Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 7 / 23 (50.000 ký tự/trang)
རྣམ་པར་རྟོག་
པ་ནི། རྟོག་པ་དང་དཔྱོད་པ་སྟེ། བསམ་གཏན་དང་པོའི་ཉོན་མོངས་པའོ། །དགའ་བ་ནི་གཉིས་པའིའོ། །བདེ་བ་ནི་གསུམ་པའིའོ། །གཟུགས་ཀྱི་འདུ་ཤེས་ནི་བཞི་པའིའོ། །སོགས་པ་སྨོས་པས་ནི་ཐོགས་པའི་འདུ་ཤེས་ལ་སོགས་པ་ཡང་རིག་པར་བྱའོ། །རྟེན་དུ་གྱུར་པ་ཡང་ཡིན་ལ་

ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ནི་བྱང་ཆུབ་ཀྱི་ལམ་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་ཉེས་པར་སྤྱོད་པ་སྤངས་པ་ནི་ཞི་ཞིང་ངོ་། །ཉོན་མོངས་པའི་ཀུན་དུ་སྤྱོད་པ་སྤངས་པི་ནི་རབ་ཏུ་ཞི་བའོ། །དེ་དག་གི་གཉེན་པོའི་ཕྱོགས་ཐོབ་པ་ནི་འདོད་ཆགས་
དང་བྲལ་བ་ཉིད་དོ། །དེ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་སྤངས་པ་དང་ཐོབ་པས་ལུས་དང་ངག་ལ་གནོད་པ་མེད་ཅིང་སེམས་རྣམ་པར་མི་འཁྲུགས་པའོ། །བསམ་གཏན་ལ་གོམས་པར་བྱས་ནས་སྟོབས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཡེ་ཤེས་རྣམ་
པར་དག་པ་དང་། །ཞེས་བྱ་བའོ། །ཉེ་བ་དང་ཤིན་ཏུ་ཉེ་བའི་སྦྱོར་བས་གོམས་པར་བྱས་པའི་བསམ་གཏན་གྱི་སྦྱོར་བ་མེད་པར་ཡང་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མངོན་པར་ཤེས་པ་མངོན་པར་བསྒྲུབས་པ་དང་། །ཞེས་བྱ་བ་ལ་ཇི་སྐད་དུ། གོམས་པར་འདོད་ཆགས་
དང་བྲལ་བ་ཉིད་ཀྱིས་ཞེས་བསྟན་པས་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནས་ཤི་ནས་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་དག་པའི་ལྷར་ཞེས་བྱ་བ་ལ། ལྷ་ནི་གསུམ་སྟེ། ཐ་སྙད་ཀྱི་ལྷ་དང་།
སྐྱེས་པས་ཐོབ་པའི་ལྷ་དང་། རྣམ་པར་དག་པའི་ལྷའོ་ཞེས་བྱ་བའོ། །དེ་ལ་རྣམ་པར་དག་པའི་ལྷ་ནི་གཟུགས་དང་གཟུགས་མེད་པ་ན་ཀུན་དུ་སྤྱོད་པ་དང་། དགྲ་བཅོམ་པ་སྟེ། རྟེན་གྱི་ས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་དང་། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་གོ་རིམས་བཞིན་དུའོ། །
བྱང་ཆུབ་སེམས་དཔའི་ཚོགས་དང་ལམ་ཐམས་ཅད་ནི་ཤེས་རབ་ཀྱིས་ཡོངས་སུ་གཟུང་བ་ཉིད་དོ། །དེའི་ཕྱིར་སྨྲས་པ། སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་ཤེས་རབ་ཡོངས་སུ་རྫོགས་པར་གྱུར་པ་ན་བཞི་པོ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའོ། །ཀུན་དུ་རྨོངས་པའི་
སྡུག་བསྔལ་དང་བྲལ་བར་གྱུར་ཅིང་། ཤེས་བྱའི་དངོས་པོ་དོན་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པ་དང་ལྡན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་མང་བར་འགྱུར་རོ། །དེས་ན་འདི་དང་ཕ་རོལ་ཐམས་ཅད་དུ་བདག་ཉིད་ལ་ཕན་བཏགས་པར་འགྱུར་རོ། །དེའི་ཕྱིར་སྨྲས་པ། ཚེ་འདི་དང་

ཕྱི་མ་ལ་ཕན་པ་དང་ཞེས་བྱ་བ་ལ། ཚེ་འདི་ལ་ནི་རིགས་པ་ཉེ་བར་བསྟན་པས་བདེ་བར་ཕན་འདོགས་པར་བྱེད་དོ། །སྐྱེ་བ་གཞན་ལ་ནི་རིགས་པ་ཉེ་བར་བསྟན་པས་ཕན་པ་དང་བདེ་བ་དག་བསྒྲུབ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་ཤེས་རབ་ཡིན་པར་སྨྲས་པ། དེས་
དགེ་བའི་རྩ་བ་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་སངས་རྒྱས་ཉིད་ཀྱང་འཐོབ་བོ་ཞེས་བྱ་བར་སྨྲས་པ། ཕྱི་མ་ལ་ཡང་སྒྲིབ་པ་རྣམ་པ་གཉིས་དང་ཞེས་བྱ་བ་ལ་སོགས་པའོ། །ཇི་སྐད་བསྟན་པའི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་གནས་པའི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་མཐུ་ཡིན་པར་རིག་པར་བྱའོ། །ཡང་དེ་ནི་རང་དང་གཞན་གྱི་རྒྱུད་དག་ལ་བྱ་བ་བྱེད་པར་འགྱུར་ཏེ། བདག་དང་གཞན་ལ་ཕན་འདོགས་པའི་ཕྱིར་རོ། །ཡང་དེ་ནི་གནས་སྐབས་གསུམ་དུ་རྣམ་པར་
གཞག་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཅི་རིགས་པར་བྱ་སྟེ། རྒྱུའི་གནས་སྐབས་དང་། འབྲས་བུའི་གནས་སྐབས་དང་སེམས་ཅན་རྣམས་ལ་ཕན་པ་བྱེད་པའི་བྱ་བའི་གནས་སྐབས་སོ། །སྨོན་ལམ་དང་ལས་ཀྱི་བྱེ་བྲག་གིས་སྦྱངས་པ་མེད་བཞིན་དུ་ཡང་
འདས་པའི་སྐྱེ་བའི་གནས་རྗེས་སུ་དྲན་པ་ནི་རང་བཞིན་གྱིས་ཚེ་རབས་དགོངས་པ་ཞེས་བྱའོ། །སོ་སོར་བརྟགས་ནས་ཞེས་བྱ་བ་ནི་སྙིང་རྗེ་དང་ཤེས་རབ་ཀྱི་སྟོབས་དག་གིས་ནི་ཞེས་བྱ་བའི་དོན་ཏོ། །བདག་ལ་ཆགས་པ་དྲག་པོས་ཞེན་པར་གྱུར་ན་ཡང་འཇིག་རྟེན་པ་རྣམས་ཀྱི་བདག་ཉིད་ཀྱི་སྡུག་བསྔལ་
ཆུང་ངུ་ཙམ་ཡང་རང་གི་དོན་དུ་ཡང་བཟོད་པར་མི་ནུས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་གྱི་དོན་དུ་སྡུག་བསྔལ་རྣམ་པ་བཞི་ཉམས་སུ་ལེན་པར་བྱེད་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་མི་མཇེད་པའི་མཐུ་ཞེས་བྱའོ། །གཞན་གྱི་སྡུག་བསྔལ་དེ་མི་སྤྲོ་བཞིན་དུ་སྡུག་བསྔལ་དང་། ཡིད་མི་བདེ་
བས་བརྣགས་པ་མ་ཡིན་གྱི་གཞན་དུ་སེམས་ཅན་གྱི་བདེ་བ་བསྒྲུབ་པར་བྱ་བའི་ཕྱིར་ཏེ། དེས་དགའ་བ་སྐྱེ་བར་འགྱུར་བས་སོ་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་མི་མཇེད་པའི་མཐུ་གསུམ་པ་སྟེ། གཞན་ལ་ཕན་པར་འདོད་པ་རྣམས། །མནར་མེད་པར་ཡང་དགའ་བར་འགྱུར། །ཞེས་བྱ་བའི་ཚིག་གིས་སོ། །

དེ་ལྟར་སྤྱོད་པའི་ལམ་ལ་གནས་པ་རྣམས་ཀྱི་ཐུན་མོང་གི་མཐུ་བསྟན་ནས། ད་ནི་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བརྗོད་པར་བྱའོ། །ཚེའི་ཚད་ཇི་སྲིད་པར་དགའ་ལྡན་ན་གནས་པ་དང་ཞེས་བྱ་བ་ནི་དགའ་ལྡན་གྱི་ཕོ་བྲང་དུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ལས་གཞན་
པའི་ལྷའི་བུ་རྣམས་ལ་ནི་གཅིག་ཏུ་ཚེ་ཇི་སྲིད་གནས་པར་མ་ངེས་པས་དེ་ནི་དེར་སྐྱེས་པའི་རིས་མཐུན་པའི་སྐལ་བ་མཉམ་པའི་སེམས་ཅན་རྣམས་ལ་ཡང་དག་པར་འདས་པའི་ཕྱིར་དེ་ཡང་མཐུ་ཞེས་བྱའོ། །ཡང་རེས་འགའ་འགའ་ཞིག་དགའ་ལྡན་དུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རིང་
དུ་གནས་པར་འགྱུར་རོ། །དེའི་ཕྱིར་གཙོ་བོར་གྱུར་པའི་བསོད་ནམས་ཀྱི་ལས་ཀྱིས་དེར་སྐྱེ་བར་འགྱུར་ཞིང་སྐྱེས་པར་གྱུར་ནས་ཀྱང་གནས་དེར་སྐྱེས་པའི་སོ་སོར་ངེས་པ་ཚེའི་ཚད་ལ་ལྟོས་པ་མེད་པར་ཤིན་ཏུ་ངེས་པའི་གནས་སྐབས་ཀྱིས་ཚེའི་ཚད་ཇི་སྲིད་པར་དེར་གནས་པ་སྟེ། ཇི་ལྟར་ད་ལྟར་
འཕགས་པ་བྱམས་པ་དང་ད་ལྟར་འགྲིབ་པའི་དུས་འདི་འདས་པར་གྱུར་པ་དང་། ཡང་རིམ་གྱིས་འཕེལ་བར་འགྱུར་རོ། །དེ་ནས་འགྲིབ་པར་བརྩོན་པ་ན་འདིར་བལྟམ་པར་འགྱུར་ཏེ། དེ་སྙེད་དུ་གནས་པའི་སྐལ་བ་དགའ་ལྡན་དུ་སྐྱེས་པའི་ལྷའི་བུ་གཞན་ལ་ཡོད་པ་མ་ཡིན་ཏེ། དུས་ཤིན་ཏུ་རིང་པོར་
འདས་པར་གྱུར་པའི་ཕྱིར་རོ། །ལྷའི་ཚེ་དང་ཞེས་བྱ་བ་ནི་དེར་སྐྱེས་པ་རྣམས་ལ་གང་གིས་བདེ་བར་འཚོ་བ་དང་། ཤེས་རབ་ཀྱིས་འཚོ་བ་ཞེས་བརྗོད་པ་དེ་དང་འདྲ་བའི་ཚེ་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་རོ། །དེར་འདུས་པར་གྱུར་པའི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་
རྣམས་ཀྱི་ཁ་དོག་དང་། ལུས་ལས་ཤིན་ཏུ་འདས་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལུས་ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་བྱ་བས་ནི་ཁ་དོག་གིས་སོ། །དེ་ཉིད་འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པར་གྱུར་པ་ཉིད་ཀྱིས་ནི། གྲགས་པས་ཞེས་བྱ་བ་ནི་གྲགས་པས་སོ། །སྲིད་པ་ཐ་མ་པའི་མཐུའི་
དབང་དུ་བྱས་ནས་སྨྲས་པ། ཇི་ལྟར་བྱང་ཆུབ་སེམས་དཔའི་སྲིད་པ་བར་མའི་གནས་སྐབས་ཉིད་ན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་མཛད་པ་ལྟ་བུ་ནི་སེམས་ཅན་གྱི་རིགས་འགའ་ལ་ཡང་སྣང་བར་བྱེད་པ་དེ་ལྟ་བུའི་གནས་སྐབས་ཡོད་པ་མ་ཡིན་ནོ། །ལྷུམས་

སུ་གཤེགས་པ་ན་ཡང་མཐུ་སེམས་ཅན་ཐམས་ཅད་ལས་ཤིན་ཏུ་འདས་པའོ་ཞེས་བྱ་བས་སོ་སོའི་སྐྱེ་བོ་ཐམས་ཅད་དང་། ཉན་ཐོས་རྣམས་ཀྱི་མངལ་དུ་འཇུག་པ་ནི་དམན་པའི་ཕྱོགས་ཡིན་ནོ། །འཁོར་ལོས་སྒྱུར་བ་རྣམས་ཀྱི་ནི་ཡན་ལག་གཅིག་དང་ལྡན་པའོ། །རང་སངས་རྒྱས་
རྣམས་ཀྱི་ནི་ཡན་ལག་གཅིག་མ་ཚང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཡན་ལག་ཐམས་ཅད་དང་ལྡན་པའོ་ཞེས་བསྟན་པའི་ཕྱིར། མཁྱེན་བཞིན་དུ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང་ཞེས་བྱ་བའོ། །བལྟམ་པ་ཉིད་ནི་བལྟམ་པའོ། །བལྟམས་མ་ཐག་ཏུ་ཡང་ཕྱོགས་
བཞིར་གོམ་པ་བདུན་བདུན་བོར་བ་དང་ཚིག་ཀྱང་སྨྲས་པ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་སེམས་ཅན་གཞན་དག་གང་ལ་ཡང་ཡོད་པ་མ་ཡིན་ནོ། །བལྟམས་པ་ན་ཡང་ལྷ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་དང་། ལུས་ཀྱི་མཐུའི་དབང་དུ་བྱས་ནས་སྨྲས་པ། སྐྱེས་བུ་ཆེན་པོའི་
མཚན་བླ་ན་མེད་པ་ཞེས་བྱ་བ་ནི་ཡུལ་ན་གནས་པ་དང་། གསལ་བ་དང་། ཡོངས་སུ་རྫོགས་པ་ཉིད་དོ། །མི་བརྫི་བའི་ཆོས་ཉིད་ཐོབ་པས་གནོད་པ་ཐམས་ཅད་ཀྱིས་མི་བརྫི་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས་ཀྱང་བསམ་པའི་སྟོབས་ཀྱིས་བདུད་སྡེ་རྣམས་ལས་རྒྱལ་བའོ། །
ཚིགས་རེ་རེ་ལ་ཡང་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པའོ། །སྦྱོར་བ་རྣམས་ལ་སྦྱང་བའི་བྱ་བ་མ་མཛད་བཞིན་དུ་འཇིག་རྟེན་པའི་བཟོའི་གནས་ཐམས་ཅད་ལ་ཤིན་ཏུ་མྱུར་བར་ཐུགས་སུ་ཆུད་པའོ། །སྦྱང་བའི་བྱ་བ་མ་མཛད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་སྦྱང་བའི་བྱ་བ་མ་མཛད་པའོ། །མ་མཛད་
པ་ནི་མ་མཛད་པ་སྟེ། རང་ཉིད་མཁས་པར་གྱུར་པ་ནི་སྦྱང་བའི་བྱ་བ་ཡང་མ་མཛད་པའོ། །གཞན་གྱི་མན་ངག་དང་རྟེན་ལ་མི་བརྟེན་པར་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་མངོན་པར་བྱང་ཆུབ་པ་དང་། ཚངས་པས་བསྐུལ་བ་དང་། གླིང་བཞི་པ་ཁྱབ་པའི་སྤྲིན་ཆེན་པོ་ལས་ཆར་གྱི་རྒྱུན་དུས་
གཅིག་ཏུ་འབབ་པའི་སྒྲ་ཆེན་པོ་དེས་ཀྱང་སྙོམས་པར་འཇུག་པ་ལས་མི་གཡོ་བའི་སྙོམས་པར་འཇུག་པ་ཞི་བ་དང་། བྱམས་པའི་རྒྱུ་མཐུན་པའི་བྱེ་བྲག་དང་ལྡན་པས་བྱ་དང་རི་དྭགས་ཕྲ་མོ་རྣམས་ཀྱང་མཆོག་ཏུ་ཡིད་རྟོན་པ་དང་། དེ་དག་དུས་ཐམས་ཅད་དུ་དེའི་དྲུང་དུ་ཅི་དགར་འོང་ཞིང་བག་ཚ་བ་

