དགོན་པར་ཕྱིན་ཀྱང་རུང་ཤིང་དྲུང་དུ་ཕྱིན་ཀྱང་རུང་སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་འདུག་པར་བྱེད་དོ། །དེ་འཇིག་རྟེན་ལ་བརྣབ་སེམས་སྤངས་ནས་བརྣབ་སེམས་
དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་བརྣབ་སེམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །འཇིག་རྟེན་ལ་གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྤངས་ནས་སོམ་ཉི་ལས་རྒལ་ཞིང་ཐེ་ཚོམ་ལས་རྒལ་བ་དང་། དགེ་བའི་ཆོས་
སེམས་ལ་ཡིད་གཉིས་མེད་ཅིང་ཐེ་ཚོམ་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཕོངས་པས་ཉམ་ཆུང་བར་བྱེད་པ། ཕོངས་པའི་ཕྱོགས་དང་མཐུན་པར་མྱ་ངན་ལས་འདས་པ་མ་ཡིན་པར་འགྱུར་བ་སྤངས་ནས་འདོད་པ་ལས་དབེན་པ།
སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་
མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་བ། འཕགས་པ་རྣམས་
ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་པ།
སྡུག་བསྔལ་ཡང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེས་དེ་ལྟར་སེམས་མཉམ་པར་གཞག་ཅིང་ཡོངས་སུ་དག་པ། ཡོངས་སུ་བྱང་བ་དང་ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། དྲང་པོར་གྱུར་པ་

དང་། ལས་སུ་རུང་བར་གནས་པ་དང་། མི་གཡོ་བ་ཐོབ་པ་དང་། ཟག་པ་ཟད་པ་ཤེས་པར་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་ཅིང་། དེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་
བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་
ཟག་པ་ལས། སེམས་རྣམ་པར་གྲོལ་བར་འགྱུར་ཞིང་། བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །འདི་ལས་སྲིད་པ་གཞན་ནི་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འབྱུང་ངོ་། །དེ་ལྟར་ན་ནྱ་གྲོ་དྷའི་མདོས་དེ་བཞིན་གཤེགས་པས་གསུངས་
པའི་ཆོས་འདུལ་བ་ལ་དད་པ་རྙེད་པ་དང་། རབ་ཏུ་བྱུང་བ་ནས་ཟག་པ་ཟད་པའི་བར་དུ་བསྒྲུབས་པ་ཡིན་ནོ། །སོགས་པའི་སྒྲས་ནི་མདོ་གཞན་རྩིས་མཁན་ལ་སོགས་པའི་མདོས་ཀྱང་བསྒྲུབ་པར་བྱའོ། །དེ་ལྟར་ཕན་ཡོན་རྣམ་པ་མང་པོ་ཡང་དག་པར་མཐོང་བ་ཉིད་ཀྱིས་ཏེ། གང་ཞེ་ན། ཐོས་པས་ཆོས་
རྣམས་ཤེས་པར་འགྱུར། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་གང་ཡིན་པ་སྟེ། གུས་པར་ཆོས་ཉན་པར་བྱའོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་བཅུ་བཞི་པ། ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཡང་ནི་རྣམ་གྲངས་གཞན་ལས་ཀྱང་གུས་པར་ཆོས་མཉན་པར་བྱའོ། །
ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་པས་སོ། །སློབ་དཔོན་གྱི་དཔེ་མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་མ་བྱས་པར་ཞེས་བྱ་བ་ནི་སློབ་དཔོན་གྱི་དཔེ་མཁྱུད་ཀྱིས་ཆོས་འདུལ་བ་འགའ་ལ་ཡང་བར་དུ་བཅད་པར་མ་བྱས་པར་ཞེས་བྱ་བའི་ཐ་
ཚིག་གོ། །ཇི་ལྟར་ན་རྟེན་ཉིད་ཀྱིས་ཤེ་ན། དབྱངས་ཡན་ལག་ལྔ་དང་ལྡན་པ་ཅན་ཡང་དག་པར་གསུངས་པའི་ཕྱིར་རོ། །འདི་ལྟར་དབྱངས་ཡན་ལག་ལྔ་དང་ལྡན་པ་ནི་མིང་དང་། ཚིག་དང་། ཡི་གེའི་ཚོགས་གསུང་བ་དེའི་རྟེན་ཡིན་པས་སོ། །དེ་ལྟར་ན་རྟེན་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་

ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །ཇི་ལྟར་ན་གོ་བར་མཛད་པ་ཉིད་ཀྱིས་ཤེ་ན། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་རོ། །འདི་ལྟར་དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་
བར་མཛད་པ་དེ་ཡང་དག་པར་གསུངས་པའི་ཕྱིར་རོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པ་ལ་ཐུག་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་རོ། །འདི་ལྟར་འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པ་ལ་ཐུག་པར་གོ་བར་མཛད་པ་དེ་ཡང་དག་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གོ་
