Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
ནི་འཁོར་བ་ཡོངས་སུ་མི་གཏོང་ངོ་། །བསམ་པ་མ་དག་པ་རྣམས་ལ་ནི་རྨོངས་བཞིན་དུ་འཆིང་བར་འགྱུར་བས་འཆི་བ་དེ་ནི་གནོད་ཅིང་ཉམ་ང་བ་སྟེ། སེམས་ཅན་གྱི་དོན་བྱ་བར་འདོད་པ་ལ་ནུས་པའི་ངེས་པ་མ་མཐོང་བའི་ཕྱིར་དང་། བདག་ཉིད་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་ངེས་པ་མེད་པའི་
ཕྱིར་རོ། །འདིར་ནི་བརྩོན་འགྲུས་ཤིན་ཏུ་འབར་བ་བརྩམ་པར་བྱ་བའམ་དྲན་པ་བརྗེད་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །བསམ་པ་རྣམ་པར་མ་དག་པ་ནི་སྡུག་པའི་དངོས་པོ་གཏང་བར་བྱ་བ་མི་ནུས་པ་ཡིན་ལ། མ་བྱིན་ན་ཡང་ཚུལ་དང་མཐུན་པ་མ་ཡིན་ནོ། །

དེས་ན་གནོད་ཅིང་ཉམ་ང་བ་ཡིན་ཏེ། དེར་ནི་སེམས་ངེས་པར་སྤྲོ་བར་བྱའོ། །བསམ་པ་སྣ་ཚོགས་ཐ་དད་པ་རྣམས་ཕན་ཚུན་འདོད་པ་ཐ་དད་པ་དང་། མོས་པ་ཡང་ཐ་དད་པ་སྣ་ཚོགས་པ་རྣམས་ཀྱི་མོས་པ་སྣ་ཚོགས་པ་རྣམས་ལ་འདོད་པའི་མོས་པ་བསྐྱེད་པའི་ཕྱིར་གོ་བར་
བྱ་བ་ནི་དཀའ་བ་དང་། དེ་ལྟ་ན་ཡང་བཏང་སྙོམས་སུ་གནས་པར་རིགས་པ་མ་ཡིན་ཏེ། ངེས་པར་བསྟན་པར་བྱ་དགོས་པའི་ཕྱིར་རོ། །དེའི་ཕྱིར་སོ་སོར་བརྟགས་པའི་སྟོབས་ཀྱིས་བརྟན་པར་གཞག་པར་བྱའོ། །ཤིན་ཏུ་བག་ཡོད་པར་བྱ་བ་ལ་གོམས་པར་བྱས་ན་ཉོན་མོངས་པ་སྤོང་བར་ཐལ་བར་འགྱུར་བས་
དེ་ལ་ཐབས་ལ་མཁས་པ་བསྒོམ་པར་བྱའོ། །གནོད་པ་དང་ཉམ་ང་བ་དང་ཕྲད་པར་གྱུར་པ་ན་ནི་དེ་དང་འཚམ་པའི་དངོས་པོ་བརྒྱད་ལ་ནན་ཏན་གྱིས་བསྒྲུབ་པར་བྱའོ། །དེ་ལྟར་ན་ཡང་དག་པའི་གཉེན་པོ་ལ་མཁས་པར་འགྱུར་རོ། །དེས་ན་གནོད་པ་དང་ཉམ་ང་བས་འཁྲུགས་པར་མི་འགྱུར་རོ། །དེས་ན་
བདག་ཉིད་ཡང་དག་པར་འདྲེན་པར་འགྱུར་རོ། །དེས་ན་གནོད་པ་དང་ཉམ་ང་བས་གནོད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་ཡོངས་སུ་འཛིན་པའི་ལེའུ་སྟེ་གཉིས་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ན་སེམས་ཅན་ཡོངས་
སུ་འཛིན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་ཀྱི་ཁྱད་པར་གྱི་དོན་ཡང་དག་པར་བསྟན་པས་མདོར་བསྟན་ཏོ། །འདྲེན་མ་གཅིག་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །དེ་ནི་བྱང་ཆུབ་སེམས་དཔའི་ཡང་ཡིན་ལ། དེ་བཞིན་གཤེགས་
པའི་ཡང་ཡིན་ནོ། །ས་འདི་དག་གི་རྣམ་པར་གཞག་པ་ནི་སྐལ་བ་དང་མཉམ་པ་ཉིད་དང་། མངོན་པར་རྟོགས་པ་ལ་སྦྱོར་བ་དང་། མངོན་པར་རྟོགས་པ་དང་། ངེས་པའི་ས་ལ་ཞུགས་པ་དང་། ངེས་པའི་སྤྱོད་པ་ལ་ཞུགས་པ་དང་། མཐར་ཐུག་པར་འགྲོ་བའི་དབང་དུ་བྱས་པ་ཡིན་ནོ། །ཡང་ན་སྐལ་བ་
དང་ལྡན་པ་བསྐལ་པ་གྲངས་མེད་པས་ངེས་པར་འབྱུང་བའི་སྦྱོར་བ་དང་། ངེས་པར་འབྱུང་བའི་དབང་དུ་བྱས་ནས་ས་རྣམ་པར་གཞག་པར་བྱ་སྟེ། རིགས་ཀྱིས་ལ་གནས་པ་ནི་ངེས་པར་འབྱུང་བའི་སྐལ་བ་དང་ལྡན་པ་ཡིན་ལ། མོས་པས་སྤྱོད་པའི་ས་ནི་བསྐལ་པ་གྲངས་མེད་པ་དང་པོས་ངེས་པར་

འབྱུང་བའི་སྦྱོར་བ་ཡིན་ནོ། །བསམ་པ་དག་པའི་ས་ནི་དེའི་ངེས་པར་འབྱུང་བ་ཡིན་ནོ། །སྤྱོད་པ་ལ་ཞུགས་པའི་ས་ནི་གྲངས་མེད་པ་གཉིས་པའི་སྦྱོར་བ་ཡིན་ལ། ངེས་པའི་ས་ནི་དེའི་ངེས་པར་འབྱུང་བ་ཡིན་ནོ། །ངེས་པའི་ས་ལ་སྤྱོད་པ་ནི་གྲངས་མེད་པ་གསུམ་པའི་སྦྱོར་བ་ཡིན་ལ། མཐར་
ཐུག་པར་འགྲོ་བའི་ས་ནི་དེའི་ངེས་པར་འབྱུང་བའོ། །དེའི་ཕྱིར་ས་བདུན་པོ་ཡིན་ནོ། །དེ་དག་ལས་གསུམ་ནི་གནས་པ་དང་པོ་གསུམ་ཡིན་ནོ། །དེ་ནས་གནས་པ་དྲུག་ནི་ས་བཞི་པའོ། །མཚན་མ་མེད་པར་ལྷུན་གྱིས་གྲུབ་པའི་གནས་པ་ནི་ས་ལྔ་པའོ། །སོ་སོ་ཡང་དག་པར་རིག་པའི་གནས་པ་ནི་
ས་དྲུག་པའོ། །གནས་པ་མཆོག་དང་དེ་བཞིན་གཤེགས་པའི་གནས་པ་ནི་ས་བདུན་པ་སྟེ། ད་ལྟར་ནས་དང་གནས་པ་དག་ཕན་ཚུན་བསྡུས་པར་བསྟན་ནས། སྔར་བསྟན་པའི་ས་དང་པོ་ཐོབ་པ་ཉིད་ནས་ངན་འགྲོའི་འཇིགས་པ་ལས་ཡང་དག་པར་འདས་པ་ཡིན་ཞེས་བྱ་བའི་ངན་འགྲོ་ལས་ཡང་
དག་པར་འདས་པའི་ལམ་བསྒོམ་པ་བསྟན་པའི་ཕྱིར། ཡོངས་སུ་དག་པའི་བསམ་གཏན་བཞི་པ་ནི་རྣམ་པ་གཉིས་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པར་གཏོགས་པར་བསྡུས་པའི་ཕྱིར་དང་། མི་གཡོ་བའི་ཏིང་ངེ་འཛིན་གསལ་པོས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཞན་ཡིད་ལ་མི་
བྱེད་པར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར། སྙིང་བརྩེ་བ་སྒོམ་པར་བྱེད་དེ། དེ་བསྒོམས་པས་དེ་དང་མཐུན་པའི་སྙིང་རྗེའི་བསམ་པ་ཡང་འཐོབ་པར་འགྱུར་ཏེ། བསམ་པ་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་
ངན་སོང་རྣམ་པ་གསུམ་ནི་གནས་པ་ཡང་རང་གི་ཁྱིམ་ན་གནས་པ་དང་འདྲ་བར་གནས་ཏེ། ཇི་ལྟར་འདོད་པ་ཞེན་པའི་ཁྱིམ་པ་དག་རང་གི་ཁྱིམ་ན་གནས་པར་དགའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཞུགས་པ་རྣམས་ངན་སོང་དུ་གནས་པར་དགའ་བ་ཡིན་ཏེ། སེམས་
ཅན་ཐམས་ཅད་ཀྱི་ངན་སོང་དུ་སྐྱེ་བར་འགྱུར་བའི་ལས་ཅི་བྱས་པ་དེ་ཐམས་ཅད་ཀྱི་རྣམ་པར་སྨིན་པ་བདག་གིས་མྱང་བར་བྱའོ་ཞེས་མོས་པར་བྱེད་དོ། །དེ་ལྟར་བསམ་པ་དང་མོས་པའི་ཁྱད་པར་བསྟན་ནས། སྦྱོར་བའི་ཁྱད་པར་བསྟན་པའི་ཕྱིར་མི་དགེ་བའི་ལས་ཐམས་ཅད་གཏན་ཀུན་དུ་མི་

སྤྱོད་པར་ཞེས་བྱ་བ་ལ་སོགས་པ་ལ། ངན་སོང་གི་རྒྱུའི་མི་དགེ་བ་རྣམས་ཇི་ལྟར་ཡང་ཀུན་དུ་མི་སྤྱོད་པ་དེ་ལྟར་སེམས་མངོན་པར་འདུ་བྱེད་དེ། ཇི་ལྟར་སྔར་བསྟན་པའི་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ཡོངས་སུ་དག་པའི་བསམ་གཏན་ཡོངས་སུ་རྫོགས་
པར་བྱས་པས་གནས་ངན་ལེན་སྤོང་བར་འགྱུར་ཏེ། གསེར་གྱི་ཁམས་ཡོད་པའི་ས་མེས་ལེགས་པར་བཞུས་པ་བཞིན་དུ་ཡོངས་སུ་འགྱུར་བར་བསྟན་པའི་ཕྱིར། ངན་སོང་དུ་འགྲོ་བའི་ལས་གཏན་མི་བྱེད་པ་དང་ཞེས་བྱ་བ་ལ། ངན་སོང་དུ་འགྲོ་བ་ལ་སོགས་པ་དང་མཐུན་པ་ཡང་མ་ཡིན་ལ། ངན་
སོང་གི་ཕུང་པོ་བསྐྱེད་པ་དང་མཐུན་པ་ཡང་མ་ཡིན་པའོ། །དེ་ལྟ་བུའི་གནས་ཡོངས་སུ་གྱུར་པས་མོས་པ་སྤྱོད་པའི་ས་ནས་ངན་སོང་དུ་འགྲོ་བ་ལས་འདས་ནས་བསམ་པ་དག་པའི་ས་ལ་འཇུག་པར་འགྱུར་རོ། །རབ་ཏུ་དགའ་བའི་གནས་པ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་བསྟན་པས་གནས་པ་ཐམས་
ཅད་ཡོངས་སུ་སྦྱོང་བ་ཉིད་བསྟན་པའི་ཕྱིར་སྨྲས་པ། ཆོས་བཅུ་པོ་གང་དག་བསྟན་པ་ཞེས་བྱ་བ་ལ་སོགས་པ་ལ། བཅུ་པོ་འདི་དག་ནི་ཞེས་བྱ་བ་ནི་ས་ཡོངས་སུ་སྦྱོང་བར་རིག་པར་བྱའོ། །དེ་དག་གི་དབང་དུ་བྱས་ནས་སྨྲས་པ། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་
གཉེན་པོས་སྤོང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་བསྡུས་ནས་རྣམ་པར་གཞག་པ་དང་གོ་རིམས་བསྟན་པའི་ཕྱིར། སེམས་བསྐྱེད་པ་མི་རྩོམ་ཞིང་ཞེས་བྱ་བ་ལ། མི་རྩོམ་པ་ཉིད་ནི་མངོན་པར་ཡིད་ཆེས་པའི་མི་མཐུན་པའི་ཕྱོགས་མ་དད་པ་ཞེས་བསྟན་ཏོ། །སེམས་མི་བསྐྱེད་པ་ཉིད་ནི་མངོན་པར་འདོད་པའི་
རྣམ་པ་མི་མཐུན་པའི་ཕྱོགས་མ་དད་པའོ། །དེ་ལྟར་ན་དད་པ་མེད་པ་དང་། མངོན་པར་འདོད་པ་མེད་པ་ནི་དེའི་དོན་དུ་སྒྲུབ་པར་མི་བྱེད་དེ་ཞེས་བྱ་བ་ནས་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སུ་རྣམ་པར་གཞག་གོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ནི་གནོད་སེམས་དང་ལྡན་པ་སྟེ། སྙིང་རྗེའི་མི་མཐུན་
པའི་ཕྱོགས་སོ། །གནོད་སེམས་མང་དུ་བསྐྱེད་པ་ནི་བྱམས་པའི་མི་མཐུན་པའི་ཕྱོགས་སོ། །བདག་ལ་ཆགས་པ་དང་། ལོངས་སྤྱོད་ལ་ཆགས་པ་ནི་སྦྱིན་པའི་མི་མཐུན་པའི་ཕྱོགས་སོ། །སེམས་ཅན་རྣམས་ལ་གནོད་པ་བྱེད་པ་དང་། ལོག་པར་བསྒྲུབ་པ་ལ་སྐྱོ་བ་མང་བ་ནི་མི་སྐྱོ་བའི་མི་མཐུན་པའི་ཕྱོགས་སོ། །