མེད་པར་འཁོད་པ་དང་དུད་འགྲོ་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དང་། ཆུའི་སྙིང་པོ་ཅན་གྱི་སྤྲིན་རྣམས་ཀྱང་དེ་བཞིན་གཤེགས་པ་ཁྲུས་མཛད་པའི་དུས་སུ་མ་རེག་པའི་ཆུས་དེ་བཞིན་གཤེགས་པ་ལ་ཁྲུས་གསོལ་བའི་དབང་དུ་བྱས་པ་དང་།
ཤིང་གི་དྲུང་དུ་བཞུགས་པ་ན་དུས་ཡོལ་ཡང་གྲིབ་མ་མི་འཕོ་བར་དེ་བཞིན་གཤེགས་པས་བཀབ་ནས་གནས་པ་དང་། དུས་རིང་པོར་བདུད་ཀྱིས་རྗེས་སུ་འབྲངས་ཤིང་གླགས་བཙལ་ཡང་སྐྱོན་དང་བུག་རྡོལ་མ་མཐོང་བ་དང་། རྟག་པར་རྒྱུན་དུ་མཉམ་པར་གཞག་པས་རྟག་ཏུ་དྲན་པ་དང་ལྡན་
པས་རྟག་པར་རྒྱུན་དུ་ཉེ་བར་གནས་པའོ། །དེས་དུས་རྟག་ཏུ་ཉེ་བར་གནས་པའི་ཕྱིར་དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མི་མངའ་བའོ། །དྲན་པ་ཉམས་པ་མི་མངའ་བའི་ཕྱིར་བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། གླང་ཆེན་འགྲོ་ནའང་མཉམ་པར་གཞག །ཅེས་
བྱ་བའི་ཚིགས་སུ་བཅད་པའི་རྗེས་སུ་འབྲངས་ནས་སོ། །དྲན་པ་མཆོག་ཡང་དག་པར་བསྐྱེད་པ་ཡང་མདོའི་རྗེས་སུ་འབྲངས་ནས་བསྟན་པར་བྱ་བའི་ཕྱིར། སོ་སོ་ཡང་དག་པར་མཁྱེན་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཚོར་བ་ཡང་ཡང་དག་པར་མཁྱེན་ཏོ། །འབྱུང་བ་དང་། གནས་
པ་ཡང་དག་པར་མཁྱེན་ཏེ། འགག་པར་འགྱུར་བ་སྟེ། ཟད་པར་འགྱུར་བ་ཡང་མཁྱེན་པའོ། །འདུ་ཤེས་རྣམས་དང་། རྟོག་པ་རྣམས་ཀྱང་དེ་བཞིན་ནོ། །གསུམ་པོ་ཁོ་ན་སྨོས་པ་ནི་དེ་དག་ནི་ཐམས་ཅད་དུ་འགྲོ་བ་རྣམས་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཡང་ན་རྣམ་པར་སྨིན་པར་
གཏོགས་པའམ། ཡུལ་དུ་གཏོགས་པའམ། ལམ་མངོན་པར་འདུ་བྱེད་པར་གཏོགས་པ་ལ། དྲན་པ་མཆོག་ཡང་དག་པར་སྐྱེ་བར་འགྱུར་བ་བསྟན་པའི་ཕྱིར་རིམ་བཞིན་ནོ། །ཚོར་བ་གཙོ་བོར་གྱུར་པ་ནི་རྣམ་པར་སྨིན་པའོ། །སེམས་འབྱུང་བའི་ཁྱད་པར་ནི་རྟོག་པའོ་ཞེས་བྱས་ནས་
སོ། །དེ་བཞིན་གཤེགས་པ་མཐོང་བ་ཙམ་གྱིས་ཀྱང་འགའ་ཞིག་ལ་ཕན་འདོགས་པར་གྱུར་པ་ནི། མཐོང་བས་ཕན་འདོགས་པའི་མཐུའོ། །ཡང་དེ་ནི་སྤྱོད་པར་གཏོགས་པར་རིག་པར་བྱ་སྟེ། སྨྱོན་པ་རྣམས་རང་བཞིན་དུ་གནས་པ་འཐོབ་པ་དང་། བུད་མེད་མངལ་མི་མཐུན་པ་

རྣམས་བདེ་བར་བཙའ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་གྲོང་ཁྱེར་དུ་གཤེགས་པའི་ཚེ་སྐུ་མི་མཐོང་བ་མེད་དོ་ཞེས་བྱ་བས་ལོང་བ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་བའོ། །ཁ་ཅིག་ནི་དེ་སྲིད་དུ་གཟུགས་ཐམས་ཅད་མཐོང་བར་འགྱུར་
རོ་ཞེས་ཟེར་རོ། །འོན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཐོས་པར་འགྱུར་རོ། །ཁ་ཅིག་ནི་སྒྲ་ཐམས་ཅད་ཐོས་པར་འགྱུར་རོ་ཞེས་ཟེར་རོ། །དེ་བཞིན་གཤེགས་པ་མཐོང་བ་ནི་ཉོན་མོངས་པ་རྣམས་དང་བྲལ་བར་འགྱུར་བའམ། ཡང་ན་གཏན་བྲལ་བར་འགྱུར་
བའོ། །དེ་ལྟ་བུར་གཏོགས་པ་རྣམས་ནི་མཐོང་བས་ཕན་འདོགས་པའི་མཐུ་ཞེས་བྱའོ། །གློ་ཕྱོགས་གཅིག་གིས་གཟིམས་པ་ན། གདན་དང་གཟིམས་མལ་མི་འཁྲུགས་པ་དང་། རླུང་དྲག་པོས་ཀྱང་ཆོས་གོས་ཀྱི་མཐའ་མི་གཡོ་བ་དང་། རི་དགས་ཀྱི་རྒྱལ་པོའི་སྟབས་སུ་
གཤེགས་པ་ཉིད་དང་། ཞབས་གཡས་པ་སྔོན་དུ་འདེགས་པ་ཉིད་དང་། གཤེགས་པ་ན་ས་ཕྱོགས་མཐོ་བ་དང་དམའ་བ་མཉམ་པར་འགྱུར་ཞིང་། རེག་ན་བདེ་བར་འགྱུར་བ་ཉིད་དང་། རྡོ་དང་གསེག་མ་དང་། གྱོ་མོ་མེད་པ་ཞེས་བྱ་བ་རེག་པ་བདེ་བར་འགྱུར་བ་ཉིད་དང་། གྲོང་དུ་
གཤེགས་པའི་ཚེ་ཡང་དབེན་པ་ལ་གཞོལ་བ་ཉིད་དང་། ཁྱིམ་དུ་འཇུག་པའི་ཚེ་དེ་བཞིན་གཤེགས་པའི་སྐུ་དང་འཚམ་པའི་སྒོར་གནས་པར་འགྱུར་བ་དང་། ཞལ་ཟས་ལ་ལོངས་སྤྱོད་པའི་དུས་སུ། འབྲས་བུ་ཅན་གྱི་རྡོག་མ་ཡང་བཅས་ནས་གསོལ་བ་དང་ཞེས་བྱ་བ་ནི་ཞིབ་མོར་མ་བྱས་
པའི་རྡོག་མ་མི་བཞེས་པ་ཞེས་བྱ་བའི་དོན་ཏོ། །ཞལ་ཟས་བཞེས་པའི་དུས་སུ། ཁམ་གཅིག་གསོལ་བ་ན་ཞལ་དུ་རྩམ་པའི་ཆ་ཙམ་ཡང་མི་ལུས་པ་ཉིད་དེ། དཔེར་ན་བཀྲུས་པ་ལྟར་འགྱུར་བའོ། །དེ་ལྟ་བུའི་སྤྱོད་པ་དང་། གནས་པ་དང་ལྡན་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདས་
པའི་ཉེ་བར་ཞི་བའི་མཐུ་བསྟན་པའི་ཕྱིར་སྨྲས་པ། ས་ཆེན་པོ་གཡོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་རྣམ་པ་གསུམ་ནི་རྣམ་པ་གཉིས་སུ་བསྡུས་པར་འགྱུར་ཏེ། ཟབ་པ་དང་རྒྱ་ཆེ་བས་སོ། །གཅིག་དང་གཉིས་ཀྱི་གོ་རིམས་བཞིན་ནོ། །ཕྲ་བ་ཉིད་

དང་། རྟོགས་པར་དཀའ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྐད་ཅིག་གཅིག་ལ་དུས་གཅིག་ཏུ་གྲངས་ལས་འདས་པའི་སེམས་ཅན་རྣམས་
ལ་ཐབས་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་སྣ་ཚོགས་མཛད་པ་ནི་ཕྲ་བ་མཁྱེན་པའི་མཐུ་ཞེས་བྱ་སྟེ། ཐོས་པ་དང་བསམ་པར་ཡང་མི་ནུས་པའི་རྣམ་པའི་དབྱེ་བ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་མཐུ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་ནི་མ་ཡིན་
ནོ། །ཡུལ་དཔག་ཏུ་མེད་པས་མཐུ་ཡང་དཔག་ཏུ་མེད་པར་བསྟན་པའི་ཕྱིར་སྨྲས་པ། ཁམས་སོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་མོས་པ་དང་། ཁམས་རྣམས་ཇི་ལྟར་གནས་པ་ལྟར་ཞེས་བྱ་བའི་ཚིག་གིས་སོ། །ཁམས་དང་རྗེས་སུ་མཐུན་པའི་མོས་པ་འབྱུང་ལ། མོས་པ་
དང་རྗེས་སུ་མཐུན་པའི་སྒྲུབ་པ་བྱེད་པར་འགྱུར། སྒྲུབ་པ་དང་རྗེས་སུ་མཐུན་པའི་འབྲས་བུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་གཅིག་པུ་འདུལ་བའི་ཕྱིར་ཞུགས་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ནི་བདག་ཉིད་གཅིག་པུ་འདུལ་བའི་ཕྱིར་མྱ་ངན་ལས་
འདས་པར་ཞུགས་པའི་ཕྱིར་དང་། དེ་དག་གི་ཤེས་པ་ཡང་ཁམས་གཅིག་ལ་འཇུག་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་འདི་དག་མ་གཏོགས་པ་ཞེས་བྱ་བ་ནི་མ་གཏོགས་པ་གང་ཡིན་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོང་གཉིས་པ་གཟིགས་པས་འཇུག་
པའི་ཡེ་ཤེས་དེ་ནི་ཉན་ཐོས་རྣམས་དང་ཐུན་མོང་གི་མཐུའོ། །གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཟིགས་པའི་ཡེ་ཤེས་ནི་རང་སངས་རྒྱས་རྣམས་དང་ཐུན་མོང་བའོ། །ཉན་ཐོས་རྣམས་དང་། རང་སངས་རྒྱས་སྨོས་པ་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ལས་ཤིན་ཏུ་རིང་
དུ་གྱུར་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མཚུངས་རེ་སྐན་ཞེས་བྱ་བ་ལ་སོགས་པའོ། །མཐུ་གཞན་རྣམ་པ་གསུམ་ཡང་ཡོད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་མཐུ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གྱི་མཐུ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་མཐུའོ། །དེ་དག་འདིར་མ་

བསྟན་ཏོ་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་དབང་དུ་བྱས་ནས་སྨྲས་པ། གང་ཡིན་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་ཤེས་པའི་མཐུ་རྣམས་སུ་ཞེས་བྱ་བ་ནི་དང་པོ་དང་གསུམ་པ་དང་དྲུག་པ་ནི་ཆོ་འཕྲུལ་རྣམས་དང་གོ་རིམས་བཞིན་ནོ། །རྫུ་འཕྲུལ་ཡང་དག་པར་
བསྟན་པས། སེམས་འདུན་པར་བྱ་བའི་ལས་ཅན་ཉིད་དང་། སེམས་ཀུན་རྗོད་པར་བྱེད་པའི་རབ་ཏུ་དགའ་བ་བསྐྱེད་པའི་ལས་ཅན་ཡིན་པའི་ཕྱིར་དང་། མོས་པ་དང་། ཁམས་དང་། རྗེས་སུ་མཐུན་པའི་སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པར་གདམས་ངག་དང་། རྗེས་སུ་
བསྟན་པ་འཇུག་པའི་ལས་ཅན་ཉིད་དང་གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའི་སའི་རྣལ་འབྱོར་གྱི་གཞིའི་གནས་ལས། བྱང་ཆུབ་སེམས་དཔའི་མཐུའི་ལེའུའི་འགྲེལ་པ་སྟེ་ལྔ་པ་རྫོགས་སོ།། །།མཚན་ཉིད་བསྟན་པ་དང་། ཡོངས་སུ་སྨིན་པའི་རྟེན་བསྟན་པ་
དང་། ཡོངས་སུ་སྨིན་པའི་དངོས་པོའི་དབྱེ་བ་བསྟན་པ་དང་། ཡོངས་སུ་སྨིན་པའི་བྱེད་པའི་བྱེ་བྲག་དང་། ཡོངས་སུ་སྨིན་པའི་མཉམ་པའི་རྟེན་དང་། ཡོངས་སུ་སྨིན་པའི་གནས་སྐབས་ཀྱི་བྱེ་བྲག་སྟེ་རྣམ་པ་དྲུག་ཏུ་རིག་པར་བྱའོ། །ཐེག་པ་གསུམ་གྱི་སྒོ་ནས་རྣམ་པར་གྲོལ་
བའི་འབྲས་བུ་འཐོབ་པར་བྱེད་པའི་ལུས་དང་སེམས་ཀྱི་སྦྱོར་བ་ལས་སུ་རུང་བ་ཉིད་ནི་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་བསྟན་པར་འགྱུར་རོ། །དགེ་བའི་ཆོས་ཀྱི་ས་བོན་ཡོད་ན་ཞེས་བྱ་བ་ནི་འདིར་འཇིག་རྟེན་ལས་འདས་པའི་དགེ་བའི་ས་བོན་ཡིན་པར་དགོངས་སོ། །དེ་དག་ནི་འཁོར་བ་
དང་། མི་དགེ་བའི་གཉེན་པོ་ཡིན་པ་ཉིད་ཀྱིས་ཁ་ན་མ་ཐོ་བ་མེད་པའི་དགེ་བར་གཏོགས་པ་ཉིད་དོ། །འདི་དག་གིས་ནི་ཡོངས་སུ་སྨིན་པའི་རྒྱུ་བསྟན་ཏོ། །བསྟེན་པའི་རྒྱུས་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་སྦྱོར་བ་ཀུན་དུ་བསྟེན་པས། ཀུན་དུ་བསྟེན་པ་དང་། བསྒོམ་པ་དང་།
མང་དུ་བྱ་བ་ཉིད་དོ་ཞེས་བྱ་བའི་ཚིག་གསུམ་དང་སྦྱར་བར་བྱ་བའམ། ཐོག་མ་དང་། བར་དང་། ཐ་མའི་གནས་སྐབས་ཏེ། དེ་ལྟ་བུའི་རྐྱེན་ཐོབ་ནས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རང་གི་ངོ་བོ་བསྟན་པའི་ཕྱིར། རྣམ་པར་དག་པ་དང་མཐུན་པའི་ལུས་དང་སེམས་ལས་སུ་རུང་བ་དང་ཞེས་བྱ་བ་ལ།