བར་མཛད་པ་ཉིད་ཀྱིས་ཏེ། ཁོང་དུ་ཆུད་པར་མཛད་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །ཇི་ལྟར་ན་གདགས་པ་ཉིད་ཀྱིས་ཤོན། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་རོ། །འདི་ལྟར་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་
སྤངས་པའི་འཕགས་པའི་ལམ་གསུངས་པས་སོ། །དེ་ལྟར་ན་གདགས་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་མ་ཆགས་པ་ལ་སོགས་པ་བརྟན་པོར་བྱེད་པ་སྟེ། འཕེལ་བའི་རྒྱུ་ཡིན་པའི་
ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ལས་འདས་པ་གོང་ན་མེད་པའི་རྗེས་ལས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ནི་རྣམ་པ་གཉིས་ཏེ། གོང་ན་མེད་པ་དང་གོང་མ་དང་བཅས་པའོ། །དེ་ལ་གོང་ན་མེད་པ་གང་ཡིན་པ་དེའི་རྗེས་ལས་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །སྟོབས་ཀྱི་ཡན་ལག་དང་ལྡན་པའི་ཕྱིར་ངེས་པའི་ཚིག་གི་ཚུལ་གྱིས་ན་སྙེན་ཅིང་འཇེབས་པའོ། །སྒྲུབ་པས་ངེས་པར་འབྱིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ལྟར་གསུངས་པ་དེ་སྒྲུབ་པས་ངེས་པར་འབྱིན་པ་ཡིན་ཏེ། ཐར་པ་ཐོབ་པར་བྱེད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པ་བཅའ་བའི་
ཐབས་བདེ་བའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང་། ཁྱིམ་པའི་བསླབ་པ་བཅའ་བ་དེ་དག་གིས་བདེ་བའི་ཕྱིར་མི་རྩུབ་པ་ཡིན་ནོ། །མི་བརླང་བ་ནི་དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིར་རོ། །འདི་ལྟར་བསླབ་པ་དེ་ལས་འདས་ནས་སོ་སོར་བཤགས་པ་ལ་སོགས་པའི་

ཐབས་དག་གིས་ངེས་པར་འབྱུང་བ་ཡང་དག་པར་སྟོན་པ་ཡིན་པས་སོ། །ཡོངས་སུ་གདུང་བ་མེད་པ་ནི་སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །འདི་ལྟར་དེའི་དོན་དུ་སྒྲུབ་པའི་སྦྱོར་བ་ལ་འགྱོད་པ་མེད་པ་ཡིན་ནོ། །ཀུན་དུ་ཤེས་པར་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བའི་ཐ་
ཚིག་གོ། །ཅིའི་ཕྱིར་ཞེ་ན། ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །འདི་ལྟར་ཐོས་པ་ལས་བྱུང་བའི་ཤེས་པ་དོན་ཕྱིན་ཅི་མ་ལོག་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་སོ། །རང་གི་དོན་རྗེས་སུ་ཐོབ་པ་རྣམས་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་སོ། །ཀུན་ཤེས་
པར་བྱེད་པ་ནི་འདིས་ཀུན་ཤེས་པར་བྱེད་པས་ནི་ཀུན་ཤེས་པར་བྱེད་པའོ། །ཇི་ལྟ་ཞེ་ན། བསམ་གྱིས་མི་ཁྱབ་པའི་གནས་བཞི་པོ་འདི་ཡང་དག་པར་སྟོན་པའི་ཕྱིར་རོ། །འདི་ལྟར་ཐོས་པ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པས་སོ། །བསམ་གྱིས་མི་ཁྱབ་པའི་ཆོས་དེ་དག་
ཀྱང་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བསམ་གྱིས་མི་ཁྱབ་པའི་གནས་བཞི་པོ་འདི་དག་སེམས་ན་མྱོས་པར་ཡང་འགྱུར། རྨོངས་པར་ཡང་འགྱུར་རོ། །བཞི་གང་དག་ཅེ་ན། བདག་ལ་སེམས་པ་དང་། སེམས་ཅན་རྣམས་ཀྱི་ལས་དང་རྣམ་པར་སྨིན་པ་ལ་སེམས་པ་དང་། འཇིག་རྟེན་ལ་
སེམས་པ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ཡིན་ནོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་བཞི་པོ་འདི་དག་ཅེས་བྱ་བ་ལས་བརྩམས་ནས་སེམས་ཅན་རྣམས་ཀྱི་ལས་དང་རྣམ་པར་སྨིན་པ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་རྫུ་
འཕྲུལ་གྱི་ཡུལ་ལོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་རིག་པར་བྱེད་པ་ནི་འདིས་རྣམ་པར་རིག་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པའོ། །ཇི་ལྟ་ཞེ་ན། བསམ་གྱིས་མི་ཁྱབ་པའི་ཆོས་དེ་ཡང་དག་པར་སྟོན་པའི་ཕྱིར་རོ། །འདི་ལྟར་བསམས་པ་ལས་བྱུང་བས་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་
