Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 6 / 23 (50.000 ký tự/trang)
ོགས་པའི་
དབྱེ་བས་དཔག་ཏུ་མེད་པ་གཡོ་བ་ལ་སོགས་པར་རིག་པར་བྱའོ། །ལུས་ཀྱང་འབར་བར་བྱེད་པ་ཡང་མདོར་ན་རྣམ་པ་གཉིས་ཏེ། ཆོ་འཕྲུལ་ཡ་མ་ཟུང་སྟོན་པ་དང་། གནས་པའི་བྱེ་བྲག་གོ། །ཆོ་འཕྲུལ་ཡ་མ་ཟུང་སྟོན་པ་ཡང་རྣམ་པ་གཉིས་ཏེ། འབར་བ་དང་ལྡན་པ་དང་།

ཆར་གྱི་རྒྱུན་འབེབས་པ་དང་ལྡན་པའོ། །ཆོ་འཕྲུལ་ཟུང་དུ་སྟོན་པ་ནི་ཡང་ཤིན་ཏུ་ཕྲ་བའི་མཐུར་ཐུག་པའི་བ་སྤུའི་ཁུང་བུའི་སྒོ་ནས་འབབ་བར་མཐོང་བའོ། །གནས་པའི་བྱེ་བྲག་ལས་ནི་མེའི་ཁམས་ལ་སྙོམས་པར་ཞུགས་ནས་ལུས་ཐམས་ཅད་འབར་བར་འགྱུར་ཏེ། ཇི་སྲིད་འབར་བ་
གཅིག་ཏུ་གྱུར་གྱི་བར་དུ་འོད་ཟེར་ཁ་དོག་སྣ་ཚོགས་ཀྱང་ལུས་ལས་འབྱིན་པར་འགྱུར་རོ། །ཁྱབ་པར་བྱེད་པ་ནི་འོད་ཙམ་གྱིས་སྤྲོ་ཞིང་ཁྱབ་པར་འདོད་པ་ཡིན་ནོ། །རིམ་གྱིས་འཕེལ་བའི་དབང་དུ་བྱས་ནས་སྨྲས་པ། སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །གཟུགས་སྣ་ཚོགས་
སྟོན་པའམ། ཁྱད་པར་ཅན་གྱི་གཟུགས་སྟོན་པའི་དབང་དུ་བྱས་པ་ནི་རྣམ་པར་སྟོན་པའོ། །དེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཐུས་ལྷགས་པའི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡུལ་ལས་ཀྱང་ཤིན་ཏུ་འདས་པའི་གཟུགས་རྣམས་མཐོང་བར་འགྱུར་བ་དེ་
ནི་རྣམ་པར་སྟོན་པ་ཞེས་བྱའོ། །ལྷགས་ཤིང་བདེ་བར་འཁོད་པ་ཞེས་བྱ་བ་ནི་བདེ་བར་འོངས་ཤིང་ལྷགས་ནས་ཉེ་བར་འཁོད་པ་ཞེས་པའི་དོན་ཏོ། །འདི་དག་གིས་ནི་ལྟ་བ་དང་རྣམ་པར་ལྟ་བའི་བྱ་བ་དང་། འབད་པ་མེད་པར་མཐོང་ངོ་ཞེས་བསྟན་པར་འགྱུར་རོ། །མཆོག་དང་
མཆོག་མ་ཡིན་པ་འདྲ་བར་མཐོང་བར་བསྟན་པའི་ཕྱིར་བྱེ་བྲག་བསྟན་པ་ཡིན་ནོ། །འགྲོ་བའི་དབང་དུ་བྱས་ནས་སྨྲས་པ། འོག་ཏུ་ངན་སོང་དག་ཀྱང་ཞེས་བྱ་བ་ནི་འོག་གི་འགྲོ་བས་བསྡུས་པའི་ཕྱིར་ངན་སོང་ཞེས་བྱ་བ་སྨོས་སོ། །བདེ་འགྲོས་བསྡུས་པའི་ཕྱིར་མི་དང་ལྷ་ནི་སྟེང་དུ་ཞེས་བྱའོ། །
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམ་པར་གནས་པའི་དབང་དུ་བྱས་ནས། སངས་རྒྱས་ཀྱི་ཞིང་དག་ཀྱང་རྣམ་པར་སྟོན་ཞེས་བྱ་བས་བསྟན་ཏོ། །དེ་དག་ན་གནས་པའི་སེམས་ཅན་རྣམས་ཀྱིས་མཐོང་བའི་དབང་དུ་བྱས་ནས་སྨྲས་པ། དེ་དག་ཏུ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ཞེས་བྱའོ། །རྣམ་པ་ཐམས་ཅད་ངེས་པར་མཐོང་བའི་དབང་དུ་བྱས་ནས་སྨྲས་པ། མིང་ཇི་སྐད་གྲགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མིང་ནི་ཚིག་གིས་ཉེ་བར་བསྟན་པ་སྟེ། བལྟ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། སྟོན་པ་ཞེས་བྱ་བའོ། །བར་མ་ཆད་པ་དང་།

བར་ཆད་པ་དག་མཐོང་བའི་ཕྱིར་སྨྲས་པ་དེའི་ཚུ་རོལ་དང་ཕ་རོལ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་འདོད་པ་དེ་དག་གོ། །ཇི་སྲིད་དུ་འདོད་པ་ཞེས་བྱ་བ་ནི་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་ལྟ་བའོ། །འབྱུང་བ་ཆེན་པོ་ཡོངས་སུ་བསྒྱུར་བ་ནི། གཞན་དུ་
འགྱུར་བར་བྱེད་པ་ཞེས་བྱ་སྟེ། དེ་དག་གི་མཚན་ཉིད་ལ་རྣམ་པར་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ཡོངས་སུ་བསྒྱུར་བ་ནི་ཤིན་ཏུ་དགའ་བར་བསྟན་པ་ཉིད་ཀྱིས་འབྱུང་བ་ཆེན་པོ་བཞི་པོ་རྣམས་ཕན་ཚུན་དུ་ཡོངས་སུ་བསྒྱུར་བས་གཞན་དུ་སྒྱུར་བར་བྱེད་པ་བསྟན་པ་ཡིན་ནོ། །སྒྲ་རྣམས་
སྒྱུར་བར་བྱེད་པ་མ་སྨོས་པ་ནི་རྒྱུན་འཇུག་པ་མེད་པའི་ཕྱིར་རོ། །དེ་དག་གཉི་གའི་ཚོགས་ཡོངས་སུ་བསྒྱུར་བའི་དབང་དུ་བྱས་ནས་སྨྲས་པ་ནི། གལ་ཏེ་རྩྭ་དང་ལོ་མ་དང་ཞེས་བྱ་བ་ལ་སོགས་པའོ། །སྲ་བ་དང་། མཁྲེགས་པ་དང་། བརྟན་པ་དང་། རྒྱ་ཆེ་བ་དང་། ཡངས་པ་རྣམས་ཀྱང་
ཡོངས་སུ་སྒྱུར་བར་བྱེད་པ་བསྟན་པའི་ཕྱིར་སྨྲས་པ། རིའི་རྒྱལ་པོ་གངས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཡོངས་སུ་བསྒྱུར་བའི་དབང་དུ་བྱས་ནས་སྨྲས་པ། སེམས་ཅན་ཁ་དོག་བཟང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་བསྒྱུར་བ་ཅི་ཡང་
རུང་བ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་དངོས་པོ་ལས་གཞན་དུ་བསྒྱུར་བ་ཞེས་བྱ་བའི་དོན་ཏོ། །གང་ལ་ལས་ཀྱི་ནུས་པ་མེད་པ་དེ་ལ་མོས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ནུས་པའི་ངོ་བོ་ལ་གཞན་དུ་མོས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་འགྲོ་བ་རྣམས་དང་། ཁམས་རྣམས་
ཡོངས་སུ་བསྒྱུར་བ་ནི་རབ་ཏུ་གྲུབ་པའི་དངོས་པོར་གྱུར་པ་ནི་མ་ཡིན་ནོ། །འགྲོ་བ་དང་འོང་བ་ལ་བདག་ཉིད་ལུས་ཡང་བར་ཡོངས་སུ་བསྒྱུར་བར་རིག་པར་བྱའོ། །རྩིག་པ་དང་། རི་བྲགས་དང་། ར་བ་སྨོས་པ་ནི་གྲོང་དང་། གཙུག་ལག་ཁང་དང་། དགོན་པར་གཏོགས་པ་འདི་དག་གི་ཉེ་བར་
སྤྱད་པར་བྱ་བ་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ལྟར་བསྒྲིབས་པ་དང་། འགྲོ་བ་དང་། ཁམས་དང་། ཁྱད་པར་ཅན་གྱི་གནས་ཀྱི་ཁྱད་པར་དུ་འགྲོ་བ་དང་། འོང་བ་ལ་ཡོངས་སུ་བསྒྱུར་བ་བསྟན་ནས། གོང་དུ་འོག་མིན་ལ་ཐུག་པར་ཤིན་ཏུ་རིང་བར་འགྲོ་བའོ། །དེ་ལ་ཚད་མེད་