བདག་དང་གཞན་གྱི་དོན་ལ་བསྟན་བཅོས་ཤེས་པ་མེད་པ་ནི་རྨོངས་པ་མང་བ་སྟེ། བསྟན་བཅོས་ཤེས་པའི་མི་མཐུན་པའི་ཕྱོགས་ནི། མི་དེས་པ་ལ་སོགས་པ་ལ་སོགས་པ་ནི་འཇིག་རྟེན་ཤེས་པའི་མི་མཐུན་པའི་ཕྱོགས་ཏེ། གཞན་དག་ལ་གཅིག་ཏུ་སྡུག་བསྔལ་སྐྱེད་པར་བྱེད་པའོ། །བྱ་བ་ངན་པ་ལ་
ཆགས་པ་ནི་བག་མེད་པའོ། །ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱོར་བ་མི་བྱེད་པ་ནི་ལེ་ལོའོ། །དེ་དག་གཉིས་ཀ་ཡང་སྡིག་པ་དང་རྗེས་སུ་མཐུན་ཞིང་དགེ་བ་དང་རྗེས་སུ་མི་མཐུན་པ་ཡིན་པའི་ཕྱིར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །སྡུག་བསྔལ་རྣམ་པ་བཞིས་ཉེ་བ་ནི་བདག་
ཉིད་བརྟན་པར་འཛིན་པར་མི་ནུས་པས་བརྟན་པའི་སྟོབས་བསྐྱེད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །སྟོན་པ་ལ་མོས་པ་མེད་ཅིང་མི་དད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བདག་དང་གཞན་གྱི་དོན་ལ་དད་པ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་སྒྲུབ་པར་བྱེད་དོ་ཞེས་བྱ་བས་དད་པའི་བསམ་པ་རྣམ་པར་དག་པའོ། །སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བར་བྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་བསམ་པ་རྣམ་པར་དག་པའོ། །སེམས་ཅན་ཡོངས་སུ་བསྐྱབ་པར་བྱའོ་ཞེས་བྱ་བ་ནི་བྱམས་པའི་བསམ་པ་རྣམ་པར་དག་པའོ། །དེ་ལྟར་
ན་བསམ་པ་རྣམ་པར་དག་པ་གསུམ་བསྟན་ནས། ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་ཡོངས་སུ་དག་པ་བསྟན་ཏོ། །གོ་རིམས་བསྟན་པའི་ཕྱིར། བྱང་ཆུབ་ལ་མངོན་པར་འདོད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། དད་པ་དང་ལྡན་པ་ནི་གཞན་གྱི་དོན་ལ་སྙིང་རྗེ་སྐྱེའོ། །སྙིང་རྗེ་དང་ལྡན་པས་གཞན་
ལ་བྱམས་པར་འགྱུར་རོ། །སྙིང་རྗེ་དང་བྱམས་པ་དང་ལྡན་པའི་བསམ་པས་ནི་ཐམས་ཅད་གཏོང་ངོ་། །ཐམས་ཅད་གཏོང་བས་ནི་དེ་སེམས་ཅན་གྱི་དོན་ལ་སྐྱོ་བར་མི་འགྱུར་རོ། །སྐྱོ་བ་མེད་པ་ནི་བསྟན་བཅོས་ཀྱི་མཐར་ཐུག་པར་འགྱུར་བས་བསྟན་བཅོས་ཤེས་པ་བསྟན་པ་ཡིན་ནོ། །དེའི་རྗེས་སུ་
འབྲངས་ནས་འཇིག་རྟེན་ཡང་ཤེས་པར་འགྱུར་བས་འཇིག་རྟེན་ཤེས་པ་བསྟན་ཏོ། །དེ་ལྟར་བསྟན་བཅོས་ཤེས་པ་དང་འཇིག་རྟེན་ཤེས་པ་ནི་བདག་དང་གཞན་ལ་ལྟོས་ནས་ཀུན་ལ་ཉོན་མོངས་པ་ལ་སྤྱོད་པ་ལ་ངོ་ཚ་ཤེས་པར་འགྱུར་བས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་རོ། །དེ་དག་

དང་ཡང་དག་པར་ལྡན་པས་ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར། བརྟན་པའི་སྟོབས་བསྐྱེད་པ་འཐོབ་པར་འགྱུར་རོ། །དེ་ལྟར་དེ་ཡང་དག་པའི་སྦྱོར་བ་དང་ལྡན་པ་ནི་དགེ་བའི་རྩ་བ་འཕེལ་བར་འགྱུར་རོ་ཞེས་བྱས་པས་ཤེས་པའི་དབང་དུ་བྱས་ནས་རྣམ་པ་གཉིས་ཀྱིས་
མཆོད་པ་དང་། བསྙེན་བཀུར་མང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་འདིའི་གོ་རིམས་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སའི་ལེའུ་སྟེ་གསུམ་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་
སྦྱོར་བ་བསྟན་པའི་ཕྱིར། མདོར་བསྡུ་ན་ཞེས་བྱ་བ་ལ་སོགས་པ་ལ། རང་གི་དོན་རྟོགས་པའི་སྦྱོར་བ་ནི་རང་གི་དོན་རྟོགས་པའི་དབང་དུ་བྱས་པ་ནི་གཉིས་པའོ། གཞན་གྱི་དོན་ལ་བྱ་བ་ལ་ནུས་པ་ནི་གཞན་གྱི་དོན་གྱི་དབང་དུ་བྱས་པ་སྟེ། ཕྱི་མ་གཉིས་སོ། །ཡང་ན་བྱ་བ་རྣམ་པ་བཞི་ཡང་དག་
པར་སྒྲུབ་པར་བྱེད་པའི་ཕྱིར་སྤྱོད་པ་བཞིའོ། །བྱ་བ་རྣམ་པ་བཞི་ནི་ཚོགས་ཉེ་བར་བསགས་པ་དང་། དེ་ཁོ་ནའི་དོན་མངོན་པར་རྟོགས་པར་བྱ་བ་དང་། མཐུ་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་བསྒྲུབ་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་བཞི་པོ་འདིའི་ཕྱིར་སྤྱོད་པ་ཡང་རྣམ་པ་
བཞི་སྟེ། ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་རྟོགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཞེས་བསྟན་ཏོ། །རྣམ་པ་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་གཞག་པར་བྱ་སྟེ། དངོས་པོ་ཉིད་ཀྱིས་རྣམ་པ་དྲུག་གོ། །རབ་
ཏུ་དབྱེ་བ་ཉིད་ཀྱིས་ནི་བཅུའོ། །ཐབས་ལ་མཁས་པ་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་སྔར་བསྟན་པའི་ཞེས་བྱ་བ་ལ་སོགས་པའོ། །སྨོན་ལམ་ལྔ་པོ་ཉིད་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན་པའི་ཕྱིར། སྨོན་ལམ་རྣམ་པ་ལྔ་ནི་ཞེས་བྱ་བ་ལ་
སོགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་ཡང་དག་པར་རྟོགས་པའི་སྦྱོར་བ་སྔར་སྟོབས་ཀྱི་རིགས་ཀྱི་ལེའུར་བསྟན་པ་གང་དག་ཡིན་པ་དེ་དག་རྣམ་པར་དག་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་རྣམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །མངོན་

པར་རྟོགས་པ་རྣམ་པར་འཇོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡེ་ཤེས་ཚད་མེད་པ་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་སྟེ། བཞི་ནི་ཤེས་རབ་དེ་
ལྟར་གྱི་ཚེ་འདི་ལ་དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པ་ལ་མཁས་པ་ཉེ་བར་གཟུང་ནས་སོ། །མ་འོངས་པ་ནི་གོང་ནས་གོང་དུ་ཁྱད་པར་འགྲོ་བ་དོན་དུ་གཉེར་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཁྱད་པར་དུ་འཕགས་པའི་ཡེ་ཤེས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལྷག་པར་མོས་པའི་སྟོབས་
ལ་བརྟེན་ནས། རྣམ་པ་ཐམས་ཅད་དུ་འཕྲོགས་པར་མི་ནུས་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་བྱ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྤྱོད་པ་ནི་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་
སྤྱོད་པ་ཞེས་བསྟན་པའི་ཕྱིར། ཡོངས་སུ་ཚོལ་བ་དང་བཅས་པའི་ཡོངས་སུ་ཤེས་པའོ། །གང་ཡོངས་སུ་སྨིན་པར་བྱ་བ་དང་། །གང་གིས་ཡོངས་སུ་སྨིན་པར་བྱེད་པ་དང་། ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པའོ། །གསུམ་པོ་དེ་དག་ནི་ཡོངས་སུ་སྨིན་པ་ཞེས་བསྟན་པ་ཡིན་ནོ། །བྱང་
ཆུབ་སེམས་དཔའི་སྤྱོད་པ་དཔག་ཏུ་མེད་པ་ཚད་མེད་པ་དག་མདོར་བསྡུས་ནས་རྣམ་པར་གཞག་པའི་དབང་དུ་བྱས་ནས་སྤྱོད་པ་རྣམ་པར་གཞག་པ་བྱས་སོ་ཞེས་ཡོངས་སུ་གསལ་བར་བསྟན་པ་ནི། སྤྱོད་པ་འདི་བཞིས་ནི་ཞེས་བྱ་བ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པའི་ངེས་པའི་ཚིག་བསྟན་
པ་ནི། རབ་ཀྱི་མཐར་ཐུག་པར་འགྲོ་བའི་དོན་གྱིས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། རབ་ཀྱི་མཐར་ཐུག་པར་འགྲོ་བ་དང་དུས་ཀྱི་རབ་ཀྱི་མཐར་འགྲོ་བ་ནི་གང་ཡང་སྨྲས་པ། ཡུན་རིང་པོ་བསྐལ་པ་གྲངས་མེད་པ་ཞེས་བྱ་བ་ལ་སོགས་པའོ། །ངོ་བོ་རབ་ཀྱི་མཐར་ཐུག་པ་ནི་གང་ཡང་སྨྲས་པ།
རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་རབ་ཀྱི་མཐར་གྱུར་པ་ནི་གང་ཡང་སྨྲས་པ། བྱང་ཆུབ་མཆོག་གི་འབྲས་བུ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་མི་མཐུན་པའི་ཕྱོགས་ལ་ཀུན་དུ་སྤྱོད་པ་དེ་ལྟར་དེའི་གཉེན་པོའི་ཕྱོགས་ཀྱང་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་

བར་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱང་རྣམ་པར་གཞག་པར་བྱ་སྟེ། བསླབ་པ་གསུམ་པོ་བཞིན་ནོ། །འབྱུང་བ་ཉིད་ཀྱིས་ནི་གང་དག་རིམ་གྱིས་འབྱུང་བ་དེ་དག་ནི་དེ་བཞིན་དུ་བསྟན་པར་བྱ་སྟེ། བསམ་གཏན་དང་གཟུགས་མེད་པ་བཞིན་ནོ། །
རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་ནི་ཇི་ལྟར་འབྲས་བུ་མཆོག་ཏུ་ཞུགས་པ་དེ་ཡང་རྣམ་པར་གཞག་པར་བྱ་སྟེ། བསོད་ནམས་བྱ་བའི་དངོས་པོ་བཞིན་ནོ། །འདོད་པའི་ཁམས་ནི་ལོངས་སྤྱོད་ལ་གཅིག་ཏུ་ཞེན་པས་དང་པོ་ཉིད་དུ་ལོངས་སྤྱོད་ལ་སེར་སྣ་ཀུན་དུ་སྤྱོད་དོ། །ལོངས་
སྤྱོད་ལ་ཆགས་པའི་རྒྱུས་ལུས་ལ་སོགས་པའི་ཉེས་པར་སྤྱོད་པར་བྱེད་དོ། །དེའི་བར་དུ་གཅོད་པའི་དགྲ་ལ་གནོད་པ་བྱེད་པར་འགྱུར་རོ། །གསུམ་པོ་དེ་དག་དང་ལྡན་པའི་རྒྱུས་དགེ་བའི་ཕྱོགས་ལ་མི་སྤྲོ་བ་ལས་ལེ་ལོ་སྐྱེ་བར་འགྱུར་རོ། །དེ་དང་ལྡན་པས་ཡུལ་ལ་རྣམ་པར་གཡེང་བས་གཡེང་བར་
འགྱུར་རོ། །རྣམ་པར་གཡེང་བ་དང་ལྡན་པས་རྨོངས་ཤིང་དམན་པར་འགྱུར་རོ། །དེས་ན་ཆོས་དྲུག་པོ་འདི་དག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་གཅོད་པའི་གནས་ཡིན་ཏེ། དེ་འཐོབ་པར་བྱེད་པའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མི་མཐུན་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་
ན་མི་མཐུན་པའི་ཕྱོགས་ཀྱི་རིམ་གྱིས་གཉེན་པོའི་ཕྱོགས་ཀྱི་རིམ་པ་གཞག་པ་ཡིན་ནོ། །དེ་ལས་གཞན་པའི་ལྷག་མ་བཞིའི་གོ་རིམས་རྣམ་པར་མ་བཞག་པ་ནི་འདི་དག་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། དེ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པའོ། །ལོངས་
སྤྱོད་གཏོང་བ་སྔོན་དུ་འགྲོ་བ་ལས་སྡོམ་པ་ཡང་དག་པར་ལེན་པར་འགྱུར་རོ་ཞེས་བྱ་བར་སྨྲས་པ། ལོངས་སྤྱོད་ལ་མི་ལྟ་ན་ཁྱིམ་གྱི་འདོད་པ་རྣམས་བཏང་ནས་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ་ཞེས་བྱ་བའོ། །ཚུལ་ཁྲིམས་རྗེས་སུ་བསྲུང་བ་ནི་གཞན་གྱི་གནོད་པ་བྱས་པ་བཟོད་པར་འགྱུར་རོ་
ཞེས་བྱ་བ་སྨྲས་པ། ཚུལ་ཁྲིམས་ལ་གུས་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་ཡང་དག་པར་བླངས་པ་རྗེས་སུ་བསྲུང་བས་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པའི་དགེ་བའི་ཕྱོགས་ལ་སེམས་སྤྲོ་བ་ཉིད་དུ་འགྱུར་གྱི། མི་མཐུན་པའི་ཕྱོགས་ལ་ནི་མ་ཡིན་ནོ་ཞེས་བྱ་བར་སྨྲས་པ། མི་འབྱུང་

བ་དང་རྒྱུན་མི་འཆད་པ་ཞེས་བྱ་བ་ལ་སོགས་པའོ། དེ་ལྟར་བརྩོན་འགྲུས་བརྩམས་པ་ནི་བག་ཡོད་པས་མཐར་ཐུག་པར་འགྲོ་བའི་ཕྱིར། སེམས་རྩེ་གཅིག་པས་བདེ་བ་ལ་རེག་པར་འགྱུར་རོ། །དེ་ལྟར་སེམས་མཉམ་པར་གཞག་པ་ནི་ཤེས་བྱ་ཇི་ལྟ་བ་བཞིན་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་སྨྲས་པ།
དེ་དེ་ལྟར་སེམས་མཉམ་པར་གཞག་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རབ་ཏུ་ཤེས་པའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱིས་རབ་ཏུ་ཤེས་པ་ཡིན་ཏེ། གང་གིས་ཟག་པ་མེད་པ་བལྟ་བར་བྱ་བ་མཐོང་སྟེ། ཇི་ལྟར་གཞན་དག་ནས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ངོ་ཞེས་བསྟན་པ་ལྟ་བུའོ། །
མདོར་བསྡུ་ན་སྦྱིན་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་པ་དང་། ལུས་ཕུན་སུམ་ཚོགས་པ་འཐོབ་པའོ། །དེ་དག་གི་རྒྱུ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དག་གོ་རིམས་བཞིན་ནོ། ཡང་ཚུལ་ཁྲིམས་ནི་དེ་ལས་གཞན་པའི་དགེ་བ་དག་དང་
ལྷན་ཅིག་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ལུས་མངོན་པར་འགྲུབ་པར་བྱེད་དོ་ཞེས་བྱ་བར་སྨྲས་པ། དེ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ལ། ཚེ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་བདེ་འགྲོའི་ལུས་ཀྱི་དངོས་པོ་རབ་ཏུ་འཐོབ་པ་ནི་ཕུན་སུམ་ཚོགས་པ་དང་པོ་སྟེ། དེའི་རྒྱུ་ནི་ཚུལ་ཁྲིམས་སོ།
དེ་དག་གི་ལུས་དེ་ལྟ་བུ་ཡང་དག་དགེ་བའི་ཕྱོགས་ལ་ཡང་དག་པར་སྦྱོར་བ་ན་སྡུག་བསྔལ་དང་དུ་ལེན་པའི་ཕྱིར་སྐྱོ་བ་བཟོད་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་བརྣགས་ནུས་པས་གནོད་པ་བྱེད་པ་བཟོད་པ་དང་། གཞན་ལ་གནོད་པ་བྱེད་པ་ལ་མི་དགའ་བའི་ཕྱིར་རོ། །གནོད་པ་མི་བྱེད་པ་སྟེ་ཕུན་
སུམ་ཚོགས་པ་འདི་དག་ནི་བཟོད་པ་རྣམ་པ་གསུམ་གྱི་རྒྱུ་ཡིན་ནོ། །འདི་ནི་གཉིས་པའོ། །བདག་གི་ལུས་དེ་ལྟ་བུ་དང་ལྡན་པས་བརྩམས་པ་ཐམས་ཅད་ལ་འབད་པ་བརྟན་པའི་གོ་ཆ་གྱོན་པར་འགྱུར་བ་འདི་ནི་གསུམ་པའོ། ཡང་དེ་ནི་ཚེ་རབས་གཞན་དག་ཏུ་བརྩོན་འགྲུས་བརྩམས་པའི་རྒྱུ་ལས་བྱུང་
བ་ཡིན་ནོ། །དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམས་པ་དང་ལྡན་པའོ། །དགེ་བའི་ཕྱོགས་དང་ཡང་དག་པར་ལྡན་པའི་མི་མཐུན་པའི་ཕྱོགས་ཀུན་དུ་སྤྱོད་པ་དམན་པར་གྱུར་པས་ཉོན་མོངས་པ་ཆུང་བ་ཉིད་ཀྱི་ཕྱིར་དེའི་གཉེན་པོ་བསྒོམས་པ་ལ་སེམས་ལས་སུ་རུང་བས་དེས་ན་མངོན་པར་ཤེས་པ་མྱུར་