དག་པར་སྟོན་པ་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཀ་ལ་པིང་ཀའི་སྒྲ་དབྱངས་ནི་རྒྱུན་མི་འཆད་པ་དང་། འཇིག་པའི་ཕྱིར་རོ། །ཀ་ལ་པིང་ཀ་ནི་བྱ་ཡིན་ཏེ། དེའི་སྒྲ་དབྱངས་ནི་རྟག་པར་རྒྱུན་མི་འཆད་པ་དང་། འཇིག་པའི་ཕྱིར་ཏེ། སྙན་པའི་

ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། །འདི་ལྟར་ཤང་ཤང་ཏེའུའི་སྒྲ་དབྱངས་འགྲུབ་པ་ཐམས་ཅད་ལ་བཀྲ་ཤིས་པར་འགྱུར་བ་དང་འདྲ་བར་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཀྱིས་བཀྲ་ཤིས་པ་ཡིན་ནོ། །རྔའི་སྒྲ་ནི་བདུད་
དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་བདུད་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པའི་སྔོན་དུ་འགྲོ་བ་ཡིན་པས་དེའི་ཕྱིར་རྔའི་སྒྲའོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་བརྡ་སྤྲོད་པ་ཐམས་ཅད་ཀྱི་
མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ལ་རྗེས་སུ་ཞུགས་པའི་ཕྱིར་རོ། །འདི་ལྟར་དབང་པོས་བྱས་པ་ལ་སོགས་པའི་བརྡ་སྤྲོད་པ་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ལ་རྗེས་སུ་ཞུགས་པ་སྟེ། དེའི་མཚན་ཉིད་དང་ལྡན་པའོ། །དེ་ལྟ་བས་ན་མཚན་ཉིད་ཐམས་ཅད་རྗེས་སུ་ཞུགས་པ་ཡིན་ནོ། །
ཚིག་ཟུར་ཆག་མེད་པ་ནི་བསྙེལ་ཏེ་དེ་མི་གསུང་བའི་ཕྱིར་རོ། །འདི་ལྟར་བསྙེལ་བས་ཚིག་ཟུར་ཆག་དེ་མི་གསུང་བས་སོ། །མ་ཚང་བ་མེད་པ་ནི་གདུལ་བར་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། །འདི་ལྟར་གདུལ་བའི་བྱ་བ་ལ་སྟེ། གླེང་བ་དང་། དྲན་པར་བྱ་བ་དང་། རྗེས་སུ་བསྟན་པ་
དང་། གདམས་པའི་ཆོས་བསྟན་པའི་བྱ་བ་དག་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པ་སྟེ། ཇི་ལྟར་ཉན་ཐོས་ཀྱིས་ལས་རྒྱ་ཆེར་བསྟན་པ་ལྟ་བུ་ཡིན་ནོ། །བསྙེངས་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་འཇིགས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱིས་དེ་དག་གི་དོན་ཐམས་
ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདི་ལྟར་དེས་སེམས་ཅན་རྣམས་ཀྱི་དོན་མཐའ་དག་སྒྲུབ་པས་སོ། །དེ་ལྟ་བས་ན་ངེས་པའི་ཚིག་གིས་ན་ཆུབ་པ་ཡིན་ནོ། །འབེལ་བ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་རོ། །འདི་ལྟར་རྣམ་པ་སྣ་ཚོགས་པ་ཚིག་དང་ཡི་གེའི་རྣམ་པ་དག་ཏུ་ཉེ་བར་གནས་པས་སོ། །
སྒྲ་ཐམས་ཅད་རྫོགས་པར་བྱེད་པས་ནི་གསུང་གཅིག་ལས་སྒྲའི་རྣམ་པ་དུ་མ་རྣམ་པར་རིག་པར་ཉེ་བར་གནས་པའི་ཕྱིར་རོ། །འདི་ལྟར་རྣམ་པ་གཅིག་གིས་སྒྲ་དུ་མ་རྣམ་པར་རིག་པར་ཉེ་བར་གནས་པས་སོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་

པའི་ཕྱིར་རོ། །འདི་ལྟར་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པས་སོ། །མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ། །འདི་ལྟར་ཇི་ལྟ་བ་བཞིན་དུ་གསུངས་པ་གང་ཡིན་པ་དེ་དེ་ཁོ་ན་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིན་ལ། ཡོན་ཏན་གང་གསུངས་
པ་དེ་ཡང་གསུངས་པ་འབའ་ཞིག་ཏུ་མ་ཟད་དེ། དེ་ཁོ་ན་བཞིན་དུ་བསྒྲུབས་པས་སོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པ་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རོ། །འདི་ལྟར་འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་སྒྱུར་བ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་སྐྱེ་
བ་བསྟན་པའི་མདོ་ལས། རྒྱ་མཚོས་བཅོམ་ལྡན་འདས་བསྔགས་པ་ལྟ་བུའོ། །དེ་ལྟ་བས་ན་རྣམ་པ་ཐམས་ཅད་དང་། ཆོས་མཆོག་ཕུལ་དེ་དང་མ་བྲལ་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ལྟར་ན་ཡོན་ཏན་ཡོངས་སུ་འཛིན་པ་དེ་ཉིད་ཀྱིས་དེ་བསྟན་པའི་རྣམ་པས་བཅོམ་ལྡན་
འདས་ཀྱིས་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་ཅིའི་ཕྱིར་གུས་པར་ཆོས་མཉན་པར་བྱ་ཞེ་ན། འདི་ལྟར་འཁོར་ལོ་ལེགས་པར་སྦྱར་བ་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་སོ། །དོན་དམ་པའི་ཆོས་དང་མ་བྲལ་བ་ནི་ཆོས་དང་ལྡན་པ་ཡིན་ཞེས་བྱ་བ་ནི་དོན་