དཔག་ཏུ་མེད་པ་སྨོས་པ་ནི། དེར་མིའི་ལུས་འདི་ཉིད་ཀྱིས་འགྲོ་བར་འགྱུར་བའི་ཕྱིར་སྨྲས་པ། རྒྱས་པར་ཞེས་བྱ་བ་ལ་སོགས་པའོ། །རྒྱང་རིང་པོ་ལ་ཉེ་བར་མོས་ན་ཞེས་བྱ་བ་ལ་སོགས་པས་ནི། མངོན་པར་མོས་པའི་འགྲོ་བ་བསྟན་པ་ཡིན་ནོ། །ཡིད་དང་འདྲ་བར་ཞེས་བྱ་བ་ནི་
ཡིད་ལས་བྱུང་བས་འགྲོ་བ་དང་འོང་བའོ། །སྡུད་པ་དང་རྒྱས་པར་བྱེད་པ་ནི། ཚད་ཆུང་བ་ནི་ཚད་ཆེན་པོར་འཇོག་པར་བྱེད་པ་དང་། ཚད་ཆེན་པོ་གང་ཡིན་པ་དེ་དག་ནི་ཚད་ཆུང་བར་འཇོག་པར་བྱེད་པ་སྟེ། ཕྲ་བ་ནི་རགས་པར་བྱེད་པ་དང་། རགས་པ་ནི་ཕྲ་བར་བྱེད་ཅེས་བྱ་བའི་དོན་ཏོ། །གཟུགས་
ཐམས་ཅད་ལུས་སུ་སྡུད་པ་ནི་རང་གི་ལུས་སུ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་དངོས་པོའི་ཚོགས་རྣམས་སྡུད་པར་བྱེད་པའོ། །དེའི་ཕྱིར་སྨྲས་པ། གྲོང་དང་གྲོང་རྡལ་དང་ཞེས་བྱ་བ་ལ་སོགས་པ་ལ། འཁོར་དེ་དག་གིས་ཀྱང་རང་རང་གི་ས་ཕྱོགས་ཉིད་ན་འདུག་པར་ཤེས་པའོ། །
དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་ལུས་ཀྱི་ནང་དུ་སོང་བར་ཡང་ཀུན་དུ་ཤེས་སོ། །སྐལ་བ་མཉམ་པའི་གན་དུ་འགྲོ་བ་ནི་སེམས་ཅན་མ་མཐོང་བ། མ་ཐོས་པ། མ་འདྲིས་པའི་གན་དུ་དེ་དང་འདྲ་བར་བསྒྱུར་ནས་ཉེ་བར་འགྲོ་བའོ། །དེར་ཉེ་བར་འགྲོ་བ་ན་རྣམ་
པ་བཞིས་སྐལ་བ་མཉམ་པར་རིག་པར་བྱ་སྟེ། ཁ་དོག་བསྟན་པའི་ཕྱིར་སྨྲས་པ། ཁ་དོག་རྒྱས་པ་ཇི་ལྟ་བུར་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་སྨྲས་པ། དེ་དག་གི་ཆུ་ཞེང་ཇི་ལྟ་བ་དང་ཞེས་བྱ་བའོ། །ངག་སྨྲས་པ་ནི། སྨྲ་བའི་སྟངས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའོ། །བརྗོད་པར་བྱ་བ་
སྨྲས་པ། དེ་དག་དོན་གང་སྨྲ་བར་བྱེད་པ་དེ་ནི་དེ་ཡང་སྨྲ་བར་བྱེད་ཅེས་བྱ་བ་ལ་སོགས་པའོ། །སྐལ་བ་མཉམ་པའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་སྨྲས་པ། མཇུག་ཏུ་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ལ། དངོས་གཞི་ལ་ཡང་དག་པར་བསྟན་པ་དང་། ཡང་དག་པར་འཛིན་དུ་འཇུག་པ་དང་།
ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱེད་པའི་ཕྱིར་དང་། བདག་གིས་ལུས་ནི་གསལ་པོར་མི་སྟོན་པའི་ཕྱིར་སྨྲས་པ། མི་སྣང་བར་བྱེད་ལ་ཞེས་བྱ་བ་ལ་སོགས་པའོ། །དབང་བྱེད་པ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་བདག་གི་བསམ་པའི་དབང་

གིས་སྤྱོད་ལམ་གྱི་གནས་སྐབས་སྒྲུབ་པར་བྱེད་པའོ། །དེའི་ཕྱིར་སྨྲས་པ། འགྲོ་བ་དང་། འོང་བ་དང་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་མནན་ནས་རྒྱལ་བར་བྱེད་པ་སྟེ། གཞན་དག་གི་རྫུ་འཕྲུལ་ཐམས་ཅད་མི་གསལ་བར་བྱས་ནས་ཇི་
ལྟར་བསམས་པའི་དོན་ཐམས་ཅད་གསལ་པོར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་ནི་ས་བཅུ་པ་ལ་དབང་བསྐུར་བ་ཐོབ་པའོ། །དེ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་ནི་དགའ་ལྡན་དུ་སྐྱེ་བ་བླངས་པ་ཇི་སྐད་བསྟན་པའི་མཚན་ཉིད་ཅན་ཉིད་དོ། །
སྲིད་པ་ཐ་མ་པ་ནི་ཐམས་ཅད་ཀྱི་ཕྱི་མ་སྐྱེ་བ་བླངས་པས་རབ་ཏུ་ཕྱེ་བ་སྟེ། བདག་ཉིད་ཀྱི་ལུས་དེ་ཉིད་ཀྱིས་སངས་རྒྱས་ཉིད་མངོན་སུམ་དུ་བྱེད་པའོ། །སྤོབས་པ་སྦྱིན་པ་ནི་ཆོས་སྟོན་པའི་དུས་སམ། རྩོད་པ་བྱེད་པའི་དུས་སུ་སྤོབས་པ་ཡོངས་སུ་གཏུགས་པ་ལ་ཤེས་རབ་བླ་ན་མེད་པས་སྤོབས་པ་ཉེ་
བར་བསྒྲུབ་པའོ། །དྲན་པ་སྦྱིན་པ་ནི་ཀློག་པ་དང་། འདོན་པ་ལ་སོགས་པའི་དུས་སུ་སྔོན་གོམས་པར་བྱས་པའི་གཞུང་དག་ལ་དྲན་པ་ཉམས་པ་རྣམས་དྲན་པ་གསོ་བར་བྱེད་པའོ། །བདེ་བ་སྦྱིན་པ་ནི་ཆོས་ཉན་པར་འདོད་པ་རྣམས་ལ་ཐོབ་པ་དང་རྗེས་སུ་མཐུན་པ་རྣམས་ཀྱིས་སྡུད་ཅིང་ཉེ་
བར་བསྒྲུབས་པ་གང་གིས་བདེ་བ་སྦྱིན་པས་ཚིམ་པར་གྱུར་ན་དེ་ནས་ལྡང་བར་འདོད་པ་ཡང་མི་སྐྱེ་ལ། ཉན་པ་ལ་གུས་པ་སྐྱེ་བ་དང་། ཉན་པ་ལ་རྗེས་སུ་མཐུན་པའི་ལུས་དང་། སེམས་ཀྱི་གནས་སྐབས་འཐོབ་པ་དང་། གཉིད་དང་སྙོམ་པ་དང་། ཕྱིན་ཅི་ལོག་དང་བྲལ་བས་ཆོས་ཉན་པ་དང་།
ནད་ཀྱིས་ཉེན་པའི་སེམས་ཅན་ཐོས་པ་ལ་སོགས་པ་ལ་ནད་ཉེ་བར་ཞི་བར་བྱེད་པ་ཉིད་དང་དེ་ལས་གཞན་པའི་གནོད་པ་ཉེ་བར་ཞི་བར་བྱེད་པ་ནི་བདེ་བ་སྦྱིན་པ་སྟེ། བདེ་བ་གང་གིས་ཚིམ་པར་གྱུར་ན་མཆོག་ཏུ་ནད་མེད་པ་ཉིད་དང་། མི་མ་ཡིན་པས་བཏང་བའི་ཉེ་བར་འཚེ་བ་ཞི་བར་གྱུར་པ་ཡང་འཐོབ་
པའོ། །འོད་ཟེར་འབྱིན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་ཆ་ཤས་ལས་འོད་ཟེར་འབྱིན་པ་སྟེ། མང་དུ་སྤྲོས་པ་བྱས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ་རྣམ་པ་གཉིས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ངེས་པར་སྒྲུབ་པར་བྱེད་དེ།