ཇི་སྐད་བསྟན་པའི་མཚན་ཉིད་ཅན་གྱི་རྒྱུ་དང་རྐྱེན་ཐོབ་ནས་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་མིང་དང་གཟུགས་ཀྱི་རྒྱུད་ཡོངས་སུ་གྱུར་པའི་བྱེ་བྲག་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །བྱེ་བྲག་བསྟན་པའི་ཕྱིར་རྣམ་པར་དག་པ་དང་མཐུན་པ་ཞེས་བྱ་བ་ནི། ཉོན་མོངས་པ་དང་། ཤེས་
བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་འཐོབ་པ་དང་། རྗེས་སུ་མཐུན་པར་ཇི་ལྟར་རིགས་པ་ཞེས་བྱ་བའི་དོན་ཏོ། །སྤོང་བར་བཟོད་པའི་ལུས་གང་ཡིན་པའི་ལུས་ལས་སུ་རུང་བ་ཉིད་ནི་ལུས་ཉམས་བདེ་བའོ། །སྒོམ་པ་བཟོད་པའི་སེམས་ལས་སུ་རུང་བ་གང་ཡིན་པས་ནི་སེམས་ཉམས་བདེ་བའོ། །
དེ་དག་གི་རྒྱུད་བསྟན་པ་ནི། ཡང་དག་པའི་སྦྱོར་བ་མཐར་ཕྱིན་པ་ཞེས་བྱ་བ་ལ། ཚོགས་ཀྱི་ལམ་གྱིས་བསྡུས་པའི་ཡང་དག་པའི་སྦྱོར་བའི་ཐ་མ་བདག་གི་ལུས་ཡོངས་སུ་རྫོགས་པར་གྲུབ་པ་ནི་མཐར་ཕྱིན་པའོ། །དེ་ནི་རྣམ་པར་དག་པའི་སྦྱོར་བའི་མཐར་ཐུག་པ་ཡིན་པས་ལས་སུ་རུང་
བའོ། །དེའི་ཕྱིར་སྨྲས་པ། དེ་ལ་གནས་ན་ཞེས་བྱ་བ་ལ། སྟོན་པ་དང་ཕྲད་ཀྱང་རུང་ཞེས་བྱ་བ་ནི་ཉན་ཐོས་རྣམས་སོ། །སྟོན་པ་དང་མ་ཕྲད་ཀྱང་རུང་ཞེས་བྱ་བ་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་མོད་ལ་ཞེས་བྱ་བ་ནི་སྐྱེ་བ་དེ་ཉིད་དོ། །དེ་བཞིན་དུ་བདག་གི་ལུས་
ཀྱི་ཐ་མ་ལ་ཐེག་པ་གསུམ་གྱི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པ་ལ་རྗེས་སུ་མཐུན་པའི་ལུས་དང་། སེམས་ཀྱི་རྒྱུད་ཡོངས་སུ་གྱུར་པའི་བྱེ་བྲག་ནི་ཡོངས་སུ་སྨིན་པའི་ངོ་བོ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འཇིག་རྟེན་ལ་གྲགས་པའི་ཡོངས་སུ་སྨིན་པའི་དངོས་པོ་
རྣམས་ཀྱི་ཆོས་མཐུན་པའི་དཔེ་ཉེ་བར་བསྒྲུབས་ནས། དཔེ་རྣམ་པ་གསུམ་གྱིས་དོན་གྱི་བྱེ་བྲག་གསུམ་རིག་པར་བྱའོ། །རྨའི་ནད་ནི་གང་གི་ཚེ་བརྟོལ་ནས་བཙིར་དུ་རུང་བ་དེའི་ཚེ་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་བསལ་ཞིང་སྤང་དུ་རུང་
བར་གནས་པར་གྱུར་པ་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །སའི་རང་བཞིན་གྱི་སྣོད་ནི་གང་གི་ཚེ་ལས་ཀྱི་བྱ་བ་ཡོངས་སུ་རྫོགས་ནས་སྤྱད་ལ་རག་པར་སྦྱོར་བ་མཐར་ཐུག་པར་གྱུར་པའི་ཚེ་ཉེ་བར་སྤྱོད་པའི་འོས་ཡིན་པས་དེའི་ཚེ་ཚོས་པ་ཞེས་བྱའོ། །དེ་བཞིན་དུ་ཡང་དག་པའི་སྦྱོར་བའི་མཐར་ཐུག་པའི་

གནས་སྐབས་ཐོབ་པའི་ལུས་དང་སེམས་དག་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །ཨ་མྲ་ལ་སོགས་པའི་འབྲས་བུ་ནི་གང་གི་ཚེ་རོ་ཁྱད་པར་དུ་འཕགས་པ་སོ་སོར་ཐོབ་པར་གྱུར་པ་ན་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་བཞིན་དུ་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བར་རུང་བའི་
ལུས་དང་སེམས་ཀྱི་གནས་སྐབས་ཐོབ་པ་ནི། ཡོངས་སུ་སྨིན་པ་ཞེས་བྱའོ། །དཔེ་གསུམ་པོ་འདི་དག་གིས་ནི་སྤང་བར་བྱ་བ་འཐོབ་པ་ལ་རྗེས་སུ་མཐུན་པའི་ལུས་དང་། སེམས་ཀྱི་གནས་སྐབས་དང་། འཕགས་པའི་ལམ་འཐོབ་པ་ལ་རྗེས་སུ་མཐུན་པའི་ངོ་བོ་ནི་ཡོངས་སུ་སྨིན་པ་
ཞེས་བྱའོ། །སྒྲུབ་པ་དང་འབྲས་བུའི་དབྱེ་བས་གང་ཟག་བཞི་ཞེས་བརྗོད་དོ། །རེ་རེ་ལ་ཡང་དབྱེ་བ་དཔག་ཏུ་མེད་པ་ཡོད་པའི་ཕྱིར། མདོར་བསྡུ་ན་ཞེས་བྱ་བ་ལ་འབྲས་བུ་དང་བཅས་པའི་ཉན་ཐོས་ཀྱི་ལམ་ནི་ཉན་ཐོས་ཀྱི་ཐེག་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་
ཆེན་པོ་ཡང་དེ་བཞིན་ཏེ། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་ཞེས་བྱ་བ་ཡང་རིག་པར་བྱའོ། །ཁམས་གསུམ་དུ་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་གྱི་མངོན་པར་མཐོ་བའི་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་
དབྱེ་བ་ཉིད་དང་། རྣམ་པར་དབྱེ་བ་ནི་རྣམ་པ་དྲུག་ཏུ་འགྱུར་རོ། །དངོས་པོའི་དབྱེ་བ་ཡང་རྣམ་པ་གསུམ་སྟེ། སོ་སོར་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་རྣམ་པར་གཞག་པའོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི། དབང་པོ་དང་བཅས་པའི་ལུས་ཀྱི་རྟེན་ཏེ། བདག་གི་
ལུས་ཞེས་བྱ་བའི་དོན་ཏོ། །ཡང་དབང་པོ་ཡོངས་སུ་སྨིན་པ་དེ་ཡོན་ཏན་རྣམ་པ་བརྒྱད་དང་ལྡན་པར་བསྟན་པའི་ཕྱིར་དང་། རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་འཐོབ་པ་ལ་རྗེས་སུ་མཐུན་པའི་རྟེན་ཡོངས་སུ་སྨིན་པའི་དབང་དུ་བྱས་པའོ། །དེ་ལྟ་ན་ཡང་ཉན་ཐོས་ལ་སོགས་པ་ཁ་ཅིག་ནི་
མདོག་ཕུན་སུམ་ཚོགས་པ་ལ་སོགས་པ་མེད་པར་ཡང་ཡོངས་སུ་སྨིན་པར་འགྱུར་བ་ཉིད་དོ། །ཚེ་ཕུན་སུམ་ཚོགས་པ་ནི་མངོན་པར་འཕགས་པའི་ཚེ་མང་དུ་འཇུག་པ་ཉིད་དང་། རྒྱུན་མི་འཆད་པར་འཇུག་པའི་ཕྱིར་གང་གི་ཚེ་རིང་པོ་དང་། དུས་རིང་པོར་གནས་པ་ཞེས་བརྗོད་པའོ། །

སྲིད་པ་ཐ་མ་ཐམས་ཅད་ལ་བར་མ་དོར་འཆི་བ་ནི་མེད་དོ་ཞེས་བྱས་ནས་སོ། །དེ་བཞིན་དུ་དབང་པོའི་རྟེན་ཁྱད་པར་ཅན་ཐོབ་པ་ལ་དབང་པོ་ཡོངས་སུ་སྨིན་པ་ཞེས་བརྗོད་པར་འགྱུར་ཏེ། དེ་ཡོད་པར་གྱུར་ན་དབང་པོ་ཡུན་རིང་དུ་གནས་པར་འགྱུར་བས་སོ་ཞེས་
བྱས་ནས་ས། །མདོག་ཕུན་སུམ་ཚོགས་པ་ནི་དབང་པོ་ལ་བརྟེན་པའི་གཟུགས་གང་ཡིན་པའི་དབྱིབས་སུ་རིག་པར་བྱའོ། །རིགས་ཕུན་སུམ་ཚོགས་པ་ནི་རིགས་མཐོན་པོ་རྣམས་སུ་སྐྱེ་བ་གཟུང་བར་གྱུར་པ་སྟེ། རིགས་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་དང་། བདག་གི་
ཕྱོགས་དང་འཁོར་ཆེན་པོ་དང་ལྡན་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཕྱིར་ཚིག་བཙུན་པའོ། །བཟོ་དང་རིག་པའི་གནས་ཐམས་ཅད་ལ་མཁས་པའི་གྲགས་པ་ཐོབ་པས་དབང་ཆེ་བར་གྲགས་པའོ། །བུད་མེད་དང་། སྐྱེས་པའི་དབང་པོ་
དང་རབ་ཏུ་ལྡན་པའི་ཕྱིར་མི་ཉིད་དང་། སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་སྤྲོ་བ་ཆེ་བ་ཉིད་དེ། གང་གི་ལུས་ཀྱི་སྟོབས་དང་བརྟན་པ་དང་ལྡན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་ནས་ཟག་པ་ཐམས་ཅད་ཟད་པ་ཡོངས་སུ་མཁྱེན་པ་ཐོབ་པར་འགྱུར་བའོ། །དེ་དག་གིས་
ནི་རྟེན་དུ་གཏོགས་པའི་རྣམ་པར་སྨིན་པའི་བྱེ་བྲག་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་སྨིན་པའི་འབྲས་བུ་ཕུན་སུམ་ཚོགས་པའི་ལུས་དེ་ལ་བརྟེན་ནས་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་རྟེན་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །བརྟུལ་
བ་ནི་སྤོང་བ་དང་རྗེས་སུ་མཐུན་པའི་ལུས་དང་སེམས་ཀྱི་གནས་སྐབས་སུ་རིག་པར་བྱ་སྟེ། གང་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཉེ་བར་བཟུང་ནས་གོ་རིམས་བཞིན་དུ་སྤོང་བ་ལ་དགའ་བ་དང་། སྤོང་བ་ལ་དགའ་བ་ཉིད་དང་། སྤོང་བ་ལ་དགའ་བར་གྱུར་པ་ནི་
རྣལ་འབྱོར་དང་ལྡན་པས་གནས་པ་ཞེས་བརྗོད་དོ། །དགེ་བའི་ཆོས་བསྒོམ་པ་ལ་སྦྱོར་བ་ནི་རྗེས་སུ་སྦྱོར་བ་ཞེས་བྱ་སྟེ། དུས་གསུམ་པོ་ཉིད་ཀྱི་དབང་དུ་བྱས་ནས་རྣལ་འབྱོར་ལ་དགའ་བ་དང་། རྣལ་འབྱོར་ལ་དགའ་བ་ཉིད་དང་། རྣལ་འབྱོར་ལ་དགའ་བར་གྱུར་པ་ཉིད་ནི་རྣལ་འབྱོར་

གྱི་རྗེས་སུ་མཐུན་པ་ཞེས་བྱ་བའོ། །ཡིད་ཡོངས་སུ་སྐྱོ་བར་མི་འགྱུར་བ་ཞེས་བྱ་བ་ནི་སྤོང་བ་དང་། སྒོམ་པ་ལ་དགའ་བ་དང་ལྡན་པས་བཟོ་དང་རིག་པའི་གནས་ཐམས་ཅད་ལ་གོམས་པར་བྱེད་པ་ན་ལུས་ངལ་བ་མེད་པ་དང་། སེམས་ལ་གནོད་པ་མེད་པ་དང་། དྲན་པ་བརྗེད་པ་མེད་
པ་ཡིན་ནོ་ཞེས་བྱས་ནས་སོ། །ཉོན་མོངས་པ་ཆུང་བ་ནི་ཉོན་མོངས་པ་ཆུང་ངུའི་གནས་སྐབས་སོ། །དེའི་བག་ཆགས་ཀྱང་གནས་སྐབས་ཉིད་ཀྱིས་བསྡུས་པ་ལས་ནི་ཉོན་མོངས་པ་མང་པོར་འགྱུར་བ་ལས་གསུམ་གྱི་ཆུང་ངུའི་ཆུང་ངུས་བསྡུས་པ་ཉིད་ཀུན་དུ་སྤྱོད་པའོ། །ཐམས་ཅད་ཀྱི་
ཐམས་ཅད་དུ་ཉེས་པར་སྤྱོད་པ་ལ་འཇུག་པའི་ཉོན་མོངས་པ་ལ་ཀུན་དུ་མི་སྤྱོད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང་ཞེས་བྱ་བ་ལ་ཕྱི་མ་ལ་མི་འདོད་པའི་འབྲས་བུ་སྟེར་བའི་ཕྱིར་དང་། ཚེ་འདི་ལ་གཞན་ལ་གནོད་
པ་བྱེད་པ་ལ་ཞུགས་པའི་ཕྱིར་དང་། དམ་པ་རྣམས་ཀྱིས་དམད་པའི་ཕྱིར། ཉེས་པར་སྤྱོད་པ་ལ་སྡིག་པ་ཞེས་བརྗོད་དེ། དེ་ལ་བསམ་པ་ཡང་འཇུག་པར་མི་འགྱུར་ན། སྦྱོར་བར་ལྟ་ག་ལ་འགྱུར། དེ་ལྟར་སྦྱོར་བའི་ལམ་ལ་སྒྲུབ་པར་བྱེད་པའི་དུས་ན་ཡང་། ཉོན་མོངས་
པའི་བར་ཆད་ལས་གྲོལ་བར་བསྟན་ནས། ཏིང་ངེ་འཛིན་གྱི་སྦྱོར་བའི་དུས་ཀྱི་དབང་དུ་བྱས་ནས་སྨྲས་པ། སྒྲིབ་པ་ཆུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྲིབ་པ་དང་། རྟོག་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པ་ཡིན་པས་ཉོན་མོངས་པ་ཆུང་བ་ཉིད་ནི་གདམས་ངག་དང་རྗེས་སུ་བསྟན་
པའི་སྣོད་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་བསམ་པས་ནན་ཏན་བྱེད་པ་ནི་དྲན་ཞིང་ངོ་། །སྦྱོར་བས་ནན་ཏན་བྱེད་པ་ནི། མཐུན་པར་འཛིན་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་བསྟན་པའི་ལུང་གི་ཆོས་དང་། རྟོགས་པའི་ཆོས་ལ་བྱ་བ་རྣམ་པ་གསུམ་བྱེད་པའི་ཤེས་རབ་
ནི་ཡེ་ཤེས་སོ་ཞེས་བསྟན་པའི་ཕྱིར། དྲན་པ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། བྱས་ནས་རིང་དུ་ལོན་པ་དང་། སྨྲས་ནས་རིང་དུ་ལོན་པ་དྲན་པར་བྱེད་པ་གང་ཡིན་པ་ནི་དྲན་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ལ་སོགས་པའི་ཆོས་མང་པོ་