དམ་པའི་ཆོས་སྐྱེ་བ་དང་མཐུན་པ་ནི་ཆོས་དང་ལྡན་པ་ཡིན་ནོ། །རིགས་པ་ཡང་ཆོས་ཡིན་ཏེ། ཇི་སྐད་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་རིགས་པའི་ཆོས་དང་མ་བྲལ་བ་ནི་ཆོས་དང་ལྡན་པ་ཡིན་ནོ། །འཁོར་ལོ་དང་ཆོས་མཐུན་པས་འཁོར་ལོ་ཡིན་ནོ། ཆོས་མཐུན་པ་དེ་ཅི་ཡིན་ཞེ་ན།
ས་གཞན་དུ་འདྲིལ་བའོ། །ཆོས་དང་ལྡན་པ་ནི་མ་ཡིན་ཏེ། རིགས་པའི་ཆོས་དང་བྲལ་བའི་ཕྱིར་རོ། །དེ་རྣམས་ཀྱི་ཐར་པའི་ཐབས་བསྟན་པ་དེ་ནི་རང་བཞིན་དང་། སྐྱེས་བུ་དང་། ནང་གི་ཤེས་པ་ལ་སོགས་པ་སྟོན་པ་སྟེ། རིགས་པ་དང་བྲལ་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་དུས་སུ་དང་། གུས་
པར་ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟར་རོ། །ཉན་པའི་དུས་ན་གཞན་དང་བདག་རྗེས་སུ་འཛིན་པ་སྟེ། ཇི་ལྟ་ཞེ་ན། འཆད་པ་པོའི་བསམ་པ་གང་ཡིན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །བྱ་བ་གཉིས་དུས་གཅིག་པ་ཉིད་དུ་བསམས་པ་སྟེ། སྨྲ་བའི་བྱ་བ་དང་། འགྲོ་བའི་བྱ་བའོ། །དཔེར་ན་མར་

ཟོས་ན་བརྟ་བར་བྱེད་དོ་ཞེས་བྱ་བ་ཡང་ཟོས་པ་ཉིད་ན་བརྟ་བར་མི་བྱེད་པར་བསམས་པའོ། །འོ་ན་ཅི་ཞེ་ན། མར་ཟོས་པའི་རྒྱུས་བརྟ་བར་བྱེད་དོ་ཞེས་བྱ་བ་བསམས་པ་ཡིན་ནོ། སྐལ་བ་མེད་པར་ལྟ་བ་ལོག་པར་ཞུགས་པ་དང་། རྣ་མ་བླགས་པ་ཡང་ཆོས་བསྟན་པ་ལ་གུས་པར་ཉན་པ་མེད་ན་མཚུངས་པ་
ཡིན་ནོ། །དེ་ལྟ་བས་ན་ལོང་བ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །ཕན་པ་རྣམ་པ་ལྔ་ལ་ཡང་དད་པ་རྙེད་པ་དང་། ལས་དང་བཅས་པའི་བསླབ་པ་གསུམ་ལས་བརྩམས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དད་པ་རྙེད་པ་ལས་བརྩམས་པར་རིག་པར་བྱ་ཞིང་ལས་དང་བཅས་པའི་བསླབ་པ་གསུམ་ལས་
བརྩམས་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བྱས་པས་ཤེ་ན། དེ་ལ་དད་པ་རྙེད་པ་ལས་བརྩམས་ནས། སངས་རྒྱས་ཀྱི་གསུང་ལ་དད་པ་བསྐྱེད་པས་གདུལ་བའི་རྒྱུད་བདས་པར་བྱེད་པ་ཞེས་བྱ་བ་གང་ཡིན་པ་ནི་ཕན་པ་དང་སོ་སོར་རིག་པར་བྱའོ། །ལས་དང་བཅས་པའི་བསླབ་པ་
དང་པོ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལས་བརྩམས་ནས། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་ཞེས་བྱ་བ་གང་ཡིན་པ་ནི་ཕན་པ་གཉིས་པར་རིག་པར་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ལས་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་ཡིན་ནོ། །ལས་དང་བཅས་པའི་བསླབ་
པ་གཉིས་པ་ལྷག་པའི་སེམས་ཀྱི་བསླབ་པ་ལས་བརྩམས་ནས། འདོད་པའི་ཡོངས་སུ་གདུང་བ་སེལ་བ་ཞེས་བྱ་བ་གང་ཡིན་པ་ནི་ཕན་པ་གསུམ་པར་རིག་པར་བྱའོ། །ལྷག་པའི་སེམས་ཀྱི་བསླབ་པའི་ལས་ནི་འདོད་པའི་ཡོངས་སུ་གདུང་བ་སེལ་བ་སྟེ། མེད་པར་བྱེད་པ་ཡིན་ནོ། །ལས་དང་བྱེད་
པའི་བསླབ་པ་གསུམ་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལས་བརྩམས་ནས། ཡང་འབྱུང་བ་པའི་སྲེད་པ་ཞི་བར་བྱེད་པ་ཞེས་བྱ་བ་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་གང་ཡིན་པ་ནི་ཕན་པ་བཞི་པ་དང་། ལྔ་པ་གཉིས་སུ་རིག་པར་བྱ་སྟེ། ལྷག་པའི་ཤེས་
རབ་ཀྱི་བསླབ་པ་དེའི་ལས་ནི་ཡང་འབྱུང་བ་པའི་སྲེད་པ་ཞི་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་རྣམས་སྐྱེད་པ་དང་། འཕེལ་བར་བྱེད་པའི་ལས་ཅན་ཡིན་ནོ། །སྐྱེས་པ་ནི་དེ་རྣམས་འབྱུང་བར་བྱེད་པའོ། །འཕེལ་བར་བྱེད་པ་ནི་སྐྱེས་པ་རྣམས་རྒྱས་པར་བྱེད་པའོ། །སྐྱོ་བར་བྱེད་པ་

རྣམས་དང་། ཐེ་ཚོམ་ཟོས་པ་དང་། ལམ་ངན་པར་ཞུགས་པ་རྣམས་ལ་ལམ་དང་ལམ་མ་ཡིན་པ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ཞེས་བྱ་བ་ནི་སྐྱོན་གྱི་ཐེ་ཚོམ་ཟོས་པའི་ལམ་ལ་ཞུགས་པ་རྣམས་དང་། ལམ་ངན་པར་ཞུགས་པ་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་