སྤྲུལ་པའི་སྦྱོར་བ་དང་། འོད་ཟེར་སྤྲོ་བའི་སྦྱོར་བས་སོ། །འོད་ཟེར་རབ་ཏུ་སྤྲོས་པས་ཀྱང་དགོས་པ་གཉིས་སྒྲུབ་པར་བྱེད་དེ། ངན་འགྲོ་རྣམས་ཀྱི་སྡུག་བསྔལ་རྒྱུན་གཅོད་པར་བྱེད་པ་ཉིད་དང་། བདེ་འགྲོ་རྣམས་ལ་བདུད་ཀྱི་གཞལ་ཡས་ཁང་ལ་སོགས་པ་མོག་མོག་པོར་བྱེད་པ་ཉིད་དང་།
དེ་ལས་གཞན་པའི་སེམས་ཅན་རྣམས་སྐུལ་བར་བྱེད་པ་ཉིད་ཀྱིས་དེའི་ཕྱིར་དེའི་དབྱེ་བ་བྱས་པ་ཡིན་ནོ། །བྱ་བ་རྣམས་ཀྱི་གཙོ་བོའི་དབང་དུ་བྱས་ནས་སྨྲས་པ། སེམས་ཅན་ཚད་མེད་པ་དག་གི་དོན་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་བསྒྱུར་བ་དེ་དག་ནི་མདོར་ན། སྣོད་ཀྱི་འཇིག་རྟེན་གྱི་བྱ་བའི་
བྱེ་བྲག་བསྐྱེད་བར་བྱ་བའི་དོན་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་རྣམས་མཚན་ཉིད་གཞན་འཐོབ་པར་བྱ་བའི་དོན་དང་། བདག་གི་ལུས་སུ་གཏོགས་པའི་བྱེ་བྲག་ཡོངས་སུ་བསྒྱུར་བ་དང་། སེམས་ཅན་གཞན་རྣམས་ཀྱི་ལུས་དང་། དབང་པོའི་བྱ་བ་ཡོངས་སུ་བསྒྱུར་བའི་དོན་དུ་
རིག་པར་བྱའོ། །སྤྲུལ་པའི་རྫུ་འཕྲུལ་ནི་ངོ་བོ་ཉིད་དང་། རབ་ཏུ་དབྱེ་བ་ཞེས་བྱ་བས་བསྟན་པའོ། །དངོས་པོ་མེད་པ་ལས་སྤྲུལ་པ་ནི་རྒྱུ་མཚན་མེད་ཅིང་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོད་པ་མ་ཡིན་པ་ལས་སོ། །སྤྲུལ་པའི་སེམས་ཀྱིས་ཞེས་བྱ་བ་ནི། སྤྲུལ་པར་འདོད་པའི་སེམས་བདག་པོར་
གྱུར་པ་ཉིད་ཀྱིས་ཡིན་པའོ། །འདིས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་སྤྲུལ་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེ་ནི་སྤྲུལ་པར་འདོད་པའི་སེམས་བདག་པོར་གྱུར་པ་ལས་སྐྱེས་པ་ནི་མ་ཡིན་པས་སོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། རྣམ་པར་སྨིན་པ་ལ་སོགས་པའི་རྒྱུའི་དབང་གིས་སོ། །
ཇི་ལྟར་འདོད་པ་ཞེས་བྱ་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་དང་། ཇི་ལྟར་དགའ་བར་རོ། །མངོན་པར་འདུས་བྱས་ནས་ཞེས་བྱ་བ་ནི་སྤྲུལ་པར་འདོད་པའི་སེམས་ཀྱིས་གང་བསམས་པ་སྨོན་པ་བྱས་པ་སྟེ། བསམས་པ་འདི་དང་འདི་དེ་བཞིན་དུ་གྱུར་ཅིག་ཅེས་བྱས་པ་དེ་དེ་བཞིན་དུ་འགྱུར་གྱི་གཞན་དུ་
མ་ཡིན་པ་འདི་ནི་ངོ་བོ་ཉིད་དོ། །དབྱེ་བའི་དབང་དུ་བྱས་ནས་སྨྲས་པ། དེ་ཡང་རྣམ་པ་དུ་མ་ཡོད་དོ་ཞེས་བྱ་བ་ལ། ཡང་སྤྲུལ་པ་དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། སེམས་ཅན་གྱི་དངོས་པོ་སྤྲུལ་པ་དང་། སེམས་ཅན་རྣམས་ལ་ཉེ་བར་མཁོ་བའི་དངོས་པོ་སྤྲུལ་པའོ། །སེམས་ཅན་

གྱི་དངོས་པོའི་སྤྲུལ་པ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་གྱི་རྟེན་སྤྲུལ་པ་དང་། སེམས་ཅན་གྱི་ངག་གི་བྱ་བ་སྤྲུལ་པའོ། །དེའི་ཕྱིར་སྨྲས་པ། ལུས་སྤྲུལ་པ་དང་ཞེས་བྱ་བ་ལ་སོགས་པའོ། །ལུས་སྤྲུལ་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ།
རང་དང་འབྲེལ་པ་དང་། གཞན་དང་འབྲེལ་པའོ། །བདག་དང་འབྲེལ་པ་ཡང་རྣམ་པ་གཉིས་ཏེ། བདག་དང་འདྲ་བ་དང་། མི་འདྲ་བའོ། །གཞན་དང་འབྲེལ་པ་ཡང་དེ་བཞིན་ཏེ། གཞན་དང་འདྲ་བ་དང་། མི་འདྲ་བའོ། །དེའི་ཕྱིར་སྨྲས་པ། བདག་དང་འདྲ་བའམ། མི་འདྲ་
བའམ་ཞེས་བྱ་བའོ། །འམ་ཞེས་བྱ་བའི་སྒྲ་ནི་གཞན་གྱི་ལ་ཡང་འདྲ་བ་དང་། མི་འདྲ་བའོ་ཞེས་བསྟན་པའི་ཕྱིར་རོ། །དབང་པོའི་རྟེན་སྤྲུལ་པར་བྱེད་ཀྱི་དབང་པོ་ཉིད་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་རྣམས་ནི་སེམས་ཅན་དང་གཅིག་ཏུ་བགྲང་པ་ཡིན་པའི་ཕྱིར་རོ། །གལ་
ཏེ་དབང་པོ་རྣམས་སྤྲུལ་པར་གྱུར་ན་ནི་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བར་འགྱུར་ན་སྔོན་མེད་པའི་སེམས་ཅན་འབྱུང་བ་ནི་མེད་དོ། །འཁོར་བའི་ཐོག་མ་ཤེས་པར་མི་འགྱུར་རོ་ཞེས་བྱ་བའི་མདོའི་ཚིག་གིས་སོ། །འཁོར་བ་ལ་ཐོག་མ་ཡོད་པར་ཡང་ཐལ་བར་འགྱུར་རོ། །
དེས་ན་རྟེན་ཉིད་སྤྲུལ་པར་བྱེད་པ་ཡིན་ནོ། །རྣམ་པ་གཉིས་ཀྱིས་དེའི་རྟེན་དང་དབང་པོ་འདྲ་བ་ཞེས་བརྗོད་པར་བྱའོ། །ལྟ་བ་པོ་རྣམས་ལ་ཡང་། དབང་པོ་ཉིད་ལྟར་སྣང་བར་འགྱུར་རོ། །དབང་པོ་དང་བཅས་པའི་རྟེན་གྱིས་བྱ་བ་གང་བྱེད་པའི་བྱ་བ་དེ་དེས་ཀྱང་བྱེད་པར་ནུས་སོ་ཞེས་བྱ་བའི་
དོན་ཏོ་ཞེས་བྱའོ། །ཡུལ་སྤྲུལ་པ་ཉིད་ནི་འདྲ་བ་ཉིད་ཡིན་གྱི་མི་འདྲ་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། སེམས་ཅན་ལ་ཕན་པ་བྱེད་པའི་རིགས་སུ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ཟས་དང་སྐོམ་ལ་སོགས་པ་དང་ཞེས་བྱ་བ་ལ་སོགས་པའོ། །གཉི་
ག་ལ་སྐྱེ་མཆེད་བཞི་ཉིད་དུ་རིག་པར་བྱའོ། །དེ་ལྟ་ན་ཡང་ཕྱི་རོལ་གྱི་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །གཞན་དག་ལ་ནི་དབང་པོ་དགག་པར་བྱས་པ་ཉིད་ཀྱིས་སྐྱེ་མཆེད་བཞི་ཉིད་གྲུབ་པ་ཡིན་ནོ། །སྒྲ་མ་སྨོས་པ་ནི། ངག་སྤྲུལ་པར་བསྟན་པའི་ཕྱིར་རོ། །སེམས་ཅན་མ་ཡིན་པས་བསྡུས་