རྣམས་མྱུར་དུ་འཛིན་པར་ནུས་པ་ནི་ཡིད་གཞུངས་པ་ཞེས་བྱའོ། །སོ་སོར་རབ་ཏུ་འབྱེད་པར་ནུས་པའི་ཤེས་རབ་དང་ལྡན་པའི་ཕྱིར་ཀུན་ཤེས་པར་བྱ་བར་ནུས་པ་ཡིན་ནོ། །གསུམ་པོ་ཉིད་ཀྱི་བྱ་བ་བསྟན་པའི་ཕྱིར། བླང་བར་བྱ་བ་དང་། གཟུང་བར་བྱ་བ་
དང་། རབ་ཏུ་རྟོགས་པར་བྱ་བ་ཞེས་བྱ་བ་རྣམས་དང་། ཇི་ལྟར་རིགས་པར་སྦྱར་རོ། །དེ་དག་ཐམས་ཅད་ཀྱང་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་དང་ཡང་དག་པར་ལྡན་པར་འདི་དག་ཐམས་ཅད་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལྷན་ཅིག་སྐྱེས་པའི་
ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནས་ཞེས་བྱ་བ་ནི་ཁམས་གསུམ་པའིའོ། །གཏན་དུ་ཞེས་བྱ་བ་ནི་ཡང་སྒྲིབ་པར་མི་འགྱུར་བའི་སྦྱོར་བས་སོ། །ཡང་མི་ཉུང་མི་མང་བར་དངོས་པོ་རྣམ་པ་གསུམ་ཁོ་ན་ཡོངས་སུ་སྨིན་པར་གང་གི་ཕྱིར་བསྟན་ཞེ་ན། དེའི་ཕྱིར་སྨྲས་
པ། རྣམ་པར་སྨིན་པའི་སྒྲིབ་པའི་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པའི་ལམ་དང་། དེ་ལ་རབ་ཏུ་སྦྱོར་བའི་དགེ་བའི་རྩ་བ་རྣམས་ཀྱི་མི་མཐུན་པར་འགྱུར་བའི་སྒྲིབ་པ་རྣམ་པ་གསུམ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པ་རྣམ་པ་གསུམ་ཉིད་ལ་ཡོངས་སུ་སྨིན་པ་ཞེས་བྱའོ་ཞེས་བསྟན་
པའི་ཕྱིར། དེ་ལ་རྣམ་པར་སྨིན་པའི་སྒྲིབ་པ་ནི་ངན་སོང་གསུམ་དང་། བྱང་གི་སྒྲ་མི་སྙན་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཏེ། དེ་དག་ཏུ་སྐྱེས་པ་རྣམས་ལ་དབང་པོ་ཡོངས་སུ་སྨིན་པ་རྣམ་པ་བརྒྱད་པོ་འདི་དག་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་རོ། །ཉོན་མོངས་པ་ཆུང་བའི་
ཕྱིར་གཞན་དག་ལ་བརྟེན་ནས་ཀྱང་སྲོག་གཅོད་པའི་ལས་ལ་སོགས་པའི་གནས་སྐབས་ལ་ཀུན་དུ་མི་སྤྱོད་ན་བླ་མའི་གནས་སུ་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བས་ནི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའོ། །དེ་ལ་མཚམས་མེད་པ་ལྔ་ནི་ལས་ཀྱི་སྒྲིབ་པའོ། །གཞན་
སྲིད་པ་བརྒྱད་པ་སྒྲུབ་པར་བྱེད་པའི་ལས་དག་ཀྱང་ཡོད་པ་མ་ཡིན་ནམ། མཚམས་མེད་པ་ལྔ་ཁོ་ན་བསྟན་པ་ནི། རྒྱུ་རྣམ་པ་ལྔས་བསྟན་པར་སླ་བ་ཉིད་དང་། གདགས་པར་སླ་བ་ཉིད་ཀྱི་ཕྱིར་ཞེས་བྱས་ནས་སོ། །དེ་ལ་རྒྱུ་ལྔ་ནི། རྟེན་ཉིད་དང་། འགྲོ་བ་ཉིད་དང་། འབྲས་བུ་ཉིད་དང་། རྣམ་པ་ཉིད་

དང་། ངོ་བོ་ཉིད་ཀྱིས་སོ། །ཡེ་ཤེས་ཀྱི་ཁྱད་པར་གྱི་གནས་སྐབས་ཐོབ་པར་འགྱུར་བས་དུས་རིང་པོར་གནས་པའི་ཉོན་མོངས་པ་རྣམས་དང་བྲལ་བ་ནི་ཤེས་པ་ཡོངས་སུ་སྨིན་པས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཁམས་བརྟས་པ་ལ་སོགས་པ་ཡོངས་སུ་
སྨིན་པའི་རྣམ་པ་ཉི་ཤུ་རྩ་བདུན་ལ་རྟག་ཏུ་སྦྱོར་བ་དང་བྲལ་བས། ཡུན་རིང་པོ་ནས་མ་གོམས་པ་སྟེ། སྦྱོར་བ་དང་མི་ལྡན་པའི་ཕྱིར་རོ། །དུས་མི་རིང་བར་གོམས་པར་བྱས་པ་དང་། རྟག་ཏུ་བྱེད་པའི་སྦྱོར་བ་དང་བྲལ་བར་གྱུར་པས། རྒྱུ་མ་བརྟས་པ་དང་། ཆུང་ངུ་ལ་གོམས་པའོ། །
དེ་ལྟར་ཡན་ལག་གཉིས་དང་བྲལ་བའི་ཕྱིར་ཆུང་ངུར་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །ཡན་ལག་གཅིག་མ་ཚང་བ་ནི་འབྲིང་ཞེས་བྱའོ། །ཡན་ལག་གཉིས་དང་ལྡན་པ་ནི་ཆེན་པོ་ཞེས་གསལ་བར་བྱས་པ་ཡིན་ནོ། །ཡོངས་སུ་སྨིན་པའི་ཐབས་རྣམ་པ་ཉི་ཤུ་རྩ་བདུན་ནི་ཇི་ལྟར་
རིགས་པར་རྣམ་པ་བཅུར་རྣམ་པར་གཞག་པར་རིག་པར་བྱ་སྟེ། རྒྱུ་དང་རྐྱེན་བསྟན་པ་དང་། དགེ་བའི་རྩ་བ་ལ་འཇུག་པའི་དབྱེ་བ་དང་། དུས་ཀྱི་དབྱེ་བ་ཉིད་དང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྒྱུ་དག་ལ་ཡང་དག་པར་སྒྲུབ་པའི་དབྱེ་བ་ཉིད་དང་། རྐྱེན་གྱི་དབྱེ་བ་ཉིད་དང་། རྣམ་
པའི་དབྱེ་བ་ཉིད་དང་། ཡེ་ཤེས་ཀྱི་དབྱེ་བ་ཉིད་དང་། བྱ་བའི་རབ་ཏུ་དབྱེ་བ་ཉིད་དང་། རྒྱུད་ཀྱི་རབ་ཏུ་དབྱེ་བ་ཉིད་དོ། །དེ་ལྟ་བུའི་ཡོངས་སུ་སྨིན་པའི་ཐབས་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་གྱིས་བསྡུས་པར་འགྱུར་རོ། །དེ་ལྟར་མདོར་བསྟན་པ་རྣམས་ངེས་པར་བསྟན་པ་ནི་རྣམ་པ་བཅུའོ། །
ས་བོན་གཞན་ལས་རབ་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་ས་བོན་ཕུན་སུམ་ཚོགས་པ་ཞེས་བརྗོད་པར་བྱའོ། །ཡང་ན་ཤིན་ཏུ་ཁྱད་པར་དུ་འཕགས་པའི་དགེ་བའི་ཆོས་ཀྱི་ས་བོན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ས་བོན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཞེས་བྱ་བ་ནི་དེ་ཡང་ཡོད་ལ་དགེ་བ་ཡང་ཀུན་
དུ་བརྟེན་པ་ལ་སོགས་པའི་རྣམ་པས་དེས་དགེ་བའི་རྩ་བའི་ཆོས་ཀྱི་ས་བོན་གོང་ནས་གོང་དུ་སྐྱེ་བའི་དབང་གིས་ཡོངས་སུ་སྨིན་པ་རབ་དང་རབ་མཆོག་ཏུ་སྐྱེ་བར་འགྱུར་ཏེ། ཡོངས་སུ་སྨིན་པའི་ཁྱད་པར་རོ། །དེར་སྐྱེས་པ་རྣམས་གནས་པ་ཡོངས་སུ་མི་ཉམས་པར་སྦྱོར་བ་ནི་ཁམས་ཡོངས་སུ་

བརྟས་པའོ། །ཡང་དེ་ནི་ཡོངས་སུ་སྨིན་པར་བྱེད་པའི་དུས་སུ་རིག་པར་བྱའོ། །ཡོངས་སུ་སྨིན་པ་དེ་ནི་རྒྱུས་བསྡུས་པའི་ཐབས་སུ་རིག་པར་བྱ་སྟེ། འདས་པའི་སྐྱེ་བའིའོ། །ཐེག་པ་གསུམ་གྱི་སྒོ་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ནི་སྐྱེ་
བ་འདི་དང་། ད་ལྟར་གྱི་དུས་སུ་རྐྱེན་ཉེ་བར་སྒྲུབ་པའོ། །གང་གི་ཕྱིར་ཚེ་འདི་ཉིད་ལ་ཞེས་བྱ་བ་ལ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱིས་ཇི་ལྟར་རིགས་པར་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པ་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བསྟན་
པའི་ཕྱིར། ཕྱིན་ཅི་མ་ལོག་པའི་ཆོས་སྟོན་ལ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་ལ་དབང་པོ་དང་། མངོན་པར་མོས་པ་དང་། ཁམས་ཀྱི་དབང་གིས་སྟོན་པ་ཉིད་ནི་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་པའོ། །དེ་དག་གིས་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཐོབ་པ་བསྟན་པ་ཡིན་ནོ། །
དེ་བཞིན་དུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཤེས་པ་རྣམ་པ་གསུམ་འཐོབ་པའི་ཐབས་ཉེ་བར་བསྒྲུབ་པ་ཡིན་ནོ། །དེ་སྔོན་དུ་སོང་བ་ལས་རྒྱུད་ཡོངས་སུ་སྨིན་པར་འགྱུར་རོ། །དེའི་ཕྱིར་ཡང་ཡོངས་སུ་སྨིན་པའི་ཐབས་སུ་འགྱུར་རོ། །ཁམས་བརྟས་པ་དང་། ད་ལྟར་
གྱི་རྐྱེན་ཉེ་བར་བསྒྲུབ་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། དེ་བསྟན་པའི་ཕྱིར་སྨྲས་པ། དེ་ལ་ཁམས་བརྟས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྐྱེ་བ་གཞན་དུ་གཏོགས་པའི་རྒྱུས་ད་ལྟར་གྱི་སྐྱེ་བའི་ཁམས་ཡོངས་སུ་བརྟས་པས་བསྡུས་པ་ཉིད་ནི་ཡོངས་སུ་སྨིན་པ་སྒྲུབ་པར་བྱེད་པའོ། །
ཡོངས་སུ་སྨིན་པ་དེ་ཉིད་ནི་ཡོངས་སུ་སྨིན་པ་ཡིན་ན་ཡང་ཁམས་བརྟས་པས་ཞེས་བརྗོད་དོ། །དེ་ཉིད་བདེན་པ་ཡིན་ན་ཡང་ཡོངས་སུ་སྨིན་པ་ཞེས་ཀྱང་རྣམ་པར་གཞག་གོ། །ད་ལྟར་གྱི་རྐྱེན་ཉེ་བར་བསྒྲུབས་པས་ད་ལྟར་ཉིད་ཀྱི་སྐྱེ་བ་འདིའི་ཡོངས་སུ་སྨིན་པའི་རྒྱུར་གྱུར་པ་ནི་ད་ལྟར་གྱི་
ཡོངས་སུ་སྨིན་པའི་རྐྱེན་ཉེ་བར་བསྒྲུབ་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་འདི་དག་གི་ཁྱད་པར་ཡིན་ནོ། །དེ་བཞིན་གཤེགས་པས་བཅས་པའི་བསླབ་པའི་གནས་ཡང་དག་པར་བླངས་ནས་ཐེག་པ་གསུམ་གྱི་སྒོ་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལ་ཡང་དག་པར་གནས་པ་ནི་འཇུག་པ་ཞེས་

