Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 133
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
ིའི་འབྲས་བུ་ཡིན་པའི་ཕྱིར་ཚིག་བཙུན་པ་ཉིད་དང་། ཆོས་ ཉེ་བར་སྟོན་པའི་རང་བཞིན་ཡིན་པའི་ཕྱིར། སྙན་པར་སྨྲ་བ་ཉིད་དེ། སེམས་ཉེ་བར་བརྟན་པར་བྱེད་པས་ཉེ་བར་བསྡུས་པ་ཡིན་ནོ། །ངག་གི་ལེགས་པར་སྤྱད་པ་བཞིས་ཡང་དག་པར་ཉེ་བར་བསྡུས་པའི་མཚན་ཉིད་ཅན་ནི་དོན་སྤྱོད་པས་བསྡུས་པ་ཡིན་ནོ། །མཚུངས་པར་བྱ་བ་ ལ་ནན་ཏན་བྱེད་པའི་མཚན་ཉིད་ནི་དོན་མཐུན་པས་བསྡུས་པ་སྟེ། ཕན་པ་ལ་ཡང་དག་པར་སྦྱོར་བ་ནི་ཡོངས་སུ་སྨིན་པར་བྱེད་པའོ། །དབང་ཆེ་བར་གྲགས་པར་འགྱུར་བ་ནི་རིམ་གྱིས་སེམས་དང་འབྲེལ་པར་འགྱུར་བ་ལས་རིམ་གྱིས་འབྲས་བུར་འགྱུར་བ་བསྟན་པའི་ཕྱིར་དང་། བཟོའི་གནས་ རྣམ་པ་སྣ་ཚོགས་པ་ལ་མཁས་པའི་ཕྱིར་བྱ་བ་བྱེད་པ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་རྣམས་ཀྱི་གྲོགས་བྱེད་དུ་འགྲོ་ཞིང་། གྲོགས་སུ་འགྲོ་བ་དེས་ཕན་འདོགས་པར་འགྱུར་རོ། །དེས་ན་སེམས་དང་འབྲེལ་པར་འགྱུར་ཞིང་གུས་པ་དང་བཅས་པར་འགྱུར། བྱས་པ་གཟོ་བར་འགྱུར་ རོ། །གུས་པ་དེ་དང་། བྱས་པ་གཟོ་བ་དེས་བསྡུས་པས་བསྒོ་བ་བཞིན་དུ་ཉན་པར་འགྱུར་རོ། །མཉན་པར་བྱ་བ་དང་། ལས་སུ་བྱ་བ་རྣམས་གུས་པ་དང་བཅས་པས་ལེན་པར་བྱེད་དོ། །དེ་ལྟར་རྗེས་སུ་འཇུག་པས་རབ་ཏུ་གཟུང་བར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ དང་ཐེག་པ་གསུམ་གྱིས་བསྡུས་པའི་ཡོན་ཏན་རྣམས་བསྐྱེད་པ་ལ་ནུས་པ་དང་ལྡན་པའི་ཕྱིར་སྣོད་དུ་གྱུར་པར་འགྱུར་བ་ཡིན་ནོ། །འདུན་པ་དང་། བརྩོན་འགྲུས་དང་། བརྟན་པ་དང་ལྡན་པའི་ཕྱིར་ཉམས་སུ་བླང་བ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་ཡིན་ནོ། །ཤེས་རབ་ཡངས་པ་དང་ལྡན་ པའི་ཕྱིར་རབ་ཏུ་རྣམ་པར་འབྱེད་པ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་ཡིན་ནོ། །དེ་ལ་དཔའ་བའི་ཁྱད་པར་དང་ལྡན་པས་མི་ཞུམ་ཞིང་མི་འགོང་ལ་བག་ཚ་བ་མེད་པར་འགྱུར་རོ། །འཁོར་གྱི་ནང་དུ་འཇིགས་པ་མེད་པར་འགྱུར་རོ། །སྤྱོད་ལམ་དང་། གནས་ ཐམས་ཅད་ལ་བཟློག་པ་མེད་ཅིང་སྒྲིབ་པ་མེད་པར་འགྱུར་རོ། །སྒྲིབ་པ་མེད་པ་ཉིད་བསྟན་པ་ནི་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་འགྲོ་བ་ལ་འགོག་པ་མེད་པ་ཉིད་དང་། སེམས་ཅན་ཐམས་ཅད་དང་དུས་ཐམས་ཅད་དུ་སྨྲ་བ་ལ་བཀག་པ་མེད་པ་ཉིད་དང་། དེ་བཞིན་དུ་ མ་གྲགས་པ་ལ་སོགས་པ་ལ་ཡང་རིག་པར་བྱའོ། །དེ་ལྟར་འཇིགས་པ་མེད་པར་འགྱུར་བ་ཉིད་དང་། སྒྲིབ་པ་མེད་པ་ཉིད་དང་། དབེན་པར་གནས་པའི་བར་གྱི་སྣོད་དུ་གྱུར་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དགེ་བའི་ཕྱོགས་ལ་སྦྱོར་བས་ན་ལུས་ངལ་བ་མེད་པ་ནི་མི་སྐྱེ་བ་སྟེ། བདག་ གི་དོན་གྱི་དབང་དུ་བྱས་པའོ། །གཞན་གྱི་དོན་གྱི་དབང་དུ་བྱས་ནས་ནི་སེམས་ཅན་གྱི་དོན་ལ་མི་སྐྱོ་བའོ། །སྤྲོ་བ་ཆེ་བ་ཉིད་དང་། གོ་ཆ་ཆེན་པོ་བགོས་པའི་ཕྱིར་བརྩོན་འགྲུས་རྩོམ་པའོ། །བརྩོན་འགྲུས་ཁྱད་པར་དུ་འཕགས་པ་དང་ལྡན་པ་དང་། བརྩོན་འགྲུས་མི་དམན་པས་ན་ བརྩོན་འགྲུས་བརྟན་པའོ། །སྟོབས་དང་མཐུ་དང་ལྡན་པ་དང་། མྱུར་དུ་སོ་སོར་རྟོག་པ་དང་ལྡན་པའི་ཕྱིར་མངོན་པར་ཤེས་པ་མྱུར་བའོ། །རྣམ་པར་སྨིན་པའི་འབྲས་བུ་བརྒྱད་པོ་འདི་དག་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དང་། དགེ་བའི་ཕྱིར་དང་། ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ བསྒྲུབ་པར་བྱའོ་ཞེས་བྱ་བས་ཕན་པ་སྟེ་གཞན་གྱི་དོན་ལས་བརྩམས་པའོ། །བདག་གི་དོན་ལས་བརྩམས་ནས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་བས་སྐྱེ་བ་ལ་ཡང་མཐུན་ཞིང་ཞེས་བྱ་བའོ། །དེའི་ཕྱིར་མཐུན་ཞིང་འཕྲོད་པ་ཞེས་བྱ་བས་གཉི་གའི་དོན་སྒྲུབ་པར་བྱེད་པའི་ ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་བརྒྱད་ལས་གང་ཡང་རུང་བ་ཅིག་མ་ཚང་ན་ཡང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་སྨིན་པའི་འབྲས་བུ་འདི་ལ་གནས་ན་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྨིན་པའི་འབྲས་ བུ་རྣམ་པར་གཞག་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་གྱུར་པ་དེས་ནི་སེམས་ཅན་རྣམས་ཀྱི་དོན་རྣམ་པ་སྣ་ཚོགས་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཐབས་ཐ་དད་པས་ཕན་པ་དང་བདེ་བ་བསྒྲུབ་པར་ནུས་པའོ། །ཐབས་ཀྱི་སྒོ་རེ་རེས་ཀྱང་ཕན་པ་དང་བདེ་བ་དཔག་ཏུ་མེད་ པའི་དོན་བསྒྲུབ་པར་ནུས་པ་ནི་ལྕོགས་པ་ཞེས་བྱའོ། །ཡང་ན་ལུས་དང་སེམས་ཀྱི་སྟོབས་དང་ལྡན་པ་ནི་ནུས་ཤིང་ལྕོགས་པ་ཞེས་བྱའོ། །རྣམ་པར་སྨིན་པ་བརྒྱད་པོ་འདི་དག་གི་སྟོབས་ཀྱིས་ཇི་ལྟར་རིགས་པར་འདུལ་བར་བྱ་བ་དེ་དག་ལ་རྗེས་སུ་མཐུན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་ དུ་བྱ་བ་དག་ལ་བསྒོ་བ་ཉན་པར་འགྱུར་བ་ཡང་ཇི་སྐད་བསྟན་པའི་རྗེས་སུ་བསྟན་པའི་སྦྱོར་བ་དང་ལྡན་པ་ལས་ཇི་ལྟ་བ་བཞིན་དུ་བྱེད་པའོ། །དེའི་ཕྱིར་རང་གི་དོན་བྱ་བ་ཡན་ཆད་ལ་ཞེས་བྱ་བའོ། །དེའི་ཕྱིར་འདི་གཉིས་ལས་གང་ཡང་རུང་བ་ཅིག་མ་ཚང་ན་ཡང་མི་འགྲུབ་པར་བསྟན་པའི་ ཕྱིར། དོན་ཆེ་བ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དོན་རྣམ་པ་སྣ་ཚོགས་པ་མང་པོ་བྱེད་མི་ནུས་པའོ། །དོན་ཁྱད་པར་ཅན་བྱེད་པ་མེད་པའི་ཕྱིར་མཐུན་པ་མ་ཡིན་པའོ། །ཇི་ལྟ་ཇི་ལྟར་གཞན་གྱི་དོན་ལ་འབད་པ་ཆུང་བ་དེ་ལྟ་དེ་ལྟར་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་མི་ནུས་སོ་ ཞེས་བསྟན་པའི་ཕྱིར། དེས་ན་དེས་གཞན་གྱི་དོན་བྱེད་མི་ནུས་སོ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནུས་པ་དང་བྲལ་བས་ནི་གཞན་གྱི་དོན་བྱ་བ་ལ་དོན་ཆེན་པོར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་བདག་ཉིད་ཀྱིས་མི་ནུས་ཤིང་མི་ལྕོགས་ལ་ཞེས་བྱ་བ་ལ་ སོགས་པ་ལ། དེ་ལྟ་ན་ཡང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བར་མི་ནུས་པས་གཉི་གའི་ཡན་ལག་ཚོགས་ན་གཉི་གའི་དོན་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལྟར་གྱུར་ན་བྱང་ཆུབ་སེམས་དཔའ་དེས་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་ཀྱང་ནུས་ཤིང་ལྕོགས་ པར་གྱུར། སེམས་ཅན་རྣམས་ཀྱང་བསྒོ་བ་བཞིན་དུ་ཉན་པར་གྱུར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནུས་པ་དང་ལྡན་པས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་ལ། སེམས་ཅན་རྣམས་བསྒོ་བ་བཞིན་ཉན་པས་ནི་ཐེག་པ་གསུམ་ལ་མྱུར་དུ་ཡོངས་སུ་སྨིན་པར་བྱེད་དེ། སངས་རྒྱས་ ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་སྨིན་པར་གྱུར་པ་ལས་ནི་རང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་གྱུར་པ་ལས་ནི་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་བས་ན་རྣམ་པ་ འདི་དག་གིས་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་བརྒྱད་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཡང་དག་པར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་ན་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ན་འཁོར་བའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་པར་གྱུར་ན་ཕན་པ་ཐོབ་པར་འགྱུར། བདེ་བ་དང་ཕྲད་པར་འགྱུར་རོ། །དེ་ལྟ་བས་ན་འཁོར་བ་འབྲས་བུ་དང་བཅས་པར་འགྱུར། དོན་དང་བཅས་པར་འགྱུར་རོ། །དེ་དང་བྲལ་བར་གྱུར་ན་འབྲས་བུ་མེད་པར་འགྱུར། དོན་མེད་པར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་བསྟན་པས་བསོད་ནམས་དང་། ཡེ་ཤེས་ཀྱི་འབྲས་བུ་ ཡང་བསྟན་པར་ནུས་པས། དེ་ལ་བསོད་ནམས་ནི་གང་ཡིན། ཡེ་ཤེས་ནི་གང་ཡིན་ཞེས་བྱ་བ་སྨྲས་སོ། །ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ་ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པར་གཞག་པའི་དབང་དུ་བྱས་པའོ། །ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་ངོ་བོ་ནི་བསོད་ནམས་ཞེས་བརྗོད་དེ། དངོས་པོ་ཉིད་དང་། འབྲས་བུ་ ཉིད་ཀྱིས་སོ། །དངོས་པོ་ཉིད་ནི་བསོད་ནམས་བྱ་བའི་དངོས་པོ་གསུམ་ཞེས་བསྟན་པའི་ཕྱིར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ལས་བྱུང་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམས་པ་ལས་བྱུང་བའི་བསོད་ ནམས་སོ་ཞེས་བྱ་བ་ལ། བཟོད་པ་ཡང་རྣམ་པ་གཉིས་ཏེ། སོ་སོར་བརྟགས་པའི་སྟོབས་ཀྱིས་ཡང་དག་པར་བསྡུས་པ་དང་། བསྒོམ་པའི་སྟོབས་ཀྱིས་བསྡུས་པའོ། །བསྒོམ་པའི་སྟོབས་ཀྱིས་བསྡུས་པ་ནི་བྱམས་པ་བསྒོམ་པའི་ངོ་བོ་ཉིད་དེ། གནོད་སེམས་སྤངས་པས་བཟོད་པ་ཡོངས་སུ་རྫོགས་པར་འགྱུར་བས་ གནོད་སེམས་སྤངས་པ་ནི་བྱམས་པ་བསྒོམ་པ་ཡིན་ནོ་ཞེས་བྱས་ནས་སོ། །དེ་ལྟ་བུ་ནི་རེ་ཞིག་དངོས་པོ་ཉིད་དོ། །འབྲས་བུ་ཉིད་ནི་རང་གི་རྒྱུད་ཀྱི་ལོངས་སྤྱོད་དང་། བདག་གི་དངོས་པོ་དང་། འཁོར་གྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་དང་ཤེས་རབ་ནི་དོན་གཅིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་ བཞིན་ཉིད་ཡེ་ཤེས་སོ། །རབ་ཏུ་ཤེས་པའི་ཕྱིར་ཤེས་རབ་སྟེ། ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་པའོ། །ཡེ་ཤེས་ནི་ཐེ་ཚོམ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པའམ། ཡང་དག་པར་གཏན་ལ་འབེབས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་དང་རྗེས་སུ་མཐུན་པས་དེ་ དག་གི་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་བྱང་ ཆུབ་ཀྱི་ཚོགས་སུ་རྣམ་པར་གཞག་གོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ལ། གཅིག་ནི་ཡེ་ཤེས་ཀྱི་ཚོགས་སུ་གཞག་ན། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་གཉིས་གང་གི་ཁོངས་སུ་འདུ་བར་འགྱུར་ཞེ་ན། སྨྲས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡང་བརྩོན་འགྲུས་ནི་དགེ་བའི་ས་ཆེན་པོ་པ་སྟེ། ཐམས་ཅད་དུ་བརྩོན་འགྲུས་མེད་ན་དགེ་བ་མི་འབྱུང་བ་ཉིད་དེ། དགེ་བ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་སོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་བརྩོན་འགྲུས་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་ གཉེན་པོར་གྱུར་པའི་ཕྱིར། བརྩོན་འགྲུས་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འཇུག་པར་འགྱུར་བ་ཡིན་ནོ། །མདོའི་རྗེས་སུ་འབྲངས་ནས་ཀྱང་འདི་དག་རྣམ་པར་གཞག་པར་བྱ་སྟེ། མདོ་སྡེ་ལས་བསྟན་པ། བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་ འགྱུར་ཏེ་ཞེས་བྱ་བ་ནས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དུའོ། །དེའི་ཕྱིར་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོད་པ་ཉིད་དུ་མཚོན་པར་བྱེད་པ་ཉིད་དོ། །དེ་ལྟར་ན་ཡང་ངོ་བོ་ཉིད་དང་རྗེས་སུ་མཐུན་པའི་དབང་དུ་བྱས་ནས་བསོད་ནམས་དང་ཡེ་ཤེས་སུ་རྣམ་པར་གཞག་ པར་རིག་པར་བྱའོ། །དེའི་ཕྱིར་བརྩོན་འགྲུས་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཡང་དག་པར་ལེན་པ་ནི་སྡོམ་པ་ཡང་དག་པར་ལེན་པའི་དུས་སུའོ། །བསྲུང་བ་ནི་དེའི་རྗེས་ལ་ཡན་ལག་ལྔ་བག་ཡོད་པས་བསྡུས་པ་ཡོངས་སུ་སྦྱོང་བའོ། བྱམས་པ་ལ་སོགས་པ་ཞེས་བྱ་བ་ནི་ ཚད་མེད་པ་རྣམས་བསྒོམ་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཕྲག་དོག་དང་། ཞེ་སྡང་གི་གཉེན་པོ་ནི་ཚད་མེད་པ་རྣམས་ཡིན་ལ། བཟོད་པ་ཡང་དེ་དག་གི་གཉེན་པོར་གྱུར་པ་ཉིད་ཡིན་པས་སོ། ། བརྩོན་འགྲུས་ལ་བརྟེན་ནས་ཡེ་ཤེས་མ་སྐྱེས་པ་ནི་སྐྱེ་བར་འགྱུར་ལ། སྐྱེས་པ་རྣམས་ནི་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་རོ། །དེའི་ཕྱིར་སྨྲས་པ། བརྩོན་འགྲུས་ལ་བརྟེན་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཐོས་པས་བཟུང་ ནས་བསམས་ཤིང་སྒོམ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐོས་པ་ལ་སོགས་པའི་སྦྱོར་བས་ཐོས་པའི་ཤེས་རབ་ཀྱིས་ཕུང་པོ་ལ་སོགས་པ་ལ་ཉེ་བར་རྟོགས་པར་བྱེད་དོ་ཞེས་བྱ་བ་སྨྲས་པ། ཕུང་པོ་ལ་མཁས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་རེ་ཞིག་ཡེ་ཤེས་ལ་མཁས་པའི་ དབང་དུ་བྱས་ནས་བསྟན་ནས། བདེན་པ་རྣམ་པར་འབྱེད་པ་ལ་མཁས་པའི་དབང་དུ་བྱས་ནས་སྨྲས་པ། སྡུག་བསྔལ་ལ་ནི་ཞེས་བྱ་བ་ལ་སོགས་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་དབང་དུ་བྱས་ནས། དགེ་བའམ་ཞེས་བྱ་བ་ལ་སོགས་པའོ། །ཡང་བསམ་གཏན་ནི་རྣམ་པར་ གཡེང་བ་མེད་པ། སེམས་རྩེ་གཅིག་པ་ཡང་དག་པར་ཉེ་བར་གཏོད་པའོ། །དེའི་ཕྱིར་སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་དགེ་བ་ལ་སྦྱོར་བར་མི་ནུས་པས་དགེ་བ་ཐམས་ཅད་ལ་བསམ་གཏན་དང་ལྡན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བསམ་གཏན་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པའོ། ། རྣམ་པ་དྲུག་ཡོད་དོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཅན་ནོ། །ཡང་ན་བསོད་ནམས་དང་བསོད་ནམས་ཀྱི་ཕྱོགས་བརྩོན་འགྲུས་དང་། བསམ་གཏན་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །ཡེ་ཤེས་དང་ཡེ་ཤེས་ཀྱི་ཕྱོགས་བརྩོན་འགྲུས་དང་། བསམ་གཏན་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །དེ་རེ་ རེའི་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་དངོས་པོ་དཔག་ཏུ་མེད་པའི་སྒོ་ནས་ཞུགས་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་མཚུངས་པའི་རྒྱུ་ཁས་བླངས་ནས་དྲིས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་གང་ཞེ་ན་ཞེས་བྱ་བའོ། །ལན་ཡང་དུས་གཅིག་ཏུ་ བཏབ་པ་ནི་མདོར་བསྡུ་ན་གསུམ་ཡོད་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་རྒྱུ་དང་རྐྱེན་བསྡོམས་ནས་རྒྱུ་ཞེས་རྣམ་པར་གཞག་གོ། །འདས་པ་དང་ད་ལྟར་གྱི་ཚེའི་རྐྱེན་གྱི་དབང་དུ་བྱས་ནས་རྒྱུ་ཞེས་བྱ་བར་བསྟན་ཏེ། མདོར་བསྡུ་ན་དགེ་བའི་ཆོས་སྐྱེ་བར་བྱེད་པ་ནི་བཞི་ཡིན་ཏེ། སྐྱེས་བུ་དམ་པ་ལ་ བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། སྐྱེ་བ་སྔ་མའི་དུས་སུ་སྤྱད་པ་དང་བཞི་ནི་རྒྱུ་གཉིས་སུ་རྣམ་པར་གཞག་པར་བྱའོ། །འདི་དག་ཏུ་མ་གཏོགས་པ་ནི་དགེ་བའི་ཆོས་ལ་འདུན་པ་སྟེ་ཆོས་ཐམས་ཅད་ཀྱི་རྩ་བ་ནི་འདུན་པ་ཡིན་པའི་ཕྱིར་རྒྱུ་ཁྱད་པར་དུ་འཕགས་ པའི་མཚན་ཉིད་ཅན་རྣམས་ཀྱི་ནང་ནས་དང་པོའི་རྒྱུ་ཡིན་ནོ། །ཡང་འདུན་པ་དེ་ནི་རྣམ་པ་གསུམ་སྟེ། མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྨྲས་པ་ནི། འཐོབ་པ་དང་ཞེས་བྱ་བའོ། །ཐོབ་པར་གྱུར་པ་རྣམས་མི་ཉམས་པའི་སྦྱོར་བ་ལ་གནས་པ་ནི་གང་ཡང་གནས་པ་དང་ཞེས་བྱ་བའོ། །གནས་པ་རྣམས་གོང་ ནས་གོང་དུ་འཕེལ་བ་དང་རྒྱས་པར་འགྱུར་བ་དང་། འདུན་པ་ཞེས་བྱ་བ་ནི་རྒྱུ་དང་པོ་སྟེ། ཡང་དག་པའི་སྤོང་བ་ཐ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །མཐུན་ལ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། མི་མཐུན་པ་མེད་པ་ཞེས་བྱ་བ་སྟེ། སྐྱེ་བ་གཞན་དག་ཏུ་གོམས་པར་བྱས་པས་ནི་རྒྱུ་ཉེ་བར་བསགས་ པར་འགྱུར་རོ། །རྒྱུ་ཉེ་བར་བསགས་པ་དང་ལྡན་པ་ནི་བསོད་ནམས་དང་ཡེ་ཤེས་སྐྱེད་པར་བྱེད་ཀྱི་མ་བསྐྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྔོན་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མི་མཐུན་པ་མེད་པའི་རྐྱེན་ནི་དངོས་པོ་མེད་པ་དང་། དངོས་པོ་དང་ལྡན་པ་རྣམ་པ་གཉིས་སུ་བསྟན་པའི་ཕྱིར་དངོས་པོ་ཁ་ཅིག་ མངོན་དུ་མ་གྱུར་པས་མི་མཐུན་པ་མེད་པ་ཡིན་ལ། དངོས་པོ་ཁ་ཅིག་མངོན་དུ་གྱུར་པ་དང་ལྡན་པས་མི་མཐུན་པ་མེད་པ་སྟེ། བར་དུ་གཅོད་པའི་རྒྱུ་མེད་ཅིང་བར་ཆད་མ་ཡིན་པའི་རྒྱུ་དང་ལྡན་པས་དངོས་པོ་རྣམས་སྐྱེ་བར་འགྱུར་རོ་ཞེས་བྱ་བས་གཉི་ག་ཡང་མི་མཐུན་པ་མེད་པའི་རྐྱེན་དུ་བསྟན་པ་ཡིན་ནོ། །ཕྱིན་ཅི་ ལོག་མི་མཐུན་པའི་ཕྱོགས་འགལ་བ་དག་བསོད་ནམས་དང་ཡེ་ཤེས་མ་ཡིན་པ་སྐྱེ་བའི་མཐུན་པ་ཡིན་པ་དེ་དག་ནི་བསོད་ནམས་དང་ཡེ་ཤེས་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། ཕྱིན་ཅི་ལོག་གི་རྐྱེན་ཞེས་བྱའོ། །དེས་ན་སྨྲས་པ། ཉེ་བར་མི་གནས་ཤིང་ཞེས་བྱ་བ་ལ། ཉེ་བར་མི་གནས་པ་ནི་ཉེ་བར་མ་གྱུར་པའོ། ། ཉེ་བར་མ་གྱུར་པ་ཉིད་དེ་ཉེ་བར་མ་གྱུར་པས་ན་ཕྱིན་ཅི་མ་ལོག་པའི་རྐྱེན་ནི་ཉེ་བར་གནས་པས་བསོད་ནམས་དང་ཡེ་ཤེས་སྐྱེ་བ་ལ་རྗེས་སུ་མཐུན་པ་ཡིན་ནོ། །ཕྱིན་ཅི་ལོག་གི་རྐྱེན་བསྟན་པར་བྱ་བའི་ཕྱིར། སྡིག་པའི་གྲོགས་པོ་ཞེས་བྱ་བ་ལ། སྔར་བསྟན་པ་བཞིན་དུ་རིག་པར་ བྱ་བའམ། སྡིག་པའི་གྲོགས་པོ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཕྱིན་ཅི་ལོག་ཏུ་བསྟན་པ་ནི་འཇིག་རྟེན་འཕེལ་བར་བྱེད་པ་དག་གི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། བྱོལ་སོང་འཆིང་བ་ལ་སོགས་པ་ནི་བསོད་ནམས་རབ་ཏུ་ འཕེལ་བའི་རྒྱུར་རྣམ་པར་འཇོག་པར་བྱེད་ལ། དེའི་བཅིངས་པ་བཀྲོལ་ན་བསོད་ནམས་མ་ཡིན་པར་རྣམ་པར་འཇོག་པར་བྱེད་པ་དང་། ཉན་ཐོས་ཀྱི་བསླབ་པ་ཕྱོགས་གཅིག་པའི་རྗེས་སུ་འབྲངས་བ་དག་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་ལས་ཕྱིན་ཅི་ལོག་ཏུ་སྟོན་པར་བྱེད་པ་ཡིན་ཏེ། ས་ལེ་སྦྲམ་ དང་། དངུལ་ལ་སོགས་པ་མ་བླངས་ན་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མུ་སྟེགས་ཀྱི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཡེ་ཤེས་ཕྱིན་ཅི་ལོག་ཏུ་བསྟན་པས། མི་ཤེས་པ་དང་ཐེ་ཚོམ་དང་འཆལ་པའི་ཤེས་པས་བསླབ་པ་རབ་ཏུ་ཐོབ་ཅིང་ལྡན་པར་འགྱུར་ རོ། །ཆོས་འདི་པ་ཁ་ཅིག་ཀྱང་ཆོས་རྣམས་ཕྱིན་ཅི་ལོག་གི་མཚན་ཉིད་དུ་རྣམ་པར་འཇོག་ཅིང་ཕྱིན་ཅི་ལོག་གི་མཚན་ཉིད་དུ་འཛིན་པར་འགྱུར་ཏེ། དེ་བཞིན་དུ་ལོག་པར་ངེས་པར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཐོབ་པ་དང་ཞེས་བྱ་བ་ལ། མི་དགེ་བའི་ཆོས་སྐྱེ་བའི་རྐྱེན་མ་ཡིན་ན་ཡང་འགལ་ བའི་རྐྱེན་གཞན་དག་ཀྱང་ཡོད་དོ་ཞེས་བསྟན་པ་ཉིད་ནི་དེ་ཡང་སྔར་གྱི་ལུས་དང་སེམས་གཡོ་བར་བྱེད་པ་ཇི་ལྟར་ཉན་ཐོས་ཀྱི་ས་ལས་བསྟན་པ་ལྟ་བུ་རྣམས་སོ། །རྒྱུ་གསུམ་པོ་འདི་དག་མ་ལུས་པ་མ་ཚང་བ་མེད་པ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྒྱུ་གསུམ་པོ་ འདི་དག་ལས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བསོད་ནམས་ཀྱི་འབྲས་བུ་ནི་རྣམ་པར་སྨིན་པའི་འབྲས་བུ་ཉིད་དང་། དེ་ལ་ཡང་དག་པར་བརྟེན་པའི་སེམས་ཅན་གྱི་དོན་བྱ་བར་རིག་པར་བྱའོ། །ཡེ་ཤེས་ཀྱི་འབྲས་བུ་ནི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་འབྲས་བུར་རིག་པར་བྱའོ། །གནོད་པ་མེད་པར་ཞེས་བྱ་བ་ ནི་རྗེས་སུ་མི་མཐུན་པ་མེད་པ་སྟེ། སྡུག་བསྔལ་གྱི་གནོད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ། སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་དང་ལྡན་པས་རྣམ་པར་སྨིན་པའི་ལོངས་སྤྱོད་ དང་། བདག་གི་དངོས་པོ་དང་། འཁོར་ཕུན་སུམ་ཚོགས་པར་ལོངས་སྤྱོད་ཀྱིས་རྒུད་པའི་སྡུག་བསྔལ་དང་། བདག་གི་དངོས་པོས་རྒུད་པའི་སྡུག་བསྔལ་དང་། འཁོར་གྱིས་ཕོངས་པའི་སྡུག་བསྔལ་གྱི་གནོད་པ་མེད་པར་འཁོར་བ་ན་འཁོར་བའི་ལོངས་སྤྱོད་ཆེན་པོ་ལ་བརྟེན་ནས་སེམས་ཅན་གྱི་ དོན་བྱ་བར་ནུས་པར་འགྱུར་རོ། །བདག་གི་དངོས་པོའི་རྣམ་པར་སྨིན་པ་ལ་བརྟེན་ནས་བསྡུ་བའི་དངོས་པོ་གཞན་གསུམ་གྱིས་སེམས་ཅན་གྱི་དོན་བྱེད་པར་ནུས་སོ། །དེ་ལྟར་བདག་དང་གཞན་གྱི་རྒྱུད་ལ་བརྟེན་ནས་བསོད་ནམས་ཀྱི་འབྲས་བུ་རྣམ་པ་གཉིས་སོ། །ཡེ་ཤེས་ལ་བརྟེན་ནས་ནི་ཕྱིན་ཅི་མ་ ལོག་པ་དང་རྒྱ་ཆེ་བའི་བསོད་ནམས་བྱེད་པ་དང་། ཉེ་བར་སོགས་པར་འགྱུར་ཏེ། དགེ་བའི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་བ་ནི་རིགས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་ནི་ཤེས་བྱའི་རྣམ་པ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་སྦྱོར་བ་གོམས་པར་བྱས་པས་རྒྱུད་ཁྱད་པར་དུ་འཕགས་ པའི་ཡེ་ཤེས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོག་པར་འགྱུར་བའི་འབྲས་བུར་རིག་པར་བྱའོ། །དེ་ལྟར་ན་བསོད་ནམས་ཀྱི་རྣམ་པ་གཉིས་དང་། ཡེ་ཤེས་ཀྱི་རྣམ་པ་གཉིས་ཀྱིས་རྣམ་པ་བཞིར་འགྱུར་རོ། །ཁོངས་སུ་གཏོགས་པ་རྣམས་ཀྱི་དབྱེ་བ་ནི་དཔག་ཏུ་མེད་དོ། །རྣམ་པར་ སྨིན་པ་དང་། དེའི་རྒྱུ་དང་། དེའི་འབྲས་བུ་ལས་བསོད་ནམས་དང་ཡེ་ཤེས་དག་གིས་བྱེད་པའི་གཙོ་བོ་ཉིད་དུ་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་བར་བསྟན་པའི་ཕྱིར་སྨྲས་པ། དེ་ལ་རྣམ་པར་སྨིན་པའི་རྒྱུ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་དེ་དག་ ཀྱང་ཚོགས་སུ་རྣམ་པར་གཞག་པར་བྱ་བ་ཉིད་དོ། །བསོད་ནམས་ལ་བརྟེན་ཅིང་བསོད་ནམས་ལས་བྱུང་བ་ཉིད་དོ་ཞེས་བྱ་བ་ནི། རེ་ཞིག་རྣམ་པར་སྨིན་པ་ཉིད་ནི་བསོད་ནམས་ལས་བྱུང་བའི་ཕྱིར་བསོད་ནམས་ལ་བརྟེན་པ་ཉིད་ཡིན་ནོ། །གནོད་སེམས་མེད་པ་ལ་སོགས་པ་རྣམ་པར་སྨིན་པའི་རྒྱུ་རྣམ་པ་བརྒྱད་ ཀྱང་སྔོན་བསོད་ནམས་བྱེད་པ་གོམས་པའི་སྟོབས་ལ་བརྟེན་ནས་ཞེས་བྱས་ནས་བསོད་ནམས་ལ་བརྟེན་པ་ཉིད་དོ། །དུས་རིང་པོར་དགེ་བ་བསགས་པ་ལ་སོགས་པ་རྣམ་པར་སྨིན་པའི་འབྲས་བུ་ཡང་སྔོན་བསོད་ནམས་གོམས་པར་བྱས་པའི་སྟོབས་ཉིད་ཀྱི་རྒྱུ་མཐུན་པ་ཉིད་ ཀྱིས་འཇུག་པར་འགྱུར་རོ་ཞེས་བྱས་ནས་དེ་ཡང་བསོད་ནམས་ལ་བརྟེན་པ་ཉིད་དོ། །དེ་ལྟར་ན་རེ་ཞིག་བསོད་ནམས་གཙོ་བོ་ཡིན་ནོ། །བསོད་ནམས་ཀྱང་ཡེ་ཤེས་ལ་བརྟེན་པ་ཡིན་ཏེ། ཡེ་ཤེས་ལ་བརྟེན་ནས་བསོད་ནམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟ་བས་ ན་རྣམ་པར་སྨིན་པ་ལ་སོགས་པ་ཆོས་དགུ་པོ་གང་ཡིན་པ་དེ་དག་ལས་འདི་གཉིས་ཁོ་ན་གཙོ་བོའི་བྱེད་པ་སྟེ། བསོད་ནམས་དང་། ཡེ་ཤེས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་གཞི་ཡིན་ནོ། །དེ་དག་ལས་ཀྱང་ཡེ་ཤེས་གཙོ་བོ་ཡིན་ པར་བསྟན་པའི་ཕྱིར། བསོད་ནམས་ཀྱང་དེའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །རིགས་པ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ལས་སོ། །དཔྱས་དང་བཅས་པའི་ལས་ཀྱི་གནས་ཀྱིས་ལོངས་སྤྱོད་བསྒྲུབ་པ་ནི་གནོད་པར་འགྱུར་བའི་ཕྱིར་རོ། །ཚོད་ཟིན་པར་ལོངས་སྤྱད་པར་བྱ་སྟེ། ཚོད་མ་ཟིན་པར་ལོངས་ སྤྱོད་པ་ནི་ཚུལ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་དང་། ནད་རྣམས་འབྱུང་བའི་གནས་ཡིན་པའི་ཕྱིར་གནོད་པར་འགྱུར་བ་ཡིན་ནོ། །དེ་ལྟར་རེ་ཞིག་བདག་པོའི་འབྲས་བུ་སོ་སོར་མྱོང་བ་མཐོང་བའི་ཆོས་ཀྱི་དོན་ཉིད་བསྟན་ནས། ད་ནི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་མྱོང་བ་བསྟན་པའི་ཕྱིར། རྣམ་པར་སྨིན་ པར་འགྱུར་བའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ཉིད་ཀྱི་ཕྱིར་བསམ་གཏན་བསྒྲུབས་ནས་བསམ་གཏན་གྱི་སྦྱོར་བས་མཐོང་བའི་ཆོས་ལ་བསམ་གཏན་བསྒྱུར་བ་ལ་མཁས་པས། ཚེ་འདི་ཉིད་ལ་ བདེ་བ་ལ་རིག་པར་བྱ་བའི་ཕྱིར་ཡིན་གྱི། ཚེ་གཞན་གྱི་དོན་དུ་ནི་མ་ཡིན་ཏེ། བསམ་གཏན་གྱིས་བསྒྱུར་བའི་ཕྱིར་རོ། །བསམ་གཏན་གྱི་སྦྱོར་བ་དེ་ནི་གཞན་གྱི་དོན་དུ་སྦྱོར་བ་མ་ཡིན་ཏེ། གཞན་དུ་སྦྱོར་བར་གྱུར་ན་འཇིག་རྟེན་ཕ་རོལ་པོར་འགྱུར་རོ། །དེ་བཞིན་གཤེགས་པ་མཐར་ཐུག་པ་རྙེད་པར་ གྱུར་པའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མཛད་པ་ཉིད་ནི་མཐོང་བའི་ཆོས་ཀྱི་དོན་ཉིད་ཡིན་ཏེ། དེས་རྣམ་པར་གྲོལ་བའི་བདེ་བ་རབ་ཏུ་བསྟན་པའི་ཕྱིར་དང་། སྐྱེ་བ་གཞན་མི་མངའ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་སྨོས་པ་ནི་བྱང་ཆུབ་སེམས་དཔའི་ མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་བསལ་བའི་ཕྱིར་ཏེ། དེའི་དེ་ནི་ཕ་རོལ་དུ་ཡང་འབྱུང་བ་ཡིན་ཏེ། སྐྱེ་བ་ཁྱད་པར་ཅན་གོང་ནས་གོང་དུ་འགྲོ་བར་འགྱུར་བ་འཐོབ་པའི་ཕྱིར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་། མཐོང་བའི་ཆོས་ཀྱི་ལམ་དང་། ཚོགས་སུ་གྱུར་པས་ ལུས་དང་སེམས་རྗེས་སུ་སྡུད་པར་བྱེད་པའི་ཕྱིར་མཐོང་བའི་ཆོས་ཀྱི་དོན་ཏོ། །ཕྱི་མར་ཡང་སྐྱེ་བར་གྱུར་པ་མེད་པའི་ཕྱིར་ཕ་རོལ་མེད་པ་ཞེས་བྱ་བའི་དོན་ཏོ། །གཞན་གང་དག་བྱང་ཆུབ་སེམས་དཔས་བཏུལ་བ་ཞེས་བྱ་བ་ལ། གང་དག་བྱང་ཆུབ་སེམས་དཔས་ཇི་སྐད་བསྟན་པའི་དོན་ལ་ཡང་དག་པར་ སྦྱར་བ་དང་། ངེས་པར་ཡང་དག་པར་སྦྱར་བ་དེ་དག་གི་མཐོང་བའི་ཆོས་ཀྱི་དོན་ཡིན་ནོ། །འཕངས་ཤིང་ཡོངས་སུ་གཟུང་བས་སྐྱེ་བ་ཕྱི་མ་ལ་ལོངས་སྤྱོད་པའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ནི་ཡང་ཕྱི་མ་པ་ཞེས་བྱ་བའི་དོན་ཏོ། །མ་འོངས་པ་ན་རྣམ་པར་སྨིན་པར་ འགྱུར་བའི་ཕྱིར་རོ། །འདོད་པའི་ཁམས་སྨོས་པ་ནི་གཞན་དག་ན་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །འདོད་པའི་ཁམས་དེ་ན་ཚེ་ཕྱི་མའི་ལུས་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་ཕྱི་མ་པ་ཞེས་པའི་དོན་ཏེ། དགེ་བའི་རྣམ་པར་སྨིན་པ་ཉིད་ཀྱིས་མ་འོངས་པ་སྡུད་པར་བྱེད་པའི་ཕྱིར་ དང་། རྣམ་པར་སྨིན་པ་གཞན་དང་སྦྱོར་བ་མེད་པའི་ཕྱིར་རོ། །བསམ་གཏན་དང་གཟུགས་མེད་པར་སྐྱེ་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པར་བདག་གི་ལུས་ལེན་པ་ཞེས་བྱ་བའི་དོན་ཏོ། །ཕུན་སུམ་ཚོགས་པ་གཉིས་པོ་འདི་དག་ནི་བསམ་གཏན་དང་གཟུགས་མེད་པར་སྐྱེས་པ་རྣམས་ཀྱི་ རྒྱུར་གྱུར་པ་སྦྱིན་པ་དང་། ཚུལ་ཁྲིམས་དང་། སྒོམ་པ་ལ་བརྟེན་པ་ནི་ཕྱི་མའི་དོན་ཏོ། །དེ་དག་སྡུག་བསྔལ་གྱིས་འཇུག་པར་འགྱུར་བ་ནི་མཐོང་བའི་ཆོས་མ་ཡིན་པའོ། །ཕྱི་མ་ལ་འདོད་པའི་རྣམ་པར་སྨིན་པར་འགྱུར་བས་ཕ་རོལ་པོ་ཞེས་བྱའོ། །དེ་བདེ་བ་དང་ཡིད་བདེ་བ་དང་བཅས་པས་དགེ་ བའི་ཆོས་ལ་སྦྱོར་བར་གྱུར་ན་མཐོང་བའི་ཆོས་དང་ཕྱི་མ་གཉི་གར་རིག་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་གཞན་དག་ལ་ཡང་དེ་བཞིན་དུ་གཞན་གྱི་དོན་དུ་འགྱུར་བར་རིག་པར་བྱའོ། །གང་དག་བྱང་ཆུབ་སེམས་དཔས་བཏུལ་བར་གྱུར་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པར་འགྱུར་བ་ཞེས་བྱ་བ་ལ་དེའི་སྐྱེ་བ་གཅིག་ཙམ་གྱིས་བསྒོས་པའི་ཕྱིར་གཏན་དུ་བ་མ་ཡིན་པ་ཉིད་དེ། དེའི་རྒྱུ་ཡང་ཚད་ཡོད་པའི་སྐྱེ་བས་ཐོབ་པའི་ཕྱིར་གཏན་དུ་བ་མ་ཡིན་པ་ཉིད་དོ། །འཇིག་རྟེན་པའི་དག་པ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་ བྲལ་བར་གྱུར་པ་ནི་ཉམས་པར་ཡང་འགྱུར་བ་དང་། ཡང་འདིར་འབྱུང་བར་འགྱུར་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་སྨོས་པ་ནི་བདེན་པ་མཐོང་བ་བསལ་བའི་དོན་ཏོ། །བདེན་པ་མཐོང་བས་འཇིག་རྟེན་པའི་ལམ་ཉིད་ཀྱིས་འདོད་ཆགས་དང་བྲལ་བར་གྱུར་ན་གཏན་དུ་བ་ཞེས་བྱའོ། །ཉོན་ མོངས་པ་ཐམས་ཅད་གཏན་སྤངས་པའི་མྱ་ངན་ལས་འདས་པ་འདུས་མ་བྱས་པ་དེ་ནི་གཏན་དུ་བའོ། །དེའི་ཕྱིར་ཡོངས་སུ་ཉམས་པ་དང་། དེའི་ཕྱིར་འོང་བ་མེད་པའི་ཕྱིར་རོ། །དེ་འཐོབ་པར་བྱེད་པའི་འཕགས་པའི་ལམ་ཡང་གཏན་དུ་བ་ཉིད་དང་། ཡོངས་སུ་མི་ཉམས་པ་ཉིད་དོ། །བྱང་ ཆུབ་སེམས་དཔའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་དེ་ལ་བརྟེན་པ་དེ་དག་ཀྱང་ཡོངས་སུ་ཉམས་པ་མེད་པ་ཡིན་ནོ་ཞེས་བྱའོ། །ཡང་དེ་ནི་ས་གནོན་ཅིང་ཡོངས་སུ་སྦྱོང་བའི་དུས་སུ་རིག་པར་བྱའོ། །འདུས་བྱས་ཀྱི་ཆོས་རྣམས་ནི་མི་རྟག་པ་དང་། ཐེར་ཟུག་པ་ལ་སོགས་པ་མ་ཡིན་པ་ རྣམས་ཇི་ལྟར་གཏན་དུ་བར་འགྱུར་ཞེ་ན། རྣམ་པར་ཕྱེ་ནས་བསྟན་པར་བྱ་བའི་ཕྱིར། རྒྱུ་རྣམ་པ་གསུམ་གྱིས་ན་ཞེས་བྱ་བ་ལ་སོགས་པ་ལ། ངོ་བོ་ཉིད་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དེ་ནི་འདུས་མ་བྱས་པའི་ཕྱིར་རྟག་པ་ཉིད་ཀྱིས་ན་གཏན་དུ་བ་ཉིད་དོ། །འདུས་བྱས་པ་རྣམས་ནི་མི་རྟག་ པའི་ཕྱིར་གཏན་དུ་བ་མ་ཡིན་པའོ། །འཕགས་པའི་ལམ་ནི་ཡོངས་སུ་ཉམས་པ་མ་ཡིན་པས་རྟག་ཏུ་རྗེས་སུ་ལྡན་པ་ཉིད་དོ། །དེས་ན་དེའི་རྣམ་གྲངས་ནི་གཏན་དུ་བ་ཞེས་བྱ་སྟེ། འབྲས་བུ་ལོངས་སྤྱད་ནས་ཟད་པར་མི་འགྱུར་བའི་ཕྱིར་ཡོད་དོ། །འབྲས་བུ་བྱིན་ནས་ལྡོག་པར་གྱུར་པ་མ་ཡིན་ པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཟག་པ་དང་བཅས་པའི་དགེ་བ་ནི་འབྲས་བུ་མ་མྱོང་གི་བར་དུ་རྒྱུད་ལ་ངེས་པར་འབྲེལ་པར་གནས་ལ་འབྲས་བུ་བྱིན་ནས་ངེས་པར་ལྡོག་པར་འགྱུར་རོ། །དེས་ན་འབྲས་བུ་ཉེ་བར་ལོངས་སྤྱོད་ནས་ཟད་པར་འགྱུར་བའི་ཕྱིར་གཏན་དུ་བ་མ་ཡིན་ པའོ། །ལམ་ནི་དེ་ལྟ་བུ་མ་ཡིན་ནོ། །དེས་ན་དེ་ལས་གཞན་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅི་ནུས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ས་བཅུ་གཅིག་ལ་འཇུག་པར་འགྱུར་བ་ན་བདག་ཉིད་ཀྱི་ནུས་པ་དང་མཐུན་པར་བསླབ་པར་བྱའོ། །དུས་གསུམ་དུ་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པའི་གནས་ཀྱི་དོན་བཅུ་པོ་འདི་དག་ལ་བསླབ་པར་བྱའོ་ཞེས་བསྟན་པའི་ཕྱིར། འདི་ལས་གོང་ན་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ལས་བདག་དང་གཞན་གྱི་དོན་གྱི་ལེའུའི་ བཤད་པ་སྟེ་གསུམ་པ་རྫོགས་སོ།། །།བདག་དང་གཞན་གྱི་དོན་བསླབས་པར་གྱུར་པའི་བྱང་ཆུབ་སེམས་དཔས་དེ་ཁོ་ན་ཉིད་ཀྱི་དོན་ལ་སློབ་པར་བྱེད་ན་ཉོན་མོངས་པ་མེད་པར་འགྱུར་རོ་ཞེས་བྱ་བར་དེའི་རྗེས་ལ་དེ་ཁོ་ན་ཉིད་ཀྱི་དོན་བསྟན་ཏོ། །ཉོན་མོངས་པ་མེད་པ་ཡང་ རྣམ་པ་གཉིས་ཏེ། ཉོན་མོངས་པ་མེད་པས་ཉོན་མོངས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའི་ཉོན་མོངས་པ་མེད་པའོ། །གཉི་གའི་ཉོན་མོངས་པ་མེད་པ་ནི་དེ་ཁོ་ན་རྣམ་པར་རིག་པར་འགྱུར་རོ་ཞེས་བྱ་བར་དེ་ཁོ་ནའི་དོན་གང་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དེའི་ངོ་བོ་ཉིད་ནི་དེ་ཉིད་ དོ། །དེ་ཁོ་ན་ཉིད་ཀྱི་དོན་ནི་དེ་ཁོ་ནའི་དོན་ཏེ། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཡུལ་ཉིད་དོ། །མདོར་བསྡུ་ན་དེ་ཁོ་ན་ཉིད་ནི་རྣམ་པ་གཉིས་ཏེ། དངོས་པོའི་དེ་ཁོ་ན་ཉིད་དང་། ཆོས་རྣམས་ཀྱི་རང་གི་རང་བཞིན་ནི་འདིའོ་ཞེས་ཡོངས་སུ་གཅོད་པའོ། །དེ་དག་ནི་དངོས་པོ་མ་ལུས་པའི་དེ་ཉིད་དེ། ཆོས་དེ་དག་ཀྱང་འདི་ཙམ་མོ་ཞེས་གྲངས་ཡོངས་སུ་གཅོད་པའོ། །དེའི་ཕྱིར་སྨྲས་པ། ཇི་ལྟར་ཡོད་པ་ལས་བརྩམས་ཏེ། །ཞེས་པ་ལ་སོགས་པ་ལ། ཇི་ལྟར་ནི་ཕྱིན་ཅི་མ་ལོག་པའོ། །འདི་ཡོད་པའི་ངང་ཚུལ་ཅན་ནི་ཇི་ལྟར་ཡོད་པའོ། །ཇི་ལྟར་ཡོད་པ་ཉིད་ནི་ཇི་ལྟར་ཡོད་པ་ཅན་ནོ། ། དེའི་ངོ་བོ་ནི་ཇི་ལྟར་ཡོད་པ་ཉིད་དོ། །དེ་ལས་བརྩམས་ཏེ་ཞེས་བྱ་བ་ནི་དེའི་དབང་དུ་བྱས་ནས་དེ་ཁོ་ན་དང་པོའི་དོན་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པར་བྱ་བའོ། །དེའི་ཕྱིར་སྨྲས་པ། ཆོས་རྣམས་ཀྱི་ཡང་དག་པ་ཉིད། །ཅེས་བྱ་བ་ནི་ཡང་དག་པ་ཉིད་དང་། ཕྱིན་ ཅི་མ་ལོག་པ་ཉིད་དེ་དངོས་པོ་ཉིད་ཀྱི་ཇི་ལྟ་བུ་ཉིད་དོ། །ཇི་སྙེད་ཡོད་པ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །ཐམས་ཅད་ཉིད་ཅེས་བྱ་བ་ནི་མ་ལུས་པ་སྟེ། ཀུན་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ནའི་དོན་མཐའ་དག་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་མདོར་བསྡུས་ནས་ཞེས་བྱ་བའི་ དོན་ཏོ། །དེ་ལ་དེ་ཁོ་ནའི་དོན་ནི་རྣམ་པ་གཉིས་ཏེ། ཤེས་པ་རྣམ་པ་གཉིས་གཉིས་སྐྱེད་པར་བྱེད་དོ། །འཇིག་རྟེན་པའི་འཁྲུལ་པ་མེད་པའི་ཤེས་པ་དང་། ཆོས་འདི་པ་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ཤེས་པ་སྟེ། ཀུན་རྫོབ་ཀྱི་ཤེས་པ་དང་། དོན་དམ་པའི་ཤེས་པའི་དབང་དུ་བྱས་ པའོ། །ཀུན་རྫོབ་ཀྱི་ཤེས་པས་བསྡུས་པའི་འཁྲུལ་པ་མེད་པའི་ཤེས་པ་ཡང་རྣམ་པ་གཉིས་ཏེ། ཐ་སྙད་ཀྱི་རྗེས་སུ་ཞུགས་པ་ཐ་སྙད་དུ་གདགས་པ་འཇིག་རྟེན་ཐ་མལ་པ་རྣམས་ཀྱི་དང་། རིགས་པས་ཉེ་བར་བརྟགས་པའི་རྗེས་སུ་འཇུག་པའི་རིགས་པས་བསྒྲུབས་པ་དང་ལྡན་པ་ནི་ཁྱད་ པར་དུ་འཕགས་པའི་འཇིག་རྟེན་གཉིས་པ་རྣམས་ཀྱིའོ། །དེ་ལ་ཆོས་འདི་པ་རྣམས་ཀྱི་དེ་ཁོ་ན་འཁྲུལ་པ་མེད་པའི་ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་རིག་པའི་མཚན་ཉིད་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་གཉེན་པོའི་ ཕྱོགས་སུ་གྱུར་པ་ཐོགས་པ་མེད་པའི་ཡེ་ཤེས་ཏེ། དོན་དམ་པའི་བདེན་པའི་དབང་དུ་བྱས་པའོ། །དེའི་ཕྱིར་སྨྲས་པ། དེ་ཁོ་ནའི་དོན་དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་འཇིག་རྟེན་པ་རྣམས་ལ་གྲགས་པ་ནི་འཇིག་རྟེན་གྱི་གྲགས་པ་སྟེ། འཇིག་རྟེན་གྱི་ཆོས་ཀྱི་རྩོད་པ་མེད་པའི་མཐར་ ཐུག་པའོ་ཞེས་བྱ་བས་བྱིས་པ་དང་མཁས་པའི་བར་གྱི་འཇིག་རྟེན་པ་རྣམས་གང་དག་ལ་མཚུངས་པར་བློ་འཇུག་པར་འགྱུར་ཞིང་གྲགས་པའི་དབང་གིས་ཐ་མི་དད་པར་མཐོང་བའོ། །དེའི་ཕྱིར་འཇིག་རྟེན་གྱི་གྲགས་པ་ཞེས་བརྗོད་པ་ཡིན་ནོ། །རིགས་པ་ནི་རབ་ཏུ་གྲགས་པའི་ཚད་མ་རྣམ་པ་གསུམ་ མོ། །གྲགས་པ་ནི་སོ་སོར་ཤེས་པ་དང་ཁོང་དུ་ཆུད་པ་ནི་རིགས་པས་གྲགས་པའོ། །ཉོན་མོངས་པ་ཉིད་སྒྲིབ་པ་ཡིན་པས་ཉོན་མོངས་པའི་སྒྲིབ་པ་སྟེ། རང་གི་གཉེན་པོའི་ཕྱོགས་ཀྱི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་ཕྱིར་རོ། །དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ཉོན་ མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པ་སྟེ། མ་རིག་པ་དང་བྲལ་བ་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བའོ་ཞེས་བྱ་བའི་ཚིག་གིས་སོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་རྣམ་པར་དག་པའོ། །དེའི་ཡུལ་ཉིད་ནི་སྤྱོད་ཡུལ་ཏེ། དེ་ཁོ་ནའི་དོན་གསུམ་པའོ། །ཤེས་བྱ་ཉིད་སྒྲིབ་ པ་ཡིན་པས་ཤེས་བྱའི་སྒྲིབ་པ་སྟེ། ཤེས་བྱ་ཉིད་ནི་དེ་དང་འདུ་བ་སྟེ། གང་སངས་རྒྱས་ཀྱི་ཡེ་ཤེས་ལས་གཞན་པའི་ཤེས་པ་རྣམས་ཟིལ་གྱིས་མནན་ནས་འཇུག་པའོ། །དེས་རྣམ་པར་དག་པའི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པ་སྟེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་ མེད་ཅིང་ཐོགས་པ་མེད་པའོ། །དེའི་སྤྱོད་ཡུལ་དུ་གྱུར་པ་ནི་དེ་ཁོ་ན་བཞི་པའོ། །དེ་ལྟར་ན་འདིར་ཆོས་འདི་པ་རྣམས་ཀྱི་ཡང་འཇིག་རྟེན་པའི་བཞིན་དུ་ཐ་མལ་པ་དང་། ཁྱད་པར་དུ་འཕགས་པའི་དབྱེ་བས་ཡེ་ཤེས་གཉིས་སུ་རིག་པར་བྱའོ། །དེ་ལྟར་རེ་ཞིག་མདོར་རྣམ་པར་བཞག་ནས་ དེ་ཁོ་ན་ཉིད་བཞིའི་དོན་མདོར་བསྟན་པ་དེ་དག་རྣམ་པར་དབྱེ་ཞིང་བཤད་པའི་ཕྱིར་སྨྲས་པ། དེ་ལ་བརྡ་དང་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཀྱི་ཞེས་བྱ་བ་ནི་བྱིས་པ་ནས་མཁས་པའི་བར་ཐ་སྙད་ལ་མཁས་པ་རྣམས་ཀྱིའོ། །དངོས་པོ་གང་ལ་ཞེས་བྱ་བ་ནི་མདོར་བསྡུ་ན་འཆད་པར་འགྱུར་བའི་ དངོས་པོ་རྣམ་པ་བཞི་པོ་འདི་ལྟ་སྟེ། འབྱུང་བའི་དངོས་པོ་དང་། འབྱུང་བ་ལས་གྱུར་པའི་དངོས་པོ་དང་། དེ་སྡོམ་པའི་དངོས་པོ་དང་། གཉི་ག་མ་ཡིན་པའི་དངོས་པོའོ། །མཐོང་བ་མཚུངས་པའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞེས་བྱ་ བ་ནི། བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློ་སྐྱེ་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གང་ལས་འཇིག་རྟེན་པ་ཐམས་ཅད་ཀྱི་རྩོད་པ་མེད་པས་རྩོད་པ་དང་བྲལ་བའི་ལྟ་བ་མཚུངས་པར་གྱུར་པས་མཚུངས་པའི་བློ་དང་ཤེས་པ་སྐྱེ་བར་འགྱུར་བ་དེ་ལ་དེ་ཁོ་ན་ ཉིད་ཅེས་བསྟན་པ་ཡིན་ནོ། །དེ་ལ་བརྡ་ནི་མིང་ལ་ངེས་པར་སྦྱོར་བ་སྟེ། དེས་དངོས་པོ་རྣམས་དེ་ལྟ་དེ་ལྟར་མཚོན་པར་བྱེད་པའོ། །ཀུན་རྫོབ་ནི་ཐ་སྙད་དེ། བརྟགས་ནས་ཇི་ལྟར་འདུ་ཤེས་འཇུག་པར་འགྱུར་བ་དེ་ལྟར་ཐ་སྙད་དུ་བྱེད་པར་ཞེས་བྱ་བའི་མདོའི་ ཚིག་གིས་སོ། །འདྲིས་པ་ནི་དེ་དག་ཉིད་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དཔག་ཏུ་མེད་པར་གོམས་པས་རྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་སྒྲ་དང་འབྲེལ་པ་སྟེ། དངོས་པོ་འདིའི་མིང་ནི་འདི་ཡིན་ནོ་ཞེས་བཏགས་པའོ། །དེའི་རྗེས་སུ་འགྲོ་བར་ཞུགས་པ་ནི་བརྡ་དང་ཀུན་ རྫོབ་ལ་འདྲིས་པའི་རྗེས་སུ་འབྲང་ཞིང་དེའི་སྒོ་ནས་ཞུགས་ཤིང་རབ་ཏུ་ཞུགས་པ་ན་བློ་དེའི་རྗེས་སུ་ཞུགས་ཤིང་སྐྱེས་པས་ལྟ་བ་མཚུངས་པར་གྱུར་པ་སྟེ། དངོས་པོ་ལ་མོས་པ་མཚུངས་པར་གྱུར་ཅེས་བྱ་བའི་དོན་ཏོ། །དངོས་པོའི་ཚོགས་དེའི་དབང་དུ་བྱས་ནས་རྣམ་པ་གསུམ་དུ་བརྟག་ པར་བྱ་སྟེ། འབྱུང་བའི་དངོས་པོ་དང་། འབྱུང་བ་ལས་གྱུར་པའི་དངོས་པོ་དང་། གཉིས་ཀའི་དངོས་པོའོ། །ལུས་ཀྱི་ཡོ་བྱད་རྣམ་པ་བཅུའི་དབང་དུ་བྱས་པ་དང་ཡོངས་སུ་བཟུང་བའི་དངོས་པོའི་དབང་དུ་བྱས་པའོ། །རྒྱན་དུ་བྱ་བ་དང་། སྣོད་སྤྱད་དང་ཞེས་བྱ་བ་ལ། ཉེ་བར་སྤྱོད་པ་ ནི་ཉེ་བར་སྤྱོད་པ་སྟེ། རྒྱན་ལ་སོགས་པར་གཏགས་པ་མཚུངས་པ་ཞེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བའི་ཚོགས་རབ་ཏུ་གྲགས་པའི་དབང་དུ་བྱས་ནས། བདེ་བ་དང་སྡུག་བསྔལ་ལ་ཡང་ཞེས་བྱ་བའི་ཚིག་སྨྲས་སོ། །འདུས་མ་བྱས་ནི་རྗོད་པ་ཙམ་དུ་ཟད་ཀྱི་ཐ་སྙད་དུ་ བྱ་བ་མ་ཡིན་པས་འདུས་བྱས་རྣམས་བསྟན་ཏོ། །འདི་ནི་འདི་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་ངེས་པར་དཔྱོད་པ་ན་ཤེས་པ་མཚུངས་པར་བསྟན་པའི་ཕྱིར་འདི་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པའི་དངོས་པོ་ལ་མོས་པ་མཚུངས་པ་ནི་དངོས་པོ་ལ་མོས་པ་མཚུངས་པའམ། ངེས་པའི་ རྣམ་པ་ལ་ལྷག་པར་མོས་པའོ། །ལྷག་པར་མོས་པ་གང་ཡིན་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་འཛིན་པ་ཞེས་བྱ་བ་ནི་མཚན་ཉིད་ངེས་པར་བསྟན་པ་ཡིན་ནོ། །དེའི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་བསྟན་པའི་ཕྱིར་སྨྲས་པ། གཅིག་ནས་གཅིག་ཏུ་འོངས་པ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་ནས་གཅིག་ཏུ་འོངས་པ་ནི་བརྡ་དང་འདྲིས་པས་ཞེས་བྱ་བའི་དོན་ཏོ། །རང་གི་རྣམ་པར་རྟོག་པ་ལས་གྲགས་པ་ཞེས་བྱ་བ་ནི་སྐྱེ་བ་དེ་དང་ཡུལ་དེར་སྔོན་གྱི་རྣམ་པར་རྟོག་པའི་དབང་གིས་རབ་ཏུ་གྲགས་པའོ། །དེ་ལས་གཞན་དུ་ཡང་བཤད་པ་ནི། གཅིག་ནས་གཅིག་ཏུ་འོངས་ པ་ཞེས་བྱ་བ་སྟེ། བརྡའི་རྗེས་སུ་འགྲོ་བའི་དོན་སྔར་བསྟན་པ་ཉིད་བརྗོད་པའི་ཕྱིར་རང་གི་རྣམ་པར་རྟོག་པ་ལས་གྲགས་པ་ཞེས་བྱ་བ་ཡིན་ནོ། །མ་བསམས་མ་བརྟགས་མ་དཔྱད་པར་ཞེས་བྱ་བ་ལ་སོགས་པས་ནི་རིགས་པས་གྲགས་པ་རྣམ་པར་གཅོད་པར་བྱེད་པ་ཡིན་ཏེ། ཚད་མའི་སྒོ་ ནས་ལེན་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཐོག་མ་མེད་པའི་དུས་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པའི་མིང་གི་རྣམ་པར་རྟོག་པའི་དབང་གིས་སོ་ཞེས་བསྟན་པའི་ཕྱིར་རོ། །འཇིག་རྟེན་རྣམས་ཀྱི་མཁས་པར་འདོད་པས་ན་མཁས་པའོ། །རིགས་པའི་དོན་ནི་ཕྱིན་ཅི་མ་ལོག་པའི་ དོན་ཏོ། །ཤེས་རབ་ལ་མཁས་པ་དང་ལྡན་པས་རིགས་པའི་དོན་ལ་མཁས་པ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པའོ། །འདི་དག་གིས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་པའི་མཁས་པ་བཀག་པ་ཡིན་ཏེ། དེ་དག་ནི་ཕྱིན་ཅི་ལོག་གི་ཤེས་རབ་ ཀྱི་རིགས་པ་མ་ཡིན་པའི་དོན་ལ་མཁས་པར་འགྱུར་བའི་ཕྱིར་རོ། །རིགས་པའི་དོན་རྣམས་གཞན་དག་ལ་རབ་ཏུ་བསྒྲུབ་པ་ལ་མཁས་པ་ནི་མཛངས་པ་ཞེས་བྱའོ། །རྟོགས་པ་དང་ལུང་དང་བྲལ་བས་དེ་དག་རིགས་པར་ལྟུང་བ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། རྟོག་གེ་པ་ཞེས་བྱ་བ་ལ་སོགས་པ་ ལ། རྣམ་པ་གཉིས་ཀྱིས་རྟོག་གེ་པར་འགྱུར་ཏེ། ཀུན་དུ་རྟོག་པ་ན་གཞན་སེལ་བའམ། བསྒྲུབ་པར་ནུས་པས་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་དང་། རིང་དུ་རྣམ་པར་འཕྲོས་པར་གྱུར་ཀྱང་རྟོག་གེ་པ་ཡུལ་ལས་འདས་པར་མི་འགྱུར་ཏེ། རྟོག་གེའི་ཡུལ་ལ་གནས་པ་ཡིན་གྱི། རྟོགས་ པ་ལ་ཡང་མ་ཡིན། ལུང་ཡང་མ་ཡིན་པའོ། །གང་སྨྲས་པ། རྟོག་གེར་གཏོགས་པའི་སའོ། །སྤོབས་པ་ལས་བྱུང་བ་ཞེས་བྱ་བ་ལ་ཡང་རྟོག་གེར་གཏོགས་པའི་ས་དེ་གང་ཡིན་ཞེ་ན། དེ་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། སྔོན་རྟོག་གེ་ལ་གོམས་པར་བྱས་ཤིང་ཞུགས་པས་རང་གི་ སྤོབས་པ་ལས་བྱུང་བའོ། །ཟག་པ་མེད་པའི་རྟོགས་པ་དང་མི་ལྡན་པས་སོ་སོའི་སྐྱེ་བོ་པ་ཞེས་བྱའོ། །ལུང་གི་སྒོ་ནས་མ་སྐྱེད་ཅིང་རྟོག་གེ་སྐམ་པོ་ཙམ་ལས་བྱུང་བའི་ཕྱིར་དཔྱོད་པའི་རྗེས་སུ་སྤྱོད་པ་ལ་གནས་པའོ། །དེ་བཞིན་དུ་ཚིག་གཅིག་ནི་བསྟན་ པའོ། །ཚིག་གཉིས་ནི་བཤད་པའོ། །ཚིག་གསུམ་པ་ནི་བསྟན་པའོ། །གཉིས་པ་ནི་བཤད་པའོ། །གསུམ་པ་ནི་བཤད་པའི་བཤད་པ་ཞེས་རིག་པར་བྱའོ། །ཡང་དེ་དག་གི་ཤེས་པ་ནི་རིགས་པའི་སྒོ་ནས་སྐྱེས་པ་ཡིན་གྱི་རྣམ་པར་རྟོག་པའི་སྒོ་ནས་ནི་མ་ཡིན་ནོ། །རིགས་ པ་ཡང་ཚད་མ་རྣམ་པ་གསུམ་དུ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། རང་གི་རྟོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་ནི་མངོན་སུམ་དང་རྗེས་སུ་དཔག་པའི་དོན་དང་། དད་པར་བྱ་བའི་དོན་ཏོ། །ཡང་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། ཁྱད་པར་གྱི་ མཚན་ཉིད་དོ། །ཤིན་ཏུ་རྣམ་པར་ཕྱེ་བ་ནི་རྗེས་སུ་དཔག་པ་དང་། ལུང་སྐྱོན་མེད་པའི་སྒོ་ནས་སྐྱེས་པ་ཉིད་དོ། །ངེས་པ་ནི་མངོན་སུམ་ལ་བརྟེན་ནས་སྐྱེས་པ་ཉིད་དོ། །རྟགས་མཐོང་བ་དང་། དབང་པོ་ནི་རྗེས་སུ་དཔག་པ་དང་། མངོན་སུམ་ཞེས་བྱས་ནས་སོ། ། ཡང་ན་ཤིན་ཏུ་རྣམ་པར་ཕྱེ་བ་ནི་རིགས་པའི་སྒོ་ནས་སྐྱེས་པའི་ཕྱིར་རོ། །ངེས་པ་ནི་མི་འཕྲོགས་པའི་ཕྱིར་རོ། །ཡང་ན་མི་ཤེས་པ་དང་། ཕྱིན་ཅི་ལོག་གི་ཤེས་པའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བའོ། །ཐེ་ཚོམ་གྱི་ཤེས་པའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་ངེས་པའོ། ། དེ་ལྟར་ན་མི་ཤེས་པ་དང་། ཕྱིན་ཅི་ལོག་གི་ཤེས་པ་དང་། ཐེ་ཚོམ་གྱི་ཤེས་པ་ལས་རྣམ་པར་གྲོལ་བ་ནི་འཇིག་རྟེན་པའི་ཡང་དག་པའི་ཤེས་པ་ཞེས་བརྗོད་པར་འགྱུར་རོ། །དངོས་པོ་རྣམ་པ་གསུམ་པོ་དེ་དག་གི་རིགས་པས་གཞན་དག་ལ་རབ་ཏུ་བསྒྲུབ་པ་ནི་རིགས་པས་རབ་ཏུ་བསྒྲུབ་པ་ཞེས་ བྱའོ། །རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རིགས་པས་རབ་ཏུ་བསྒྲུབས་ཤིང་ལུང་གི་མཚན་ཉིད་ཅན་གྱིས་རྣམ་པར་གཞག་པའོ། །ཡང་ན་དོན་གཅིག་པ་ཉིད་དོ། །ཐམས་ཅད་ཀྱི་ཞེས་བྱ་བ་སྨོས་པ་ནི་དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་གཉིས་ཀྱིས་ཉན་ཐོས་རྣམ་པ་གསུམ་དང་། རང་ སངས་རྒྱས་རྣམ་པ་གསུམ་གྱི་རྟོགས་པ་མཉམ་པར་རབ་ཏུ་བསྟན་པའི་ཕྱིར་རོ། །ཉོན་མོངས་པ་རྣམས་ཀྱི་སྔོན་དུ་འགྲོ་བ་ནི་མ་རིག་པ་ཡིན་པའི་ཕྱིར་རོ། །མ་རིག་པའི་གཉེན་པོའི་ཕྱོགས་སྐྱེས་པར་གྱུར་ན་རབ་ཏུ་སྤོང་བར་འགྱུར་རོ། །དེའི་ཕྱིར་རིགས་པའི་སྤྱོད་ཡུལ་གྱི་དངོས་པོ་ནི་ ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རིགས་པ་ཡང་རྣམ་པ་གསུམ་དུ་རྣམ་པར་གཞག་པར་བྱ་སྟེ། དངོས་པོ་ལ་རྣམ་པར་སྤྱོད་པས་དང་། དངོས་པོ་མངོན་པར་རྟོགས་པས་དང་། དངོས་པོ་རྣམ་པར་འཇོག་པས་སོ། ། གཙོ་བོ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་ནི་རིགས་པ་ཞེས་བརྗོད་དོ། །ཇི་སྐད་དུ་མདོ་གཞན་དག་ལས་རབ་ཏུ་ཤེས་ཤིང་རབ་ཏུ་ཤེས་པ་ནི་རིགས་པ་ཞེས་བརྗོད་དོ་ཞེས་བསྟན་པ་ཡིན་ནོ། །ཅི་ཞིག་རབ་ཏུ་ཤེས་ཤེ་ན། གཟུགས་ དང་། གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་དང་། གཟུགས་འགོག་པར་འགྱུར་བའི་ལམ་དང་། དེས་ནི་འཕགས་པའི་བདེན་པ་བཞི་ལ་དམིགས་པ་བསྟན་པ་ཡིན་ནོ། །དེ་དག་ཉིད་བཤད་པའི་ཕྱིར། ཟག་པ་མེད་པ་དང་ཞེས་བྱ་བའོ། །དེའི་ཚོགས་སུ་གྱུར་པའི་ ཕྱིར་དང་། དེ་ལ་རྣམ་པར་དཔྱོད་པ་དང་ལྡན་པའི་ཕྱིར་ཐོས་པ་ལས་བྱུང་བའི་ཤེས་པ་ལ་སོགས་པ་ཡང་རིགས་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། ཟག་པ་མེད་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པ་ཡང་དེའི་རྒྱུས་བྱུང་བའི་ཕྱིར་རིགས་པ་ཞེས་ བརྗོད་དོ། །གང་གི་ཕྱིར་སྨྲས་པ། ཟག་པ་མེད་པའི་རྗེས་ལ་ཐོབ་པ་ཞེས་བྱ་བ་ལ། དེ་ཐོབ་པར་བྱེད་པ་དང་། དེའི་རྗེས་ལ་ཐོབ་པའི་དབང་དུ་བྱས་ནས་འཇིག་རྟེན་པའི་ཞེས་བྱ་བའོ། །གང་གི་སྤྱོད་ཡུལ་དང་ཡུལ་དུ་གྱུར་པས་ཞེས་བྱ་བ་སྟེ། དེའི་ཕྱིར་ཤེས་བྱ་དང་ཡུལ་ཞེས་བྱ་བའི་དོན་ཏོ། ། དོན་གང་གིས་ན་ཤེས་བྱ་རྣམ་པ་གསུམ་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་རིགས་པ་ཞེས་བརྗོད་དོ། །དེས་ན་དེའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ་དེ་ལ་དམིགས་པས་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་སྒྲིབ་པ་ལས་ཤེས་པ་རྣམ་པར་དག་པར་འགྱུར་བ་ ཞེས་བྱ་བ་འདིས་ནི་ངོ་བོ་ཉིད་ཀྱི་རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་བསྟན་པ་ཡིན་ནོ། །ཕྱིས་སྒྲིབ་པ་མེད་པ་ཉིད་དུ་ཡང་དག་པར་གནས་པར་འགྱུར་ཏེ་ཞེས་བྱ་བས་ནི་རྒྱུད་རྣམ་པར་གྲོལ་བ་བསྟན་པ་ཡིན་ནོ། །ཡང་ན་ཟག་པ་མེད་པ་དང་། དེ་འཐོབ་པར་བྱེད་ པ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའོ། །དེའི་རྗེས་ལ་ཐོབ་པ་ནི་སྒྲིབ་པ་མེད་པ་ཉིད་དུ་ཡང་དག་པར་གནས་པའོ། །ད་ནི་དེ་ཁོ་ནའི་དངོས་པོ་བསྟན་པའི་ཕྱིར། འཕགས་པའི་བདེན་པ་བཞི་སྟེ་ཞེས་བྱ་བ་ལ། བདེན་པ་བཞི་ཤེས་པ་ནི་འཁོར་བའི་གཉེན་པོ་ཡིན་པའི་ཕྱིར་དངོས་པོ་ དེ་ལ་དམིགས་པས་ཉོན་མོངས་པ་སྤོང་བར་འགྱུར་ཏེ། ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བའི་ཚིག་གིས་སོ། །ཇི་སྐད་དུ་མདོ་གཞན་དག་ལས་འཕགས་པའི་བདེན་པ་བཞི་པོ་འདི་དག་མ་མཐོང་བ་དང་། མ་རྟོགས་པ་དང་སོ་སོར་མ་རྟོགས་པས་ཁྱེད་རྣམས་ཡུན་རིང་ པོར་འཁོར་བ་ན་འཁོར་ཞིང་རྒྱུག་པར་གྱུར་ཏོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཟག་པ་མེད་པ་འཐོབ་པར་བྱེད་པ་བདེན་པ་རྣམ་པར་འབྱེད་པའི་གནས་སྐབས་ནའོ། །མངོན་པར་རྟོགས་པར་བྱེད་པ་ནི་ཟག་པ་མེད་པའི་ཡེ་ཤེས་མངོན་པར་རྟོགས་པའི་དུས་ནའོ། ། མངོན་པར་རྟོགས་པར་གྱུར་པའི་ཡེ་ཤེས་ནི་དེའི་རྗེས་ལ་ཐོབ་པ་བདེན་པ་རྣམ་པར་འཇོག་པའི་དུས་ཀྱིའོ། །ཡང་ཡེ་ཤེས་དེ་དངོས་པོ་དེ་དག་ལ་རྣམ་པ་གང་དག་གིས་ཇི་ལྟར་སྐྱེ་བར་འགྱུར། རིམ་པ་ནི་གང་གིས་ཤེ་ན། དེའི་རྣམ་པ་དང་གོ་རིམས་བསྟན་པའི་ཕྱིར་སྨྲས་པ། བདེན་པ་ མངོན་པར་རྟོགས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡོད་པ་ལ་ཡང་ཡོད་པ་ཉིད་ཀྱི་རྣམ་པར་དམིགས་ནས་ཤེས་པ་སྐྱེ་བར་འགྱུར་རོ། །མེད་པ་ལ་ཡང་མེད་པའི་རྣམ་པར་དམིགས་ནས་ཤེས་པ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སྨྲས་པ། ཕུང་པོ་ཙམ་དུ་དམིགས་ཤིང་ཞེས་བྱ་བ་ལ་ སོགས་པ་ལ། འདིས་ནི་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་པའི་རྣམ་པ་སྐྱེ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །གོ་རིམས་བསྟན་པའི་ཕྱིར་སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་སྐྱེ་བ་དང་འཇིག་པ་དང་ལྡན་པའི་ཤེས་རབ་ཀྱི་ཕུང་པོ་ལས་མ་གཏོགས་པའི་གང་ཟག་ མེད་པར་ལྟ་བ་གོམས་པར་བྱས་པ་ལ་འབྱུང་ངོ་ཞེས་བྱ་བ་ནི་སྟོང་པ་དང་བདག་མེད་པར་མཐོང་བ་གོམས་པར་ཞེས་བྱ་བའི་དོན་ཏོ། །ཤེས་བྱ་ལ་ཤེས་པའི་བགེགས་བྱེད་པ་ཞེས་བྱ་བ་ནི་ཤེས་བྱ་ལ་ཤེས་པ་འཇུག་པའི་བགེགས་སུ་གྱུར་པའོ། །ཡེ་ཤེས་དང་རབ་ཏུ་འབྲེལ་པའི་ བགེགས་ཡོད་པར་གྱུར་པ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པར་རིག་པར་བྱ་སྟེ། ཉན་ཐོས་ལ་སོགས་པའི་འོ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཡང་ངོ་། །ཡང་ཁ་ཅིག་ནི་ཤེས་བྱ་ཉིད་སྒྲིབ་པ་ཡིན་པས་ཤེས་བྱའི་ སྒྲིབ་པ་ཡིན་ནོ་ཞེས་རྣམ་པར་འཇོག་པར་བྱེད་དེ། ཤེས་བྱ་ཉིད་ནི་དེ་བཞིན་དུ་གནས་ན་ཡང་སངས་རྒྱས་ཉིད་ཀྱི་མཁྱེན་པ་ལས་གཞན་པའི་ཤེས་པ་ལས་ལྷག་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་བདེན་ཏེ། ཤེས་བྱའི་སྒྲིབ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ ཤེས་བྱའི་སྒྲིབ་པར་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལ་ཤེས་བྱ་ལྷག་པར་གྱུར་པའི་ཤེས་བྱའི་སྟོབས་ཀྱིས་འཕངས་པར་གྱུར་པས་དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་བྱའི་སྒྲིབ་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་ཐམས་ཅད་དུ་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཤེས་བྱའི་སྒྲིབ་པ་ ཡིན་ཏེ། དེ་ལ་ཤེས་པ་སྐྱེ་བ་ལ་བགེགས་སུ་གྱུར་པའི་ཕྱིར་རོ། །ཤེས་བྱ་ནི་ཤེས་པའི་མི་མཐུན་པའི་ཕྱོགས་སུ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་སྨྲས་པ། ཤེས་བྱའི་སྒྲིབ་པ་དེ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའོ། །ཡང་དེ་ནི་དེ་ཁོ་ན་ཉིད་དེ། ཤེས་བྱའི་ངོ་བོ་ཉིད་ནི་ ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པས་བསྟན་པར་འགྱུར་ཏེ། ཤེས་པས་ཤེས་བྱ་ཡོངས་སུ་གཅོད་པར་འགྱུར་བས་ཞེས་བྱས་ནས་སོ། །བྱང་ཆུབ་སེམས་དཔའ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་བདག་ མེད་པ་ལ་འཇུག་པ་སློབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་ཆོས་བདག་མེད་པ་ལ་ཞུགས་པར་གྱུར་པའི་ཡེ་ཤེས་ཏེ། སྒོམ་པ་རབ་ཀྱི་མཐར་ཐུག་པར་གྱུར་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པའོ། །ཡེ་ཤེས་དེའི་རྣམ་པ་བསྟན་པའི་ ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ལས་བརྩམས་ཏེ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ནི་ངག་གི་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཐམས་ཅད་ལ་འབད་པ་མེད་པར་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་ཤེས་བྱར་གྱུར་པ་ནི་ བརྗོད་དུ་མེད་པ་ཞེས་བྱ་བར་རིག་པར་བྱའོ། །ཡེ་ཤེས་དེའི་གཟུང་བ་དང་འཛིན་པའི་རྟོག་པ་ལས་གྲོལ་བའི་ཕྱིར་སྨྲས་པ། བཏགས་པའི་བརྗོད་པའི་ངོ་བོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་བྱའི་དངོས་པོ་དེ་ཇི་ལྟ་བ་བཞིན་དུ་བཏགས་པའི་བརྗོད་པའི་ངོ་བོ་ཉིད་ཀྱང་རྣམ་པར་མི་རྟོག་པ་ ཉིད་དེ། རང་གི་ངོ་བོ་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་ཞེས་བྱས་ནས་སོ། །དེ་བཞིན་དུ་ཡེ་ཤེས་འདི་དང་། རྣམ་པར་རྟོག་པའི་རྣམ་པ་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པའི་ཕྱིར་ཤེས་བྱ་དང་མཉམ་པ་ཞེས་བརྗོད་ དོ། །ཡེ་ཤེས་དེས་ཤེས་པར་བྱ་བའི་ཡུལ་དེ་ནི་དེ་ཁོ་ན་ཉིད་དོ། །དེ་ཡང་རྣམ་པར་གཞག་པའི་དབྱེ་བས་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་བྱ་བའོ། །དེ་ལ་གློ་བུར་བའི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པ་ཅན་མངོན་པར་བརྗོད་པའི་གནས་དང་། གཞིར་གྱུར་པའི་ཕྱིར་རྒྱུ་མཚན་ཞེས་བརྗོད་དོ། །རྐྱེན་ཇི་ལྟ་བ་བཞིན་དུ་གཟུང་བ་དང་འཛིན་པར་འཇུག་པ་ཉེ་བར་བཟུང་ནས་ནི་གཞན་གྱི་དབང་གི་ངོ་བོ་ཞེས་བརྗོད་དོ། །རྐྱེན་གྱི་དབང་གིས་དེ་ལྟ་དེ་ལྟ་བུར་ཡོངས་སུ་འཇུག་གོ་ཞེས་བྱས་ནས་སོ། །ཡོངས་སུ་འཇུག་པ་ཡང་མངོན་པར་བརྗོད་ པ་མ་སྤངས་ཀྱི་བར་དུའོ། །ཡང་དེ་ཉིད་རྣམ་པར་རྟོག་པ་དང་བྲལ་བས་ཡོངས་སུ་དག་པར་གྱུར་ཅིང་རྐྱེན་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་རང་བཞིན་གྱི་ངོ་བོ་ལ་གནས་པ་ཉིད་ནི་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བརྗོད་དོ། །གཞན་དུ་མི་འགྱུར་བའི་རང་བཞིན་ཡིན་པས་ན་དེ་ བཞིན་ཉིད་དོ། །དེས་ན་སྨྲས་པ། གང་ཡིན་པ་དེ་ནི་དེ་བཞིན་ཉིད་མཆོག་ཅེས་བྱ་བ་ནི་ཆུའི་ཁམས་དང་གསེར་དང་ནམ་མཁའ་རྣམས་དག་པ་དང་འདྲ་བས་མཆོག་ཅེས་བརྗོད་པའམ། ཡེ་ཤེས་མཆོག་གི་སྤྱོད་ཡུལ་ཉིད་ཡིན་པའི་ཕྱིར་མཆོག་ཅེས་བརྗོད་དོ། །ཤེས་བྱའི་མཐར་ཐུག་པར་ཕྱིན་པར་གྱུར་ པས་བླ་ན་མེད་པའོ། །དེས་ན་ཤེས་བྱའི་མཐར་ཐུག་པ་ཉིད་བསྟན་པའི་ཕྱིར་སྨྲས་པ། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ལ། དེའི་ཕ་རོལ་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པའི་ཕྱིར་རོ། །འགྲུབ་པར་འགྱུར་བ་ནི་དེས་བྱ་བ་རྫོགས་པས་ལྡོག་ པར་འགྱུར་བའོ། །འདའ་བར་མི་འགྱུར་བ་ནི་དེ་ལས་འདས་ནས་གཞན་དུ་འཇུག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཉིད་བསྟན་ནས། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། དེ་ཁོ་ནའི་མཚན་ཉིད་དེ་ཡང་ཞེས་བྱ་བ་ལ་ སོགས་པ་ལ། གཉིས་སུ་མེད་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་གཉིས་ལས་རྣམ་པར་གྲོལ་བ་མཐའ་གཉིས་རྣམ་པར་སྤངས་པའི་ཕྱིར་དབུ་མའི་ལམ་གྱིས་བསྡུས་པ། སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། བྲག་ཅ་དང་འདྲ་བར་དངོས་པོ་དང་། དངོས་པོ་མེད་པར་ཡང་སྟོན་ པར་མི་བྱེད་དེ། རྣམ་པར་འཇོག་པར་མི་བྱེད་པའོ། །དེ་ལྟར་བྱས་ན་གཉིས་སུ་མེད་པས་རབ་ཏུ་ཕྱེ་བར་འགྱུར་རོ། །དེ་ལྟར་ན་ཡང་བྱིས་པས་བཏགས་པའི་སྒྱུ་མའི་གླང་པོ་ལ་སོགས་པའི་བདག་ཉིད་དུ་མེད་པའོ། །དེ་ལྟ་བུར་དངོས་པོ་ལས་རྣམ་པར་གྲོལ་བ་ཡིན་གྱི་ཐམས་ཅད་དུ་མེད་པ་ནི་ མ་ཡིན་ཏེ། ཤིང་བུ་དང་བོང་བ་ལ་སོགས་པའི་རྫས་རྣམས་ནི་ཡོད་པ་ཉིད་དོ། །དེ་བཞིན་སྨིག་རྒྱུ་ལ་སོགས་པ་རྣམས་ཀྱང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །དེ་ལྟར་ན་དངོས་པོ་འདི་དག་ནི་བྱིས་པས་ཡོངས་སུ་བཏགས་པའི་རང་བཞིན་ལས་རྣམ་པར་གྲོལ་བའི་ཕྱིར་དངོས་པོ་དང་བྲལ་བའོ། །དངོས་ པོ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཉིད་ཡོངས་སུ་གྲུབ་པའི་ཕྱིར་དངོས་པོ་མེད་པ་དང་བྲལ་བའོ། །དེ་ལྟར་ན་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བར་འགྱུར་རོ། །དེ་ལྟར་བྱས་ན་དབུ་མའི་ལམ་རབ་ཏུ་བསྟན་པ་ཡིན་ ནོ། །ཡང་གཉིས་ཀྱི་དོན་ནི་འདི་ཡིན་ཏེ། དངོས་པོ་དང་། དངོས་པོ་མེད་པ་སྟེ། དབུ་མའི་ལམ་རྣམ་པར་གཞག་པའི་དབང་དུ་བྱས་ནས་སོ། །དངོས་པོ་ནི་བཏགས་པའི་བརྗོད་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་བཏགས་པའི་བརྗོད་པ་དང་། ཐ་སྙད་དང་། མངོན་པར་བརྗོད་པ་ཞེས་བྱ་བའོ། །དེ་རྣམ་ པར་གཞག་པ་ནི་བསྟན་པ་དང་ཐ་སྙད་དུ་བྱས་པ་སྟེ། ངོ་བོ་ཉིད་དང་ཁྱད་པར་ལ་སོགས་པའོ། །དེ་ལྟར་བྱས་ན་ཇི་ལྟར་བྱིས་པས་ཚིག་གིས་ཇི་སྐད་བརྗོད་པ་དང་། སེམས་ཀྱིས་ཇི་ལྟར་བརྟགས་པ་དེ་ལྟར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡུན་ རིང་པོ་ནས་མངོན་པར་ཞེན་པ་ཞེས་བྱ་བ་ནི་མངོན་པར་ཞེན་པས་གཟུང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཇི་ལྟར་བྱིས་པས་གཟུང་བ་དེ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་དང་སྤྲོ་བ་ཐམས་ཅད་ཀྱི་རྩ་བར་གྱུར་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ ཅད་ནི་འཆད་པར་འགྱུར་བའི་རྣམ་པ་བརྒྱད་དུ་རིག་པར་བྱའོ། །རྟག་པ་ལ་སོགས་པའི་ཐ་སྙད་ཀྱིས་རྣམ་པར་བརྟག་པར་བྱ་བ་དང་། རྣམ་པར་རྟོག་པའི་ཐ་སྙད་ནི་སྤྲོས་པའོ། །དེ་དག་ལ་གནས་པ་དང་། རྒྱུ་མཚན་དུ་གྱུར་པ་ནི་རྩ་བའོ། །དེ་ལྟར་བྱས་ན་དངོས་པོ་དེ་ནི་མིང་དང་རྣམ་ པར་རྟོག་པ་ལ་གནས་པར་བསྟན་པར་འགྱུར་རོ། །ཡང་རྣམ་པར་རྟོག་པ་ཐམས་ཅད་ནི་མདོར་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །དེ་རྩ་བར་གྱུར་པ་ལས་འཁོར་བ་འཇུག་པར་འགྱུར་བ་ནི་སྤྲོས་པའོ། །དེ་དག་གི་རྒྱུ་མཚན་ནི་རྩ་བར་གྱུར་པའོ། །དེ་ལ་ངོ་བོ་ཉིད་ཀྱི་དབང་དུ་ བྱས་ནས། འདི་ལྟ་སྟེ། གཟུགས་ཞེས་བྱ་བའམ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུའོ། །འཛིན་པའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། མིག་ཅེས་བྱ་བ་ནས་ཡིད་ཅེས་བྱ་བའི་བར་དུའོ། །གཟུང་བའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས་ས་ཞེས་བྱ་བ་ནས། རེག་ བྱ་ཞེས་བྱ་བའི་བར་དུ་སྟེ། རྟེན་དང་བརྟེན་པའི་གཟུགས་དག་གཅིག་ཏུ་བྱས་ནས་གཟུང་བ་ཉིད་དུ་བསྟན་ཏོ། །ཁྱད་པར་ལ་རྣམ་པར་རྟོག་པའི་དབང་དུ་བྱས་ནས་སྨྲས་པ། དགེ་བ་ཞེས་བྱ་བ་ནས། འདུས་མ་བྱས་ཞེས་བྱ་བའི་བར་དུའོ། །མཐོང་བའི་ཆོས་དང་ཕྱི་མའི་རྣམ་པར་རྟོག་པའི་ དབང་དུ་བྱས་ནས་སྨྲས་པ། འཇིག་རྟེན་འདི་དང་ཞེས་བྱ་བ་ལ་སོགས་པའོ། །ཉིན་མོ་དང་མཚན་མོའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས་སྨྲས་པ། ཉི་མ་དང་ཟླ་བ་འདི་གཉིས་དང་ཞེས་བྱ་བའོ། །ཐ་སྙད་ཀྱི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། མཐོང་བ་དང་ཞེས་བྱ་བ་ལ་སོགས་པའོ། ། ཤེས་རབ་ཀྱིས་རབ་ཏུ་དཔྱོད་པའི་དབང་དུ་བྱས་ནས་སྨྲས་པ། ཐོབ་པ་དང་ཡོངས་སུ་ཚོལ་བ་དང་ཞེས་བྱ་བའོ། །ཐ་ན་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཟད་པའི་མྱ་ངན་ལས་འདས་པའོ། །དེ་ལྟ་ཡིན་ན་ཡང་བྱིས་པའི་བློ་ཅན་ཉེ་བར་བཟུང་ནས་རྣམ་པར་རྟོག་པའི་ངོ་བོ་ཡིན་ཞེས་བསྟན་པའི་ཕྱིར། དེ་ ལྟ་བུ་དང་མཐུན་པ་བཏགས་པར་བརྗོད་པས་ཞེས་བྱ་བ་ནི་མིང་དང་བརྡས་རྣམ་པར་གཞག་པའོ། །འཇིག་རྟེན་གྱི་ཞེས་བྱ་བ་ནི་བྱིས་པའི་སྐྱེ་བོས་ཡོངས་སུ་བཏགས་པའི་ངོ་བོ་ཞེས་སྟོན་པར་བྱེད་པའོ། །དངོས་པོ་མེད་པ་ཉིད་ནི་དངོས་པོ་ལྔའི་ནང་ནས་དང་པོར་རབ་ཏུ་བཀག་པ་ནི་དངོས་པོ་མེད་པ་ཉིད་ཅེས་བྱའོ། ། དེ་ལྟར་བྱས་ནས་མིང་གི་རྣམ་པར་རྟོག་པའི་དངོས་པོ་བསལ་བར་གྱུར་པ་ཡིན་ནོ། །ངོ་བོ་ཉིད་གསུམ་ལས་གཞན་གྱི་དབང་བཀག་པས་ནི་མཚན་མ་མེད་པ་ཉིད་དོ། །དེས་ན་སྨྲས་པ། བཏགས་པར་བརྗོད་པའི་རྟེན་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཞེས་བྱ་བ་ལ། བཏགས་པ་བརྗོད་པ་ལ་ བརྟེན་པ་དང་། མངོན་པར་བརྗོད་པའི་ཚིག་ལ་བརྟེན་པའི་དངོས་པོ་བཀག་པས། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་ཡོད་པ་མ་ཡིན་པའོ། །ཐམས་ཅད་ཀྱི་ཐམས་ཅད་དུ་བཏགས་པ་ཙམ་ཐ་སྙད་ཙམ་ཡིན་ནོ་ཞེས་སྨྲས་པ་དེ་དག་གིས་ཐ་སྙད་ཙམ་ལ་ཡང་སྐུར་པ་བཏབ་པར་འགྱུར་རོ། །དེ་ ལྟར་བྱས་ན་མཚན་མ་མེད་པ་བརྟེན་པ་མེད་པའི་བཏགས་པ་ཙམ་འཐོབ་པར་འགྱུར་རོ། །དེ་ནི་འཇིག་རྟེན་པ་ཡང་མི་འདོད་ཅིང་བསྟན་བཅོས་ལས་ཀྱང་མི་འབྱུང་ངོ་། །མདོར་བསྡུས་ན་བཏགས་པ་ནི་རྣམ་པ་གསུམ་དུ་གཞག་པར་བྱ་སྟེ། ཚོགས་པ་དང་། རྒྱུ་དང་གནས་སྐབས་ཀྱི་ཁྱད་པར་གྱིས་བཏགས་པའི་ དབྱེ་བ་ཉིད་དོ། །དེ་དག་ལས་གང་། ཚོགས་པ་དང་ལྡན་པ་དེ་ནི་མཚན་མ་དང་བཅས་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པར་བཏགས་པ་རྣམས་ཀྱང་དངོས་པོར་འགྱུར་རོ། །དེ་མེད་པར་གྱུར་ན་བཏགས་པར་རིག་པ་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་ཐམས་ཅད་མེད་པར་སྨྲས་པ་ཉིད་ཐོབ་ པར་འགྱུར་ཏེ། དེ་མེད་པར་སྨྲ་བ་འབའ་ཞིག་པར་འགྱུར་རོ། །ཆོས་ཀྱི་མཚན་ཉིད་ཀྱིས་བསྡུས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དངོས་པོ་དེ་ནི་གཉིས་སུ་མེད་པ་སྟེ། གཉིས་དང་བྲལ་བའི་ཕྱིར་དབུ་མའི་ལམ་ཡིན་ནོ། །གཉིས་དང་ བྲལ་བ་ཉིད་བསྟན་པའི་ཕྱིར། མཐའ་གཉིས་སྤངས་པ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་རྣམ་པ་དང་པོ་ཡོད་དོ་ཞེས་བྱ་བ་ནི་མཐའ་དང་པོའོ། །དངོས་པོ་ཙམ་ཡང་མེད་དོ་ཞེས་བྱ་བ་ནི་མཐའ་གཉིས་པའོ། །དེ་གཉི་ག་སྤངས་པ་ནི་མཐའ་གཉིས་སྤངས་པའོ། ། གཟུགས་མེད་པ་བསྟན་དུ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ནི་བླ་ན་མེད་པའོ། །ཡང་དེ་ཁོ་ན་ཉིད་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་ཡུལ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། དེ་དག་ནི་ཤེས་བྱ་ཐམས་ཅད་ལ་རབ་ཏུ་འབྱེད་པ་ལ་དབང་བའི་ཕྱིར་རོ། །ཤེས་བྱའི་ མཐར་ཕྱིན་པའི་ཕྱིར་དང་། ཤེས་བྱའི་མཐར་འགྲོ་བ་ལ་ཞུགས་ཤིང་ནན་ཏན་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། སའི་མཐར་ཐུག་པ་བརྙེས་པ་དང་ལྡན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ས་བཅུ་རྣམས་སུ་སློབ་པའི་ས་ལ་ རབ་ཏུ་འབྱེད་པའི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་གྱིས་བསྡུས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་དེ་ཁོ་ན་དེ་ལའོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་ནི་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པའི་ཡེ་ཤེས་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཡོངས་སུ་ མ་དག་པ་དང་། ཡོངས་སུ་མ་རྫོགས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཤེས་རབ་དེ་ཡང་ཐབས་ཆེན་པོ་ཡིན་ནོ་ཞེས་བྱ་བ་ལ་ཐབས་མ་ཡིན་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཐབས་མ་ཡིན་པ་དེ་ལ་ཡང་རྣམ་པ་བཞི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཐོབ་པ་དང་འགལ་བ་ཡིན་ནོ། །དེ་དག་ཀྱང་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་འཁོར་བ་ལ་མངོན་པར་དགའ་ཞིང་། མྱ་ངན་ལས་འདས་པ་ལ་སྐྲག་པ་དང་། འཁོར་བའི་ཉེས་དམིགས་མཐོང་བས་མྱུར་དུ་འདོད་ཆགས་དང་བྲལ་བར་འདོད་པས་མྱ་ངན་ལས་འདས་པ་སྒོམ་ པར་བྱེད་ཅིང་མྱ་ངན་ལས་འདས་པ་ནི་ཞི་བར་མཐོང་བས་དེ་ལ་གཅིག་ཏུ་གཞོལ་ཞིང་འབབ་པའོ། །དེ་དག་གི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཕྱིར་ཐབས་ཆེན་པོའོ། །དེ་དག་གི་ཐབས་སུ་གྱུར་པ་ཉིད་ཀྱང་ཤེས་རབ་དང་སྙིང་རྗེ་གཉིས་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་ཏེ། ཤེས་རབ་ ཀྱིས་ནི་འཁོར་བའི་ཉེས་དམིགས་དང་མྱ་ངན་ལས་འདས་པ་ཞི་བར་མཐོང་བའོ། །དེ་ལྟ་ན་ཡང་སྙིང་རྗེའི་སྟོབས་ཀྱིས་འཁོར་བ་ཡང་ཡོངས་སུ་མི་གཏོང་ལ། མྱ་ངན་ལས་འདས་པ་ཡང་མངོན་སུམ་དུ་མི་བྱེད་པའོ། །ཡང་ན་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཉིད་དེ། དེ་ ལྟ་བུའི་ཤེས་རབ་འདིས་མི་གནས་པའི་མྱ་ངན་ལས་འདས་པ་ལ་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་གྱི། འཁོར་བ་ན་གནས་པའི་སེམས་ཅན་བཞིན་དུ་འཁོར་བ་ན་གནས་པ་ཡང་མ་ཡིན་ལ། ཉན་ཐོས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ་ཡང་མ་ཡིན་ནོ། །དེས་ན་ འཁོར་བའི་སྡུག་བསྔལ་གྱིས་ཀྱང་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀྱི་དོན་ཡང་མི་འདོར་ཞིང་། མྱ་ངན་ལས་འདས་པ་ཡང་མངོན་སུམ་དུ་མི་བྱེད་པའོ། །དེའི་ཕྱིར་དེ་དག་གི་གནས་སྐབས་མཚུངས་པར་འཇུག་པའི་ཤེས་རབ་དེ་ནི་ཐབས་ཆེན་པོ་ཡིན་ནོ། །ཤེས་རབ་དེས་ སེམས་ཅན་རྣམས་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ལ་རབ་ཏུ་སྦྱོར་བར་བྱེད་པ་ན་འཁོར་བའི་སྡུག་བསྔལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་སྡུག་བསྔལ་རབ་ཏུ་ཤེས་པས་འཁོར་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་ ཤེས་ནས་ཀྱང་འདོད་ཆགས་དང་བྲལ་བ་དང་། མྱ་ངན་ལས་འདས་པ་དང་རྣམ་པར་གྲོལ་བ་རབ་ཏུ་སྒྲུབ་པར་མི་བྱེད་དེ། ཡོངས་སུ་སྨིན་པར་བྱ་བ་གཉིས་ལ་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཐོག་མ་ནས་འཁོར་བའི་ཡོན་ཏན་མཐོང་བར་ཅིའི་ཕྱིར་མི་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། གལ་ཏེ་འཁོར་བ་ཡང་དག་པ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བ་ལ་མངོན་པར་དགའ་བས་འཁོར་བའི་སྐྱོན་གྱིས་གོས་པར་འགྱུར་རོ། །སྐྱོན་གྱིས་གོས་པར་གྱུར་ན་བདག་གི་དོན་ཡང་བྱ་བར་མི་ནུས་སོ། །དེས་ན་སྔ་མའི་སྐྱོན་དུ་ཐལ་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ཡོངས་སུ་ སྤངས་པའི་ཕྱིར་འཁོར་བ་ལ་ཡིད་བྱུང་བས་འགྱོད་པ་དྲག་པོ་ཡིད་ལ་བྱེད་པ་དེ་དག་ནི་མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ལྟར་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གྱུར་ན་ཡོངས་སུ་སྨིན་པར་བྱ་བ་རྣམ་པ་གཉིས་ལས་ཤིན་ཏུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་དུ་མོས་པ་དེས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔས་མྱ་ངན་ལས་འདས་པ་ལ་མངོན་སུམ་དུ་མ་ བྱས་ཀྱང་མྱ་ངན་ལས་འདས་པས་སྐྲག་པ་ཡང་མེད་དོ། །དེ་བསམ་པ་མྱ་ངན་ལས་འདས་པ་ལ་སོང་བའི་ཕྱིར་རོ། །གཞན་དུ་ན་འདིའི་སངས་རྒྱས་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་འཐོབ་པར་མི་འགྱུར་རོ། །དེའི་ཕྱིར་སྨྲས་པ། ཚོགས་ཡོངས་སུ་ རྫོགས་པར་མི་འགྱུར་རོ་ཞེས་བྱ་བས་ནི་དེའི་རྒྱུ་སྟོན་པར་བྱེད་དོ། །ཡིད་སྐྲག་སྟེ་ཞེས་བྱ་བ་ནི་སེམས་སྐྲག་པར་གྱུར་པ་ནི་ཕན་ཡོན་མཐོང་བ་མ་ཡིན་ལ། ཕན་ཡོན་མ་མཐོང་བས་མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་བ་སྔོན་དུ་སོང་བའི་ལྷག་པར་མོས་པ་ནི་རབ་ཏུ་དང་བ་མེད་ པར་འགྱུར་རོ། །དེའི་ཕྱིར་དེའི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གང་ལ་ཡོན་ཏན་གྱིས་སེམས་མངོན་པར་འདུས་བྱས་པ་ཡོད་པ་དེ་ནི་སྨོན་ལམ་ཞེས་བྱ་བ་སྟེ། དེ་ཐོབ་པར་བྱེད་པ་ཉིད་ལ་འབད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་སོ། ། མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་ཐབས་མ་ཡིན་ལ། གཉེན་པོའི་ཕྱོགས་སུ་གྱུར་པ་ནི་ཐབས་ཡིན་ནོ་ཞེས་བསྟན་པའི་ཕྱིར། །དེ་ལ་འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་བསྟན་པའི་ཐབས་རྣམ་པ་བཞི་པོ་ཆོས་བདག་མེད་པས་ བསྡུས་པ་ནི་དེ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར། ཐབས་དེ་ཡང་སྟོང་པ་ཉིད་ལ་མོས་པ་འདི་ལ་བརྟེན་པ་ཡིན་ཏེ་ཞེས་བྱ་ལ། དེ་ཡོད་ན་འདི་ཡོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིང་དུ་ཞུགས་པ་ཞེས་བྱ་བ་ནི། ས་བཅུའི་མཐར་ཐུག་པར་ཞུགས་པར་འགྱུར་བའི་ཡེ་ཤེས་ གང་གིས་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་པར་གྱུར་པའོ། །ཆོས་གང་ཡང་རུང་སྟེ་ཞེས་བྱ་བ་ནི་གཟུགས་ནས་མྱ་ངན་ལས་འདས་པའི་བར་རོ། །ཇི་ལྟ་བུར་ཡང་ཞེས་བྱ་བ་ནི་ངོ་བོ་འམ་ཁྱད་པར་རམ། རྣམ་པར་རྟོག་པའི་དབྱེ་བས་གཞན་ཡང་རུང་བའོ། །དེ་ལྟ་བུའི་རྣམ་པར་ རྟོག་པ་དང་བྲལ་བའི་ཡེ་ཤེས་དེས་མངོན་པར་བརྗོད་པའི་གནས་སུ་གྱུར་པའི་དངོས་པོ་ཙམ་འཛིན་པ་ནི་གཞི་ལྔའི་དང་པོ་གང་ཡིན་པའོ། །དེ་བཞིན་ཉིད་ཙམ་དུ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་གནས་སྐབས་སོ། །ཡང་ན་དངོས་པོ་ཙམ་མཐོང་བ་ཉིད་བཤད་པའི་ཕྱིར་དེ་བཞིན་ཉིད་ཙམ་ དུ་འཛིན་པ་ཞེས་བྱ་བའོ། །དེ་བཞིན་ཉིད་ཀྱི་དངོས་པོ་དེ་ལ་དེའི་དངོས་པོ་ཙམ་དུ་ཡང་རྣམ་པར་མི་རྟོག་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེས་ན་སྤྲོས་པ་ཐམས་ཅད་སྤངས་པའི་དོན་དམ་པ་ལ་སྤྱོད་པ་ནི། མཚན་མ་མེད་པ་ལ་གནས་པ་ཐོབ་པ་ཡིན་ནོ། ། དེ་ལྟར་སྤྱོད་པ་ལས་སྐྱེས་པའི་ཕན་ཡོན་མང་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མཚུངས་པར་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལ། ས་དང་པོ་ཀུན་དུ་འགྲོ་བ་ཉིད་དུ་དེ་བཞིན་ཉིད་སོ་སོར་རྟོག་པས་དེ་བཞིན་ཉིད་རོ་གཅིག་པ་ཉིད་དང་། ཆོས་རྣམས་མཉམ་པ་ཉིད་དུ་ མཐོང་བར་འགྱུར་བ་ནི་ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་བཏང་སྙོམས་ཐོབ་པར་འགྱུར་ཏེ། ཁྱད་པར་དང་སྣ་ཚོགས་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །གང་ལ་དབྱེ་བ་ཡོད་པ་དེ་ལ་མཉམ་པའི་སེམས་མེད་དོ། །དེ་ལྟར་བྱས་ན་སེམས་ སྙོམས་པ་ཉིད་དང་ལྡན་པས། ཉོན་མོངས་པ་ཅན་མ་ཡིན་པའི་བཏང་སྙོམས་ཐོབ་པར་འགྱུར་རོ། །ཉོན་མོངས་པ་མེད་པར་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཡང་ཉོན་མོངས་པ་མེད་པ་སྒྲུབ་པར་བྱེད་དོ། །སྒྲུབ་པར་བྱེད་པ་ན་ཡང་ཉོན་མོངས་པ་མེད་པའི་ཕྱིར། སྡུག་བསྔལ་ ཐམས་ཅད་དང་། ཡོངས་སུ་ངལ་བ་ཐམས་ཅད་ཀྱིས་ཕྱིར་ལྡོག་པར་མི་འགྱུར་རོ། །ཉོན་མོངས་པ་དང་ལྡན་ན་ངལ་བས་གནོད་པར་འགྱུར་ཞིང་། སྡུག་བསྔལ་དང་བཅས་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལྟར་ན་ཉོན་མོངས་པ་མེད་པའི་ལུས་དང་སེམས་ཀྱི་མཐར་ཐུག་པར་འགྱུར་ཏེ་ ཞེས་བྱ་བ་ཡོངས་སུ་རྫོགས་པར་འགྱུར་བའོ། །དེ་དག་གིས་ནི་མང་དུ་ཐོས་པའི་ཆེ་བ་བསྟན་པ་ཡིན་ནོ། །དེ་དག་གིས་རྟེན་བསགས་པའི་དབང་དུ་བྱས་ནས་སྨྲས་པ། དྲན་པའི་སྟོབས་སྐྱེད་པ་ཆེན་པོ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཐོས་པས་ཡང་དག་པར་བསྡུས་པའི་རིག་ པའི་གནས་རྣམས་ལས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་བ་ཇི་སྲིད་པར་བརྗེད་པ་མེད་པའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་ཐོས་པའི་བདག་ཉིད་ཆེ་བ་དང་ལྡན་དུ་ཟིན་ཀྱང་བདག་ལ་བསྟོད་ཅིང་ཁེངས་པར་ཡང་མི་འགྱུར་ལ། ཐམས་ཅད་ ལ་སེམས་མཉམ་པའི་ཕྱིར་གཞན་ལ་ཕུན་སུམ་ཚོགས་པའི་ཁྱད་པར་ཐོབ་པར་འདོད་པས་བདག་དང་གཞན་དུ་མཉམ་པའི་ལྷག་པའི་བསམ་པས་དེ་དག་ལ་སློབ་དཔོན་གྱིས་དཔེ་མཁྱུད་ཀྱང་མི་བྱེད་དོ། །གཞན་དག་ལ་ཡང་ཡང་དག་པར་སྟོན་པར་བྱེད་དོ། །གསལ་བར་བྱེད་དོ། །ཐབས་ ལ་མཁས་པ་དེ་དག་ལ་རྣམ་པ་གཉིས་ཀྱིས་སེམས་ཞུམ་པར་ཡང་མི་འགྱུར་ཏེ། མ་གུས་པས་འདུན་པ་མེད་ཅིང་མི་སྦྱོར་བ་དང་། བདག་ཉིད་ལ་བརྙས་པས་སྤྲོ་བ་མེད་པའོ། །བདུད་ཀྱི་འཁོར་ལ་སོགས་པ་འདུན་པ་བསྒྱུར་བ་ན་ལྡོག་པར་མི་འགྱུར་བ་ནི། འཇུག་པ་ཡང་ ཐོགས་པ་མེད་པར་འགྱུར་རོ་ཞེས་བྱ་བས་གོ་ཆའི་སྦྱོར་བ་ཡང་བསྟན་པར་འགྱུར་བ་ཡིན་ནོ། །སྡུག་བསྔལ་གྱི་ཁྱད་པར་ཞེས་བྱ་བ་ནི་དྲག་པ་ལ་སོགས་པའི་རྣམ་པའོ། །ཡང་སྡུག་བསྔལ་གྱི་ཁྱད་པར་དེ་ནི། འཁོར་བ་ན་གནས་པའི་སེམས་ཅན་རྣམས་ལོག་པར་བསྒྲུབ་པའི་སྡུག་ བསྔལ་གྱིས་བསྡུས་པ་དེ་ལྟ་བུའི་སྡུག་བསྔལ་གྱིས་རེག་པར་གྱུར་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེས་མངོན་དུ་ཕྱོགས་པར་འགྱུར་རོ། །དེ་ལྟ་བས་ན་བདག་ཉིད་མྱུར་དུ་མྱ་ངན་ལས་འདའ་བར་མི་བྱེད་ཀྱི། སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པར་བྱེད་སྒྲུབ་པར་ བྱེད་དོ། །དེའི་ཕྱིར་སྨྲས་པ། སྤྲོ་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི། རིགས་མཐོན་པོ་ལ་སོགས་པའི་མཐོ་བའོ། །ང་རྒྱལ་མེད་པར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཤེས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ཇི་ལྟར་སྣོད་དུ་འགྱུར་ བ་དེ་ལྟ་བུར་སྒྲུབ་པར་བྱེད་ཅེས་བྱ་བས་སོ། །ཤེས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཆོས་ཀྱི་མཆོག་གོ་ཞེས་བྱས་ནས་སོ། །གཞན་གྱིས་ཉེ་བར་སྦྱར་བའམ། རྩོད་པའམ། རྩོད་པ་བརྒྱུད་པ་ལས་སེམས་བསྲུང་ཞིང་སྤང་བར་བྱ་སྟེ། བརྩམ་པར་མི་བྱའོ་ ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ལ་བརྟེན་པར་གྱུར་པས་ཉོན་མོངས་པ་རྣམ་པར་སྦྱོང་བ་དང་། རྣམ་པར་སེལ་བར་བྱེད་པས་ཉོན་མོངས་པ་རྣམས་ལས་སེམས་སྲུང་བར་བྱེད་དོ། །དེའི་སྟོབས་ཀྱིས་ཁ་ན་མ་ཐོ་བ་ཐམས་ཅད་ཉེ་བར་སྤྱོད་པ་ལས་ཉེས་དམིགས་མཐོང་ནས་སེམས་སྲུང་བར་བྱེད་ དེ། བཏང་སྙོམས་སུ་བྱེད་པས་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་དང་ཕན་ཡོན་འདི་དག་རྣམ་པར་འཕེལ་བར་གྱུར་པས་མཐར་ཐུག་པ་ཐོབ་པ་ན། དང་བ་སྐྱེད་པ་རྣམས་དབང་དུ་བྱ་བའི་འདོད་པ་མེད་ཅིང་། དགེ་བ་མི་སྤྱོམས་པར་འགྱུར་ཞིང་། གཞན་ལས་ཤེས་ཀྱི་ཁེ་དང་། དེ་ཡོན་ཏན་སྐྱེ་བོ་མང་པོས་ཤེས་པར་འདོད་པ་ཉིད་དོ། །དེ་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་སེམས་ཀྱིས་ཀྱང་འདོད་པར་མི་བྱེད་ན་དེ་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །ཕན་ཡོན་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་ པ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྒྱུད་ལས་ཤིན་ཏུ་འདས་པའི་ཕྱིར་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཕན་ཡོན་དང་ལྡན་པར་འགྱུར་ཏེ། ཡེ་ཤེས་དེ་དག་བདག་པོར་གྱུར་པ་ལས་སྐྱེ་བར་འགྱུར་རོ་ཞེས་བྱས་ནས་ཏེ། དེ་ལས་གཞན་པའི་ཡེ་ཤེས་ལ་མེད་ པའི་ཕྱིར་རོ། །ཕན་ཡོན་འདི་དག་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་ཀྱིས་བསྡུས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པ་མང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་དེ་ནི་དུས་ཉིད་དང་། རྒྱུད་ཉིད་ལ་ཁྱད་པར་ བསྟན་པའི་ཕྱིར་སྨྲས་པ། དེ་བས་ན་གང་ལ་ལ་དག་ཅེས་བྱ་བ་ལ་སོགས་པ་ལ། དེ་ནི་དུས་ཐམས་ཅད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པའོ་ཞེས་བསྟན་པར་འགྱུར་རོ། །ཡེ་ཤེས་དེ་མེད་པར་ནམ་ཡང་གང་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་རྗེས་སུ་ཐོབ་པ་མེད་དོ་ཞེས་རྣམ་པར་གཞག་པས་ནི་སངས་རྒྱས་ཀྱི་ལམ་གྱི་གཙོ་བོ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །ད་ནི་ཡེ་ཤེས་དེ་ལ་ཡང་དག་པར་བརྟེན་པ་ཡེ་ཤེས་དེའི་སྟོབས་ཀྱིས་འཕངས་པའི་ཐུན་མོང་མ་ཡིན་པའི་སྒྲུབ་པ་བསྟན་པའི་ཕྱིར་སྨྲས་པ། དེ་ལྟར་སྤྲོས་ པ་མེད་པའི་ཚུལ་ལ་ཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། སྤྲོས་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྩ་བར་གྱུར་པའི་ཕྱིར་དང་། སྤང་བར་བྱ་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་དོ། །དེའི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཡེ་ཤེས་དེ་ནི་སྤྲོས་པ་མེད་ པའི་ཚུལ་ཞེས་བྱའོ། །ཞུགས་པ་ནི་དེ་ལ་གནས་པ་དང་། དེ་ལ་བརྟེན་པ་ཞེས