པ་རྣམས་ཀྱི་སྒྲའི་སྤྲུལ་པ་ཡང་། འབྱུང་བ་ཆེན་པོ་ཐུག་པ་ལས་བྱུང་བ་ཡིན་ནོ། །དེ་འདྲ་བ་ཞེས་བྱ་བ་ནི་ལས་དང་། མཚན་ཉིད་དང་འདྲ་བའོ། །དེ་མ་ཡིན་པ་ནི་རྣམ་པར་སྨིན་པའི་འབྲས་བུ་ལ་སོགས་པས་མ་བསྡུས་པའི་ཕྱིར་རོ། །ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་བ་ནི་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་དཔག་ཏུ་མེད་པའི་ངོ་བོར་སྟོན་པར་བྱེད་པའོ། །བདག་དང་འདྲ་བ་ཞེས་བྱ་བ་ནི་བདག་གི་ལུས་དང་འདྲ་བའོ། །རྣམ་པ་དུ་མ་མང་པོ་ནི་བདག་དང་འདྲ་བ་དང་། དེ་དང་འདྲ་བའི་དབྱེ་བས་དབྱེ་བ་དུ་མ་ཉིད་དོ། །དེས་ན་སྨྲས་པ། ལྷ་དང་། ཀླུ་དང་
ཞེས་བྱ་བ་ལ་སོགས་པའོ། །དུད་འགྲོ་དང་། ཡི་དགས་དང་། སེམས་ཅན་དམྱལ་བ་སྨོས་པ་ནི་སྲིད་པའི་དབང་དུ་བྱས་ནས་བསྟན་པ་ཡིན་གྱི། རང་དང་འདྲ་བ་ནི་མ་ཡིན་ནོ། །དེའི་ཕྱིར་སྨྲས་པ། ཅི་འདྲ་བ་དེ་འདྲ་བ་ཉིད་དུ་ཞེས་བྱ་བ་ནས། དེ་ལྟ་མ་ཡིན་པ་ནི་བདག་དང་མི་འདྲ་བར་
འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་ན་བདེ་འགྲོའི་སྤྲུལ་པ་ནི་གཉི་ག་ཡིན་ནོ། །ངན་འགྲོའི་སྤྲུལ་པ་ནི་མི་འདྲ་བ་ཁོ་ནའོ། །ལྷ་ལ་སོགས་པས་འདུལ་བ་རྣམས་ལ་ལྷ་ལ་སོགས་པའི་བྱད་གཟུགས་དང་འདྲ་བ་སྤྲུལ་པར་བྱེད་ཅེས་བྱ་བར་རིག་པར་བྱའོ། །ལྷ་ལ་སོགས་པའི་
འགྲོ་བར་སྐྱེས་པ་རྣམས་ལ་དེ་དང་འདྲ་བའི་སྤྲུལ་པ་གཞན་རྣམས་སྤྲུལ་པས་འདུལ་བ་དེ་ནི་གཞན་དང་འདྲ་བའི་སྤྲུལ་པ་ཞེས་བྱ་སྟེ། རྣམ་པ་དང་འགྲོ་བ་འདྲ་བ་ཉིད་དོ། །འགྲོ་བ་དེ་ཡིན་ཡང་རྣམ་པ་མི་འདྲ་བ་དེ་ནི་མི་འདྲ་བ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མང་པོ་
སྤྲུལ་པ་དང་། ཉུང་ངུ་སྤྲུལ་པ་དང་ཞེས་བྱ་བ་ནི་མདོའི་ཚིག་གོ། །དྲིས་པ་ནི་དེ་ལ་ལུས་ཀྱི་སྤྲུལ་པ་མང་པོ་གང་ཞེ་ན་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པ་ནི། ཆོས་མང་པོ་ཞེས་
བརྗོད་པ་དང་། གཞན་ཡང་སངས་རྒྱས་འབྱུང་བས་སྟོང་པའི་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་ཡང་དུས་གཅིག་ཏུ་དགའ་ལྡན་ན་བཞུགས་པ་ལ་སོགས་པ་སྟོན་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་པ་དག་ཏུ་ཞེས་

བྱ་བ་ལ་སོགས་པའོ། །སྤྲུལ་པ་དེ་ཡང་རྣམ་པ་གཉིས་ཏེ། གཏན་དུ་བ་དང་། གཏན་དུ་བ་མ་ཡིན་པའོ། །དེ་ལ་གཏན་དུ་བ་མ་ཡིན་པ་ནི། དེ་སྲིད་དུ་སྟོན་པ་ཙམ་དང་ལྡན་པའོ། །གཏན་དུ་བ་མ་ཡིན་པ་བསྟན་པའི་ཕྱིར་སྨྲས་པ། སྤྲུལ་པ་ལ་ལ་ནི་ཞེས་བྱ་བ་
ལ་སོགས་པ་ལ། སྤྲུལ་པར་བྱེད་པ་འདས་ནས་ཀྱང་། སྤྲུལ་པ་དེས་ཇི་སྲིད་སེམས་ཅན་གྱི་དོན་བྱ་བར་ཡོད་པ་དེ་སྲིད་དུ་རྗེས་སུ་འཇུག་པར་འགྱུར་རོ། །ཡང་རྣམ་པ་གཉིས་ཏེ། སེམས་ཅན་སྤྲུལ་པ་དང་། སེམས་ཅན་མ་ཡིན་པ་སྤྲུལ་པའོ། །དེ་ཡང་དེ་ལྟ་བུར་བསྟན་པ་ཙམ་
དང་། བྱ་བ་སྒྲུབ་པར་བྱེད་པའོ། །དེའི་ཕྱིར་སྨྲས་པ། སྤྲུལ་པ་ལ་ལ་ནི་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་སྒྲུབ་པར་ནུས་པ་བསྟན་པའི་ཕྱིར་དེ་ཁོ་ན་བཞིན་དུ་འགྱུར་བ་ཡིན་ཏེ། གཞན་དུ་མི་འགྱུར་པ་འདི་ནི་ཞེས་བྱ་བ་ཡིན་ནོ། །ངག་གི་སྤྲུལ་པ་ཡང་མདོར་ན་རྣམ་པ་གསུམ་དུ་རྣམ་པར་གཞག་པར་
རིག་པར་བྱ་སྟེ། ངོ་བོ་ཉིད་དང་། རྟེན་ཉིད་དང་། དབྱེ་བ་ཉིད་དོ། །ཡོན་ཏན་གཉིས་ཕུན་སུམ་ཚོགས་པ་དང་ལྡན་ན་ངོ་བོ་ཉིད་ཕུན་སུམ་ཚོགས་པ་ཞེས་བརྗོད་དོ། །རྣར་སྙན་པ་ཉིད་དང་། རྒྱ་ཆེ་བ་ཉིད་དོ། །དེ་ཡང་སྨྲས་པ། གདངས་སྙན་པ་དང་ལྡན་པ་ཡང་ཡོད། སྐད་གསལ་བ་དང་ལྡན་པ་ཡང་
ཡོད་ཅེས་བྱའོ། །རྟེན་ཉིད་ནི། བདག་དང་འབྲེལ་པ་དང་ཞེས་བྱ་བ་ལ་སོགས་པའོ། །བྱེད་པ་ཉིད་ནི། ཆོས་སྟོན་པར་གཏོགས་པ་དང་ཞེས་བྱ་བ་ལ་སོགས་པའོ། །དཔེ་དང་། གླེང་གཞི་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ཡན་ལག་ལྔ་དང་ལྡན་པ་ནི། གདངས་སྙན་པ་དང་
ལྡན་པ་ཞེས་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོར་གྱི་ནང་དུ་ཆོས་སྟོན་པར་མཛད་པ་དང་། ཞལ་ནས་ཡན་ལག་ལྔ་དང་ལྡན་པའི་གསུང་འབྱོན་པར་མཛད་པའོ། །དེ་ནི་ཡང་ཡོན་ཏན་ལྔ་དང་ལྡན་པའི་གསུང་ཞེས་བརྗོད་དོ། །ཡན་ལག་ལྔ་དང་ལྡན་པའི་གསུང་གི་ཚིག་
རྣམས་ཀྱང་ཚིག་ཕྱི་མ་ཕྱི་མས་བཤད་པ་ཡིན་པར་རིག་པར་བྱའོ། །ཟབ་པ་ཉིད་བསྟན་པ་ནི། འབྲུག་སྒྲ་ལྟ་བུ་ཞེས་བྱ་བ་ཡིན་ནོ། །དེ་ལ་དཔེ་བསྟན་པ་ནི། ཀ་ལ་པིང་ཀའི་སྒྲ་སྐད་ཡིད་དུ་འོང་བ་དང་འདྲ་བ་ཞེས་བྱ་བ་སྟེ། ཇི་ལྟར་བྱ་ཀ་ལ་པིང་ཀའི་སྒྲ་སྐད་ཟབ་ཅིང་ཡིད་དུ་འོང་བ་བཞིན་དུ་འདི་དག་གི་ཡང་