བར་འགྱུར་བ་འདི་ནི་བཞི་པ་ཡིན་ནོ། །དེ་ཡང་བསམ་གཏན་དང་ཏིང་ངེ་འཛིན་གྱི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་ལྟར་ཉོན་མོངས་པ་ཆུང་བར་གྱུར་པས་དོན་མང་པོ་ལ་འཇུག་པར་ནུས་པ་ནི་བློ་རྒྱ་ཆེ་བ་ཞེས་བྱའོ། །དོན་ཟབ་མོ་ལ་འཇུག་པར་ནུས་པ་ནི་མཁས་པ་ཞེས་བྱའོ། །དོན་ལ་བློ་
མྱུར་དུ་འཇུག་པར་འགྱུར་བ་ནི་མཛངས་པ་ཞེས་བྱའོ། །འདི་དག་སྐྱེ་བ་གཞན་དུ་གོམས་པར་བྱ་བའི་ཤེས་རབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། འདི་ནི་ལྔ་པའོ། །དེ་ལྟར་ན་འབྲས་བུའི་གོ་རིམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་རིམ་པ་ཡིན་ནོ། །བསླབ་པ་གསུམ་གྱིས་བསྡུས་པའི་ཕྱིར་སྨྲས་པ། དེ་ལ་ཕ་རོལ་ཏུ་
ཕྱིན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཚོགས་སུ་གྱུར་པ་ནི་སྦྱིན་པ་ཡིན་ཏེ། ལོངས་སྤྱོད་ལ་ལྟོས་པ་མེད་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ་ཞེས་བསྟན་པས་སོ། །ཚུལ་ཁྲིམས་ཉིད་ནི་ངོ་བོ་ཉིད་དོ། །བཟོད་པ་ནི་འཁོར་ཡིན་ནོ། །ཚུལ་ཁྲིམས་ཀུན་ནས་
བསྲུང་བའི་དོན་དུ་གཞན་གནོད་པར་བྱེད་པ་ལ་བཟོད་དོ། །ཀུན་ནས་བསྲུང་བ་ནི་བརྩོན་འགྲུས་ཏེ། དེའི་མི་མཐུན་པའི་ཕྱོགས་ཀྱི་མི་དགེ་བ་སྐྱེས་པ་སྟེ་སྐྱེས་པ་རྣམས་སྤོང་བ་དང་། མི་སྐྱེ་བར་བྱེད་པའི་བྱ་བ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ན་ཚོགས་དང་བཅས་པ་ནས་བསྲུང་བ་དང་བཅས་པའི་བར་གྱིས་
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པའི་ངོ་བོ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ་ཞེས་བྱ་བའོ། །བསླབ་པ་ནི་གསུམ་མོ་ཞེས་
བྱ་བའི་ངེས་པས་བསླབ་པའི་ལམ་འདི་ལས་ལྷག་པར་མ་བསྟན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་རྣམ་པར་གཞག་གོ། །བྱ་བའི་གཙོ་བོ་བཞི་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་སྤྱོད་པ་བཞི་བསྟན་ཏེ། སྤྱོད་པ་མང་དུ་
ཡོད་པས་བདེན་པ་ཡང་དེར་འདུས་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། མདོར་བསྡུ་ན་བཞི་པོ་འདི་དག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྤྱོད་པའི་ལེའུ་སྟེ་བཞི་པའི་འགྲེལ་པ་རྫོགས་སོ། །གནས་པ་

རྣམ་པར་གཞག་པ་ལས་བཅུ་གསུམ་པ་ནི་དེ་བཞིན་གཤེགས་པའི་གནས་པ་སྟེ། རྟེན་དང་བརྟེན་པར་གྱུར་པའི་སངས་རྒྱས་ཀྱི་ཆོས་རྣམས་ཉིད་གནས་པ་ཞེས་བྱ་སྟེ། དེ་དག་ལ་གནས་ཤིང་དེ་དག་གིས་གནས་པར་རིག་པར་བྱའོ། ས་རྣམ་པར་གཞག་པ་ལ་ནི་མཐར་ཐུག་པའི་ས་ཉིད་ཅེས་བྱ་སྟེ། དེ་ཉིད་ནི་
སངས་རྒྱས་ཀྱི་ཆོས་རྣམས་ཏེ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ཉིད་སངས་རྒྱས་ཀྱི་གནས་པ་དང་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ། ཆོས་དེ་དག་ལ་མ་གཏོགས་པ་གནས་པ་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །འདི་དག་ནི་རྟེན་དང་
བརྟན་པའི་ངོ་བོར་རྣམ་པར་གཞག་པར་བྱ་སྟེ། ཐུན་མོང་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་དོ། །གཞན་དག་ལ་འདི་ལྟ་བུ་མི་སྲིད་པའི་ཕྱིར་ཞེས་བྱ་བས་སོ། །མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི། འཇིག་རྟེན་ལ་གྲགས་པ་སྟེ། ཐོས་པ་དང་འདྲ་བ་ཉིད་ནི་ཞེས་རིག་བྱེད་ལས་
འདོན་པའི་ཕྱིར་རོ། །འོག་གི་ཞབས་ཀྱི་མཐིལ་ནས་ཉེ་བར་བཟུང་ནས་མཚན་རྣམས་རྣམ་པར་གཞག་པར་བསྟན་པའི་ཕྱིར་སྨྲས་པ། ཞབས་ཤིན་ཏུ་མཉམ་པ་སྟེ་ཞེས་བྱ་བ་ནི་ཞབས་ཀྱི་མཐིལ་གཉིས་མཉམ་པའི་དབང་དུ་བྱས་ནས་སོ། །དེའི་ཕྱིར་སྨྲས་པ། ས་ལ་མཉམ་པར་འབབ་པ་ཞེས་བྱ་བ་
ལ་སོགས་པ་ལ། ས་ལ་མཉམ་དུ་རེག་པ་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་ཆགས་སྤྱོད་པ་ལ་སོགས་པ་རྐང་པ་འདོར་བ་ལས་བཟློག་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཞབས་བསྐྱོད་པར་མཛད་པའོ། །ཞབས་ཀྱི་མཐིལ་ཉིད་ན་མཚན་མའི་ཁྱད་པར་མངའ་བ་ནི་མཚན་གཉིས་པ་སྟེ། རྩིབས་
སྟོང་དང་ལྡན་པ་ལ་སོགས་པའི་རྣམ་པ་གསུམ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའོ། །སོར་མོར་གཏོགས་པའི་དབྱིབས་ཀྱི་ཁྱད་པར་ནི་གསུམ་པའོ། །ཞབས་སུ་གཏོགས་པའི་དབྱིབས་ཀྱི་ཁྱད་པར་ནི་བཞི་པའོ། །ཕྱག་དང་ཞབས་འཇམ་པའི་ཁྱད་པར་དང་ལྡན་པ་དང་། སོར་མོ་རྣམས་ཀྱི་
བར་དྲ་བས་འབྲེལ་པ་དང་། ཞབས་ཀྱི་གོང་རྒྱས་པ་དང་། བྱིན་པ་གཉིས་རིམ་གྱིས་ཕྲ་བའི་ཁྱད་པར་དང་། སྐུ་མ་ལུས་པ་སྲ་ཞིང་བརྟན་པ་དང་ལྡན་པའི་ཁྱད་པར་དང་ལྡན་པ་དང་། སྐུ་དྲང་པོར་བཞུགས་པ་དང་། གླང་པོ་ཅང་ཤེས་ཀྱི་ལྟར་གསང་བ་སྦུབས་སུ་ནུབ་པ་ནི་དགུ་པའོ། །ཤིང་ནྱ་གྲོ་དྷ་ལྟར་ཆུ་

ཞེང་གབ་པ་ནི་བཅུ་པའོ། །འོད་འདོམ་གང་བ་དང་སྐུའི་སྤུ་རེ་རེ་ནས་སྐྱེས་ཤིང་མ་རེག་པ་ལ་འཇམ་པ་སྟེ། དེས་ན་མདོག་དང་དབྱིབས་སྨྲས་པ། མཐོན་མཐིང་ལ་ལྕང་ལོར་ཞེས་བྱ་བ་ལ་སོགས་པ་ལ། འཁྱིལ་བར་གྱུར་ན་ཡང་མཛེས་ཤིང་བཀྲ་ཤིས་པར་བསྟན་པའི་
ཕྱིར། གཡས་ཕྱོགས་སུ་འཁྱིལ་པ་ཞེས་བྱའོ། །སྐུའི་པགས་པའི་མདོག་དང་སྲབ་པའི་ཁྱད་པར་དང་། པགས་པ་རེག་པའི་ཁྱད་པར་གྱིས་རྡུལ་དང་དྲི་མ་མི་འཆགས་པར་བསྟན་པ་ཡིན་ནོ། །བདུན་མཐོ་བ་ནི་གནས་བདུན་དུ་ཤ་བསགས་པས་མཐོ་བར་གྱུར་པ་སྟེ། ཞབས་གོང་རྒྱས་པར་སྔར་
བསྟན་པ་ནི་རྒྱས་པ་ཙམ་བསྟན་པའོ། །འདིར་ནི་ཤིན་ཏུ་ཤས་རྒྱས་པར་བསྟན་པ་ཡིན་ནོ། །སེང་གེ་བཞིན་དུ་རོ་སྟོད་རིམ་གྱིས་སྟོད་འཕེལ་ཆེ་བ་དང་ཡངས་པས་དེ་རྣམ་པར་གཞག་སྟེ། སྐུའི་དབུས་ནས་སྟོད་ཀྱི་ཆའི་དབྱིབས་ཀྱི་ཁྱད་པར་དང་ལྡན་པའོ། །དཔུང་མགོ་ལ་ཤ་བསགས་པ་ལྟ་བུ་དང་ལྡན་
པ་དང་། བཞུགས་པ་ན་སྐུ་དྲང་ཞིང་མི་གཡོ་བ་དང་། ཚེམས་ཀྱི་གྲངས་དང་ཚད་ཡོངས་སུ་རྫོགས་པ་ཉིད་དང་། དེ་དག་ཉིད་ལ་བར་མཚམས་མེད་པ་ཉིད་དང་། དེ་དག་ཉིད་ཀྱི་ཁ་དོག་གི་ཁྱད་པར་ཉིད་དོ། །འགྲམ་པའི་དབྱིབས་སེང་གེའི་འདྲ་བ་ཉིད་དང་། ལྗགས་རིང་ཞིང་ཡངས་ལ་སྲབ་པ་ཉིད་དང་།
ལྗགས་རིང་ཞིང་ཡངས་པའི་བྱ་བ་བསྟན་པའི་ཕྱིར། ཞལ་ལ་སོགས་པ་ལྗགས་ཀྱིས་ཁེབས་པར་མཛད་པ་ཉིད་དོ། །རོ་བྲོ་བའི་ཁྱད་པར་མཁྱེན་པ་དང་ལྡན་པ་དང་། དབྱངས་ཀྱི་ཁྱད་པར་དང་ལྡན་པ་དང་། དབྱངས་ཀྱི་ཁྱད་པར་ཡང་དཔེས་བསྟན་པའི་ཕྱིར་སྨྲས་པ། གསུང་ཡིད་དུ་འོང་བ་དང་
རྔ་སྒྲ་ལྟ་བུ་དང་ཞེས་བྱ་བའོ། །སྤྱན་འབྲས་བུའི་ཁ་དོག་གི་ཁྱད་པར་ཉིད་དང་། སྤྱན་གྱི་སྤུའི་ཁྱད་པར་ཉིད་དང་། དབུའི་ཁྱད་པར་དང་ལྡན་པ་ཉིད་དང་། ལྷན་ཅིག་སྐྱེས་པའི་ཐིག་ལེའི་ཁྱད་པར་ལྟ་བུའི་གཡས་སུ་འཁྱིལ་པའི་སྤུའི་ཁྱད་པར་དང་ལྡན་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། དཔེ་
བྱད་རྣམས་ཀྱི་གྲངས་ཡོངས་སུ་ཆད་པ་དང་། མིང་དང་རྣམ་པར་གཞག་པ་ནི་ཇི་སྐད་བསྟན་པ་བཞིན་ནོ། །དེ་སྡེ་པ་གཞན་དག་ནི་དེ་བཞིན་གཤེགས་པར་འགྱུར་བ་ཁོ་ན་ལ་མཚན་དང་དཔེ་བྱད་རྣམ་པར་གཞག་པར་བྱའོ་ཞེས་འདོད་པ་དེ་དགག་པར་བྱའོ་ཞེས་བསྟན་པའི་ཕྱིར་དང་། རིམ་གྱིས་འཐོབ་པས་