བརྗོད་དོ། །དད་པ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ། དད་པ་ཐོབ་པའི་དབང་དུ་བྱས་ནས་ཞེས་བྱ་བ་ནི་དད་པ་ཐོབ་པ་དང་ཡང་དག་པར་ལྡན་པར་གྱུར་ཅིང་སྔར་བསྟན་པའི་ཤེས་པ་གསུམ་མངོན་པར་བསྒྲུབས་པས་བསྡུས་པའི་ཉེས་པར་སྤྱོད་པ་ལས་དབེན་པ་ལས་བརྩམས་
པའི་བསླབ་པའི་གནས་སྐབས་ཡང་དག་པར་བླངས་ནས་གནས་པའམ། ཁྱིམ་གྱི་གནས་སྤངས་ནས་འདོད་པ་ལས་དབེན་པའི་སྒོ་ནས་རབ་ཏུ་བྱུང་བའི་བསླབ་པ་ཡང་དག་པར་བླངས་ཏེ་གནས་པ་ནི་འཇུག་པ་ཞེས་བྱའོ། །འཇིག་རྟེན་པའི་ལམ་ལ་ལྟོས་ནས་ཐེག་པ་གསུམ་གྱིས་བསྡུས་
པའི་ལམ་གྱིས་ངན་སོང་གི་སྲིད་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བ་ཉིད་ཁོང་དུ་ཆུད་པར་བྱས་ནས་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་མཐའ་གཉིས་སྤངས་པའི་རྣམ་པས་དབུ་མའི་ལམ་དེ་ཉིད་ནས་དབུ་མའི་སྒྲུབ་པ་ཐུགས་སུ་ཆུད་པ་ཉིད་
ཀྱིས་གསུངས་པའི་ཆོས་འདུལ་བ་ལ་མངོན་པར་མོས་པ་དང་། མངོན་པར་དགའ་བ་དང་། རབ་ཏུ་དང་བ་ནི་ལམ་གྱི་ཕན་ཡོན་མཐོང་ནས་དགའ་བར་འཛིན་པ་ཞེས་བརྗོད་དོ། །འཁོར་བའི་ཕུང་པོ་ལ་ཡིད་འབྱུང་བར་བྱ་བའི་ཆོས་བདེ་འགྲོ་དང་ངན་འགྲོས་བསྡུས་པ་བདག་དང་གཞན་
ལ་ཇི་ལྟར་རིགས་པར་རྒུད་པ་དང་འབྱོར་པའི་གནས་ཀྱིས་ཡང་དག་པར་བསྡུས་པ་འདི་དག་གི་ཉེས་དམིགས་མཐོང་ནས་སྐྱོ་བའི་འདུ་ཤེས་ཡིད་ལ་བྱེད་པས་ཡིད་བྱུང་ཞིང་རྟོགས་ནས་འཁོར་བའི་ཉེས་དམིགས་མཐོང་བས་བསྟན་པར་འགྱུར་རོ། །རིགས་པའི་དོན་དང་། དེའི་སྒྲུབ་པ་ནི་ལམ་
གྱི་འབྲས་བུ་དང་། ལམ་ཉིད་དུ་རིག་པར་བྱའོ། །དེ་དག་བཞིས་ནི་མྱ་ངན་ལས་འདས་པའི་ཕན་ཡོན་བསྟན་པར་འགྱུར་རོ། །དེ་ལྟ་བུའི་འཁོར་བ་དང་མྱ་ངན་ལས་འདས་པའི་ཉེས་དམིགས་དང་། ཕན་ཡོན་མཐོང་ནས་ཡོངས་སུ་སྨིན་པར་འགྱུར་རོ། །དེ་ལྟར་ད་ལྟར་གྱི་དུས་ཀྱི་རྐྱེན་ཉེ་
བར་བསྒྲུབ་པ་རྣམ་པ་གསུམ་དུ་ཕྱེ་ནས་བསྟན་ཏོ། །དེ་ཉིད་མ་འོངས་པའི་ཁམས་ཡོངས་སུ་བརྟས་པར་བྱེད་པར་འགྱུར་རོ། །དང་པོ་འཇུག་པ་མ་ཡིན་པ་གང་ཡིན་པ་དེ་ནི་དང་པོའི་འཇུག་པ་མ་ཡིན་པ་སྟེ། འདས་པའི་སྐྱེ་བར་ཁམས་བརྟས་པར་གྱུར་པའི་རྐྱེན་གྱིས་སོ། །དེའི་ཕྱིར་

སྨྲས་པ། ཞུགས་ཟིན་པ་ཞེས་བྱ་བ་ལ་སོགས་པ་ལ། ད་ལྟར་ཡོངས་སུ་སྨིན་པའི་གནས་སྐབས་ལ་གནས་པའི་སེམས་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་ན་ཡང་ང་རྒྱལ་ལ་སོགས་པའི་སྐྱོན་གྱི་དབང་གིས་དེ་དག་གི་དྲུང་དུ་ཉེ་བར་མི་འགྲོ་བ་དེ་
དག་བཏང་སྙོམས་སུ་མི་འཇོག་གི །དེའི་ཕྱིར་ཡང་དང་ཡང་དེར་གཤེགས་ནས་སྔར་བསྟན་པའི་གནས་དེ་ཉིད་ཡང་དང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོན་ཏོ། །དེས་ན་རྒྱུ་དེ་དང་རྐྱེན་དེས་གོང་ནས་གོང་དུ་ཁྱད་པར་དུ་ཡོངས་སུ་སྨིན་པར་གྱུར་པ་ནི་དང་པོ་འཇུག་པ་མ་ཡིན་
པ་ཞེས་བྱའོ། །ལེ་ལོ་པའམ་རྐྱེན་དང་མི་ལྡན་པ་ལ་བརྟེན་ནས་ཞེས་བྱ་བ་ནི་གཉིད་ཀྱི་བདེ་བ་དང་། གློས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་བ་ཉམས་སུ་ལེན་ཅིང་ལེ་ལོ་ཅན་གྱི་དངོས་པོ་བརྒྱད་གསལ་བར་སྟོན་པས་སམ། རྐྱེན་དང་མི་ལྡན་པ་ལ་བརྟེན་ནས་ཏེ། བག་མེད་པ་མང་བ་དང་།
དགེ་བའི་བཤེས་གཉེན་མ་ཡིན་པས་ཡོངས་སུ་གཟུང་བས་སམ། སྡུག་བསྔལ་ཉེ་བར་བབ་པ་ལ་བརྟེན་ནས་སོ། །དུས་ཐག་རིང་བ་བཤད་པ་ནི། དུས་ཡུན་རིང་པོ་འགྱངས་པ་ཚེ་རབས་བརྗེས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ།
བརྩོན་འགྲུས་བརྩམས་པ་ཉིད་དང་། རྐྱེན་དང་ལྡན་པ་ཉིད་དང་། དུས་ཡུན་ཐུང་ངུ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡོངས་སུ་སྨིན་པའི་ཐབས་ཐམས་ཅད་ཀྱི་དུས་རྣམ་པ་གཉིས་སུ་འགྱུར་ཏེ། རྣམ་པར་དག་པ་ཐག་རིང་བ་དང་། རྣམ་པར་དག་པ་ཐག་ཉེ་བའོ། །ཚུལ་ཁྲིམས་
ཀྱི་དབང་དུ་བྱས་ནས་སྡོམ་པ་ཡང་དག་པར་བླངས་ཏེ་ནན་ཏན་བྱེད་པ་ནི་སྦྱོར་བ་ཞེས་བྱའོ། །ཚུལ་ཁྲིམས་ལ་དགེ་བའི་རྩ་བ་ཐམས་ཅད་རབ་ཏུ་བརྟེན་པར་ཤེས་པར་བྱས་ནས་རྒྱུ་གཉིས་དང་། རྐྱེན་རྣམ་པ་གཉིས་ཀྱིས་བསླབ་པའི་གནས་རྣམས་ལ་གུས་པར་བྱེད་པ་ཉིད་ནི་སྦྱོར་བ་ཞེས་བྱའོ། །ཚུལ་ཁྲིམས་
ལ་དགེ་བའི་རྩ་བ་ཐམས་ཅད་རབ་ཏུ་བརྟེན་པའི་དབང་དུ་བྱས་ནས་སྨྲས་པ། རང་གི་དོན་ཐོབ་པར་བྱ་བ་ལ་འདུན་པ་དྲག་པོའམ་ཞེས་བྱ་བའོ། །ཚུལ་ཁྲིམས་འཆལ་པ་ནི་དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པའི་རྒྱུ་ཉིད་ཡིན་པས་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཚུལ་ཁྲིམས་འཆལ་པའི་མ་འོངས་

པའི་དུས་ཀྱི་མི་འདོད་པའི་འབྲས་བུའི་དབང་དུ་བྱས་ནས་སྨྲས་པ། ཕྱི་མ་ལ་ལོག་པར་ལྷུང་བའི་འཇིགས་པ་ལ་བརྟེན་ཏེ་ཞེས་བྱ་བ་ནི་ཕྱི་མ་ལའོ། །མཐོང་བའི་ཆོས་ལ་ཚིགས་སུ་བཅད་པ་མ་ཡིན་པའི་དབང་དུ་བྱས་ཏེ་དེ་ལྟར་རེ་ཞིག་རྒྱུ་སྨྲས་ནས། རྣམ་པ་བསྟན་པར་བྱ་བའི་ཕྱིར།
རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པ་དང་། སྲུང་བར་བྱེད་པ་ཞེས་བྱ་བ་ལ་རྗེས་སུ་སྲུང་བ་དང་། གུས་པར་བྱེད་པ་དང་། གསལ་བར་བྱེད་པར་འགྱུར་བའོ། །དེ་ཉིད་བསྟན་པ་ནི་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའོ། །བསམ་པ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་
ལ་ཤེས་རབ་ཐོབ་པ་དང་། དད་པ་ཐོབ་པ་ཞེས་བསྟན་པའོ། །ཡང་དག་པར་རྟོག་པའི་བཟོད་པ་ཞེས་བྱ་བ་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ལ་ཕྱིན་ཅི་མ་ལོག་པར་བྱེད་པའི་བཟོད་པ་ཆེན་པོའི་ཆོས་ལ་གནས་པའི་ཡེ་ཤེས་ནི་ཡང་དག་པར་རྟོག་པའི་
བཟོད་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། མི་གཡོ་བ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་འཐོབ་པར་གྱུར་ན་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཆོས་འདུལ་བ་འདི་ལས་འཕྲོགས་པར་མི་འགྱུར་བའོ། །འདས་པ་དང་ད་ལྟར་གྱི་དུས་ལས་བརྩམས་ནས་གཞན་དག་གི་རྟོག་པ་ལ་ཡིད་ཆེས་པར་
བྱས་ནས་དད་པ་སྟོན་པར་བྱེད་པ་དང་། དཀོན་མཆོག་གསུམ་ལ་རབ་ཏུ་དང་བར་བྱེད་པ་དང་། རང་གི་བྱ་བ་ལ་མངོན་པར་འདོད་པའི་རྣམ་པའོ། །དེ་ལྟར་འདོད་པ་རྣམ་པ་གསུམ་གྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་བསམ་པ་ཕུན་སུམ་ཚོགས་པར་འགྱུར་རོ། །བསམ་པ་ཕུན་
སུམ་ཚོགས་པ་ཉིད་ནི་བསམ་པ་ཕུན་སུམ་ཚོགས་པས་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་བཞིན་དུ་ཐབས་ཐམས་ཅད་ལ་ཡང་རིག་པར་བྱའོ། །གང་ཟང་ཟིང་གི་སྦྱིན་པ་ནི་ཟང་ཟིང་ཉེ་བར་སྒྲུབ་པ་ཞེས་བསྟན་པའི་ཕྱིར་རོ། །ཡང་སྦྱིན་པ་དེ་ནི་ཐ་མལ་པ་དང་། ཁྱད་པར་ཅན་གྱི་རྣམ་པ་གཉིས་སུ་
འགྱུར་རོ། །ཐ་མལ་པ་ལ་སྦྱིན་པ་ནི་སྡུག་བསྔལ་བ་རྣམས་དང་། ཕོངས་པ་རྣམས་ལ་སྦྱིན་པའོ། །ཁྱད་པར་ཅན་ལ་སྦྱིན་པ་ནི་ཡོན་གནས་རྣམས་ལ་སྦྱིན་པའོ། །སྦྱིན་པ་དང་པོའི་དབང་དུ་བྱས་ནས་སྨྲས་པ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་རྣམས་ལ་ཟས་དང་སྐོམ་ལ་སོགས་པ་ཉེ་བར་

སྒྲུབ་པ་དང་ཞེས་བྱ་བ་ལ་སོགས་པའོ། །གཉིས་པའི་དབང་དུ་བྱས་ནས་སྨྲས་པ། མཐུན་པའི་ཟས་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཕོངས་པ་རྣམས་དང་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་ཉུང་ངུའམ་དམན་པ་ཡང་རུང་སྦྱིན་གནས་རྣམས་ལ་
མང་པོའམ་གྱ་ནོམ་པའི་སྦྱིན་པས་ཡོངས་སུ་སྨིན་པའི་རྒྱུར་འགྱུར་རོ། །ཆོས་ཉེ་བར་སྒྲུབ་པ་ནི་ཆོས་ཀྱི་སྦྱིན་པ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་མི་ཤེས་པ་རྣམས་ལུང་གི་ཆོས་ལ་གཞུག་པའི་དབང་དུ་བྱས་ནས་སོ། །དེ་ཡང་རྣམ་པ་གཉིས་ཏེ། གང་ཡི་གེ་སྦྱིན་པ་བསྟན་པ་སྨྲས་པ།
ལུང་འབོགས་པས་སམ་ཞེས་བྱ་བས་ཆོས་རྣམས་སྦྱིན་པར་བྱེད་པ་གང་ཡིན་པའོ་ཞེས་བྱའོ། །དོན་སྦྱིན་པ་ནི། དོན་ཡང་དག་པར་འབྲེལ་པས་ཞེས་བྱ་བས་བསྟན་པ་ཡིན་ནོ། །རྫུ་འཕྲུལ་གྱིས་འདུན་པར་བྱེད་པའི་ངོ་བོ་ཉིད་ནི་རྫུ་འཕྲུལ་གྱིས་འདུན་པར་བྱེད་པའོ། །རྫུ་འཕྲུལ་དང་ལྡན་
པས་ཞེས་བྱ་བ་ནི་མཐུ་དང་ལྡན་པའོ། །དེ་དག་གིས་ནི་སྔགས་དང་སྨན་ལ་སོགས་པས་འདུན་པར་བྱ་བ་བཀག་པ་ཡིན་ནོ། །ཡང་འདུན་པར་བྱེད་པ་ནི་ཇི་ལྟར་རིགས་པར་བསམ་པ་དག་པར་སྒྲུབ་པ་ལ་འགོད་པའོ། །སྙིང་བརྩེ་བས་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟིའི་ཆེད་དུ་སེམས་དང་བར་བྱེད་
པ་མ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །གང་ལ་རྫུ་འཕྲུལ་བསྟན་པས་འདུན་པར་བྱ་བའི་རྫུ་འཕྲུལ་བསྟན་པའི་ཡུལ་དེ་དག་གང་ཡིན་ཞེ་ན། སེམས་ཅན་རྣམས་ཀྱི་བསམ་པ་དག་པའམ་ཞེས་བྱ་བ་ལ། དེ་དག་ཀྱང་དེ་བཞིན་དུ་ཡང་དག་པར་སྒྲུབ་པར་བྱེད་པའོ་ཞེས་བྱའོ། །གཅིག་ཏུ་ངེས་པར་
བསྟན་པའི་ཕྱིར། འདུན་པར་བྱས་པའི་ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཉེ་བར་སྒྲུབ་པ་དང་། སྟོན་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། མི་ཤེས་པ་རྣམས་ལུང་གི་ཆོས་ལ་གཞུག་པའི་དབང་དུ་བྱས་པ་ནི། ཆོས་ཉེ་བར་སྒྲུབ་པ་ཡིན་ལ། ཞུགས་པར་གྱུར་པ་རྣམས་རྟོགས་པའི་
ཆོས་ལ་གཞུག་པའི་དབང་དུ་བྱས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་ལུང་འབོགས་པས་ཉེ་བར་བསྟན་པས་ཆོས་སྟོན་པ་སྟེ། ཉན་ཐོས་ཀྱི་ལམ་ནི་ཉེ་བར་བསྟན་པ་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །རྒྱུ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པའི་མདོའི་རྗེས་སུ་