དེ་ལྟ་བུ་ཡིན་པའོ། །སྙིང་དུ་འཐད་པ་སྟོན་པར་བྱེད་པ་ནི་དགའ་བར་བྱེད་པའོ། །ཡང་དགའ་བར་བྱེད་པ་ནི་གྲགས་པ་ཉིད་ཀྱི་དབང་གིས་བཤད་པ་ཡིན་ནོ། །ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་དོན་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་སྐལ་བ་དང་ལྡན་པས་གྲོང་ཁྱེར་དུ་འགྲོ་བའོ། །
སྙན་ཅིང་འཇེབས་པ་བསྟན་པ་ནི་རྣར་སྙན་པའོ། །ཟུར་ཕྱིན་པའི་བཤད་པ་ནི་བརྡ་ཕྲད་པ་སྟེ། གྲགས་པའི་དོན་རྣམས་དང་མཐུན་པའི་ཕྱིར་རོ། །སྙན་པའི་བཤད་པ་ནི་མི་མཐུན་པ་མེད་པ་སྟེ། ཚིག་དང་ཡི་གེ་རྣམ་པ་སྣ་ཚོགས་པས་ཡིད་འཕྲོག་པར་བྱེད་པའོ། །གླེང་གཞི་ཕུན་སུམ་ཚོགས་པ་བསྟན་
པ་ནི། མི་རྟེན་པ་དང་ཞེས་བྱ་བ་སྟེ། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་དགའ་བའི་དབང་དུ་བྱས་པ་ལ་མི་རྟེན་པའི་ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་སྟོན་པ་ནི། མི་ཟད་པ་ཡིན་ནོ་ཞེས་བྱ་བ་སྟེ། སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཡན་ལག་ལྔ་པོ་འདི་དག་དང་ལྡན་
པས་དེ་བཞིན་གཤེགས་པའི་གསུང་ཡོན་ཏན་ལྔ་དང་ལྡན་པ་ཞེས་ཡོངས་སུ་གྲགས་ཏེ། རྒྱ་ཆེ་བ་དང་། རྣར་སྙན་པ་དང་། དོན་དང་ལྡན་པ་ཉིད་དང་། གཟུང་བར་སླ་བ་ཉིད་དང་། འདོད་པ་སྣ་ཚོགས་དང་ལྡན་པ་ཉིད་དོ། །ཡོན་ཏན་ལྔ་པོ་འདི་དག་ནི་གཞན་ཡོན་ཏན་ལྔའི་ཡན་ལག་ཏུ་འགྱུར་བ་
ཡིན་ཏེ། གོ་རིམས་བཞིན་དུ་མཉན་པར་བྱ་བ་དང་། རྣམ་པར་མི་གཡེང་བ་དང་། རྣམ་པར་གྲོལ་བ་དང་། ངེས་པར་གཏོགས་པ་དང་། ཡོངས་སུ་སྨིན་པར་བྱེད་པའོ། །སྙན་ཅིང་འཇེབས་པ་ནི་རྣར་སྙན་པར་རིག་པར་བྱའོ། །ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ཕྱིར་བུར་ཕྱིན་པ་ཉིད་དེ། འཁོར་དེར་
འདུས་པར་གྱུར་པ་ཐམས་ཅད་ཀྱིས་རྣམ་པ་གཅིག་ཏུ་ཐོས་པར་འགྱུར་བའོ། །དེས་ན་སྨྲས་པ་གང་དག་ཐག་རིང་པོ་ན་འདུག་པ་ཡང་རུང་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་འདོད་པར་འཇུག་པར་འགྱུར་བ་བསྟན་པའི་ཕྱིར། བཞེད་ན་སྟོང་ཆུང་ངུའི་ཞེས་བྱ་བ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་གསུང་ནི་
དཔག་ཏུ་མེད་ཅིང་མཐར་ཐུག་པ་མེད་པར་ཇི་སྙེད་པ་དེ་སྙེད་དུ་འཇུག་པར་འགྱུར་རོ་ཞེས་གསལ་བར་བསྟན་པ་ཡིན་ནོ། །སེམས་ཅན་རྣམས་ལ་ཆོས་སྟོན་པ་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི། སེམས་ཅན་རྣམས་མོས་པའི་དབང་གིས་དོན་རྣམ་པ་སྣ་ཚོགས་གསལ་བར་བྱེད་པ་ཞེས་བྱ་བའི་དོན་