རྣམ་པར་དག་པར་བསྟན་པའི་ཕྱིར་སྨྲས་པ། ལྷག་པའི་བསམ་པ་དག་པའི་ས་ལ་བཞུགས་པའི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱུད་རྒྱུན་མི་འཆད་པར་ཞུགས་པས་མཚན་ཐམས་ཅད་དང་
ལྡན་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་རྒྱལ་བའི་སྲས་ནི་སངས་རྒྱས་ཀྱི་གདུང་མི་གཅོད་པར་ཞུགས་པར་རིག་པར་བྱའོ། །དེའི་གོང་མའི་ས་དགུ་གོང་མ་གོང་མའི་ཁྱད་པར་བསྟན་པའི་ཕྱིར་གོང་ནས་གོང་དུ་རྣམ་པར་དག་པ་རྫོགས་པ་ཉིད་ཀྱིས་བྱང་
ཆུབ་ཀྱི་སྙིང་པོ་ལ་ཞུགས་པའི་བར་དུ་ཞེས་བྱ་བའི་བར་གྱིས་ཞེས་བྱ་བ་ནས་ནི་མངོན་པར་བྱང་ཆུབ་པའི་དུས་སུ་རྟེན་ཡོངས་སུ་གྱུར་པའི་ཁྱད་པར་དང་བསམ་པའི་ཁྱད་པར་བསྟན་པའི་ཕྱིར། གཟུགས་ཀྱི་ངོ་བོའི་སངས་རྒྱས་ཀྱི་ཆོས་ཆེན་པོ་ལྷག་མ་མ་ལུས་པའི་རྣམ་པར་དག་པ་རབ་ཏུ་འཐོབ་
པར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་དུས་ཉིད་ནའོ། །ས་ལ་ཞུགས་པའི་དུས་ནས་ཉེ་བར་བཟུང་ནས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན་དམན་པ་ཡིན་ཏེ་བྱང་ཆུབ་པའི་དུས་འབའ་ཞིག་ཏུ་མ་ཟད་དོ། །དེ་ལྟར་གནས་སྐབས་ཀྱི་མཚན་རྣམས་འཐོབ་པར་བསྟན་ནས། ཡང་མཚན་
བསྟན་པའི་མདོ་ལས་བསྟན་པའི་རྒྱུ་དང་འབྲས་བུ་བསྟན་པའི་ཕྱིར་ཏེ། བྱ་བ་མང་པོས་འཇིགས་པའི་གདུལ་བྱ་ལ་དེ་དག་སྒྲུབ་པར་བྱེད་པའི་ལུས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དང་། མཚན་རྣམས་སྒྲུབ་པར་བྱེད་པའི་ལས་གང་གིས་ལས་ཀྱི་འབྲས་བུ་སྟེར་བར་བྱེད་པ་དང་། འཕེལ་བར་བྱེད་པ་འཐོབ་པ་དང་
མི་འཐོབ་པ་བསྟན་པའོ། །རྣམ་པར་སྨིན་པས་འཐོབ་པའི་མཚན་རྣམས་ཀྱི་འབྲས་བུ་སྟེར་བའི་ཚོགས་ནི་བྱང་ཆུབ་དང་ཉེ་བ་དང་། བརྩམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །འཕེལ་བ་མ་ཐོབ་པ་ནི་རིང་བ་སྟེ། དེའི་ཕྱིར་སྨྲས་པ། རྣམ་པར་སྨིན་པ་མ་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་
དང་པོ་ཞེས་བྱ་བ་ནི་ས་དང་པོ་ལའོ། །དེ་ལས་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་གྱུར་པའི་ཞེས་བྱ་བ་ནི་དེ་ལས་གོང་དུའོ། །སོ་སོ་ཀུན་ཡང་ཚོགས་མ་ལུས་པ་ལས་གྲུབ་པ་ཡིན་ན་ཡང་མཚན་རྣམས་ལས་སྣ་ཚོགས་ཀྱིས་མངོན་པར་སྒྲུབ་པར་མདོ་ལས་བསྟན་པས་དེ་དག་གི་རྒྱུ་ཉིད་བསྟན་

པ་ནི། གདུལ་བྱ་བྱ་བ་མང་པོས་འཇིགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ཀུན་དུ་སྤྱོད་པ་ལ་ཞུགས་པའི་གདུལ་བྱ་རྣམས་མི་མཐུན་པའི་ཕྱོགས་ལས་བཟློག་ནས་གཉེན་པོའི་ཕྱོགས་ལ་ཡང་དག་པར་གཟུང་བའི་ཕྱིར་རོ་
ཞེས་བསྟན་པའི་ཕྱིར། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་བརྟུལ་ཞུགས་དང་རྣམ་པ་བཞི་ལ་ལེགས་པར་རབ་ཏུ་གནས་པའི་ཕྱིར་ཏེ། ལེགས་པར་རབ་ཏུ་གནས་པའི་རྐང་པ་ཡིན་པའི་ཕྱིར་རོ། །བླ་མའི་བསྙེན་བཀུར་གྱི་བྱ་བ་དང་། སེམས་ཅན་གྱི་གནོད་པ་བྱ་བ་བསྲུང་
བའི་ཕྱིར་རྐང་པས་འགྲོ་བ་དང་། འོངས་པའི་བྱ་བ་མང་དུ་བྱས་པས་ཞབས་མཛེས་པ་ཉིད་འཐོབ་པོ་ཞེས་བྱ་བར་སྨྲས་པ། ཕྱག་དང་ཞབས་འཁོར་ལོའི་མཚན་ཉིད་དང་ལྡན་པ་བརྙེས་སོ་ཞེས་བྱ་བ་ཡིན་ནོ། །མཚན་སྒྲུབ་པར་བྱེད་པའི་ལས་འདི་དག་ནི་ཇི་ལྟར་རིགས་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནང་དུ་འདུས་
པར་སྦྱར་བར་བྱ་སྟེ། ཁ་ན་མ་ཐོ་བ་མེད་པའི་ལས་ཀྱི་ཚོགས་པའི་ཚེ་ན་འཁོར་ལོའི་རྗེས་སུ་འབྱུང་བའི་འཁོར་ལོ་འཐོབ་པོ་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་སྲོག་གཅོད་པ་ལ་སོགས་པའི་གནོད་པ་སྤངས་པ་དང་། བླ་མ་ལ་བསྙེན་བཀུར་བྱས་པ་དང་། ལག་པས་བྱས་པའི་སྡིག་པ་མ་བྱས་པ་དང་།
དེས་བྱས་པའི་དགེ་བ་བྱས་པས་ཕྱག་སོར་རིང་ཞིང་ལེགས་པ་བརྙེས་པ་ཡིན་ནོ། །སོར་མོ་སྨོས་པ་ནི་བརྐྱང་བསྐུམ་ལ་སོགས་པའི་བྱ་བ་རྣམས་མཚོན་པ་ཡིན་ནོ། །གཞན་དག་གི་ཡིད་མགུ་བར་བྱ་བ་ལ་མ་བསྒྱིངས་པ་དང་གཞན་དག་ལ་གནོད་པ་སྤངས་པ་དང་། དགའ་བའི་ལོངས་སྤྱོད་ཉམས་པར་མ་
བྱས་པ་སྟེ། མ་བྱིན་པར་ལེན་པ་སྤངས་པའི་ཕྱིར་དང་། ཐུང་བར་བྱེད་པའི་ལས་ཞལ་གྱིས་མི་བཞེས་པས་ན་མི་ཐུང་བའི་སོར་མོ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ང་རྒྱལ་ངེས་པར་བཅོམ་པ་ཞེས་བྱ་བ་འདིས་ཀྱང་ཡན་ལག་རིང་བ་འཐོབ་པའི་ལས་བསྟན་པ་ཡིན་ནོ། །ལས་གསུམ་པོ་
གང་དག་གི་སྐྱེས་བུ་ཆེན་པོའི་མཚན་གསུམ་དེ་དག་འགྲུབ་པར་བསྟན་པ་ལས་དེ་དག་ཀུན་གྱི་ཞབས་ཀྱི་རྟིང་པ་ཡངས་པ་འགྲུབ་པ་བསྟན་ཏེ། ཇི་ལྟར་ཉེ་བར་ལེན་པའི་ཕུང་པོའི་རྟེན་འབྱུང་བ་ཆེན་པོ་ཡང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་བཞིན་ནོ། །བླ་མའི་ཞིང་དང་སེམས་ཅན་རྣམས་བསྡུ་

བའི་ལས་བྱས་པས་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་པ་བརྙེས་པ་ཡིན་ནོ། །དེ་དག་ཉིད་ལ་རེག་བྱའི་ཁྱད་པར་གྱིས་བསྙེན་བཀུར་བྱས་པས་ནི་ཡན་ལག་གི་རེག་བྱ་ཁྱད་པར་ཅན་བརྙེས་པ་ཡིན་ནོ། །དགེ་བ་སྤེལ་བའི་སྦྱོར་བ་དང་ལྡན་པས་ནི་ཞབས་ཡངས་པ་འཐོབ་པོ་ཞེས་བསྟན་པའི་ཕྱིར།
དགེ་བའི་ཆོས་རྣམས་གོང་ནས་གོང་དུ་སྤེལ་བ་ནི་ཞབས་འབར་འབུར་མེད་པ་བརྙེས་སོ་ཞེས་བསྟན་པ་ཡིན་ནོ། །བདག་ཉིད་ཀྱང་བསྟན་པའི་ཆོས་ལ་ལེགས་པར་ཞུགས་ཤིང་གཞན་ལ་ཡང་མྱུར་དུ་སྟོན་ཏེ། གཞན་གྱི་བྱ་བ་དག་ཀྱང་མྱུར་དུ་སྒྲུབ་པར་བྱེད་པ་འགྲོ་ཞིང་འོང་བ་ལ་ནུས་པ་དང་ལྡན་པའི་
ཡན་ལག་འཐོབ་པར་འགྱུར་བའོ། །མདོ་སྡེ་ལ་སོགས་པ་བསྟན་པའི་ཆོས་རྣམས་རིམ་གྱིས་བསྟན་པས་སློབ་མ་གཅིག་ནས་གཅིག་ཏུ་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པས་ནི། སྐུ་རིམ་གྱིས་དྲང་ཞིང་ཆེ་བར་བསྟན་པའི་ཕྱིར་ཡིད་དང་ལུས་ལ་སོགས་པ་ལ་ཡོན་པོ་མེད་པས་སྐུ་མ་བཏུད་པ་བརྙེས་
པ་ཡིན་ནོ། །ལེགས་པར་བརྟན་པ་ཞེས་བྱ་བ་ནི་དེ་ཉིད་ལ་གཅིག་ཏུ་ཞེན་པར་བྱེད་པ་བརྟན་པའི་ཕྱིར་ཏེ། དེས་ན་ལུས་ལ་སོགས་པའི་ལས་རྣམས་དེ་ལས་བཟློག་པར་མི་འགྱུར་བའོ། །དེ་བཞིན་དུ་དམན་པའི་གནས་སུ་གྱུར་པའི་སྡིག་པའི་ལས་རྣམས་སྤངས་པ་དང་། ནད་ཀྱིས་མནར་ཞིང་ཉམ་
ཐག་པ་བསླང་བས་ཀྱང་སྐུ་མ་བཏུད་པ་བརྙེས་པར་བསྟན་པའི་ཕྱིར། ནད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཟས་ལ་གཅིག་ཏུ་ཞེན་པ་མེད་པ་དང་། འདོད་པ་རྣམས་ལ་མི་ཞེན་པར་སྦྱོར་བ་སྟེ། དེ་ལྟ་བུའི་ལས་རྣམ་པ་བཞིས་སྐུ་མ་བཏུད་པ་བརྙེས་པར་བསྟན་པ་ཡིན་ནོ། །གཞན་དག་གིས་
བསྐྲད་ཅིང་གནས་མེད་པའི་གནོད་པས་ཉེན་པ་རྣམས་ལ་ཆོས་དང་མཐུན་པར་བསྡུས་པ་དང་ངོ་ཚ་དང་ལྡན་ཞིང་ཁྲེལ་ཡོད་པ་རྣམས་ལ་གསང་བ་དགབ་པ་བྱིན་པས་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འཐོབ་པར་གསུངས་པ་ཡིན་ནོ། །གནས་མེད་པ་བསྡུས་པས་ནི་སྦུབས་ཐོབ་པ་ཡིན་ལ། ཅིག་ཤོས་
ཀྱིས་ནི་སྦ་བ་ནུབ་པ་ཡིན་ནོ། །ལུས་ལ་སོགས་པ་བསྡོམས་པས་མི་མཉམ་པའི་ལས་ལ་མི་འཇུག་པ་དང་། ཡོངས་སུ་འཛིན་པའི་ཁ་ཟས་ལ་ཚོད་ཟིན་པས་མི་མཐུན་པའི་ཁ་ཟས་ལ་མི་འཇུག་པ་དང་། ནད་པ་རྣམས་ལ་སྨན་བྱིན་པ་དང་། ཁམས་མ་སྙོམས་པ་རྣམས་ཀྱི་མཐུན་པར་བྱས་ནས་གསུམ་

པོ་འདི་དག་ལ་འཇུག་པ་བསྟན་པ་ནི་ལུས་དང་ངག་དང་ཡིད་ཅེས་བྱ་བ་ལ། དེ་ལྟར་མི་མཐུན་པ་ལ་མི་འཇུག་པས་སྐུ་ཆུ་ཞེང་གབ་པ་བརྙེས་པ་ཡིན་ཏེ་ཀུན་གྱིས་མངོན་པར་འདོད་པའི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །ལས་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་
རྩ་བ་གོང་ནས་གོང་དུ་འཕེལ་བར་བསྟན་པའི་ཕྱིར། སྐུའི་སྤུ་གྱེན་དུ་ཕྱོགས་པ་བསྟན་པ་ཡིན་ནོ། །བདག་ཉིད་ཀྱིས་དགེ་བ་སྤྱད་པ་ལ་མཁས་པའི་ཕྱིར་གཅིག་པུ་གནས་པ་ཞེས་བྱའོ། །མཁས་པ་དང་རྒན་པ་ལ་བརྟེན་པས་ན་བཤེས་གཉེན་གཅིག་ལ་བརྟེན་པའོ། །དཔྱོད་པ་དང་ལྡན་པའི་ཕྱིར་ཆ་ཕྲ་
བའི་དོན་ལ་སེམས་པའོ། །མཁས་པ་དང་རྒན་པ་ལ་བརྟེན་པའི་ཕྱིར། བླ་མ་རྣམས་ཀྱི་གནས་ཀྱི་བྱི་དོར་བྱས་པའོ། །ཆུ་ལ་སོགས་པ་ནས་རྩྭ་དང་ལོ་མ་ལ་སོགས་པ་བསལ་བ་དང་། ལམ་གྱི་བསྲེལ་དང་། རང་བཞིན་གྱིས་རྣམ་པར་དག་པའི་མཆོད་རྟེན་ལ་སོགས་པའི་གནས་ཕྱག་བདར་བྱེད་
པས་ནི་སྤུ་རེ་རེ་ནས་སྐྱེས་པ་ཡིན་ནོ། །གནས་པ་གཅིག་པས་ཆ་ཕྲ་བའི་དོན་ལ་འཇུག་པའོ། །གློ་བུར་གྱི་དྲི་མ་བསལ་བས་ན་སྤུ་རེ་རེ་ནས་མ་འཛིངས་པ་བརྙེས་པ་སྟེ། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྤུ་ཉིད་དོ། །དགའ་བར་བྱེད་པའི་ཞེས་བྱ་བས་ནི་ཁ་དོག་ཕུན་སུམ་ཚོགས་
པ་སྦྱིན་པར་སྟོན་ཏོ། །ཁྲོ་བ་མེད་པས་ཞེས་བྱ་བ་ནི་ཁྲོས་པ་ཁ་དོག་ངན་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་མེད་པས་ཁ་དོག་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུ་བསྟན་ཏོ། །འོད་འདོམ་གང་བ་ཡང་ཁ་དོག་གི་ཁྱད་པར་ཡིན་ནོ། །ལས་གང་གིས་ཞེས་བྱ་བ་ནི་ཆ་ཕྲ་བ་ལ་འཇུག་པས་པགས་པ་སྲབ་པ་བརྙེས་
པ་ཡིན་ནོ། །ཉོན་མོངས་པའི་དྲི་མ་བསལ་བས་ནི་པགས་པ་འཇམ་པ་ཉིད་བརྙེས་པ་ཡིན་ནོ། །ཟས་དང་སྐོམ་མང་པོ་ཞེས་བྱ་བ་ནི་རབ་ཏུ་མང་བའོ། །གྱ་ནོམ་པ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའོ། །ཕལ་པོ་ཆེ་ཞེས་བྱ་བ་ནི་སྣ་ཚོགས་པས་སོ། །གསར་པ་ཞེས་བྱ་བ་ནི་རྙིང་པ་མ་ཡིན་པའོ། །དེ་ལྟ་བུའི་
དངོས་བོ་བཟང་པོ་བྱིན་པས་ན་སྐུའི་བདུན་མཐོ་བ་ཐོབ་པ་ཡིན་ནོ། །གཙོ་བོར་གནས་པ་དང་ཞེས་བྱ་བ་ནི་རང་གི་རིགས་བརྒྱུད་ལ་སོགས་པའི་འོ། །ང་རྒྱལ་མི་བྱེད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ལུས་དང་ངག་དང་ཡིད་ང་རྒྱལ་མེད་པར་བསྟན་པ་ཡིན་ནོ། །སེམས་ཅན་རྣམས་ལ་གནོད་པ་