འབྲངས་ནས་སོ། །གསང་བའི་གནས་ཀྱང་རྣམ་པ་གཉིས་ཏེ། དངོས་པོ་ཉིད་དང་། དབང་དུ་བྱ་བ་ཉིད་དོ། །ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་དང་མཐུན་པ་མ་ཡིན་ཏེ། ཇི་སྐད་དུ་ཚིགས་སུ་བཅད་པས། དེ་ནི་བྱིས་པ་རྣམས་ལ་ངས་
མ་བསྟན། །ཞེས་བྱ་བ་གསུངས་པའི་ཕྱིར་དེ་དོན་མ་ཡིན་པར་འགྱུར་བའམ། ཕན་པ་ཅི་ཡང་མི་འགྱུར་བས་ཞེས་བྱས་ནས་སོ། །དབང་དུ་བྱ་བ་ཉིད་ནི་ཆོས་ལ་བདག་མེད་པ་ལ་ཉན་ཐོས་ལ་སོགས་པ་དབང་བ་མ་ཡིན་པ་ཉིད་དོ། །དེས་ན་སྨྲས་པ། ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་དོན་
བཅབས་ཏེ་ཞེས་བྱ་བའོ། །དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་མ་བསྟན་ཏེ། བདེན་པ་མ་མཐོང་བའི་ཉན་ཐོས་རྣམས་ནི་བྱིས་པའི་ཤེས་རབ་ཅན་ཡིན་པའི་ཕྱིར་རོ། །བདེན་པ་མཐོང་བ་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ལས་ཐོས་ནས་སྒྲུབ་པར་
བྱེད་དོ། །དེའི་ཕྱིར་དེ་དག་ལ་ཐ་དད་དུ་མ་བསྟན་ཏོ། །དེས་ན་དེ་དག་ལ་རགས་པའི་ཆོས་སྟོན་པ་ཡིན་ཏེ། ཇི་ལྟར་རགས་པའི་དངོས་པོ་ནས་སྟོན་པའོ། །འཇུག་པར་སླ་བའི་ཆོས་སྟོན་པ་ནི་ཇི་ལྟར་འབྱུང་བའི་དངོས་པོའི་ཆོས་སྟོན་པའོ། །ཐབས་སླ་བས་འཇུག་པའི་ཆོས་ནི་རྟོགས་པའི་
ཆོས་ཇི་ལྟ་བ་བཞིན་དུ་སྟོན་པ་སྟེ། དཔེར་ན་ཕུང་པོ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། བདེན་པ་རྣམས་དང་གོ་རིམས་བཞིན་ནོ། །རྣམ་པར་ཕྱེ་བ་ནི་གསལ་པོར་བྱས་ནས་ཆོས་སྟོན་པས་ན་རྣམ་པར་ཕྱེ་སྟེ་ཆོས་བརྗོད་པ་སྟེ། ཀུན་དུ་རྗོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་
ཕྱིར་སྨྲས་པ། ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་གནས་རྣམ་པར་འགྲེལ་པ་ཞེས་བྱ་བ་ལ། རྣམ་པར་འགྲེལ་པ་ཉིད་དང་། རབ་ཏུ་འབྱེད་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་སྨིན་པའི་རྒྱུ་ཆུང་ངུ་གང་ཡིན་པ་དེ་ནི་ཆུང་ངུར་འདོད་དོ། །དེས་ན་སྨྲས་པ། དེ་ལ་སྦྱོར་བ་ཆུང་ངུ་གང་ཞེ་ན་ཞེས་བྱ་བ་ནི་ཐབས་ཀྱི་
དབང་དུ་བྱས་པའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ཐོས་པ་ལ་སོགས་པའི་ཤེས་པ་ཐོབ་པ་ཉིད་ཀྱིས་གསུང་རབ་ལ་ལྷག་པར་མོས་པ་ནི་ཐོས་པ་ཞེས་བརྗོད་ཀྱི། གཞན་དག་དང་རྩོད་པ་གཙོར་བྱེད་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་ཡང་ཐོས་པ་ལ་སྦྱོར་བ་ནི་དང་པོར་ཏེ་སྔོན་དུ་སྦྱོར་བ་

ཡིན་པར་རིག་པར་བྱ་སྟེ། གང་ཡང་ལེན་པ་དང་། བར་དུ་ཇི་ལྟར་ཐོས་པ་རྣམས་མི་བརྗེད་པའི་སྦྱོར་བས་གནས་པ་ནི་གང་ཡང་སྨྲས་པ་འཛིན་པ་ཞེས་བྱའོ། །མཇུག་གི་གནས་སྐབས་སུ་ཚིག་གིས་ཡང་དང་ཡང་དུ་གོམས་པར་བྱེད་པ་ནི་ཁ་ཏོན་བྱེད་པ་ལ་མངོན་
པར་བརྩོན་པ་ཞེས་བྱའོ། །རབ་ཏུ་དབེན་པར་ཞེས་བྱ་བ་ནི་རབ་ཏུ་དབེན་པར་སོང་ནས་གཅིག་པུ་དབེན་པར་གནས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ངེས་པར་སེམས་པ་ལ་མངོན་པར་དགའ་བས་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རིགས་པ་རྣམ་པ་བཞིས་ངེས་པར་རྟོག་པར་
བྱེད་པ་ཞེས་བྱ་བའི་དོན་ཏོ། །བསམས་པ་ལས་བྱུང་བའི་ཤེས་རབ་ཆུང་ངུ་ནི་དོན་ལ་མངོན་པར་རྟོགས་པའོ། །འབྲིང་པོ་ནི་ཀུན་དུ་དཔྱོད་པའོ། །ཆེན་པོ་ནི་གཏན་ལ་འབེབས་པའོ། །ཡང་སྔོན་དང་ཕྱི་མ་མི་འགལ་བ་ནི་དོན་ལ་མངོན་པར་རྟོགས་པའོ། །རིགས་པ་དང་མི་འགལ་བ་ནི་ཀུན་དུ་
དཔྱོད་པའོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་ཟིལ་གྱིས་མནན་པར་མི་ནུས་པ་ནི་གཏན་ལ་འབེབས་པའོ། །ཡང་བསྟན་པར་སེམས་པ་དང་། ངེས་པར་སེམས་པ་དང་། ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་བསམ་པ་དང་། ཇི་སྐད་བསྟན་པའི་ཚིག་གསུམ་རིམ་པ་
བཞིན་དུ་རིག་པར་བྱའོ། །སེམས་རྒོད་པའམ་རྒོད་དུ་དོགས་པ་ན་ཞི་གནས་ཀྱི་མཚན་མ་གཟུང་བར་བྱའོ། །ཡང་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཞི་གནས་དང་། ཞི་གནས་ཀྱི་དམིགས་པ་དང་། ཞི་གནས་ཀྱི་རྒྱུའོ། །དེ་ལ་ཞི་གནས་ཉིད་ནི་ཞི་གནས་ཀྱི་མཚན་མ་ཞེས་བྱ་སྟེ།
གཟུགས་ལ་སོགས་པའི་མཚན་མ་བཞིན་ནོ། །ཞི་གནས་ཀྱི་རྒྱུ་མཚན་ལ་དམིགས་ནས་ཡིད་ལ་བྱེད་པ་ནི་ཞི་གནས་ལ་དམིགས་པ་ཞེས་བྱ་བ་མཚན་མ་གཉིས་པའོ། །ཞི་གནས་ཀྱི་ཚོགས་ངེས་པར་སྟེན་པར་བྱེད་པ་ནི་གསུམ་པའོ། །སེམས་ཞུམ་པའམ་ཞུམ་དུ་དོགས་པ་ན་རབ་ཏུ་དགའ་བའི་
དངོས་པོའི་མཚན་མ་རྣམས་འདིར་ཡང་དེ་བཞིན་དུ་བལྟ་བར་བྱའོ། །སེམས་མཉམ་པར་གནས་པ་ཐོབ་པར་གྱུར་ནས་རང་གི་ངང་གིས་འཇུག་པ་ནི་མི་བཙལ་བར་བཏང་སྙོམས་སུ་གནས་པ་ནི་མཚན་ཉིད་གསུམ་པའོ། །དེ་ལྟ་བུའི་མཚན་མ་གཟུང་ཞིང་ཞི་གནས་ཀྱི་དུས་དང་། ལྷག་མཐོང་གི་

དུས་དང་། བཏང་སྙོམས་ཀྱི་དུས་སུ་མཚན་མ་དེ་དག་བརྟེན་པ་ལ་མངོན་པར་དགའ་བས་མཚན་མ་དེ་དག་ལ་རྣམ་པར་གཡེང་བ་མེད་པར་སེམས་ཀྱིས་བསྒོམ་པའོ། །སྡུད་པ་ནི་ཕྱོགས་ཡོངས་སུ་གཟུང་བ་དང་། ཕན་བཏགས་པའི་བྱ་བ་ཁས་བླངས་པའོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཞེས་
བྱ་བ་ནི་བསམ་པ་ཡོངས་སུ་དག་པས་ཚོགས་སྡུད་པ་ཞེས་བྱ་བའི་དོན་ཏོ། །རྟེན་སྦྱིན་པར་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་ལ་སོགས་པར་བལྟ་བར་བྱའོ། །དེའི་ཕྱིར་སྨྲས་པ། སློབ་དཔོན་དང་མཁན་པོའི་ཚུལ་དུ་ཞེས་བྱ་བའོ། །དེ་ལྟར་རེ་ཞིག་ཡོངས་སུ་
གཟུང་བའི་དབང་དུ་བྱས་ནས་སྨྲས་པ། བསྙེན་བཀུར་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ། ཟང་ཟིང་མེད་པའི་སེམས་ཀྱིས་ཞེས་བྱ་བའི་དབང་དུ་བྱས་ནས་འཇུག་པར་འགྱུར་རོ། །ནད་པ་རྣམས་ཀྱི་གཡོག་བྱ་བའི་བསྙེན་བཀུར་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་སེམས་མགུ་བར་བྱ་
བའི་ཕྱིར་ཆོས་ཀྱི་སྒོ་ནས་ཟང་ཟིང་བགོ་བཤའ་བྱེད་པའི་བསྙེན་བཀུར་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་མང་པོ་ཅན་རྣམས་ལ་མྱ་ངན་བསལ་བའི་བསྙེན་བཀུར་དང་། བསླབ་པའི་གནས་རྣམས་ལ་ཤིན་ཏུ་གུས་པའམ་མ་གུས་པ་རྣམས་ལ་འགྱོད་པ་བསལ་བའི་བསྙེན་བཀུར་དང་། དགེ་
སྦྱོང་ལ་གནོད་པ་བྱེད་པའི་གནོད་པ་རྣམས་ལ་ཉོན་མོངས་པ་བསལ་བའི་བསྙེན་བཀུར་རོ། །ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་གནོད་པ་རྣམ་པ་གསུམ་བྱས་པ་རྣམས་ལ་དྲག་པོའི་བྱ་བ་ཀུན་དུ་སྤྱད་པ་ནི་ཚར་བཅད་པ་ཞེས་བྱའོ། །དེ་ལ་དྲག་པོའི་བྱ་བ་ཀུན་དུ་སྤྱོད་པ་རྣམས་ཀྱིས་
སྐྱོན་གྱི་རྒྱུ་ཡོངས་སུ་སྤང་བའི་དབང་དུ་བྱས་ནས་སྨྲས་པ། བདག་ལ་ཡོད་པའི་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་ཡོད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་རྣམས་ཀུན་དུ་བསྲུངས་ནས་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཀུན་དུ་བསྲུངས་ནས་གནོད་
སེམས་ཀྱི་མཐར་ཐུག་པ་སོ་སོར་རྟོག་པའི་སྟོབས་ཀྱིས་བསལ་ནས་ཕན་པའི་སེམས་དང་། བདེ་བའི་སེམས་ཀྱིས་སྨན་པ་མཁས་པས་ནད་པ་ལ་ལྟར་རམ། སྙིང་དུ་སྡུག་པའི་བུ་བྱ་བ་མ་ཡིན་པ་བྱེད་པའི་ཕ་ལྟར་ཉེས་པ་ལས་བཟློག་པ་འབའ་ཞིག་གི་ཕྱིར་བརྩེ་བ་དང་བཅས་པའི་སེམས་ཀྱིས་དྲག་

པོའི་སྦྱོར་བ་སྟོན་པ་ཡིན་ཏེ། བྱ་བ་མ་ཡིན་པ་ཆུང་ངུ་བྱེད་པས་ཉེས་པ་ཅན་དུ་གྱུར་པ་ལ་ནི་བསྐུལ་ཞིང་གླེང་བར་བྱེད་དོ། །དེ་བས་ཉེས་པར་སྤྱོད་པ་ཆེར་བྱས་པ་རྣམས་ལ་ནི་དམད་པ་དང་ལྡན་པའི་ཚིག་གིས་སྤྱོ་བར་བྱེད་དོ། །སྐྲོད་པར་བྱེད་པ་ནི་གནས་ནས་འབྱིན་
པའོ། །གཞན་ཡང་རྣམ་གྲངས་རྣམ་པར་གཞག་པ་རིག་པར་བྱ་སྟེ། ཆུང་ངུ་ལ་ནི་གཤེ་བར་བྱའོ། །འབྲིང་ལ་ནི་ཆད་པའི་ལས་སོ། །ཆེན་པོ་བྱས་པ་ལ་ནི་བསྐྲད་པའོ། །བྱ་བ་དྲག་པོ་གསུམ་པོ་འདི་དག་ནི་ཕན་པ་དང་བདེ་བའི་བསམ་པས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་གཞན་དག་
ལ་ཡང་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་གླེང་བ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གིས་ནི་ད་ལྟར་གྱི་དུས་སུ་སྡུག་བསྔལ་ལ་ཡོངས་སུ་གྱུར་པའི་དུས་སུ་བདེ་བར་འགྱུར་བར་བསྟན་པར་འགྱུར་རོ། །དེ་དག་ཉིད་ལ་
ཕན་པ་དང་བདེ་བའི་དོན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ལ། དེ་དག་ལ་སྦྱོར་བ་དེས་བསྟན་པ་ཉེས་པ་བྱུང་བ་རྣམས་ལ་ཉེས་པར་མཐོང་ནས་བཤགས་ཤིང་ཕྱིན་ཆད་མི་བྱེད་པར་སྡོམ་པ་ལ་སོགས་པ་ལ་གནས་པས་བྱས་པ་བཤགས་ཤིང་ཕྱིས་མི་བྱེད་པར་སྡོམ་པས་ཕན་པ་དང་བདེ་བ་ཡང་སྒྲུབ་པར་
འགྱུར་རོ་ཞེས་བྱ་བས་ཕན་པ་དང་བདེ་བ་ཞེས་བྱ་བའོ། །དེ་ལས་གཞན་པ་དག་ལ་ཡང་ཕན་པ་དང་བདེ་བའི་དོན་དུ་འགྱུར་ཞེས་བྱ་བ་ནི་དེའི་དུས་ན་ཉེས་པ་མ་བྱས་པ་དག་གིས་ཀྱང་དེ་ཐོས་ནས་ཤིན་ཏུ་ཡང་འདའ་བར་མི་བྱེད་པ་སྡོམ་པ་ནི་དེ་དག་ལ་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །བསྐྲད་པ་
ཡང་གཉིས་ཏེ། གཏན་དུ་བ་མ་ཡིན་པ་ནི་དུས་ཅུང་ཞིག་ནས་ཕྱིར་དགུག་པའོ། །གཏན་དུ་བ་ནི་ཕྱིས་མི་འཇུག་པར་གཏན་སྤངས་པའི་ཕྱིར་ཏེ། ཉེས་པར་སྤྱད་པ་གང་གིས་སྐལ་བ་དང་མི་ལྡན་པར་བྱས་པའི་ཕྱིར་རོ། །དེ་ལ་དང་པོ་ནི་དེ་དག་ཉིད་དང་གཞན་ལ་ཡང་ཕན་པ་དང་བདེ་བར་འགྱུར་
བ་ཡིན་པའི་ཕྱིར་ཏེ། ཕྱིས་མི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གཉིས་པ་ནི་གཞན་དག་ཉིད་ཡང་དག་པར་བསྲུང་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་སྨྲས་པ། སླར་མི་དགུག་པར་བསྐྲད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ། རང་ཡང་ཉམས་ནས་གཞན་དག་ཀྱང་ཉམས་པར་བྱེད་པར་འགྱུར་