ཏོ། །དེའི་ཕྱིར་བསྟོད་པ། གསུང་གཅིག་བཀའ་ནི་གསལ་བ་ལས། །དུ་མ་ལྟ་བུར་སྣང་འགྱུར་ཏེ། །ཀུན་གྱིས་འདི་ནི་བདག་གི་ཆེད། །ཁོ་ནའོ་སྙམ་དུ་གོ་བ་གང་། །ཞེས་བསྟན་པ་ཡིན་ནོ། །རྟེན་དང་འབྲེལ་བའི་ངག་ཡོངས་སུ་བཏང་ནས་སྤྲུལ་པའི་ངག་གང་
ཡིན་པ་དེས་ཆོས་སྟོན་པར་བྱེད་ཅིང་བག་མེད་པ་རྣམས་ལ་སྐུལ་བར་བྱེད་པ་དེ་ནི་བདག་དང་འབྲེལ་པའི་ངག་གི་སྤྲུལ་པ་ཞེས་བྱ་སྟེ། རང་གི་རྒྱུད་དང་འབྲེལ་པར་འཇུག་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུས་གཞན་དག་གི་རྒྱུད་ལ་སྤྲུལ་པའི་ངག་གིས་ཆོས་སྟོན་པ་གང་
ཡིན་པ་ནས་གཞན་ལ་སྐུལ་བར་བྱེད་པའི་བར་གང་ཡིན་པ་དེ་ནི། གཞན་གྱི་རྒྱུད་དང་འབྲེལ་པའི་ངག་སྤྲུལ་པ་སྟེ། གཞན་གྱི་རྟེན་ལ་བརྟེན་པ་ལྟར་སྣང་བའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ནམ་མཁའི་དཀྱིལ་ནས་སྒྲ་འབྱུང་བའམ། སྤྲུལ་པའི་
སེམས་ཅན་གྱི་ཁ་ནས་སམ། གཞན་དག་ལས་ཀྱང་རུང་སྟེ། སེམས་ཅན་དུ་བགྲང་བ་མ་ཡིན་པ་ཏ་ལའི་ཕྲེང་བ་ལ་སོགས་པར་གཏོགས་པ་ལས་བྱུང་བའི་སྒྲ་ནི་མ་འབྲེལ་བ་སྟེ། བདག་དང་གཞན་གྱི་རྟེན་ལ་མ་འབྲེལ་པའི་ཕྱིར་རོ། །དེ་ལ་ཆོས་སྟོན་པའི་སྤྲུལ་པ་ནི། དེ་དང་དེར་རྨོངས་པ་རྣམས་
ལ་ཞེས་བྱ་བ་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། ཆོས་རྣམས་ཀྱི་མཚན་ཉིད་མི་ཤེས་པ་དང་། ཐེ་ཚོམ་ཟ་བ་དང་། ཕྱིན་ཅི་ལོག་ཏུ་ཤེས་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རྣམ་པར་ཕྱེ་ནས་ཡང་དག་པར་སྟོན་པའོ། །དེ་དག་གིས་ནི་མི་ཤེས་པའི་ཆོས་རྣམས་
ཀྱི་དོན་ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་བསྟན་པ་ཡིན་ཏེ། གཞན་དག་གི་རྒྱུད་ལ་དོན་དང་། ཚིག་དང་། ཡི་གེ་རྣམས་ངེས་པར་ཤེས་པར་བྱེད་པ་ནི་སྟོན་པ་ཡིན་ནོ་ཞེས་བྱས་ནས་སོ། །སྔོན་ཆོས་ཀྱི་མཚན་ཉིད་རྟོགས་པར་བྱས་པ་ཉིད་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམ་པར་དབྱེ་བ་ལ་
རྨོངས་པ་མེད་པ་ཐོབ་ཅིང་རབ་ཏུ་དད་པ་རྙེད་པར་གྱུར་པ་དེ་ལྟ་ན་ཡང་ཡུལ་གྱི་བདེ་བའི་རོ་མྱོང་བར་བྱེད་པས་བག་མེད་པར་གྱུར་པ་དེ་དག་ལ་འདས་པའི་ཡུལ་དག་དྲན་པར་བྱས་ལ་ངོ་ཚ་བསྐྱེད་པར་བྱའོ། །མ་འོངས་པ་ཉེ་བར་གཟུང་ནས་ནི་ཡང་དག་པར་བསྐུལ་བར་བྱའོ། །རྣམ་པའི་དབྱེ་བ་ནི་རྣམ་པ་དུ་མ་ཉིད་

ཡིན་ཡང་མདོར་བསྡུ་ན་རྣམ་པ་གསུམ་མོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྤྲུལ་པ་རྣམ་པ་དུ་མ་དེ་ཡང་མདོར་བསྡུ་ན། །ཞེས་བྱ་བ་ལ་སོགས་པ། རེ་རེའི་རྣམ་པའི་དབྱེ་བ་ནི་སྔར་མཐུའི་སྐབས་སུ་བསྟན་པའི་ཏིང་ངེ་འཛིན་ལ་ཡང་དག་པར་བརྟེན་ནས་དོན་ཐམས་ཅད་འགྲུབ་པར་འགྱུར་བའོ། །
དེ་ལྟར་མཐུ་དེ་དག་ཀྱང་ཞེས་བྱ་བ་ནི། དེ་ལྟ་བུ་མངོན་པར་ཤེས་པ་དང་པོའི་མཐུ་ཡིན་ནོ། །ལས་རྣམ་པ་གཉིས་སྒྲུབ་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདུན་པར་བྱས་པའི་སྒོ་ནས་སེམས་ཅན་རྣམས་བསྟན་པ་ལ་འགོད་པར་བྱེད་པ་ནི་ལས་དང་པོའོ། །ཕན་འདོགས་པ་ནི་གཉིས་
པའོ། །དེ་ལ་སྡང་བ་རྣམས་དང་། ཕན་གདགས་པ་ནི་བར་མ་རྣམས་ཀྱི་སེམས་དང་པོར་འཕྲོག་པར་བྱེད་པས་ན་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱའོ། །ཆོ་འཕྲུལ་ཞེས་བྱ་བ་ནི་དངོས་པོ་གཞན་གྱི་སེམས་ཤིན་ཏུ་འཕྲོག་པར་བྱེད་པའི་ཕྱིར་རོ། །ཡང་འཇུག་པར་བྱེད་པ་ནི། བསྟན་པའི་བདག་
ཉིད་ཆེ་བ་བརྗོད་པའི་སྒོ་ནས་རབ་ཏུ་དང་བ་སྐྱེད་པའོ། །ཕན་གདགས་པ་ནི། ཡང་ཇི་ལྟར་རིགས་པར་ཡོངས་སུ་བསྒྱུར་བ་དང་། སྤྲུལ་པས་ཉེ་བར་མཁོ་བས་ཕོངས་པའི་སེམས་ཅན་རྣམས་ལ་ཡོངས་སུ་སྒྱུར་བ་དང་། སྤྲུལ་པས་ཉེ་བར་མཁོ་བས་ཕན་འདོགས་པའི་སྒོ་ནས་རིག་པར་བྱའོ། །
བདག་དང་གཞན་གྱི་འདས་པའི་དུས་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་ཉིད་སྔོན་གྱི་གནས་ཏེ། ལུས་དང་། ངག་དང་། ཡིད་ཀྱི་བྱ་བ་ནི་སྔོན་གྱི་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྐོག་ཏུ་མ་གྱུར་པའི་ཤེས་པ་ནི། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའོ། །ཡང་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཟབ་ཅིང་རྒྱ་ཆེ་བ་ཉིད་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་མདོ་སྡེའི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པའི་རྗེས་སུ་འབྲངས་ནས་ནི་མ་ཡིན་ནོ། །དེའི་རྣམ་པར་གཞག་པ་ནི་མདོར་ན་གསུམ་དུ་རིག་པར་བྱ་སྟེ། རྟེན་ཉིད་དང་། དམིགས་པ་ཉིད་དང་། རྣམ་
པ་ཉིད་དོ། །དེ་ལ་རྟེན་ནི་བདག་དང་གཞན་ཏེ། དེ་ཤེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རྒྱུད་ལ་སྐྱེས་པས་རས་འགའ་བདག་དང་གཞན་གྱི་སྐྱེ་བ་རྣམས་དྲན་པར་འགྱུར་རོ། །གང་ཡང་བདག་དང་གཞན་གྱིས་ཀྱང་དྲན་པར་བྱེད་དེ། གཞན་གྱི་རྒྱུད་ལ་སྐྱེད་པར་བྱེད་པའོ། །