བཟློག་པ་ལས་ནི་བཟློག་ཅེས་བྱ་བ་ལ་སོགས་པ་ལ། དོན་ཐམས་ཅད་བྱ་བའི་ཕྱིར་ཤིན་ཏུ་ཕ་རོལ་གནོན་པའི་ངང་ཚུལ་ཅན་གྱི་སྐུ་བརྙེས་པར་བསྟན་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ། སེང་གེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ལས་དེ་ཁོ་ནས་ནི་ཞེས་བྱ་བ་ནི། སེང་གེ་བཞིན་དུ་ཕ་རོལ་
གནོན་པའི་ངང་ཚུལ་ཅན་དང་སྐུ་རོ་སྟོད་སེང་གེ་དང་འདྲ་བ་རབ་ཏུ་བརྙེས་པ་བསྟན་པ་ཡིན་ནོ། །ལས་གང་གི་ཞེས་བྱ་བ་ནི་གཞན་དག་ལ་བྱ་བ་མ་ཡིན་པའི་ལས་མ་བྱས་པ་དང་། བྱ་བར་འོས་པའི་ལས་བྱས་པས་སྐུ་ཆེ་ཞིང་དྲང་བ་བརྙེས་སོ། །དབྱེ་བའི་ཚིག་མ་སྨྲས་པ་དང་། བྱེ་བ་རྣམས་
བསྡུམས་བྱས་པས་ནི་ཚེམས་ཚང་བ་དང་། བར་མེད་པ་དང་། མཉམ་པ་བརྙེས་ཏེ། སེམས་ཅན་གཞན་བསྡུམས་བྱས་པས་སོ། །འདོད་པ་ན་སྤྱོད་པ་སྨོས་པ་ནི་མཚན་རྣམས་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །བྱམས་པ་བསྒོམས་པས་ནི་བསམ་
པ་རྣམ་པར་དག་པ་བསྟན་ཏོ། །ཆོས་ཀྱི་དོན་སེམས་པ་ཞེས་བྱ་བ་ནི། ཤེས་པ་དག་པའོ། །དེ་ལྟར་གཉིས་ཀ་རྣམ་པར་དག་པས་ནི་ཚེམས་ཤིན་ཏུ་དཀར་བ་ཉིད་བརྙེས་སོ། །སྣོད་དང་དངོས་པོ་ཕུན་སུམ་ཚོགས་པ་བྱིན་པས་ནི་འགྲམ་པ་སེང་གེ་ལྟ་བུའི་བརྙེས་ཏེ། དེ་ཡང་ཆེན་པོ་ཉིད་དང་
འདོད་པ་ཉིད་དེ་ཆེན་པོ་ཉིད་ནི་ཡིད་དུ་འོང་བ་དང་ཚིམ་པར་བྱེད་པའོ། །བདག་གི་བུ་བཞིན་དུ་ཞེས་བྱ་བ་ནི་སེམས་ཅན་ལ་སྙིང་བརྩེ་བ་ཡིན་ནོ། །དད་པ་དང་ལྡན་པ་དང་ཞེས་བྱ་བ་ནི་རབ་ཏུ་དང་བའི་བསམ་པ་ཉིད་དོ། །སྙིང་བརྩེ་བ་དང་ལྡན་པ་ཞེས་བྱ་བ་ནི་ཕན་པ་དང་བདེ་བའི་བསམ་པ་ཅན་ནོ། །
སྨན་བྱིན་པ་དང་ཞེས་བྱ་བ་ནི་རྗེས་སུ་གཟུང་བའི་བསམ་པ་ཉིད་དོ། །དེ་ལྟ་བུས་ནི་རོ་བྲོ་བའི་མཆོག་དང་ལྡན་པ་བརྙེས་པ་ཡིན་ཏེ། རོ་བྲོ་བའི་མཆོག་འཛིན་པའི་མཚན་ཉིད་དང་ལྡན་པས། གང་ཅི་ཡང་རུང་བ་ལྗགས་ལ་བདར་བ་དེ་ཐམས་ཅད་རོའི་མཆོག་དང་གྱ་ནོམ་པར་འགྱུར་རོ། །ལྷག་པའི་
རྒྱུ་བསྟན་པའི་ཕྱིར་ཆོས་ཀྱི་བཅུད་བྱིན་པ་དང་། ཆོས་ཀྱི་བཅུད་ཀྱི་རོ་མྱོངས་པ་དང་། རོ་ཉམས་པ་བཅོས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་མ་རྟོགས་པའི་དོན་གསལ་པོར་བསྟན་པས་རོ་བྲོ་བའི་མཆོག་བརྙེས་པ་ཉིད་དོ། །བསླབ་པའི་གནས་མཐོན་པོ་རྣམས་ལ་བདག་ཉིད་ཀྱང་ཡང་དག་པར་

གནས་པས་དབུའི་གཙུག་ཏོར་འཐོབ་པར་འགྱུར་ལ། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པའི་ཆོས་སྟོན་པར་བྱེད་པ་ལ་གཞོལ་བས་ནི་ལྗགས་རིང་ཞིང་སྲབ་པ་བརྙེས་སོ། །རྣམ་པ་ཐམས་ཅད་དུ་བརྫུན་དུ་སྨྲ་བ་སྤངས་པའི་ཕྱིར་ཚངས་པའི་དབྱངས་དང་ལྡན་པ་བརྙེས་སོ། །འཇམ་
ཞིང་བྱམས་པའི་ཡིད་ཀྱིས་སེམས་ཅན་རྣམས་ལ་བལྟ་བས་ན་སྤྱན་མཐོན་མཐིང་དང་། བའི་རྫི་མ་ལྟ་བུ་བརྙེས་པ་ཡིན་ནོ། །གཞན་དག་གི་ཡང་དག་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་ཅིང་ཡོན་ཏན་དང་ལྡན་པར་བསྟན་པས་ནི་དཀར་ཞིང་རིང་བའི་མཛོད་སྤུ་བརྙེས་པར་བསྟན་པའི་ཕྱིར་ཡོན་
ཏན་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་མཚན་རྣམས་ནི་བདག་གི་ལུས་ཕུན་སུམ་ཚོགས་པས་བསྡུས་པ་ཡིན་ལ། ལུས་ཕུན་སུམ་ཚོགས་པ་དང་། མཚན་ཐམས་ཅད་ཀྱང་བྱེ་བྲག་མེད་པར་ཚུལ་ཁྲིམས་ཀྱི་རྒྱུས་ཐོབ་པ་ཡིན་ནོ་ཞེས་བྱ་བར་སྨྲས་པ། ཚུལ་ཁྲིམས་དང་ལྡན་པ་རྣམས་
ཀྱིས་ཇི་སྐད་བསྟན་པའི་ལས་རྣམས་བྱས་པས་མཚན་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདིར་རིགས་པ་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགའ་ཞིག་སྤྱི་གཙུག་བལྟར་མི་མཐོང་བའི་སྐྱེས་བུ་ཆེན་པོའི་མཚན་མ་བསྟན་ཏོ་སྙམ་དུ་ཐེ་ཚོམ་ཟ་བ་
བཟློག་པའི་ཕྱིར་སྨྲས་པ། གཉིས་ཀ་ཡང་གཅིག་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་འདི་ལ་དོན་གྱི་ཁྱད་པར་ནི་མེད་ཀྱི། འོན་ཀྱང་རྣམ་གྲངས་ཀྱི་ཁྱད་པར་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་མཚན་རྣམས་སྒྲུབ་པར་བྱེད་པའི་ལས་རྣམ་པར་གཞག་པ་ཡིན་ནོ། །ལས་དེ་དག་ཉིད་ཀྱི་རྣམ་པ་དང་རྟེན་
དང་། སྦྱོར་བའི་བྱེ་བྲག་བསྟན་པའི་ཕྱིར་སྨྲས་པ། །མདོར་བསྡུ་ན་ལས་ཀྱི་མཐའ་ལེགས་པར་བྱས་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་བཞི་ནི་ངེས་པར་བྱས་པས་ཞེས་བྱ་བ་ནས། ཁ་ན་མ་ཐོ་བ་མེད་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །རྣམ་པ་འདི་དག་གིས་ནི་ཇི་སྐད་བསྟན་པའི་ལས་རྣམས་རིག་པར་
བྱའོ། །ལས་དེ་དག་གི་རྟེན་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །དེས་ན་སྨྲས་པ། ཕྱོགས་གཉིས་སུ་གྱུར་པ་ཞེས་བྱ་བའོ། །ལེགས་པར་བྱས་པ་ཉིད་ནི་གནོད་པ་མེད་པའི་སྦྱོར་བ་དང་ལྡན་པའོ། །དེའི་ཕྱིར་སྨྲས་པ། རྣམ་པ་བཞིས་ཞེས་བྱ་བ་ལ་སོགས་པའོ། །རྣམ་པའི་ཁྱད་པར་གྱིས་མཚན་

གྱི་ཁྱད་པར་བསྟན་པའི་ཕྱིར། དེ་ལ་ངེས་པར་བྱེད་པས་ནི་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་བྱས་པའི་ལས་ཀྱི་མཐས་མཚན་གྱི་བྱེ་བྲག་འགྲུབ་པར་བསྟན་པའི་ཕྱིར། དེ་ལ་སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། མཚན་དེ་དག་ས་དང་པོ་ལ་འཐོབ་པར་རིག་པར་བྱའོ། །ས་དེའི་
གོང་མ་རྣམས་ལ་ནི་དེ་དག་རྣམ་པར་དག་པར་རིག་པར་བྱའོ་ཞེས་བྱ་བ་ལ་དེའི་གོང་མ་རྣམས་ལ་རིགས་ཀྱིས་རྣམ་པར་དག་པར་རིག་པར་བྱའོ། །འདིས་མཚོན་པར་བྱེད་པས་ན་མཚན་ཞེས་བྱས་ནས་ཤེས་རབ་ལ་སོགས་པའི་ཆོས་རྣམས་ཀྱང་སྐྱེས་བུ་ཆེན་པོའི་མཚན་ཡིན་པས་སྐྱེས་བུ་ཆེན་པོའི་མཚན་
ཞེས་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་དག་ཁོ་ན་ལ་མཚན་ཞེས་བྱ་ཞེ་ན། དེས་ན་སྨྲས་པ། མཚན་རྣམས་འདི་ནི་གཟུགས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་མིག་གི་ཡུལ་ཡིན་པས་མཚོན་པར་སླ་ལ། ཤེས་རབ་ལ་སོགས་པ་ནི་ཡིད་ཀྱི་ཡིན་པས་སྲབ་པའི་ཕྱིར་རོ། །
དེས་ན་དབང་པོ་ཐམས་ཅད་ཀྱིས་གཟུང་བར་བྱ་བ་ཡིན་པའི་ཕྱིར། རྟོགས་པར་སླ་བས་ན་འདི་དག་ཁོ་ན་བསྟན་ཏོ། །ཤེས་རབ་ལ་སོགས་པ་ནི་མཁས་པས་རྟོགས་པར་བྱ་བ་ཡིན་ཞིང་མཚན་ཉིད་དཔྱད་པར་བྱ་བ་ཡིན་པས་འགའ་ཞིག་གིས་རེས་འགའ་ཞིག་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །ཉེ་བར་
བསྒྱུར་བའི་བྱེ་བྲག་གིས་དཔེ་བྱད་རྣམས་ཀྱི་དོན་བསྟན་པའི་ཕྱིར། རྗེས་སུ་ཤེས་པར་བྱེད་པའི་སྒྲ་ནི་གནས་ཀྱི་དོན་བསྡུས་པ་ཉིད་ཀྱི་རྟེན་གྱི་ངོ་བོ་ཉིད་དོ། །མཛེས་པའི་དོན་གྱིས་བསྡུས་པའི་ཕྱིར་གཟུགས་བཟང་པོས་ཞེས་བྱ་བ་སྟེ། གཟུགས་བཟང་པོས་མཛེས་པར་བྱེད་པའི་ཕྱིར་གཟུགས་བཟང་པོ་སྟོན་
པ་ཞེས་བྱ་བའི་དོན་ཏོ། །མཚན་རྣམས་ནི་ལས་སྣ་ཚོགས་ཀྱིས་མངོན་པར་འདུས་བྱས་པ་ཡིན་པར་བསྟན་ནས། བསོད་ནམས་ཆེན་པོ་ཉིད་ཀྱིས་ཐོབ་པ་ཡིན་པར་བསྟན་པའི་ཕྱིར། དེ་ལ་མདོར་བསྡུས་ན་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཅེས་བྱ་བ་
ནི་འཛམ་བུའི་གླིང་པ་ཉིད་ཙམ་གཟུང་སྟེ། ཕྱོགས་གཅིག་ཙམ་ལ་འཇུག་པ་མཐོང་བའི་ཕྱིར་ཞུན་མར་ཐམས་ཅད་འཐུངས་ཞེས་བྱ་བ་ལྟ་བུའོ། །འདི་ན་གནས་པ་ཁོ་ན་གཟུང་བ་ནི་འཛམ་བུའི་གླིང་པ་ནི་ལས་ཀྱི་ས་པ་ཡིན་པའི་ཕྱིར་རོ། །དེ་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་