བྱ་བའི་ཐ་ཚིག་གོ། །རས་འགུལ་བ་དང་། དྲི་མ་ཅན་དང་། ཐག་ཐུག་ཉིད་ཀྱི་སྐྱོན་གྱི་ཕྱིར་ཞེས་བྱ་བ་ནི་འགུལ་བ་ཉིད་ཀྱི་སྐྱོན་གྱི་ཕྱིར་དང་། དྲི་མ་ཅན་གྱི་སྐྱོན་གྱི་ཕྱིར་དང་། ཐག་ཐུག་ཉིད་ཀྱི་སྐྱོན་གྱི་ཕྱིར་རོ། །རྣམ་པར་གཡེང་བ་དང་སྒྲིབ་པ་དང་སྔོན་གྱི་སྒྲིབ་པས་ཞེས་བྱ་བ་ནི་རྣམ་པར་གཡེང་བས་
འགུལ་བའི་སྐྱོན་དང་། སྒྲིབ་པས་དྲི་མ་ཅན་ཉིད་ཀྱི་སྐྱོན་དང་། སྔོན་གྱི་ལས་ཀྱི་སྒྲིབ་པས་མི་མཉམ་པ་ཉིད་ཀྱི་སྐྱོན་ནོ། །བླུན་པོ་ནི་སྟེ། གླེན་པ་ནི་སྟོན་པའི་ཡོན་ཏན་གྱིས་ཀྱང་ཆོས་བསྟན་པའི་ལམ་མི་རྙེད་དོ། །འགའ་ཞིག་ལམ་ལོག་པར་ཞུགས་ན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནས། དག་གྱུར་
འདི་ཡིན་ཞེས་བྱ་བ་ནས་འདོད་པ་འང་སྲིད་ཅེས་བྱ་བའི་བར་ནི་གནས་བརྟན་མ་ཁོལ་གྱིས་འཇིག་རྟེན་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་དེའི་སྙན་དངགས་འགའ་ཞིག་ལམ་ལོག་པར་ནི་ཞུགས་ན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་བདག་ཉིད་ཀྱིས་སྙན་
དངགས། ཡོན་ཏན་དེ་གསུམ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་བཅུས་ཐུབ་པའི་དབང་པོའི་གསུང་གི་ཆེད་དུ་གསུངས་པ་ཡིན་ནོ། །དེ་ལ་ཡོན་ཏན་གསུམ་ནི་ཚིགས་སུ་བཅད་པ་ལས་དམན་ཏེ། ལྡོག་པའི་རྒྱུར་གྱུར་པ་དང་། དགེ་བ་དང་མི་དགེ་བ་དཔྱོད་པ་དང་། འདོད་པ་ཙམ་ཡང་སྐྱེ་བ་ཞེས་བསྟན་པ་
གང་ཡིན་པའོ། །དེ་ཡང་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདི་ལས་འབྱུང་བའི་ཡོན་ཏན་གང་ཟག་གསུམ་པོ་དག་ལ་དགོངས་ནས་གསུངས་པའི་གང་ཟག་གསུམ་པོ་དག་ནི་ངེས་པར་ལེགས་པ་ལ་ལོག་པར་ཞུགས་པ་སྟེ། དེའི་ཆེད་དུ་འགའ་ཞིག་ལམ་ལོག་པར་ནི་ཞུགས་ན་ཡང་ཞེས་བྱ་བ་རྒྱ་
ཆེར་བསྟན་པ་ཡིན་ནོ། །བསྒྲུབ་པར་འདོད་པ་མངོན་པར་མི་ཤེས་པ་སྟེ། དེའི་ཆེད་དུ། དགེ་དང་མི་དགེ་གཉིས་ཀ་དཔྱད་ནས་ཞེས་རྒྱ་ཆེར་བསྟན་པ་ཡིན་ནོ། བསྒྲུབ་པར་མི་འདོད་པ་གཅིག་ཏུ་བག་མེད་པར་གྱུར་པ་དྲི་མ་ཅན་གྱི་ལས་ཅན་ཡིན་ནོ། །དེའི་ཆེད་དུ་འགའ་ཞིག་འཁྲུལ་བ་བསྩལ་ནས་

ཞེས་བྱ་བ་རྒྱ་ཆེར་བསྟན་པ་ཡིན་ནོ། །གདུལ་བ་བག་མེད་པ་རྣམས་ནི་སྐྱོ་བར་བྱེད་པས་གདུང་བར་བྱེད་པ་ཡིན་ནོ། །རྡོ་ཐལ་གྱི་རྡོ་མེས་བསྲེགས་པ་ནི་ཇི་ལྟར་རྡོ་ཐལ་གྱི་རྡོ་མེས་བསྲེགས་པ་ཆོས་འཇིག་པར་བྱེད་པ་དེ་བཞིན་དུ། ཉོན་མོངས་པའི་བག་ལ་ཉལ་གྱི་རྡོ་ཞེས་བྱ་བ་ལོག་པའི་ལས་ཀྱི་མཐའ་
དང་རྒྱ་ཆེར་འབྱུང་བ་ཡིན་ནོ། །དེ་བཞིན་དུ་མེལ་ཚེ་བ་སོ་སོར་མི་རྟོག་པ་དང་། རོལ་མོ་མཁན་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །འཆོས་པ་ནི་ཚར་གཅོད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་པ་ལས་སྐྱོབ་པ་ནི་ཐར་པ་ཐོབ་པར་བྱེད་པའི་ཕྱིར་རོ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་ནི་འཆོས་པའི་ཡོན་ཏན་གྱི་
ཕྱིར་དང་། སྐྱོབ་པའི་ཡོན་ཏན་གྱི་ཕྱིར་རོ། །ལོག་པར་ལྟ་བ་ལ་སོགས་པ་ལམ་ངན་པ་ཡོངས་སུ་སྤོང་བའི་སོགས་པའི་སྒྲས་ནི་ལོག་པའི་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་རྣམས་སོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་སྒྲས་ནི་ཡང་དག་པའི་
རྟོག་པ་ལ་སོགས་པའོ། །ཀུན་དུ་འཚོལ་བའི་སྡུག་བསྔལ་ཞེས་བྱ་བ་ནི་ཡུལ་ཀུན་དུ་ཚོལ་བའི་སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པའི་སྡུག་བསྔལ་ནི་རྡེག་པ་དང་གཅོད་པའི་སྡུག་བསྔལ་ལོ། །དོགས་པའི་སྡུག་བསྔལ་ཞེས་བྱ་བ་ནི་བདག་ལ་འདི་དག་ཉེས་བྱས་ཀྱི་ལས་བྱེད་པ་ཡིན་པར་
དོགས་པ་དེའི་སྡུག་བསྔལ་ལོ། །དེའི་སྨན་འདོད་པས་ཞེས་བྱ་བ་ནི་མིར་བྱ་བའི་སྨན་གང་ཡིན་པ་དེ་དོན་དུ་གཉེར་བས་སོ། །ལུས་དང་འདྲ་བའི་ནད་མེད་ཅེས་བྱ་བ་ནི་ལུས་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་ལུས་ཀྱི་ནད་འདི་ལ་སྐྱོན་དྲུག་པོ་ན་བ་དང་འབྲེལ་པ་ཉིད་ནི་སྡུག་བསྔལ་མྱོང་ཞེས་བྱ་བའི་