ཡེ་ཤེས་དེ་བདག་པོར་གྱུར་པས་དེའི་དབང་གིས་དེ་དག་ལ་དེ་སྐྱེ་བར་འགྱུར་བའོ། །གཞན་གྱི་རྒྱུད་ཀྱི་རྣམ་པར་རིག་པ་བདག་པོར་གྱུར་པས་གཞན་གྱི་རྒྱུད་ལ་རྣམ་པར་རིག་པའི་བྱེ་བྲག་སྐྱེད་པར་བྱེད་པ་ཞེས་བྱ་བ་སྟེ། ཇི་ལྟར་རྫུ་འཕྲུལ་དང་ལྡན་པའམ། ཤ་ཟའི་རྣམ་
པར་རིག་པ་བདག་པོར་གྱུར་པའི་དབང་གིས་འཇུག་པ་ལྟ་བུའོ། །དམིགས་པ་ནི་གཞན་དག་དང་བདག་ཉིད་ཀྱི་འདས་པའི་སྐྱེ་བའི་རྒྱུན་ལའོ། །རྣམ་པ་ནི་དེ་དག་ཉིད་ཀྱི་མིང་དང་། རིགས་ལ་སོགས་པ་རྗེས་སུ་དྲན་པའི་རྣམ་པའོ། །དེ་བཞིན་དུ་རྣམ་པ་བཞིར་འགྱུར་ཏེ། བདག་ཉིད་ཀྱི་སྐྱེ་བ་
དྲན་པ་དང་། གཞན་གྱི་དྲན་པ་དང་། གཞན་ཉིད་ཀྱི་སྐྱེ་བ་དྲན་པ་དང་། དེས་བདག་གི་དྲན་པའོ། །དེ་ལ་རྣམ་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། སེམས་ཅན་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྣམ་པ་བརྒྱད་དུ་ཡང་དག་པར་རྗེས་སུ་དྲན་པར་རིག་པར་བྱ་སྟེ། ཁམས་
དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པས་བསྡུས་པའི་སེམས་ཅན་གྱི་རིས་ཀྱི་དབྱེ་བ་དང་། ཡང་དེ་དག་གི་མིང་དང་། རིགས་དང་། རུས་དང་། ཁ་ཟས་དང་། ལོངས་སྤྱོད་དང་། རྣམ་པར་སྨིན་པའི་དབྱེ་བ་དང་། ཚེ་དང་གནས་པའི་མཐར་ཐུག་པའི་བར་ཉིད་དོ། །མདོ་ལས་
འབྱུང་བ་བཞིན་དུ་ཞེས་བྱ་བའི་རྒྱ་ཆེར་བསྟན་པ་ནི་དེས་སྔོན་གྱི་སྐྱེ་བ་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་པ་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དུ་མ་ཡང་རྗེས་སུ་དྲན་ཏེ། བདག་གི་གནས་ནི་འདི་ཞེས་བྱ། མིང་ནི་འདི་ཞེས་བྱ། རིགས་
ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། སྐྱེ་བ་ནི་འདི་ལྟ་བུ། ཁ་ཟས་ནི་འདི་ལྟ་བུ་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་མྱོང་། ཚེའི་ཚད་ནི་ཇི་ཙམ་དུ་འགྱུར། ཡུན་ནི་ཇི་སྲིད་ཅིག་གནས་གནས། བདག་དེ་ནས་ཤི་འཕོས་ནས་ནི་ཆེ་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤི་
འཕོས་ནས་ནི་འདིར་སྐྱེས་སོ་ཞེས་ཡུལ་ཕྱོགས་དང་བཅས། རྣམ་པ་དང་བཅས། མཚན་མ་དང་བཅས་པས་སྔོན་གྱི་གནས་རྣམ་པ་སྣ་ཚོགས་པར་རྗེས་སུ་དྲན་ནོ་ཞེས་བྱ་བའོ། །རྣམ་པ་བརྒྱད་ཀྱིས་ཡོངས་སུ་བསྡུས་པའི་ཕྱིར་སྨྲས་པ། སེམས་ཅན་གྱི་ལུས་ལ་སོགས་པ་ཐམས་ཅད་ཀྱང་རྗེས་སུ་

དགོངས་སོ་ཞེས་བྱ་བ་ལ། དེ་དག་གི་རྣམ་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་བསྟན་པར་རྣམ་པར་ཕྱེ་ནས་སྟོན་པར་འགྱུར་རོ། །སེམས་ཅན་གྱི་རིས་གང་ཡིན་པ་གཞན་དག་ལ་ཡང་དྲན་པར་མཛད་དོ། །སྔོན་གྱི་མཐས་ཡོངས་སུ་བསྡུས་པ་གང་ཡིན་པ་བདག་ཉིད་དང་།
གྲོགས་བཤེས་པ་དང་། སྐལ་བ་མཉམ་པ་དེ་དག་གི་ཐབས་རྗེས་སུ་དྲན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་གཞན་དག་ཀྱང་དྲན་པར་མཛད་དོ་ཞེས་བྱ་བ་ལ། གཞན་དག་ལ་ཡང་དྲན་པར་མཛད་དོ་ཞེས་བྱ་བ་ནི་མ་འོངས་པ་སྟེ། གང་དག་ལྐོག་ཏུ་གྱུར་པ་དང་། །གང་དག་མངོན་དུ་གྱུར་པ་
རྣམས། །ཐམས་ཅད་ཁྱོད་ཀྱིས་མངོན་དུ་གྱུར། །ཞེས་བྱ་བའི་ཚིག་གིས་སོ། །ཡེ་ཤེས་དེའི་སྤྱོད་ཡུལ་དུ་གྱུར་པ་ཉིད་བསྟན་པའི་ཕྱིར་སྨྲས་པ། བདག་ཉིད་ཀྱི་ཚེ་འདི་ཉིད་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་བདག་ཉིད་ཀྱི་ཚེ་འདི་ཉིད་དང་། ད་ལྟར་གྱི་ཚེ་འདིའི་འདས་པའི་བྱ་
བའི་གནས་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་དྲན་ནོ། །དེ་བཞིན་དུ་འདས་པའི་སྐྱེ་བ་གཞན་དག་ཀྱང་རྗེས་སུ་དྲན་ནོ་ཞེས་བྱ་བའི་དོན་ཏོ། །མི་ཐ་མལ་པས་མཐོང་བའི་ཆོས་འདི་ཉིད་ཀྱི་གང་དྲན་པར་མི་ནུས་པ་དེ་ནི་ཆ་ཕྲ་བའོ། །ཡང་དེ་ནི་རྣམ་པ་གཉིས་ཏེ། མི་གསལ་བའི་
གནས་སྐབས་ཀྱིས་བསྡུས་པ་ནུར་ནུར་པོ་ལ་སོགས་པར་གཏོགས་པ་དང་། རྣམ་པར་གསལ་བའི་སྲིད་པས་བསྡུས་པའོ། །ཉུང་ངུའམ། མང་པོ་ཞེས་བྱ་བ་རང་ཉིད་ཀྱིས་བཤད་པ་ནི། སྔོན་གྱི་སྤྱོད་པ་དྲན་པ་ལས་བརྗེད་པ་གང་ཡིན་པ་ཞེས་བྱ་སྟེ། འདས་པའི་སྐྱེ་བ་ལ་ལུས་ཀྱིས་བྱས་པ་དང་།
ངག་གིས་སྨྲས་པ་དང་། སེམས་ཀྱིས་དྲན་ཞིང་བསམས་པའམ། བརྟགས་པའམ། རྗེས་སུ་རྣམ་པར་དཔྱད་པ་དེ་ལྟ་བུའི་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་དང་ཞེས་བྱ་བར་བསྟན་པར་འགྱུར་རོ། །བརྗེད་པར་གྱུར་པ་ནི་རྒྱུ་གཉིས་ཀྱིས་ཏེ། དྲན་པའི་ཡུལ་མ་ཡིན་པ་ཉིད་དོ། །བར་
ཆད་མེད་པ་ནི་སྐྱེ་བ་སྐད་ཅིག་བར་ཆད་མེད་པར་སྦྱོར་བས་གོ་རིམས་བཞིན་དུ་འཇུག་པའོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་བར་དུ་ཆོད་པ་དག་ཀྱང་ངོ་། །གྲངས་སུ་བྱར་ནུས་པ་ནི་གང་ཉུང་བ་སྟེ། གྲངས་སུ་བགྲང་བར་ནུས་པ་ནི་གྲངས་སུ་བགྲང་བར་ནུས་པ་ཉིད་དོ། །གང་མང་བ་དེ་ནི་དཔག་ཏུ་མེད་ཚད་མེད་