གང་དག་འགྲུབ་པའི་བསོད་ནམས་ཇི་སྙེད་པའི་རྣམ་པར་སྨིན་པ་ནི་ལོངས་སྤྱོད་ཆེན་པོ་བརྗོད་པའི་འཛམ་བུའི་གླིང་གཅིག་ཏུ་གཏོགས་པའི་བསོད་ནམས་ཀྱིས་སོ། །མཚན་དང་དཔེ་བྱད་བཟང་པོ་ལ་མ་གཏོགས་པ་ཞེས་བྱ་བ་ནི་དེ་དག་ཏུ་གཏོགས་པར་མི་འདོན་པའི་ཕྱིར་
རོ། །དེ་ལྟར་ན་ཡང་དེ་དག་ཉིད་ཀྱི་ཁོངས་སུ་གཏོགས་པར་ཤེས་པར་བྱ་སྟེ། དེ་དག་ཏུ་མ་གཏོགས་པའི་ཡན་ལག་གཞན་མེད་པའི་ཕྱིར་རོ། །དེའི་བྱ་བ་བདག་ཉིད་ཆེ་བར་བསྟན་པའི་ཕྱིར། དེས་ན་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་ཞེས་བྱ་བ་ལ། བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ལས་ཡང་དག་པར་འགྲུབ་པར་བསྟན་པའི་ཕྱིར། རྣམ་པ་གསུམ་གྱིས་ཚད་མེད་པར་བསྟན་པ་ཡིན་ཏེ། དུས་ཚད་མེད་པ་ཉིད་དང་། བསམ་པ་ཚད་མེད་པ་ཉིད་དང་། རྣམ་པ་ཚད་མེད་པ་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་
རྣལ་འབྱོར་གྱི་གནས་ཐ་མ་ལས་མཚན་དང་དཔེ་བྱད་བཟང་པོའི་ལེའུ་ལྔ་པའི་འགྲེལ་པ་རྫོགས་སོ།། །།གཟུགས་ཀྱི་སྐུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་རྣམས་བསྟན་ནས། ད་ནི་མིང་གི་ཚོགས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་ཆོས་མདོར་བསྟན་པ་བཤད་པར་འདོད་
ནས་སྨྲས་པ། རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་གཞི་གང་ཞེ་ན་ཞེས་བྱ་བ་ལ། བཞི་པོ་འདི་དག་མདོར་བསྡུས་ནས་རྣམ་པ་གསུམ་དུ་གཞག་པར་བྱ་སྟེ། རབ་ཏུ་དབྱེ་བ་ནི་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་ཡང་དག་པར་འཛིན་པ་ཉིད་ནི་དང་པོའོ། །དེའི་གཉེན་པོའི་
དགེ་བའི་ཆོས་ཀྱི་རྣམ་པའི་ས་བོན་ཡང་དག་པར་བསྡུས་པ་ཉིད་ནི་གསུམ་པའོ། །དེ་དག་གཉིས་ཀའི་སྤངས་པ་དང་ཡང་དག་པར་བླང་བའི་བྱ་བ་ནི་གཞན་དག་གོ། །དེ་ལ་མདོར་བསྡུས་ན་རྟེན་ནི་མིང་དང་གཟུགས་སོ། །དེ་དག་གི་རྣམ་པར་དག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་གནས་ཡོངས་སུ་
གྱུར་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་སྨྲས་པ། གནས་ངན་ལེན་བག་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བག་ཆགས་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་ས་བོན་གྱི་བག་ཆགས་དང་། རྣམ་པར་སྨིན་པའི་གནས་ངན་ལེན་གྱི་བག་ཆགས་སོ། །དེ་ལ་ཉོན་

མོངས་པའི་ས་བོན་གྱི་བག་ཆགས་ནི་ཉན་ཐོས་ལ་སོགས་པས་ཀྱང་སྤོང་སྟེ། ཉོན་མོངས་པའི་བག་ལ་ཉལ་དང་བཅས་པ་སྤོང་བ་ནི་དེ་དག་ལ་ཡང་ཡོད་པའི་ཕྱིར་རོ། །ཡང་འདིར་ནི་གནས་ངན་ལེན་གྱི་བག་ཆགས་སྤང་བར་བཞེད་དེ། དེ་ནི་དེ་ཉིད་ཀྱིས་རབ་ཏུ་སྤངས་པ་ཡིན་ཏེ། ལམ་གྱི་ཁྱད་པར་
བརྙེས་པའི་ཕྱིར་རོ། །དེའི་ཕྱིར་ཉེས་པ་བག་ཆགས་དང་བཅས་པ་ཡང་། སྐྱོབ་པ་གཅིག་པུ་ལ་མི་མངའ་ཞེས་བསྟན་པ་ཡིན་ནོ། །ཐམས་ཅད་ཀྱི་སྒྲས་ནི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའམ། ཁམས་གསུམ་ན་ཀུན་དུ་སྤྱོད་པ་རྣམས་སོ། །དེའི་ཕྱོགས་ཀྱི་གནས་ངན་
ལེན་གྱི་ས་བོན་ནི་གནས་ལ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྒོམས་པ་ཉིད་ཀྱི་བདག་གི་ལུས་ཞེས་བྱ་བའི་དོན་ཏོ། །མ་ལུས་པར་གཏན་མེད་པར་གྱུར་ལ་ཞེས་བྱ་བ་ནི་སློབ་མ་རྣམས་ཀྱི་སྤངས་པ་ལས་ཁྱད་པར་དུ་
འཕགས་པའོ། །གཏན་ཞེས་བྱ་བས་ནི་འཇིག་རྟེན་པའི་སྤངས་པའོ། །དེ་ལྟར་ན་བག་ཆགས་དང་བཅས་པ་སྤངས་པ་དང་གཏན་དུ་སྤངས་པ་ནི་སངས་རྒྱས་རྣམས་ཀྱི་གནས་གྱུར་པ་ཡིན་ནོ་ཞེས་བརྗོད་དོ། །གནས་རྣམ་པར་དག་པ་དེ་ཡང་ཆུའི་ཁམས་དང་གསེར་དང་། ནམ་མཁའ་བཞིན་དུ་
གློ་བུར་གྱི་དྲི་མ་རྣམས་དང་བྲལ་བས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་གཤེགས་པའི་སྐུ་དྲི་མ་མེད་པ་ཡང་དག་པར་གནས་པ་ཞེས་བྱ་བའོ། །དེ་ཉིད་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལ་བརྟེན་པའི་སྐུ་གཞན་གཉིས་ཀྱང་ཡིན་པ་སྟེ། གསུམ་ལ་དབང་བར་གྱུར་པས་བྱ་བ་གསུམ་བྱེད་པར་
བསྟན་པའི་ཕྱིར་རང་གི་ལུས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལུས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། ཆོས་ཀྱི་སྐུའོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི་རང་ཇི་ལྟར་དགའ་བ་སྟེ། ལྷུན་གྱིས་གྲུབ་པའི་སྨོན་ལམ་གྱི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། །ལེན་པ་དང་ཞེས་བྱ་བ་ནི་སྤྲུལ་པའི་
སྐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའོ། །སངས་རྒྱས་ཀྱི་གདུལ་བྱ་རྣམས་ལ་ནི་སངས་རྒྱས་ཀྱི་སྐུར་སྟོན་པ་ལ་སོགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །གནས་པ་དང་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་

ཅན་གྱི་དོན་དུ་གནས་པར་སྦྱོར་བའམ། ཚེ་བྱིན་གྱིས་བརླབས་ནས་གནས་པ་ལ་དབང་བའོ། །འཆི་འཕོ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་སྟོན་པའམ། ཚེ་འདོར་བ་ལ་དབང་བའོ། །ཡང་གནས་གྱུར་པ་དེ་ནི་ངོ་བོ་ཉིད་དང་། རྐྱེན་གྱི་ཁྱད་པར་དང་
ལྡན་པས་བསམ་གྱིས་མི་ཁྱབ་པའི་རྨད་དུ་བྱུང་བས་སྤྲོས་པ་མེད་པ་ཞེས་བརྗོད་དོ། །དམིགས་པ་ལ་དབང་བ་ཉིད་ནི་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། དེ་ལ་དམིགས་པ་ཡོངས་སུ་དག་པ་གང་ཞེ་ན་ཞེས་བྱ་བ་ལ་ཕྱིའི་དངོས་པོ་སྤྲུལ་པ་དང་། བསྒྱུར་བ་དང་། བསྟན་པའོ། །དེ་ལ་སྤྲུལ་པ་ནི་
སྔོན་མེད་པའི་སེམས་ཅན་གྱི་རྣམ་པ་ལྟ་བུ་སྤྲུལ་པར་བྱེད་པའོ། །བསྒྱུར་བ་ནི་དངོས་པོ་གཞན་དངོས་པོ་གཞན་དུ་བྱེད་པའོ། །བསྟན་པ་ནི་སེམས་ཅན་དུ་བགྲང་བ་སྔ་ན་མེད་པ་རབ་ཏུ་སྟོན་པའོ། །དེ་ལྟར་དམིགས་པ་ལ་དབང་བས་དམིགས་པ་རྣམ་པར་དག་པ་ཡིན་ནོ། །སྔ་མ་བཞིན་དུ་ཞེས་བྱ་བ་
ནི་བག་ཆགས་དང་བཅས་པ་ཞེས་བྱ་བས་བསྟན་པ་དག་གོ། །དགེ་བའི་རྩ་བ་ཐམས་ཅད་བསགས་པས་ཞེས་བྱ་བ་ནི། དགེ་བའི་རྩ་བ་ཐམས་ཅད་སྐྱེ་བ་ལ་མཐུན་པ་ཉེ་བར་གཟུང་ནས་སེམས་རྣམ་པར་དག་པ་ཞེས་བྱའོ། །དེ་བཞིན་དུ་ཉན་ཐོས་རྣམས་ཀྱི་སེམས་རྣམ་པར་གྲོལ་བ་གང་ཡིན་པ་དེ་
དེ་བཞིན་གཤེགས་པའི་སེམས་རྣམ་པར་དག་པ་ཞེས་བརྗོད་དོ། །རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡིན་ལ། དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཡེ་ཤེས་རྣམ་པར་དག་པ་ཡིན་
ནོ། །དེའི་ཕྱིར་སྨྲས་པ། མ་རིག་པའི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ། གནས་ཡོངས་སུ་གྱུར་པ་ཡོད་ན་རྣམ་པར་དག་པ་གསུམ་པོ་འདི་དག་འབྱུང་བར་འགྱུར་རོ་ཞེས་བྱ་བར་ཤེས་ནས། དེའི་ཕྱིར་གནས་པ་འདི་ནི་རྒྱུའི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་
བསམ་གྱིས་མི་ཁྱབ་པའི་ཆོས་མང་པོའི་རྟེན་དུ་གྱུར་པའི་ཕྱིར་གནས་གྱུར་པ་དེ་ནི། བསམ་གྱིས་མི་ཁྱབ་པ་ཞེས་བརྗོད་དོ། །སྟོབས་བཅུའི་མིང་གིས་བསྟན་པའི་ཕྱིར། སྟོབས་བཅུ་པོ་དག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། སྟོབས་བཅུའི་མདོ་ལས་རྒྱས་པར་ཇི་སྐད་བསྟན་པ་བཞིན་

དུ་རིག་པར་བྱའོ་ཞེས་བྱ་བ་ལ། མདོ་ལས་ནི་རེ་རེ་ནས་བཤད་པ་ཡིན་ནོ། །དེ་དག་བདེ་བར་གཟུང་བའི་ཕྱིར་དེའི་དོན་བསྟན་པ། ཚེ་དང་ལྡན་པ་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བཅུ་གང་ཞེ་ན། ཚེ་དང་ལྡན་པ་འདི་ལ་དེ་བཞིན་གཤེགས་པས་ནི་གནས་ལ་ཡང་གནས་
སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བས་སོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། སྟོབས་གང་དང་ལྡན་པས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་ཚངས་པའི་འཁོར་ལོ་བསྐོར་བས་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པར་བྱེད་དོ་ཞེས་བྱ་བའི་མདོ་འདི་དག་གི་དོན་བསྟན་པའི་ཕྱིར། དེ་ལ་དེས་གང་ཅི་བསྟན་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་
གཤེགས་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་པ་ལ། དེ་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་དོ། །དེ་ལྟ་བུའི་ཕྱིན་ཅི་མ་ལོག་པ་དེ་གསུང་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་གི་སྦྱོར་བས་ཡི་གེ་དེ་ལྟར་བསྒྱུར་ནས་སོ། །བསྟན་པ་ལ་སོགས་པའི་ཚིག་གསུམ་ནི་དོན་གཅིག་
ཉིད་ཡིན་པའམ། དོན་སྣ་ཚོགས་པ་ཉིད་ཡིན་ནོ། །དེ་ལ་བསྟན་པ་ནི་བསྟན་པའི་ཆོས་ཀྱི་དབང་དུ་བྱས་ནས་སོ། །བརྗོད་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་སོ། །གསུངས་པ་ནི་དྲིས་པའི་ལན་འདེབས་པའི་ཚུལ་གྱིས་སོ། །འདི་དག་ནི་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །རྒྱུའི་དོན་གནས་
པའི་དོན་བསྟན་པའི་ཕྱིར་སྨྲས་པ། དེ་ལ་འབྲས་བུ་དགེ་དང་མི་དགེ་བའི་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་དེ་དང་དེའི་འདོད་པ་དང་མི་འདོད་པ་ཞེས་བྱ་བ་སྨྲས་པ། དགེ་བ་དང་མི་དགེ་བ་ཞེས་བྱའོ། །འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་འབྱུང་བ་ཞེས་བྱ་བའི་ཐ་ཚིག་སྟེ། མི་མཐུན་
པ་མེད་པར་ངེས་པར་འབྲས་བུ་འབྱུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པའི་རྒྱུ་མི་མཐུན་པ་ཉིད་ནི་འབྲས་བུ་འབྱིན་པ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པས་ན་མི་མཐུན་པ་ཞེས་བྱ་བའོ། །འདི་ལ་གནས་པས་ན་གནས་ཞེས་བྱ་སྟེ། འབྲས་བུ་དེ་ལ་བརྟེན་པས་ན་གཞི་ཡིན་ལ། དེ་ལ་བརྟེན་

ནས་སྐྱེ་བས་ན་རྟེན་ཞེས་བྱའོ། །སྒོ་དེ་ནས་མངོན་པར་འབྱུང་བས་ན་མངོན་པར་འགྲུབ་པར་བྱེད་པ་ཞེས་བྱའོ། །དེ་ལྟ་བུའི་འབྲས་བུའི་རྒྱུ་ནི་དབང་ཕྱུག་ལ་སོགས་པ་ཡིན་པར་འདོད་པ་ནི་མི་མཐུན་པ་ཞེས་བྱ་སྟེ། དེ་ལ་འབྲས་བུ་དེ་དག་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་
རོ། །དེ་ལས་བཟློག་པའི་རྒྱུ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པར་རིག་པར་བྱའོ། །མངོན་པའི་ང་རྒྱལ་མེད་པའི་ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་ཏེ་སླུ་བ་མེད་པའི་ཕྱིར་དང་། མི་ཤེས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེས་ན་སྨྲས་པ། ཐམས་ཅད་
མཁྱེན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པའི་ཕྱིར་ཐམས་ཅད་མཁྱེན་པའོ། །འབད་པ་མེད་པར་འཇུག་པ་ནི་ཆགས་པ་མེད་པའི་ཡེ་ཤེས་སོ། །དྲི་མ་མེད་པའི་ཕྱིར་དག་པའོ། །བགྲང་བའི་ཚུལ་གྱིས་དང་པོ་ཡིན་གྱི་སྐྱེ་བའི་རིམ་པས་ནི་མ་ཡིན་ནོ་
ཞེས་བསྟན་པ་ནི་འདི་དག་བགྲང་བ་ནི་གོ་རིམས་བཞིན་བགྲང་བ་དང་། ཟློག་ནས་བགྲང་བ་སྟེ་རྣམ་པ་གཉིས་སོ། །ལུགས་ལས་བཟློག་པའི་བགྲང་བ་བསལ་བའི་ཕྱིར་སྨྲས་པ། གོ་རིམས་ཀྱིས་བགྲང་བའི་དང་པོའོ་ཞེས་བྱ་བའོ། །སྟོབས་ཉིད་བསྟན་པའི་ཕྱིར་རྣམ་པ་གསུམ་གྱིས་མི་འཕྲོགས་
པའི་ཕྱིར་གང་ཡང་སྨྲས་པ། བླ་ན་མེད་པའི་ཕྱིར་དང་ཞེས་བྱ་བའོ། །བྱ་བ་ཡང་དག་པར་ནུས་པའི་ཕྱིར་གང་ཡང་སྨྲས་པ། ནུས་པ་དང་ལྡན་པའི་ཕྱིར་དང་ཞེས་བྱ་བའོ། །མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་གང་ཡང་སྨྲས་པ། གཏན་དུ་ཟིལ་གྱིས་མནན་པ་ཞེས་བྱ་
བའོ། །ཇི་ལྟ་བ་བཞིན་དུ་ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་རྒྱས་པར་བྱེད་པའི་ས་བོན་དབང་དུ་གྱུར་པའི་དུས་ན་ཡང་དག་པར་འགྲུབ་པའི་རྒྱུ་ཡོངས་སུ་འཛིན་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། ཡང་དག་པར་སྤྱོད་པ་ལ་དབང་བྱེད་པ་ནི་ལྡན་པ་རྣམ་པ་གསུམ་སྟེ་ས་བོན་དང་། མངོན་དུ་གྱུར་
པ་དང་། དབང་གསུམ་གྱི་དབྱེ་བས་སོ། །འདིར་ནི་དབང་དུ་གྱུར་པ་ཉིད་ལྡན་པ་ཞེས་བྱ་བར་འདོད་དོ། །མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་སྟེ། འདུས་བྱས་དང་འདུས་མ་བྱས་རྣམས་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རོ། །རླབས་པོ་ཆེ་ནི་དགེ་བ་དང་རྟག་པའི་ཕྱིར་དེའི་ངེས་པའི་ཚིག་ཉིད་ནི་