བས་ཞེས་བྱས་ནས་སོ། །དོན་དེ་དག་ཉིད་ཀྱི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས། སྲེད་དང་འདྲ་བའི་ཉམས་པ་སོལ་ཅིག་ཅེས་བཀའ་སྩལ་ཏེ། སྲེད་ཞེས་བྱ་བ་ནས་ཀྱི་རྣམ་པ་འདྲ་བ་ཞིག་དུས་གཅིག་ལ་སྐྱེ་སྟེ། དེ་མ་བསལ་ན་ནས་ཐམས་ཅད་ཉམས་པར་བྱེད་དོ། །དེ་
བསལ་ནས་ཐམས་ཅད་བཟང་པོར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཡན་ལག་གཉིས་དང་ལྡན་ན་རང་གིས་ཡོངས་སུ་སྨིན་པར་འགྱུར་ཏེ། ནུས་པའི་སྟོབས་དང་། སྒྲུབ་པའི་སྟོབས་ཀྱིས་སོ། །དེ་ལ་ཡན་ལག་དང་པོའི་དབང་དུ་བྱས་
ནས་སྨྲས་པ། མཐུན་པའི་ཆོས་ཀྱང་སྟོན་ཏོ་ཞེས་བྱ་བ་ལ། ཆོས་སྟོན་པའི་ནུས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཉིས་པ་བསྟན་པའི་ཕྱིར། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཡང་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། རང་གི་ཚིག་དང་མཐུན་པ་རང་ཉིད་རྗེས་སུ་ཞུགས་པ་ནི་
ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཞེས་བརྗོད་དོ། །དེ་ལྟར་ན་དོན་དང་མཐུན་པར་འགྱུར་གྱི། གཞན་དུ་ན་མཐུན་པར་མི་འགྱུར་རོ་ཞེས་བྱ་བར་སྨྲས་པ། དེ་དང་མཐུན་པར་འཇུག་སྟེ་ཞེས་བྱ་བ་ལ། མི་མཐུན་པར་ཞུགས་པར་གྱུར་ན་གཞན་དག་གི་དཔྱས་དང་བཞད་གད་
དུ་འགྱུར་ཞིང་། དེའི་ཚིག་ལ་གུས་པ་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་པ། ཅི་ནས་གཞན་དག་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་ཀྱང་གཞན་གྱིས་སྨིན་པར་བྱ་བ་ཡིན་ན་དེས་གཞན་དག་སྨིན་པར་བྱེད་པར་ག་ལ་འགྱུར་ཞེས་བསྟན་པར་འགྱུར་རོ། །གཞན་ལ་
བཅོལ་བ་ནི་གང་ཚིག་གཟུང་བར་འོས་པ་དང་། བླ་མའི་གནས་སུ་གྲགས་པའི་ཡན་ལག་གཉིས་དང་ཡང་དག་པར་ལྡན་པ་གཞན་དག་ལ་གསོལ་བ་བཏབ་པས་བཅོལ་བར་བྱའོ། །དེའི་ཕྱིར་སྨྲས་པ། སེམས་ཅན་རྣམས་གང་ལ་ཤས་ཆེར་དགའ་ཞིང་གུས་པ་ཡོད་པར་གྱུར་ལ་ཞེས་བྱ་བ་
ལ། ནུས་ཤིང་ལྕོགས་པ་ཐབས་དང་ལྡན་པ་ལ་བཅོལ་བའོ། །དེའི་ཕྱིར་སྨྲས་པ། དེ་ཡང་ཆོས་བསྟན་པའི་ཐབས་ཤེས་ཤིང་ཞེས་བྱ་བ་ལ། ལེགས་པར་བསླབས་པ་ནི་ལས་དེ་ལ་མཁས་པར་བྱས་པས་དེ་ལྟ་བུའི་རང་བཞིན་སྟོན་པའོ། །བཅོལ་བའི་དོན་བསྟན་པའི་ཕྱིར། བྱ་

བའི་ཕྱིར་བྱེད་དུ་འཇུག་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་བདག་དང་གཞན་གཉི་གས་ཡོངས་སུ་སྨིན་པར་བྱ་བ་ཡིན་ནོ་ཞེས་གསལ་བར་བསྟན་པའི་ཕྱིར། བདག་ཀྱང་བྱེད་ཅིང་གཞན་ལ་ཡང་བཅོལ་ནས་ཞེས་བྱ་བ་ལ། ཇི་སྐད་བསྟན་པའི་མཚན་ཉིད་ཅན་གྱི་
ཡོངས་སུ་སྨིན་པའི་ཐབས་རྣམས་ཡོངས་སུ་སྨིན་པ་ཇི་ལྟ་བུ་ཞིག་གི་རྒྱུར་འགྱུར་ཞེ་ན། དེ་ངེས་པར་བསྟན་པའི་ཕྱིར་སྨྲས་པ། རབ་ཏུ་དབྱེ་བ་རྣམ་པ་དྲུག་གོ་ཞེས་བྱ་བ་ལ་སོགས་པ་ལ། ཐབས་འདི་དག་གིས་ཇི་ལྟར་རིགས་པར་དབང་པོ་ཡོངས་སུ་སྨིན་པ་རྣམ་པ་གསུམ་དང་དགེ་བའི་རྩ་
བ་དང་། ཤེས་པ་ལ་ཡང་དེ་བཞིན་ནོ། །དེས་ན་ཡོངས་སུ་སྨིན་པ་རྣམ་པ་དྲུག་གི་རྒྱུ་དང་ཐབས་ཞེས་བརྗོད་དོ། །ས་དྲུག་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྒྲིབ་པ་རྣམ་པ་གསུམ་རབ་ཏུ་སྤངས་པས་ཕྱེ་བ་ཡིན་ཏེ། འབྲས་བུའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་
ནི་གསུམ་མོ། །སྒྲིབ་པ་རྣམ་པ་གསུམ་ནི་པགས་པ་ལ་གནས་པ་ལྟ་བུ་དང་། ཤ་ལ་གནས་པ་ལྟ་བུ་དང་། རྐང་ལ་གནས་པ་ལྟ་བུའོ། །དེ་དག་སྤངས་པས་རབ་ཏུ་ཕྱེ་བ་ནི་ས་གསུམ་ལ་གོ་རིམས་བཞིན་ཏེ། ལྷག་པའི་བསམ་པ་དག་པའི་ས་དང་ངེས་པའི་ས་ལ་འཇུག་པའི་ས་དང་། མཐར་ཐུག་
པའི་སའོ། །དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་དང་། ངེས་པའི་ས་ལ་གནས་པ་དང་། མཐར་ཐུག་པར་འགྱུར་བའོ། །དེ་དག་གི་སྤྱོད་པ་ལ་ནན་ཏན་བྱེད་པའི་ས་ཡང་རྣམ་པ་གསུམ་སྟེ། མོས་པས་སྤྱོད་པའི་ས་ནི་ལྷག་པའི་བསམ་པ་དག་པའི་ས་
ལ་འཇུག་པའི་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་དོ། །སྤྱོད་པ་ལ་ནན་ཏན་བྱེད་པའི་ས་དག་ནི་ངེས་པའི་ས་ལ་འཇུག་པའོ། །ངེས་པའི་སྤྱོད་པ་ལ་ནན་ཏན་བྱེད་པའི་ས་ལ་གནས་པ་ནི་མཐར་ཐུག་པའི་ས་ལ་འཇུག་པའོ། །དེ་དག་བསྡུས་ན་དྲུག་ཏུ་འགྱུར་རོ། །གང་ཟག་གི་དབྱེ་བས་གཏན་དུ་ཡོངས་སུ་སྨིན་པ་དང་།
གཏན་དུ་མ་ཡིན་པ་བསྟན་པའི་ཕྱིར་སྨྲས་པ། རིགས་ལ་མི་གནས་པ་དང་། རིགས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། རིགས་ལ་མི་གནས་པའི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འཐོབ་པའི་དབང་དུ་བྱས་པའི་ཡོངས་སུ་སྨིན་པ་ནི་འཇིག་རྟེན་འདི་པ་ཙམ་གྱི་ཕུན་སུམ་ཚོགས་པ་སྟེ། དེ་ནི་བདེ་ཞིང་

བརྟན་པར་འཇུག་པ་མ་ཡིན་པས་སླར་ཉམས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་སྨྲས་པ། ཡང་དང་ཡང་དུ་ཕྱིར་ལྡོག་ཅིང་ཡང་དང་ཡང་དུ་བྱ་དགོས་པ་ཡིན་ནོ་ཞེས་བྱ་བ་ལ། ཡང་དང་ཡང་དུ་ཕྱིར་ལྡོག་ཅིང་ཞེས་བྱ་བ་དེ་ཉིད་ཀྱི་བཤད་པ་ནི་ཡང་དང་ཡང་དུ་བྱ་དགོས་པ་ཞེས་བྱ་བའོ། །རིགས་ལ་གནས་པ་རྣམས་ཀྱི་
ནི་སྔ་མ་ལས་བཟློག་པ་ཡིན་པས་གཏན་དུ་བ་ཡིན་ནོ། །མཚན་ཉིད་གང་དང་། མཚན་མ་གང་དང་། རྟགས་གང་གིས་སེམས་ཅན་རྣམས་ཀྱི་ཡོངས་སུ་སྨིན་པའི་བྱེ་བྲག་གཅོད་ཅིང་ཉེ་བར་མཚོན་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པའི་མཚན་ཉིད་དུ་བརྗོད་དོ། །ཡང་མདོར་བསྡུ་ན་རྒྱུ་དང་། འབྲས་
བུའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །རྒྱུར་གཏོགས་པའི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། བསམ་པ་དང་། ལས་ཀྱི་བྱེ་བྲག་གིས་སོ། །དེས་ན་སྨྲས་པ། འདུན་པ་ཆུང་བ་དང་། སྦྱོར་བ་ཆུང་བ་ཡིན་ཏེ་ཞེས་བྱ་བ་ལ། འདུན་པ་དང་། བརྩོན་འགྲུས་དང་། དད་པ་ཆུང་བའི་སྦྱོར་བ་གང་ཡིན་
པ་དེ་ནི་འདུན་པ་ཆུང་བར་འགྱུར་རོ། །རྟག་ཏུ་སྦྱོར་བ་དང་། གུས་པར་བྱེད་པའི་སྦྱོར་བ་དང་བྲལ་བས་སྦྱོར་བ་དམན་པའོ། །འབྲས་བུ་ཡང་རྣམ་པ་གཉིས་ཏེ། འདོད་པ་དང་། མི་འདོད་པའོ། །མི་འདོད་པའི་འབྲས་བུ་འཐོབ་པ་དང་། འདོད་པའི་འབྲས་བུ་མི་འཐོབ་པའི་སྦྱོར་བ་ཆུང་ངུ་བསྟན་པའི་ཕྱིར།
ངན་སོང་རྣམས་སུའང་འགྲོ་ལ། ཚེ་འདི་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་མི་འཐོབ་ཅིང་ཞེས་བྱ་བ་ལ། འདུན་པ་ཆུང་བ་དང་། སྦྱོར་བ་ཆུང་བའི་ཕྱིར་གཉེན་པོའི་ཕྱོགས་ཆུང་བར་འགྱུར་ལ། གཉེན་པོའི་ཕྱོགས་ཆུང་བའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མནན་པར་འགྱུར་རོ། །མི་མཐུན་པའི་
ཕྱོགས་ཀྱིས་ཟིལ་གྱིས་མནན་པས་ངན་སོང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྨིན་པ་འབྲིང་ལ་གནས་པར་གྱུར་པ་ནི་ཉན་ཐོས་ནི་དུས་ངེས་པར་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བར་བསྟན་པའི་ཕྱིར་སྨྲས་པ། ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ཏེ། ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་
ལས་འདའ་བར་ནི་མི་འགྱུར་རོ་ཞེས་བྱ་བའོ། །ཡོངས་སུ་སྨིན་པའི་མཐར་ཐུག་པ་ལ་གནས་པ་ནི་ཐམས་ཅད་ཡོད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །རང་སངས་རྒྱས་དང་། རང་སངས་རྒྱས་ཀྱི་ས་ཡང་རྣམ་པ་གསུམ་དུ་དབྱེ་བར་བྱ་སྟེ། དེའི་རྗེས་སུ་འབྲངས་ནས་འདིར་ཡང་ཚུལ་དེ་བཞིན་དུ་རིག་པར་

བྱའོ། །དེའི་ཕྱིར་སྨྲས་པ། ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ། གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཡོངས་སུ་སྨིན་པའི་འབྲས་བུ་འཐོབ་པ་མཉམ་པར་འགྱུར་ན་དེ་དག་གི་རྒྱུ་དང་འབྲས་བུ་ལ་བྱེ་བྲག་མེད་པས་གང་ཟག་གི་དབྱེ་བས་དབྱེ་བ་རྣམ་པར་
གཞག་པ་ཡང་རིགས་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ། ཉན་ཐོས་ཀྱི་གཙོ་བོ་དག་དང་། རང་སངས་རྒྱས་དག་ལ་རྒྱུ་དང་འབྲས་བུ་ལ་བྱེ་བྲག་མེད་དེ། ལམ་དང་འབྲས་བུ་ཐ་མི་དད་པའི་ཕྱིར་རོ། །གཉི་ག་ཡང་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་རྒྱན་དང་
ལྡན་པའི་འབྲས་བུ་འཐོབ་པ་ལ་བྱེ་བྲག་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཉིད་ནི་གནས་ཀྱི་ཁྱད་པར་མང་བའི་ཕྱིར་དང་། ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། སའི་སྒོ་ནས་བསྟན་པའི་ཕྱིར། ཡང་
བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པ་གྲངས་མེད་པ་དང་པོར་གཏོགས་པ་ཞེས་བྱ་བ་ལ་བསྐལ་པ་གྲངས་མེད་པ་དེ་རྫོགས་པར་འགྱུར་བ་མེད་པས་དེའི་ཕྱིར་བསྐལ་པ་གྲངས་མེད་པ་དང་པོར་གཏོགས་པ་ཞེས་བྱ་བས་དེའི་མཐར་ཐུག་པར་འགྱུར་རོ། །དགེ་བ་
རྣམ་པ་གསུམ་དང་བྲལ་བར་འགྱུར་ཏེ། མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ངན་འགྲོར་ཡང་རེས་འགའ་འགྲོ་བར་འགྱུར་རོ། །བསམ་པ་ཁྱད་པར་ཅན་ཐོབ་པ་དང་། སྤྱོད་པའི་ས་ལ་རབ་ཏུ་ཞུགས་པའི་ཕྱིར་ཡོངས་སུ་སྨིན་པ་གཉིས་པ་ཐོབ་པ་ནི་འདུན་པ་འབྲིང་པོ་དང་། སྦྱོར་བ་འབྲིང་པོ་
དང་ལྡན་པར་འགྱུར་རོ། །རྒྱུ་དང་འབྲས་བུ་ཁྱད་པར་ཅན་དང་། བྲལ་བའི་འབྲས་བུ་རྟོགས་པ་དང་ལྡན་པས་ངན་སོང་དུ་སྐྱེ་བར་འགྱུར་བ་མེད་དོ། །དེའི་ཕྱིར་མདོ་ལས། དེ་ནི་འཇིགས་པ་ལྔ་དང་བྲལ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། བསྐལ་པ་གྲངས་མེད་པ་དང་པོ་ལས་འདས་པར་གྱུར་པ་ཡིན་པའི་ཕྱིར་
རོ། །གསུམ་པ་ནི་མཐར་ཐུག་པ་ཐོབ་པར་གྱུར་ཅིང་། བསླབ་པའི་ལམ་ཡོངས་སུ་རྫོགས་པར་གྱུར་ནས་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་དང་ལྡན་པར་འགྱུར་རོ། །རང་བཞིན་གྱིས་བརླིང་བ་ནི་རབ་ཏུ་དང་བའི་ཤུགས་ཀྱིས་ཀུན་དུ་བསྐྱེད་པའི་ཕྱིར་བརླིང་བའོ། །རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་