ཚིག་འདིས་སོ། །ལུས་ཐམས་ཅད་ལ་ཁྱབ་པ་ཉིད་ནི་ཁྱབ་པ་ཞེས་བྱ་བ་འདིས་སོ། །བར་ཆད་མེད་པར་འཇུག་པ་ཉིད་ནི་རྟག་པ་ཞེས་བྱ་བ་འདིས་སོ། །གསོར་མི་རུང་བ་ཉིད་ནི་ཐབས་མེད་ཅེས་བྱ་བ་འདིས་སོ། །གནོད་པ་མང་བ་ཉིད་ནི་གནོད་པ་མང་བ་ཞེས་བྱ་བ་འདིས་སོ། །སྲོག་འཕྲོག་པ་ཉིད་
ནི་འཇོམས་བྱེད་པ་ཞེས་བྱ་བའི་ཚིག་འདིས་སོ། །གཏན་དུ་འབྱིན་པར་བྱེད་པ་ཡིན་ཞེས་བྱ་བ་ནི་གཏན་དུ་ཕྱིས་མི་སྐྱོ་བར་བྱེད་པས་ན་གཏན་དུ་འབྱིན་པར་བྱེད་པའོ། །ཡན་ལག་བརྒྱད་ལྡན་པ། རྫས་ཀྱི་ཚོགས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་རྫས་ཀྱི་ཚོགས་སོ། །

ནམ་ཡང་བསྒྲུབ་པར་མི་ནུས་སོ། །ལན་འགའ་ཡང་བསྒྲུབ་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་ལས་འབྱུང་ཞེ་ན་ཞེས་བྱ་བ་ནི་སྔང་དང་བག་མེད་རྨོངས་ན་གོ་རིམས་བཞིན་དུ། དད་དང་སྐྱེ་དང་རྟོགས་པས་ཏེ། །ཞེས་བྱ་བ་གང་ཡིན་པ་དེའོ། །དཀོན་མཆོག་
གསུམ་གྱི་ཡོན་ཏན་ཐོས་ན་མཉན་པའི་རྒྱུ་སྐྱོ་བ་འབྱུང་ངོ་། །ཇི་ལྟ་བུ་ཞེ་ན། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་དང་། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་
པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །སྐྱོན་ནི་སྡིག་འདོད་སྲིད་རྟེན་ཅན། །སྐྱོན་གང་ལ་རྟེན་སྡིག་པ་དང་། །འདོད་པ་དང་སྲིད་པ་ཡོད་པ་དེ་ནི་སྡིག་པ་དང་། འདོད་པ་དང་། སྲིད་པའི་རྟེན་ཅན་ཏེ། དེ་ཐོས་ན་མཉན་པའི་དངོས་པོའི་རྒྱུ་སྐྱོ་བ་འབྱུང་ངོ་། །སྡིག་པ་དང་འདོད་པ་རྣམས་དང་སྲིད་པའི་ཡིན་ནོ་
ཞེས་བྱ་བ་ནི་དེ་ལ་སྡིག་པ་ནི་ཚུལ་ཁྲིམས་ཉམས་པ་ཡིན་ནོ། །དེའི་སྐྱོན་ནི་གསོད་པ་དང་འཆིང་བ་ལ་སོགས་པའོ། །འདོད་པ་ནི་དངོས་པོའི་འདོད་པ་དང་། ཉོན་མོངས་པའི་འདོད་པའོ། །དེ་རྣམས་ཀྱི་སྐྱོན་ནི་ཇི་སྐད་དུ་མདོ་ལས། འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པ་དབང་དུ་བྱ་བས་མ་
དང་བུ་ལྟ་བུ་ལྷན་ཅིག་རྩོད་པར་བྱེད་དོ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེའི་སྐྱོན་ནི། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མྱ་ངན་ལ་སོགས་པའོ། །དེ་ལྟར་ན་སྐྱོན་རྣམ་པ་གསུམ་པོ་དེ་ནི་སྡིག་པ་དང་། འདོད་པ་དང་། སྲིད་པའི་རྟེན་ཅན་ཡིན་ནོ། །མཚན་
ཉིད་རྣམ་གཉིས་ནི་ཕུང་པོ་ལ་སོགས་པ་དག་གི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དོ། །དེ་ལ་རེ་ཞིག་ཕུང་པོ་ལྔ་པོ་རྣམས་ཀྱི་རེ་རེའི་རང་གི་མཚན་ཉིད་ནི་གཟུགས་སུ་རུང་བའི་ཕྱིར་དང་། མྱོང་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་མིག་
ལ་སོགས་པ་དག་གི་རང་གི་མཚན་ཉིད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་གཟུགས་དང་བའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པའོ། །མིག་གི་ཁམས་ལ་སོགས་པ་དག་གི་ཡང་དེ་བཞིན་ཏེ། དེ་ལྟ་བུའི་དོན་དེའི་ངེས་པ་ཐོབ་ནས་སོ། །རྒྱུ་དང་འབྲས་བུར་འབྲེལ་བའི་

མཚན་ཉིད་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་ལ་སོགས་པ་སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་རྒྱུ་དང་འབྲས་བུར་འབྲེལ་བའི་མཚན་ཉིད་ཀྱི་དོན་གྱི་ངེས་པ་ཐོབ་ནས་སོ། །སྡུག་བསྔལ་དང་ཀུན་འབྱུང་བ་ལ་
སོགས་པ་འཕགས་པའི་བདེན་པ་བཞི་པོ་དག་གི་རྒྱུ་དང་འབྲས་བུར་འབྲེལ་པའི་མཚན་ཉིད་ཀྱི་དོན་གྱི་ངེས་པ་ཐོབ་ནས་གཉེན་པོའི་དངོས་པོའི་རྒྱུ་རྟོགས་པ་འབྱུང་ངོ་། །དེ་བས་ན་ཡོན་ཏན་འདི་དག་ནི་དམ་པའི་ཆོས་མཉན་ན་ཡོད་པར་རིག་པར་བྱ་སྟེ། དེ་ལ་གུས་པར་བྱའོ། །ཉན་པའི་སྐྱེ་བོ་དག་
ནི་ཕལ་ཆེར་ཕྱིར་ཕྱོགས་པ་དང་། ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཏེ་མང་དུ་ལེགས་པར་བཤད་པ་འདི་དག་ལས་ཕྱིར་ཕྱོགས་པ་དེ་དག་ནི་ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་པའོ། །ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་དང་། ལེགས་པར་བཤད་པ་འདི་དག་ཡོངས་སུ་འཛིན་པར་