ཁྱུ་མཆོག་ཅེས་བྱ་བས་བསྟན་ཏེ། ཡི་གེ་ཨས་བསྡུས་པའི་དོན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པས་ཡི་གེ་བསྒྱུར་ནས་གནོད་པ་ཐམས་ཅད་ལས་འདས་པ་ཉིད་དང་། དེ་ལྟ་བུའི་འཕགས་པའི་ལམ་ཐོབ་པའི་ཕྱིར་དང་འཇིགས་པ་ཐམས་ཅད་ལས་འདས་པའི་ཕྱིར་ཁྱུ་མཆོག་ཅེས་
བྱའོ་ཞེས་བསྟན་པའི་ཕྱིར་རོ། །བདག་ཉིད་ཀྱིས་དེ་རྟོགས་པར་ཞལ་གྱིས་བཞེས་པའི་ཕྱིར་ཞེས་བྱ་བ་ནི་མི་འཇིགས་པ་གཉིས་པ་ལ་བརྟེན་ནས་ཟག་པ་ཟད་པ་ཉིད་དུ་དམ་འཆའ་བའོ་ཞེས་བྱ་བའི་དོན་ཏོ། །གཞན་ལ་གོ་བར་བྱེད་པའི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་བྱ་བར་བསྟན་པའི་ཕྱིར། བདག་
ཉིད་ཀྱིས་ཐུགས་སུ་ཆུད་ནས་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་དང་འདྲ་བས་ན་འཁོར་ལོ་ཞེས་བྱ་བ་སྟེ། དེ་ལྟ་བུའི་འཁོར་ལོ་དེ་སྔར་སུས་ཀྱང་མ་བསྐོར་བར་བསྟན་པའི་ཕྱིར་ཚངས་པའི་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཡང་ཉན་ཐོས་
ལ་སོགས་པ་རྣམས་ཀྱིས་ཀྱང་བསྐོར་བ་མ་ཡིན་ནམ་ཞེས་ཐེ་ཚོམ་ཟ་བ་བཟློག་པའི་ཕྱིར་སྨྲས་པ། ཐོག་མར་དེས་བསྐོར་རོ་ཞེས་བྱ་བའོ། །འཁོར་ལོའི་དོན་བསྟན་པའི་ཕྱིར་རྒྱུ་དེས་ཞེས་བྱ་བ་སྟེ། བསྐོར་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་ཏུ་གདགས་པར་གཏོགས་པ་དང་ཞེས་བྱ་བ་ལ། སེམས་
ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། བསྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་གྱུར་པས་སོ། །བདག་ཉིད་རྣམ་པར་བསྒྲགས་པའི་ཕྱིར་ཞེས་བྱ་བ་ནི། ང་ནི་གཙོ་བོ་ལ་ཞེས་བྱ་བ་ལ་སོགས་པ་འཁོར་གྱི་ནང་དུ་གསུངས་པ་ལྟ་བུའོ། །མུ་སྟེགས་པ་མི་མཐུན་པར་སྨྲ་བར་འོངས་པའི་རི་
དྭགས་རྣམས་བག་འཁུམས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ལ། དེས་དེ་དག་ལ་ལམ་བསྟན་པས་ཐམས་ཅད་བཟློག་པར་འགྱུར་རོ། །ཕ་རོལ་པོའི་སྨྲ་བ་མངོན་དུ་གྱུར་པ་ན་བག་འཁུམས་པར་བྱེད་པའི་ཕྱིར། ཕ་རོལ་པོའི་རྒོལ་བ་དག་ཟིལ་གྱིས་གནོན་པར་ནུས་པའི་ཕྱིར་དང་། རྒྱ་ཆེ་བའི་གསུང་སྒྲོགས་
པ་ཞེས་བསྟན་པའི་ཕྱིར་སེང་གེའི་སྒྲ་སྒྲོགས་པ་ཞེས་བསྟན་ཏོ། །དེ་ལྟར་སེང་གེ་ལྟར་སྒྲོགས་པས་ན་སེང་གེའི་སྒྲ་ཞེས་བསྟན་པའི་ཕྱིར་སེང་གེའི་སྒྲ་སྒྲོགས་པས་བྱ་བ་ཅི་ཞིག་བྱེད་ཅེ་ན། བདག་ཉིད་སེང་གེ་ཡིན་པར་སྒྲོགས་པ་དང་། རི་དྭགས་ངན་པ་སྐྲག་པར་བྱེད་པ་དང་། ཡན་ལག་བཞིས་

ཕ་རོལ་གནོན་པར་བྱེད་པ་དང་། རི་དྭགས་གཞན་གྱིས་ཟིལ་གྱིས་མི་གནོན་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བྱ་བ་རྣམ་པ་བཞི་མཛད་པའི་ཕྱིར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ་ཞེས་བརྗོད་དོ། །རྒྱ་ཆེ་བའི་གསུང་ཞེས་བྱ་བ་ནི་ལྷག་པ་ཉིད་དུ་སྟོན་པ་ཉིད་དེ་
ཟབ་པའི་ཕྱིར་རོ། །བླ་ན་མེད་པ་ནི་སུས་ཀྱང་མ་བསྟན་པའི་ཆོས་ཀྱི་འཁོར་ལོ་སྟོན་པར་མཛད་པའི་ཕྱིར་རོ། །རེ་རེ་ནས་ཚིག་གི་དོན་བསྟན་པས་མདོར་བསྡུས་པའི་དོན་བསྟན་པའི་ཕྱིར། མདོར་བསྡུ་ན་ནི་ཞེས་བྱ་བ་ལ་སོགས་པའོ། །ཁྱུ་མཆོག་གི་གནས་སུ་དམ་འཆའོ་ཞེས་བསྟན་པས་ནི་
བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ནོ། །ཚངས་པའི་འཁོར་ལོ་བསྐོར་ཞེས་བྱ་བས་ནི་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ་ཞེས་བྱ་བ་ནི་ཐུན་མོང་བ་ཉིད་དོ། །བདག་ཉིད་ཀྱིས་ཐུགས་སུ་ཆུད་ནས་ཞེས་བྱ་བས་
ནི་དམ་བཅའ་བ་ཞལ་གྱིས་བཞེས་པ་ཉིད་བསྟན་ཏོ། །ཡང་དག་པར་བསྡུས་པའི་དོན་གྱིས་ཐོབ་པར་བྱ་བ་ནི་ཁྱུ་མཆོག་རླབས་པོ་ཆེའི་གནས་སོ། །ཐོབ་པར་བྱ་བའི་ཐབས་ནི་ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བའོ། །སྐྱེ་བོ་ཐམས་ཅད་ལ་ཕན་པ་ནི་ལྷ་དང་མི་ཐོབ་པ་རྣམས་ལས་ཏེ། ཡང་སྐྱེ་བོ་
ཐམས་ཅད་ལ་ཕན་པ་དེ་ཡང་ང་ཉིད་ལས་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཡང་དཔེའི་སྒོ་ནས་བསྡུས་པའི་དོན་བསྟན་པ་ནི་ཉོན་མོངས་པའི་ནད་ཐམས་ཅད་དང་བྲལ་བའི་ཕྱིར་མཆོག་ཏུ་ནད་མེད་པའི་གནས་ཏེ། ཁྱུ་མཆོག་ཏུ་རླབས་པོ་ཆེའི་གནས་ནི་ནད་རབ་ཏུ་ཞི་བ་དང་འདྲ་བར་བལྟ་བར་བྱའོ། །ཚངས་
པའི་འཁོར་ལོ་བསྐོར་བ་ནི་ནད་རབ་ཏུ་ཞི་བའི་ཐབས་ཀྱི་སྨན་བསྟེན་པ་ལྟ་བུར་བལྟ་བར་བྱའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་པ་ནི་སྨན་པ་ངན་པ་ཐམས་ཅད་ཀྱིས་དམ་བཅས་པ་སྤངས་ནས། འཇིག་རྟེན་གསུམ་གྱི་སྨན་པའི་རྒྱལ་པོར་དམ་བཅས་པ་ལྟ་བུ་ཡིན་ནོ། །སྟོབས་གཉིས་
པའི་དབང་དུ་བྱས་ནས་ལས་གང་དག་བྱས་ཤིང་བསགས་ལ་ཞེས་བྱ་བ་ལ་སོགས་པ་ལ། དེའི་མདོ་ནི་གཞན་ཡང་ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཀྱི་ལས་ཡང་དག་པར་བླངས་པ་རྣམས་གནས་དང་། དངོས་པོ་དང་རྒྱུ་དང་རྣམ་པར་སྨིན་པ་རྣམས་ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བྱུང་བ་འགགས་པ་ནི་འདས་པའོ་ཞེས་བསྟན་པའི་ཕྱིར་བྱས་ཤིང་བསགས་པ་འགགས་པ་ཞེས་བྱ་བ་ལ་སོགས་པ་ལ། བསགས་པ་ཞེས་བྱ་བ་སྨོས་པ་ནི་རྣམ་པར་སྨིན་པ་མེད་པའི་ལས་རྣམས་བསལ་བའི་ཕྱིར་ཏེ།
ཡང་དེ་ནི་ཟག་པ་མེད་པ་དང་། ལུང་དུ་མ་བསྟན་པའི་ལས་ཡིན་པར་རིག་པར་བྱ་སྟེ། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་བསྟན་པའི་ཚིག་གིས་སོ། །གང་འདས་པ་དང་ད་ལྟར་བྱུང་བ་མ་ཡིན་པ་དེ་ནི་མ་འོངས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་དག་
བྱས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་ཁོ་ནར་བརྩམས་ཤིང་བསལ་བ་ཞེས་བྱ་བ་ནི་འདི་ནི་བདག་གིས་བྱའོ་ཞེས་བྱེད་པ་ལ་མངོན་པར་ཕྱོགས་པའོ། །འདི་ལྟར་བྱའོ་ཞེས་བྱ་བའི་གནས་སྐབས་ལ་གནས་པ་ནི་ད་ལྟར་བྱུང་བར་བསྟན་པའི་ཕྱིར་བྱས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་
པའོ། །དེ་དག་ཀྱང་ལུས་ཀྱི་ལས་ལ་སོགས་པའི་དབྱེ་བས་སོ་སོར་རྣམ་པ་གསུམ་གསུམ་མོ། །ཆོས་ཡང་དག་པར་བླང་བ་བཞི་སྔར་ཇི་སྐད་བསྟན་པ་ཞེས་བྱ་བ་ནི་ཇི་ལྟར་རིགས་པར་འཇིག་རྟེན་འདིར་ཡང་བདེ་བའི་དོན་དང་། འཇིག་རྟེན་ཕ་རོལ་དུ་ཡང་བདེ་བའི་དོན་དང་། དེ་བཞིན་དུ་སྡུག་བསྔལ་
བའི་དོན་མངོན་པར་སྒྲུབ་པར་བྱེད་པ་ལ་ཆོས་ཡང་དག་པར་བླང་བ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། དེ་དག་ཀྱང་ཚེ་འདི་དང་ཕྱི་མ་ལ་ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་གང་དག་ཏུའམ་འགྲོ་བའམ། སའམ། གླིང་ངམ། ཡུལ་ལམ། གྲོང་ཁྱེར་རམ། ཆུའམ། ཐང་ཡང་རུང་གང་དུ་ལས་
བྱེད་པ་དེ་ནི་དེ་དག་གི་གནས་ཞེས་བྱའོ། །གནས་ཀྱི་དངོས་པོ་གང་ལ་བརྟེན་ནས་ལས་བྱེད་པ་ལ་འཇུག་པ་ནི་སེམས་ཅན་དུ་བགྲང་བའམ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་དངོས་པོ་ཞེས་བྱའོ། །གང་གིས་དགེ་བའི་རྩ་བའམ། མི་དགེ་བའི་རྩ་བས་བྱས་པ་ནི་རྒྱུ་ཞེས་བྱ་བ་སྟེ། ལས་ཀྱི་རྒྱུ་གསུམ་ཡང་
དག་པར་བླངས་པའི་རྒྱུ་ཞེས་བྱ་བའི་ཚིག་གིས་སོ། །དེས་ན་དེ་ནི་དེ་དག་གི་རྒྱུའོ། །སྡུག་པ་དང་མི་སྡུག་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དག་གི་མི་འདོད་པ་ཉེས་དམིགས་དང་བཅས་པར་འཇུག་པ་དང་། འདོད་པ་རྣམས་ཕན་ཡོན་དང་བཅས་པར་འཇུག་པའོ། །དེ་ལྟ་བུ་ནི་རྣམ་པར་སྨིན་པ་སྟེ། དེ་དག་གི་