སྦྱོར་བ་ལས་སྐྱེས་པའི་ཕྱིར་གསལ་བའོ། །ཡང་བསམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བརླིང་བའོ། །སྦྱོར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་གསལ་བའོ། །རྒྱུ་གཉི་ག་ཉིད་ཀྱིས་འབྲས་བུ་ཆེན་པོ་ཉིད་ཆེན་པོ་ཞེས་བྱ་བའི་སྒྲས་སྦྱར་བར་བྱའོ། །རྣམ་པར་སྨིན་པའི་འབྲས་བུའི་དབང་དུ་བྱས་ནས་འབྲས་བུ་
ཤིན་ཏུ་ཆེ་བའོ། །རྒྱུ་མཐུན་པའི་འབྲས་བུའི་དབང་དུ་བྱས་ནས་ཕན་ཡོན་ཆེ་བའི་ཕྱིར་ཞེས་བྱ་བའོ། །ཡང་ན་སྐྱེ་བ་གཞན་གྱི་འབྲས་བུ་ཉིད་ནི་འབྲས་བུ་ཤིན་ཏུ་ཆེའོ། །མཐོང་བའི་ཆོས་ཀྱི་འབྲས་བུ་ཉིད་ནི་ཕན་ཡོན་ཆེ་བའི་ཕྱིར་ཞེས་བྱའོ། །མི་བརྗེད་པའི་སྦྱོར་བ་དང་ལྡན་པས་ཕྱིར་མི་ལྡོག་པ་སྟེ། གནས་པའི་
ཆ་དང་མཐུན་པ་ཉིད་ཀྱི་ཕྱིར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར། ཡོངས་སུ་མི་ཉམས་པ་དང་ཞེས་བྱ་བའོ། །གོང་ནས་གོང་དུ་ཁྱད་པར་གྱི་རྒྱུ་ཡིན་པའི་ཕྱིར་ཁྱད་པར་དུ་འགྲོ་བའོ། །དེའི་ཕྱིར་མི་གཡོ་བ་ཞེས་བརྗོད་དེ། ཡོངས་སུ་མི་ཉམས་པ་ཉིད་དང་། ཁྱད་པར་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིག་རྟེན་
ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཡོངས་སུ་སྨིན་པའི་ཐབས་འདི་དག་ཉིད་ལས་ཡོངས་སུ་སྨིན་པ་ཆུང་ངུའི་རྒྱུ་ཉིད་ཀྱི་ངོ་བོ་ཉིད་དབྱེ་བས་བསྟན་པའི་ཕྱིར་སྨྲས་པ། ཟང་ཟིང་ལས་གྱུར་པའི་ཡོངས་སུ་སྨིན་པ་གང་ཡིན་པ་དེ་ནི་དམན་པའི་ཕྱིར་དང་། ལུས་བརྟན་པར་བྱེད་
པ་ཙམ་གྱི་ཕྱིར་དུས་རིང་པོར་སྤྱད་ཀྱང་ཡོངས་སུ་སྨིན་པ་ཆུང་ངུའི་རྒྱུ་ཉིད་དོ། །རྫུ་འཕྲུལ་གྱིས་འདུན་པར་བྱས་པ་ཡང་དུས་རེ་ཞིག་ཙམ་སེམས་དང་བ་བསྐྱེད་པས་རབ་ཏུ་ཕྱེ་བའི་ཕྱིར་དེ་དང་འདྲའོ། །གསང་སྟེ་ཆོས་བརྗོད་པ་ལས་གྱུར་པ་གང་ཡིན་པ་ཞེས་བྱ་བ་ནི་ཟབ་མོ་མ་ཡིན་པའི་ཆོས་བརྗོད་པ་ལས་གྱུར་པ་
ཞེས་བྱ་བའི་དོན་ཏོ། །ཐ་མལ་པའི་ཆོས་ཡོངས་སུ་ཤེས་པ་དེ་ཡང་དེ་དག་དང་འདྲ་བ་ཉིད་དོ། །ཐོས་པ་ཙམ་གྱིས་བསྐྱེད་པ་ཐོས་པའི་རྗེས་སུ་འབྲངས་པས་རབ་ཏུ་ཕྱེ་བའི་ཕྱིར་དེའི་ངོ་བོ་ཉིད་དོ། །དེ་དག་ལས་གཞན་དག་ནི་དུས་ཀྱི་དབང་གིས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཡོངས་སུ་སྨིན་པའི་རྒྱུ་ཉིད་དུ་
བསྟན་པ་ཉིད་ཡིན་གྱི། ངོ་བོ་ཉིད་ཀྱི་དབང་གིས་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་རྩ་བའི་དབྱེ་བས་ཡོངས་སུ་སྨིན་པའི་དབྱེ་བ་རྣམ་པ་གསུམ་བསྟན་ནས། ད་ནི་རྩ་བའི་དབྱེ་བའི་རབ་ཏུ་དབྱེ་བས་སོ་སོའི་དབྱེ་བ་བསྟན་པའི་ཕྱིར། རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་གྱི་ཚུལ་དུ་ཞེས་བྱ་བ་ལ་སོགས་པ་ལ།

དེ་དག་ལ་ཡང་གོང་མ་དང་གོང་མ་མ་ཡིན་པའི་ཁྱད་པར་གྱི་དབྱེ་བས་དབྱེ་བ་དཔག་ཏུ་མེད་པར་བསྟན་པའི་ཕྱིར། གོང་ནས་གོང་དུ་རབ་ཏུ་དབྱེ་བའི་ཚུལ་གྱིས་ཞེས་བྱ་བས་ནི་སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་དང་ཡོན་ཏན་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་བསྟན་པའི་ཐབས་དེ་དག་གིས་གཞན་གསོལ་བ་འདེབས་པ་མ་གཏོགས་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་དབང་པོ་ཡོངས་སུ་སྨིན་པ་ནས་ཤེས་པ་ཡོངས་སུ་སྨིན་པའི་བར་དང་། ཡོངས་སུ་སྨིན་པ་ཆུང་ངུ་ནས་ཡོངས་སུ་སྨིན་པ་ཆེན་
པོའི་བར་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱ་བ་ཤུགས་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །འདྲ་བའི་རྒྱུའི་སྦྱོར་བ་ལས་བྱུང་བ་མཉམ་པར་ཡོངས་སུ་སྨིན་པ་རྣམ་པ་
གཉི་ག་རིག་པར་བྱའོ། །ཇི་ལྟར་བྱས་ནས་ཤེ་ན། སྦྱོར་བ་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། སེམས་ཅན་རྣམས་ཐེག་པ་གསུམ་གྱིས་འཐོབ་པ་དང་རྗེས་སུ་མཐུན་པའི་རྒྱུད་སྣོད་དུ་རུང་བར་གྱུར་པ་ལྟར་སྦྱོར་བ་དེ་ཉིད་ཀྱིས་བདག་ཉིད་ཀྱི་རྒྱུད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཐོབ་པ་
དང་རྗེས་སུ་མཐུན་པ་ཉིད་ཀྱིས་གནས་པར་བྱེད་པར་འགྱུར་བས་ནི་གཉི་ག་ཡོངས་སུ་སྨིན་པའི་རྒྱུར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཡོངས་སུ་སྨིན་པའི་ལེའུ་བཤད་པ་སྟེ་དྲུག་པ་རྫོགས་སོ།། །།སྒྲུབ་པ་དང་རྩོམ་པ་ཐམས་ཅད་ཀྱི་འབྲས་བུ་ནི་སྤང་བ་དང་
ཉེ་བར་བླང་བ་ཡིན་པས་སྤངས་པ་དང་ཉེ་བར་བླངས་པའི་འབྲས་བུ་ཉིད་འདིར་ཡང་བསྟན་པའི་ཕྱིར་སྨྲས་པ། སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་གཉིས་ལ་ཞེས་བྱ་བ་ལ། རྣམ་པ་གཉིས་སྨོས་པ་ནི་བྱང་ཆུབ་གཞན་རྣམ་པར་བཅད་པའི་ཕྱིར་རོ། །བྱང་ཆུབ་གཞན་ནི་རྣམ་པ་གཅིག་སྤངས་པའི་ཡེ་
ཤེས་ཀྱི་ངོ་བོ་ཉིད་དོ། །ཡང་བླ་ན་མེད་པའི་བྱང་ཆུབ་ནི་རྟེན་ཡོངས་སུ་གྱུར་པར་བརྗོད་པར་བྱའོ། །རྟེན་ཡོངས་སུ་གྱུར་པ་ཡང་རྣམ་པ་གཉིས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་བྲལ་བའི་རྣམ་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ལ་འཇུག་པའི་རྣམ་པའོ། །དེའི་ཕྱིར་རྣམ་

པ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ཆོས་ཀྱི་སྐུ་གཙོ་བོར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་ཡང་དག་པའི་ངོ་བོ་ཙམ་སྟེ་ཡང་དག་པའི་ཡེ་ཤེས་ཞེས་བྱ་བའོ། །ཇི་སྐད་དུ། སྒྲིབ་པ་ཐམས་ཅད་ཟད་པ་དང་། །དཀར་
པོའི་ཆོས་ཀུན་གྱིས་གང་ཉིད། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད། །ཡེ་ཤེས་དེ་ནི་གཞན་དུ་འདོད། །ཅེས་བསྟན་པ་ཡིན་ནོ། །དེ་ཡང་ཀུན་བརྟགས་པ་དང་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གྱུར་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་གཞག་པའི་ངོ་བོ་ཉིད་དུ་བསྟན་
པ་ཡིན་ནོ། །དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྲུབ་པའི་རང་བཞིན་དུ་གྱུར་པ་ནི་སྤངས་པ་ཞེས་བྱའོ། །ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཡོངས་སུ་གྲུབ་པར་གྱུར་པ་ནི་ཡེ་ཤེས་ཞེས་བྱའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཟད་
པར་བྱེད་པའི་ཡེ་ཤེས་དང་། ཉོན་མོངས་པ་ཟད་པའི་ཡེ་ཤེས་སོ། །དེ་ལ་དང་པོ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའི་ཕྱིར་དྲི་མ་མེད་པའོ། །ཡང་གཉིས་པ་ནི་རྒྱུད་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའི་ཕྱིར་དེས་ན་དྲི་མ་མེད་པའོ་ཞེས་བརྗོད་ནས་དང་པོ་ལས་རྣམ་པར་བཅད་པའི་ཕྱིར་སྨྲས་
པ། ཉོན་མོངས་པ་ཐམས་ཅད་དང་། རྗེས་སུ་འབྲེལ་བ་མེད་པ་ཞེས་བྱ་བའོ། །ཐོགས་པ་མེད་པ་ཉིད་བསྟན་པའི་ཕྱིར་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱའོ། །རྣམ་གྲངས་གཉིས་པ་ནི་སྤངས་པའི་བྱེ་བྲག་གིས་ཡེ་ཤེས་ཀྱི་དབྱེ་བ་བྱས་ནས་བྱང་ཆུབ་བསྟན་པའི་ཕྱིར་དེས་ན་སྨྲས་པ། ཉོན་མོངས་པའི་བག་
ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་བཞིས་སྤངས་པའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་བག་ཆགས་དང་བཅས་པ་སྤངས་པས་ནི་དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ལས་སོ། །སྤངས་པའི་ཁྱད་པར་བསྟན་པ་ཉིད་ཉོན་མོངས་པ་ཐམས་ཅད་སྤངས་པས་ནི་
སློབ་པ་རྣམས་ལས་སོ། །ཐམས་ཅད་དུ་སྤངས་པས་ནི་མི་སློབ་པ་རྣམས་ལས་སོ། །ཐམས་ཅད་ལས་སྤངས་པ་དང་། ཤིན་ཏུ་ཐམས་ཅད་དུ་སྤངས་པས་འཇིག་རྟེན་པ་རྣམས་ལས་ཏེ། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་གནས་ངན་ལེན་གྱི་འཆིང་བ་དང་། མཚན་མའི་འཆིང་བ་ལས་སོ། །དེ་ལྟ་བུ་ནི་རེ་ཞིག་སྤངས་པའི་ཁྱད་པར་ཡིན་

ནོ། །སྤངས་པའི་ཁྱད་པར་དེ་ནི་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱའོ། །ཐམས་ཅད་མཁྱེན་པ་བསྟན་པའི་ཕྱིར། ཁམས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། དུས་ཐམས་ཅད་དུ་ཤེས་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེས་ནི་ཁམས་
དང་། དངོས་པོ་དང་། རྣམ་པའི་དབྱེ་བ་ཐམས་ཅད་དང་། དུས་གསུམ་པོ་ཀུན་ཤེས་པ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཡང་མིང་དང་ཁྱད་པར་ལ་སོགས་པ་ཇི་ལྟ་བ་བཞིན་ཡང་དག་པར་རབ་ཏུ་མཁྱེན་ཏོ། །སེམས་ཅན་གྱི་འཇིག་རྟེན་ཡང་མིང་དང་རིགས་ལ་སོགས་པ་ཡང་དག་
པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཁམས་དེ་དག་ཏུ་འདུས་བྱས་དང་། འདུས་མ་བྱས་ཀྱི་དངོས་པོ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དངོས་པོ་རྣམས་ཀྱི་ཕྱི་མ་ཕྱི་མའི་རིགས་ཀྱི་རྣམ་པའི་དབྱེ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རང་གི་མཚན་ཉིད་དང་།
སྤྱིའི་མཚན་ཉིད་དང་། རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་དབྱེ་བ་རྣམས་ཀྱང་ངོ་། །ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པའི་རྣམ་པའི་དབྱེ་བ་ཡང་ངོ་། །འདས་པ་ལ་སོགས་པའི་དུས་རྣམས་ཀྱི་དབྱེ་བ་ཡང་མཁྱེན་པས་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དགོངས་པ་ཙམ་དང་རབ་ཏུ་
འབྲེལ་བར་འཇུག་པའི་ཡེ་ཤེས་ནི་ཆགས་པ་མེད་པའི་ཡེ་ཤེས་སོ། །དགོངས་པ་ཙམ་དང་འབྲེལ་བ་ཉིད་ནི་ཕྱི་མ་ཕྱི་མའི་ཚིག་གིས་སྟོན་པར་བྱེད་པས་སོ། །ཐོགས་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། དེ་མ་ཐག་ཏུ་ཤེས་པས་ན་ཐོགས་པ་མེད་དོ། །དེས་ན་སྨྲས་པ། མྱུར་བར་ཞེས་བྱ་སྟེ། བསྒྲིབས་པ་མེད་
པར་འཇུག་པས་ན་ཆགས་པ་མེད་པའོ། །དེ་ལྟ་བུའི་ཡེ་ཤེས་ནི་དགོངས་པ་ཙམ་གྱིས་གྲུབ