བྱེད་པ་ཕལ་ཆེར་འདས་པ་དེ་དག་ནི་ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པའོ། །ཉེ་བར་རྣམ་པར་བཤད་པ་དག་གིས་མཐུ་བཅོམ་ཞིང་། ལེགས་པར་བཤད་པ་འདི་དག་གིས་མཐུ་སྟེ་ནུས་པ་བཅོམ་པ་དེ་དག་ནི་མཐུ་བཅོམ་པའོ། །གང་དག་གིས་ཤེ་ན། ཉེས་པ་རྣམ་པར་བཤད་པ་དག་གིས་ཏེ།
ལོག་པར་རྣམ་པར་བཤད་པ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ། །ཚིགས་སུ་བཅད་པ་འདིས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཚིགས་སུ་བཅད་པ་འདིས་ནི་དེང་སང་ཞེས་སྨོས་པའི་ཕྱིར་དེང་སང་ཕྱོགས་གཉིས་ལ་སྟེ། ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་སངས་རྒྱས་ཀྱི་བསྟན་པ་ཡོངས་
སུ་ཉམས་པ་རྣམ་པ་བཞི་ལས་ཁྱིམ་པའི་ཕྱོགས་ལ་ནི་གཅིག །རབ་ཏུ་བྱུང་བའི་ཕྱོགས་ལ་ནི་གསུམ་དུ་སྟོན་ཏོ། ནུབ་ལ་ཐུག་པ་ཉིད་དུ་སྟོན་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་སོ། །དེ་ཉིད་ལ་ཞེས་བྱ་བ་ནི་རབ་ཏུ་
བྱུང་བའི་ཕྱོགས་ལའོ། །དེ་ནུས་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྟོག་པ་དེ་ལེགས་པར་བཤད་པ་དེ་རྣམས་ལས་མཐུ་མེད་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདི་ནི་མདོར་བསྡུས་ན་ཡོངས་སུ་ཉམས་པ་རྣམ་པ་གཉིས་སུ་འགྱུར་ཏེ། ཚིག་དང་

དོན་གཉིས་ཀྱི་ལུང་ཡོངས་སུ་ཉམས་པ་ནི་ཇི་སྐད་དུ་བསྟན་པའི་ཚིག་གསུམ་དག་གིས་སོ། །རྟོགས་པ་ཡོངས་སུ་ཉམས་པ་ནི་ཚིག་བཞི་པས་སོ། །ཐོས་པ་ཡོངས་སུ་ཉམས་པ་སྟོན་པ་ཡིན་ནོ་ཞེས་བྱ་བར་སྐབས་ཐམས་ཅད་དུ་སྦྱར་རོ། །སེམས་ལ་ཞོག་ཅིག་ཅེས་བྱ་བ་
ནི་སྟོན་པའི་ཞལ་ནས་བསྔགས་པའི་སེམས་ལ་གནས་པར་གྱིས་ཤིག །མིག་ཞི་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བོའི་མིག་ནི་ཞི་བར་མཛད་པ་ཞེས་གསུངས་པའི་ཕྱིར་རོ། །བཀྲ་ཤིས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་ཞེས་བྱ་བ་བཀྲ་ཤིས་ཀྱི་འབྱུང་གནས་ཞེས་གསུངས་པའི་ཕྱིར་རོ། །དོན་བཟང་
བ་ཉིད་ཀྱིས་བརྗོད་པར་བྱ་བ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པའི་དུག་ཐམས་ཅད་སེལ་བར་མཛད་པའི་དོན་གྱིས་ཏེ་ཞེས་བྱ་བ་ནི་ཉོན་མོངས་པའི་དུག་ཐམས་ཅད་སེལ་བའི་དོན་སངས་རྒྱས་ཀྱི་གསུང་འདི་ལ་ཡོད་པས་འདི་ནི་ཉོན་མོངས་པའི་དུག་ཐམས་ཅད་ཞི་བར་
མཛད་པའི་དོན་ཏོ། །འཕགས་པའི་ནོར་བདུན་སྒྲུབ་པའི་ཕྱིར་ནོར་དང་ལྡན་པ་ནི་ནོར་བདུན་ནི་དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ངོ་ཚ་ཤེས་པའི་ནོར་དང་། ཁྲེལ་ཡོད་པའི་ནོར་དང་། ཐོས་པའི་ནོར་དང་། གཏོང་བའི་ནོར་དང་། ཤེས་རབ་ཀྱི་ནོར་རོ། །སྐྱོན་བདུན་འཁྲུ་བའི་ཕྱིར་བསོད་
ནམས་ནི་སྐྱོན་བདུན་ནི་ཕྲ་རྒྱས་བདུན་ཏེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ཁོང་ཁྲོ་བའི་ཕྲ་རྒྱས་དང་། ང་རྒྱལ་གྱི་ཕྲ་རྒྱས་དང་། མ་རིག་པའི་ཕྲ་རྒྱས་དང་། ལྟ་བའི་ཕྲ་རྒྱས་དང་། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་
ཕྱིར་བཀྲ་ཤིས་པ་ཉིད་ནི་འདི་ལྟར་འཇིག་རྟེན་པ་དེ་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་སྔ་ལྟས་ཡིན་པས་དེའི་ཕྱིར་བཀྲ་ཤིས་པ་ཉིད་ཡིན་ནོ། །གཏན་གྱི་ཚངས་པར་སྤྱོད་པའི་དབང་དུ་མཛད་པའི་ཕྱིར་ཚེ་ལ་ཕན་པ་ནི་འདི་ལྟར་འདིར་གཏན་གྱི་ཚངས་པར་སྤྱོད་པའི་
དབང་དུ་མཛད་པ་ཡིན་ཏེ། ཇི་སྐད་དུ་ཐོག་མར་དགེ་བ་ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལྟ་བས་ན་ཚེ་ལ་ཕན་པའི་ཕྱིར་ཚེ་ལ་ཕན་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །དགོངས་པ་འཇམ་པ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའོ། །དོན་དང་མཐུན་

པ་ནི་ཚིག་འབྲུ་བཟང་པོ་ཉིད་ཀྱིས་སོ། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་ཀྱིས་སོ། །དུས་ལ་བབ་པ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་སྨིན་པ་ལ་ཡོངས་སུ་བསྟན་པ་ཉིད་ཀྱིས་སོ། །རན་པར་བཤད་པ་ཞེས་བྱ་བ་ནི་ཇི་སྲིད་དུ་གདུལ་བའི་མཛད་པ་ཉིད་ཀྱི་བར་དུའོ། །