རྣམ་པར་སྨིན་པའི་འབྲས་བུའོ། །དུས་ཐམས་ཅད་ནི་འདས་པ་ལ་སོགས་པའི་དབྱེ་བའོ། །རྣམ་པ་ཐམས་ཅད་ནི་ཡུལ་ལ་སོགས་པའི་བྱེ་བྲག་གོ། །གནས་སྐབས་ཐམས་ཅད་ནི་ཆོས་ཡང་དག་པར་བླངས་པའི་དབྱེ་བའོ། །ཡུལ་ཐམས་ཅད་ནི་གནས་བརྟན་པ་རྣམས་
སོ། །གནས་ཐམས་ཅད་ནི་དངོས་པོར་རབ་ཏུ་དབྱེ་བ་རྣམས་སོ། །གཞི་ཐམས་ཅད་ནི་རྒྱུ་བསྟན་པ་རྣམས་སོ། །ཉེས་དམིགས་དང་ཕན་ཡོན་ཐམས་ཅད་ནི་སྡུག་པ་དང་། མི་སྡུག་པའི་འབྲས་བུ་ཉིད་དོ། །དེ་ལྟར་རྣམ་པ་བདུན་གྱིས་རང་གི་ལས་ལ་སྤྱོད་པ་ཤེས་པ་བསྟན་པ་ཡིན་ནོ། །གཞན་
ཡང་ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ནི་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་རྣམ་པར་གཞག་པའི་རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཁྱེན་ཏོ་ཞེས་བྱ་བའོ། །ལྷག་མ་རྣམས་ནི་སྔ་
མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་གསུམ་པ་སྟེ། འདིའི་དོན་བསྟན་པར་བྱའོ། །བསམ་གཏན་གྱི་སྒྲས་ནི་དང་པོ་ལ་སོགས་པའི་བསམ་གཏན་བཞི་པ་བསྟན་ཏོ། །རྣམ་པར་ཐར་པའི་སྒྲས་ནི་རྣམ་པར་ཐར་པ་བརྒྱད་བསྟན་ཏེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་
ལ་སོགས་པའོ། །བསམ་གཏན་དང་ཏིང་ངེ་འཛིན་འདི་དག་ཉིད་ཀྱིས་རྣལ་འབྱོར་པའི་བྱ་བསྒྲུབ་པར་ནུས་པའི་ཁྱད་པར་དང་ལྡན་པ་ནི་ཏིང་ངེ་འཛིན་ཞེས་བསྟན་པ་ཡིན་ནོ། །བསམ་གཏན་དང་རྣམ་པར་ཐར་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཏིང་ངེ་འཛིན་ཡང་དག་པར་བསྒྲུབ་པའི་ཕྱིར་མངོན་དུ་ཕྱོགས་
པར་གྱུར་པ་ནི་སྙོམས་པར་ཞུགས་པ་ཞེས་བསྟན་ཏོ། །དེ་སྟོན་པར་བྱེད་པའི་མདོ་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ཉིད་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་བསྟན་པ་ཡིན་ནོ། །རབ་ཏུ་སྒྲུབ་
པའི་ཕྱིར་ཞེས་བྱ་བ་ནི་དཔེ་སྣང་བ་ཆེན་པོས་ཞེས་བྱ་བ་ལ་སོགས་པས་སོ། །ཅིའི་ཕྱིར་མཉམ་པར་གཞག་ཅེ་ན། སྣང་བས་ཁྱད་པར་སྤྲོ་བའི་ཕྱིར། །ཞེས་བསྟན་ཏེ། བསམ་གཏན་གྱི་སྟོབས་ཀྱིས་འབད་པ་མེད་པར་དོན་རབ་ཏུ་བསྒྲུབ་པ་ཉིད་དང་། དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དོན་སྒྲུབ་པར་

བྱེད་པ་ཉིད་ཀྱི་ཕྱིར་རོ། །བསམ་གཏན་པ་རྣམས་ཀྱི་བྱ་བ་ཞེས་བྱ་བ་ལ། ཅིའི་ཕྱིར་འདི་དག་ཁོ་ན་སྨོས། ཟིལ་གྱིས་གནོན་པ་དང་། ཟད་པར་ལ་སོགས་པ་མ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། དེ་ལས་གོང་ན་ཡང་མེད་ཅེས་བྱ་བ་ལ་སོགས་པ་ལ། བསམ་གཏན་དང་རྣམ་པར་ཐར་པ་ལ་
དབང་ཐོབ་པའི་སེམས་ཀྱིས་ནི་སེམས་ཀྱི་དབང་ཕྱུག་ཏུ་འགྱུར་ལ། དབང་ཕྱུག་ཐོབ་པར་གྱུར་པས་ནི་སེམས་བསྐྱེད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པོ་འདི་དག་ནི་རྣལ་འབྱོར་བའི་བྱ་བ་ཡིན་ཏེ། འདི་ལྟ་སྟེ། སེམས་ཀྱི་དབང་ཕྱུག་དང་། འདོད་པའི་དོན་འགྲུབ་
པའོ། །དེས་ནི་དེ་དག་ཉིད་བསྡུས་པའི་ཕྱིར་རོ། །འདིར་ནི་ཡེ་ཤེས་རྣམ་པ་བཞི་ལ་སྟོབས་ཞེས་བསྟན་པར་འགྱུར་རོ། །དེ་ལས་རྣམ་པར་དབྱེ་བའི་ཕྱིར། ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་ཡོད་དེ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་གཉིས་ནི་རྟེན་གྱིས་པ་དང་། རང་གིས་པའོ། །དྲི་མའི་
དོན་དང་མི་མཐུན་པའི་དོན་འདི་ཀུན་ནས་ཉོན་མོངས་པའོ་ཞེས་བསྟན་པའི་ཕྱིར་ཐོབ་པར་བྱ་བ་ལ་གེགས་བྱེད་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བས་བསྟན་ཏོ། །རྟེན་གྱི་ས་པའི་ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ཅན་དང་། དེ་ནས་ཉོན་མོངས་པ་ཅན་མ་
ཡིན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཐབས་མ་ཡིན་པའི་སྦྱོར་བའོ། །ཀུན་ནས་ཉོན་མོངས་པ་ཅན་ནི་སྒྲིབ་པ་ལ་སོགས་པ་ཀུན་དུ་སྤྱོད་པའོ། །དེ་དག་གཉིས་ཀ་ཡང་མ་ཐོབ་པའི་ཉམས་པའི་དབང་དུ་བྱས་ནས། ཀུན་ནས་ཉོན་མོངས་པ་ཅན་ཡོངས་སུ་མི་མཐུན་པ་ཉིད་དུ་རྣམ་པར་
གཞག་པར་བྱའོ། །རང་གི་ས་པའི་ཀུན་ནས་ཉོན་མོངས་པ་ཅན་ནི་སྲེད་པ་ལ་སོགས་པའི་ཉོན་མོངས་པའི་ཀུན་དུ་སྤྱོད་པས་བསྡུས་པ་སྟེ། དེ་ཡང་ཐོབ་པ་ཉམས་པའི་དབང་དུ་བྱས་པའོ། །དེའི་མིང་སྨྲས་པ། དེ་དག་ཐོབ་ཟིན་པ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ལས་བཟློག་པ་ནི་
རྣམ་པར་བྱང་བ་ནི་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལྟར་མངོན་པར་བསྒྲུབས་ནས་རྗེས་སུ་མཐུན་པའི་མིང་དང་བརྡ་དང་གདགས་པ་རྣམ་པར་གཞག་པ་དང་། རྗེས་སུ་མཐུན་པའི་ཚིག་དང་ཡི་གེས་རྣམ་པར་འཇོག་པར་བྱེད་དོ། །དེ་ལྟར་བསྒོམ་པ་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པའི་འདོད་པ་

བཞིན་དུ་ཐོབ་པས་ནི་གང་འདོད་པ་དེ་ལ་སྙོམས་པར་འཇུག་སྟེ། འབད་པ་མེད་པར་ཇི་ལྟར་འདོད་པར་འགྲུབ་པའོ། །ངན་ངོན་མ་ཡིན་པར་འཐོབ་པས་ན་ཇི་ལྟར་འདོད་པ་དེ་འཐོབ་པོ། །ཚེགས་མེད་པར་འཐོབ་པ་ནི་ཇི་སྙེད་འདོད་པ་དེ་སྙེད་དུ་སྙོམས་པར་འཇུག་པ་ལ་དབང་
བ་རྣམ་པར་དག་པ་ཞེས་བྱའོ། །དེ་དག་མི་ཐོབ་པ་གང་ཡིན་པ་ནི་ཀུན་ནས་ཉོན་མོངས་པས་སོ། །ཐོབ་པ་ནི་རྣམ་པར་བྱང་བའོ། །ཉམས་པ་གང་ཡིན་པ་ནི་རང་གི་ས་པའི་ཉོན་མོངས་པའོ། །གྱ་ནོམ་པ་ནི་དེ་ལས་བཟློག་པའི་རྣམ་པར་བྱང་བའོ། །མཆོག་གི་མཐར་ཐུག་པ་ནི་རྣམ་པར་དག་པའོ། །
གཞན་ཡང་ཚེ་དང་ལྡན་པ་དེ་བཞིན་གཤེགས་པ་ནི་གང་ཟག་གཞན་དང་སེམས་ཅན་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་གསུངས་པས་མཆོག་དང་མཆོག་མ་ཡིན་པའི་རྒྱུ་བསྟན་པའི་ཕྱིར། ཇི་ལྟར་ཡོངས་སུ་སྨིན་པ་ཡང་དག་
པར་འགྲུབ་པ་ལས་ཞེས་བྱ་བ་ལ། འཇུག་པའི་གནས་སྐབས་ན་ནི་དབང་པོ་རྟུལ་པོ་ཡིན་ལ། ཡོངས་སུ་སྨིན་པའི་གནས་སྐབས་ན་ནི་དབང་པོ་རྣོན་པོ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ཡོངས་སུ་སྨིན་པའི་རིམ་གྱིས་དབང་པོ་རྟུལ་པོ་ལ་སོགས་པར་དབྱེ་བར་བྱའོ། །ཉན་ཐོས་ལ་སོགས་པའི་རིམ་གྱིས་
ཀྱང་དབང་པོ་རྟུལ་པོ་ལ་སོགས་པར་དབྱེ་བར་བྱའོ། །དེའི་ཕྱིར་ཡང་དག་པར་འགྲུབ་པ་ལས་དེ་དག་དབང་པོ་རྟུལ་པོ་ལ་སོགས་པར་དབྱེ་བ་ལ། དབང་པོ་མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། མཆོག་ཅེས་བྱ་བའོ། །དེ་ལ་ལྟོས་ནས་འབྲིང་དང་རྟུལ་པོ་ནི་མཆོག་མ་ཡིན་པ་ཞེས་བྱའོ། །ཡང་སྔ་མ་
བཞིན་དུ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་གྱི་མོས་པ་སྣ་ཚོགས་པ་གང་ཡིན་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལ་མདོར་བསྡུ་ན་རིགས་དང་དབང་པོའི་དབྱེ་བས་གང་ཟག་ནི་རྣམ་པ་གཉིས་ཏེ། དད་པའི་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་
འབྲང་བའོ། །དེ་ལ་སྔ་མ་ནི་གཞན་ལ་ཡིད་ཆེས་པ་སྔོན་དུ་འགྲོ་བ་ཡིན་ལ། ཕྱི་མ་ཤོས་ནི་ཆོས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བ་ཡིན་ནོ། །སྣ་ཚོགས་ཀྱི་དོན་བསྟན་པ་ཉིད་ནི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཡིན་ལ། མོས་པའི་དོན་བསྟན་པ་ནི་འདོད་ཅིང་རྟོགས་པ་ཞེས་བྱའོ། །སྔ་མ་བཞིན་དུ་ཁམས་སྣ་ཚོགས་

དང་ཁམས་དུ་མ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་ཡང་དག་པར་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ལ། ཁམས་སྣ་ཚོགས་པ་ཉིད་ནི་ཁམས་དུ་མ་ཉིད་ཡིན་ཏེ། རྣམ་པ་གཉིས་ཀ་བསྟན་པའི་ཕྱིར། ཉན་ཐོས་ལ་སོགས་པའི་རིགས་ཀྱི་དབྱེ་བའམ། འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སྤྱོད་པ་
བརྒྱད་ཁྲི་བཞི་སྟོང་གི་དབྱེ་བའམ། ཡང་ན་གོ་རིམས་བཞིན་དུ་ཁམས་སྣ་ཚོགས་ཉིད་ནི་རིགས་ཀྱི་དབྱེ་བས་སོ། །ཁམས་དུ་མ་ཉིད་ནི་སྤྱོད་པའི་དབྱེ་བས་སོ། །གཞན་ཡང་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའོ། །དེ་བསྟན་པའི་ཕྱིར། དེ་དག་ཉིད་
ཀྱི་འཇུག་པའི་སྒོ་དང་ཞེས་བྱ་བ་ལ་སོགས་པ་ལ། མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་འཇུག་པའི་སྒོ་དང་འཚམ་པ་ཐམས་ཅད་དུ་འགྲོ་བའི་ལམ་སྟེ། ཐམས་ཅད་ཀྱི་རང་གི་སྤྱོད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། འདོད་ཆགས་ལ་སྤྱོད་པ་རྣམས་ལ་ཞེས་བྱ་བ་ལ་
སོགས་པའོ། །དེ་ལྟར་ན་ཚེ་འདི་ལ་ཐམས་ཅད་དུ་འགྲོ་བའི་དོན་དུ་རིག་པར་བྱའོ། །རྣམ་གྲངས་གཉིས་པ་ནི་ཕྱི་མ་ལ་ཐམས་ཅད་དུ་འགྲོ་བའི་དོན་ཉིད་ནི་འགྲོ་བ་ལྔར་འགྲོ་བའི་ལམ་ཐམས་ཅད་དུ་ཞེས་བྱ་བའོ། །གསུམ་པ་ནི་གཉི་གར་ཀུན་དུ་འགྲོ་བའི་དོན་གྱིས་ཏེ། དེ་ལྟར་ན་རྣམ་གྲངས་གསུམ་
གྱིས་ཐམས་ཅད་དུ་འགྲོ་བའི་ལམ་བསྟན་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཕན་ཚུན་མི་མཐུན་ཞིང་ཞེས་བྱ་བ་ལ། རང་རང་གི་ལྟ་བ་བླངས་ནས་གནས་པའོ། །དེས་ན་སྨྲས་པ་ཕྱོགས་སྣ་ཚོགས་ལ་བརྟེན་ཞེས་བྱ་བ་ནི་རང་གི་ལྟ་བ་ལ་ཞེན་པའི་དབང་གིས་གཅིག་ལ་གཅིག་འདོད་པའི་ལྟ་བ་མི་མཐུན་
པས་གཞན་དག་གི་འདོད་པ་བཟློག་པས་འདོད་པས་སུན་འབྱིན་ཏེ། དེ་དག་འདོད་པ་ནི་ཕན་ཚུན་མི་མཐུན་པ་ཡིན་པའི་ཕྱིར་རོ། །མི་མཐུན་པར་སྨྲ་བ་ཐ་དད་པ་ཞེས་བྱ་བ་ལ། དེ་དག་གི་འདོད་པ་དེ་རྣམས་ལས་གང་ཡང་མོས་པ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་མེད་པར་བླང་བར་སྨྲས་པ། དེ་ནི་ཐམས་
ཅད་དུ་འགྲོ་བ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་དེ་ཡང་སྒྱུ་རྩལ་ཤེས་ཀྱི་བུའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཡང་བརྒྱད་པའི་དབང་དུ་བྱས་ནས་སྨྲས་པ། སེམས་ཅན་གྱི་རིས་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གཞན་

ཡང་སྔ་མ་པ་བཞིན་དུ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་པ་ནས་ཞེས་བྱ་བ་ནས། བདུན་དང་བརྒྱད་དང་དགུ་དང་བཅུ་ཡང་རྗེས་སུ་དྲན་པ་ནས། དུ་མའི་བར་དང་འཇིག་པ་དང་འཆགས་པའི་བསྐལ་པ་ཡང་ཡང་དག་པར་
རྗེས་སུ་དྲན་པ་ནས། བདག་དང་སེམས་ཅན་འདི་དག་འདིར་སྐྱེས་པ་ན་མིང་འདི་ཞེས་བྱ། སྐྱེ་བ་ནི་འདི་ལྟ་བུ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བ