འདུ་བྱེད་པའི་ཁྱད་པར་གྱིས་ནི་དགེ་བ་དང་། མི་དགེ་བ་གཉིས་འབད་པ་དང་མི་འབད་པ་མངོན་པར་འདུས་བྱས་པའི་ཕྱིར་རོ། །འདི་ལྟར་དགེ་བ་ནི་འབད་པས་མངོན་སུམ་དུ་བྱ་བ་ཡིན་ལ། མི་དགེ་བ་ནི་མ་འབད་པར་རོ། །རྣམ་པའི་ཁྱད་པར་གྱིས་ནི་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དང་། ཕྱིན་
ཅི་ལོག་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དགེ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་དམིགས་པར་བྱེད་ལ། མི་དགེ་བ་ནི་གཙང་བ་དང་བདེ་བ་ལ་སོགས་པ་དག་གིས་སོ། །མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་དགེ་བ་
ཐམས་ཅད་ནི་དགེ་བའི་རྩ་བ་གསུམ་པོ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་རྣམས་དང་མཚུངས་པར་ལྡན་ནོ། །མི་དགེ་བ་ནི་མི་དགེ་བའི་རྩ་བ་གཉིས་པོ་མ་རིག་པ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་གཉིས་ལས་གང་ཡང་རུང་བ་ཞིག་དང་ངམ། མི་དགེ་བའི་རྩ་བ་
གཅིག་ཏུ་མ་རིག་པ་དང་ཡང་མཚུངས་པར་ལྡན་ནོ། །སའི་ཁྱད་པར་གྱིས་ནི་ས་ཐམས་ཅད་དང་ས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །དགེ་བ་ནི་སྐྱེ་བའི་ས་དགུ་ཆར་དུ་ཡང་ཡིན་ཏེ། འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་དུའོ། །མི་དགེ་བ་ནི་ས་གཅིག་པ་སྟེ། འདོད་པའི་ཁམས་ཁོ་ནར་རོ། །
འབྲས་བུའི་རྣམ་གྲངས་ཀྱི་ཁྱད་པར་གྱིས་ནི་འབྲས་བུ་རྣམ་པ་ལྔ་དང་བཞི་ཡིན་པའི་ཕྱིར་རོ། །དགེ་བའི་འབྲས་བུ་ནི་རྣམ་པ་ལྔ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུའི་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ། །
མི་དགེ་བའི་རྣམ་པ་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །དུས་ཁྱད་པར་དུ་འཕགས་པ་དང་ངན་པར་འབྲས་བུར་འགྱུར་བའི་ཕྱིར་གོ་རིམས་བཞིན་ཏེ། འདི་ལྟར་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །ཆུང་ངུས་མང་པོ་ཡང་དག་པར་འཇོམས་པའི་ཁྱད་པར་གྱིས་ནི་ཞེས་བྱ་བ་ནི་དགེ་བ་ཆུང་

ངུས་མི་དགེ་བ་མང་པོ་ཡང་དག་པར་འཇོམས་པ་སྟེ། འདི་ལྟར་སྤོང་བའི་ལས་སྐད་ཅིག་མ་གཅིག་གིས་ཐོག་མ་མེད་པའི་དུས་ནས་ཞུགས་པའི་མི་མཐུན་པའི་ཕྱོགས་རྣམ་པ་མང་པོ་ཡང་དག་པར་འཇོམས་པས་སོ། །དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་
ཐོག་མ་མེད་པའི་དུས་ནས་ཞུགས་པ་མི་མཐུན་པའི་ཕྱོགས་རྣམ་པ་མང་པོ་སྟེ། མི་མཐུན་པའི་ཕྱོགས་ཕྲ་རྒྱས་བཅུའི་མཚན་ཉིད་ཡང་དག་པར་འཇོམས་པ་ལྟ་བུའོ། །དཔེ་རྣམས་མང་པོ་རྒྱ་ཆེར་འབྱུང་བ་ནི་འདི་དག་ནི་མི་དགེ་བ་བས་དགེ་བ་སྟོབས་དང་ལྡན་པའི་དཔེ་ཡིན་ཏེ། དེ་ཙམ་དང་ཆོས་མཐུན་པ་
ཡིན་གྱི་གྲངས་བཞིན་དུ་ནི་མ་ཡིན་ནོ། །སྨྲས་པ། མི་དགེ་བ་ལས་ས་གཞན་གྱི་དགེ་བ་བསམ་གཏན་དང་པོ་ལ་སོགས་པའི་ས་པ་ནི་དེའི་ས་སྟོབས་དང་ལྡན་པར་རིགས་སོ་ཞེ་ན། འདིར་བཤད་པ། དགེ་བ་དེ་དང་ས་གཅིག་པ་ཡིན་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདོད་པ་ན་སྤྱོད་པའི་དགེ་བ་དེ་དང་ས་
གཅིག་པ་ཡིན་ཡང་དང་པོའི་ཁྱད་པར་རྣམ་པ་གསུམ་པོ་རྣམས་ཀྱིས་མི་དགེ་བའི་ས་སྟོབས་དང་ལྡན་པ་ཉིད་དུ་རིག་པར་བྱ་སྟེ། འདུ་བྱེད་ཀྱི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། མཚུངས་པར་ལྡན་པའི་ཁྱད་པར་གྱིས་སོ། །གཞན་ཡང་མི་དགེ་བ་ཟིལ་གྱིས་མནན་ནས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདི་
ལྟར་འདོད་པ་ན་སྤྱོད་པའི་དགེ་བའི་ས་པས་མི་དགེ་བ་ཟིལ་གྱིས་མནན་ནས་དེའི་གཉེན་པོས་མི་དགེ་བའི་གཉེན་པོ་གཟུགས་ན་སྤྱོད་པའི་དགེ་བ་གཞན་འདྲེན་ཏོ། །དེའི་ཕྱིར་ན་ཡང་དགེ་བ་སྟོབས་དང་ལྡན་པར་རིག་པར་བྱའོ། །བསྡུས་པའི་ཚིགས་སུ་བཅད་པ་ནི་ཁྱད་པར་བཅུ་པོ་འདི་རྣམས་ཀྱིའོ། །
འདུ་བྱེད་རྣམ་པ་མཚུངས་པར་ལྡན། །ས་ཉིད་ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འདུ་བྱེད་པ་ཉིད་ཀྱི་ཁྱད་པར་དང་། རྣམ་པ་ཉ