པའོ། །རྣམ་པ་གསུམ་གྱིས་ཐོགས་པ་མེད་པ་ཡིན་ཏེ། ཡེ་ཤེས་དེ་ལ་ཐོགས་པ་མེད་པའོ་ཞེས་བྱ་བས་སོ། །བདག་དང་གཞན་ལ་བར་མ་ཆད་པར་རམ། བར་ཆད་དང་བཅས་པར་ཡང་རུང་བ་ནི་གང་བཞེད་པའོ། །བདག་ཉིད་ཀྱིས་ཀྱང་དགོངས་ཤིང་གཞན་དག་
ཀྱང་དྲན་པར་བྱེད་པ་དང་། ཉུང་ཡང་རུང་། མང་ཡང་རུང་ཇི་སྲིད་འདོད་པ་དྲན་པ་ནི་ཇི་ལྟར་བཞེད་པའོ། །ཡང་གང་བཞེད་པ་ནི་ཆ་ཕྲ་བའམ། མང་པོ་བརྗེད་པ་མེད་པར་དྲན་པའོ། །ཇི་ལྟར་བཞེད་པ་ནི་བར་ཆད་མེད་པ་དང་། བར་དུ་ཆོད་པ་དང་། གྲངས་སུ་བྱར་ནུས་པ་དང་། དཔག་
ཏུ་མེད་གྲངས་མེད་པ་ཡང་རྗེས་སུ་དགོངས་སོ་ཞེས་བྱ་བའོ། །ཡང་ན་ཇི་ལྟར་འདོད་པར་སྦྱར་བར་བྱ་སྟེ། བར་ཆད་མེད་པ་དང་། བར་ཆད་དང་བཅས་པ་དྲན་པའི་ཕྱིར་རོ། །སྐྱེས་པའི་རབས་ཞེས་ངེས་པར་གཟུང་བའི་དོན་ནི། སངས་རྒྱས་ཉིད་ཀྱི་སྔོན་གྱི་སྐུ་ཚེའི་སྐྱེས་པའི་རབས་བསྟན་པ་ཡིན་ནོ། །
སྨྲ་བའི་སྐྱེས་བུ་དེ་དག་ཉིད་ཀྱིས་གཞན་གྱི་དོན་དུ་བསྟན་པའི་ཕྱིར་དང་། བསྟན་པ་ལས་ཀྱང་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཡོན་ཏན་གྱི་རྟེན་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྐྱེས་པའི་རབས་ཀྱི་རྒྱུད་ལས། དཔལ་ལྡན་ཡོན་ཏན་དམ་པའི་རྟེན་ཏུ་གྱུར་པས་བཀྲ་ཤིས་ཤིང་། །ཞེས་བྱ་བ་ལ་
སོགས་པའི་ཚིགས་སུ་བཅད་པ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཉིད་བསྟན་པའི་ཕྱིར། མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བ་ནི་གཞན་དག་གིས་བྱ་བར་མི་ནུས་པའི་ཕྱིར་དང་། མཆོག་ཏུ་དགའ་བའི་ཕྱིར་རོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ལ་ཡི་རང་བ་ཡང་སླ་བ་མིན་
ན་དངོས་སུ་སྤྱོད་པ་སྨོས་ཅི་དགོས་ཞེས་བསྟན་པ་ལྟ་བུའོ། །དད་པ་བསྐྱེད་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་དག་ལ་ཡང་ལུས་དང་། ངག་དང་ཡིད་ཀྱི་སྤྱོད་པ་འདི་ལྟ་བུའི་རྣམ་པས་ཕན་འདོགས་སོ་ཞེས་བསྟན་པའི་ཕྱིར་སྡང་བ་རྣམས་དང་། འབྲིང་པོ་རྣམས་དང་། མཆོག་ཏུ་གྱུར་པ་
རྣམས་ཐུན་མོང་མ་ཡིན་པ་ཐོས་པའི་སྒོ་ནས་གཞན་ལ་ཕན་པ་སྒྲུབ་པ་ལ་དད་པ་སྐྱེ་བ་ནི་སྤྲོ་བ་དང་ལྡན་པའི་སེམས་ཞེས་བྱའོ། །དེ་སྔོན་དུ་སོང་བ་ལས་ཡོན་ཏན་དང་ལྡན་པ་རྣམས་ལ་གུས་པ་འབྱུང་བར་འགྱུར་རོ། །སྐྱོ་བ་སྐྱེད་པའི་ཕྱིར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངན་འགྲོས་

བསྡུས་པའི་སྐྱེ་བ་བླངས་པ་ཐོབ་པ་ན་ད་འདི་ལྟ་བུའི་སྐྱོ་བ་སྐྱེད་པར་འགྱུར་ཏེ། དེ་ལྟ་བུའི་སེམས་ཅན་ཆེན་པོ་རྣམས་ལ་ཡང་སྐྱེ་བ་འདི་ལྟ་བུ་འཐོབ་པའི་གནས་སྐབས་ཡོད་པར་འགྱུར་ན། གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཡིད་ལ་བྱས་ནས་འཁོར་བ་ནི་སྡུག་བསྔལ་བ། ཡིད་བརྟན་དུ་མི་རུང་བའོ་ཞེས་
སྐྱོ་བ་སྐྱེད་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པ་སྣ་ཚོགས་ལ་སྦྱོར་བས་བསྡུས་པ་ཡང་དག་པར་སྟོན་པ་ནི་སྤྲོ་བ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བར་སྔོན་བྱུང་བའི་ལས་སྣ་ཚོགས་ཀྱི་གཏམ་ལས་དང་འབྲས་བུ་རྣམ་པར་སྨིན་པའི་སྒོ་ནས་རྒུད་པ་དང་། འབྱོར་བའི་དབང་དུ་བྱས་པ་ཐོས་པ་
དང་། བདག་དང་གཞན་གྱི་རྒུད་པ་དང་། འབྱོར་པ་ལ་ཡང་ཡིད་འབྱུང་བ་སྐྱེད་པར་འགྱུར་ཏེ། གཞན་གྱི་རྒུད་པ་འགྱོད་པ་སྐྱེ་བའི་གནས་སུ་གྱུར་པ་དང་། བདག་རྒུད་པ་ལ་ཞེས་བྱ་བའོ། །ཤེས་པ་འདི་ནི་རིག་པར་གཏོགས་པའང་ཡིན་པའི་ཕྱིར་རིག་པ་འདི་ནི་སྔོན་གྱི་མི་ཤེས་པའི་གཉེན་
པོའི་ཕྱོགས་ཉིད་ཡིན་ལ་སྔར་གྱི་མི་ཤེས་པ་ནི་རྟག་པར་ལྟ་བ་ལས་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ལྟ་བ་སྤོང་བ་ཉིད་འབྲས་བུ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། རྟག་པར་ལྟ་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྟག་པར་ལྟ་བའི་གང་ཟག་བསྟན་པའི་ཕྱིར་སྨྲས་པ། སྔོན་གྱི་མཐར་རྟོག་པའོ་
ཞེས་བྱ་བ་ལ། དེ་ཡང་རྣམ་པ་གཉིས་ཏེ། མ་ལུས་པར་རྟག་པར་འདོད་པ་དང་། འགའ་ཞིག་རྟག་པར་འདོད་པའོ། །ལྷའི་རྣ་བའི་མཁྱེན་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རྣམ་པར་གཞག་པར་རིག་པར་བྱའོ། །གང་ཡང་རྟེན་གྱི་དབང་དུ་བྱས་ནས་སྨྲས་པ། བྱང་ཆུབ་སེམས་དཔའི་ལྷའི་
རྣ་བས་ཞེས་བྱ་བ་ནི། མངོན་པར་ཤེས་པས་རབ་ཏུ་ཕྱེ་བའི་རྣ་བའི་དབང་པོ་ནི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ནི་རྣམ་པ་བརྒྱད་དུ་རྣམ་པར་གཞག་པར་རིག་པར་བྱའོ། །འགྲོ་བའི་རྟེན་ནི་གང་ཡང་ལྷ་དང་མིའི་སྒྲ་འོག་དང་སྟེང་དུ་ཞེས་བྱའོ། །ལེགས་པར་བཤད་པ་དང་། ལེགས་
པར་བཤད་པ་མ་ཡིན་པའི་དབང་དུ་བྱས་ནས་ནི། འཕགས་པ་རྣམས་དང་འཕགས་པ་མ་ཡིན་པ་རྣམས་ཞེས་བྱའོ། །རྣམ་པའི་དབྱེ་བ་ཉིད་ནི་སྒྲ་ཆེན་པོ་རྣམས་དང་། སྒྲ་ཆུང་ངུ་རྣམས་ཞེས་བྱའོ། །དོན་དང་བཅས་པ་དང་། དོན་དང་བཅས་པ་མ་ཡིན་པའི་དབྱེ་བ་སྨྲས་པ། གསལ་བ་

རྣམས་དང་། མི་གསལ་བ་རྣམས་ཞེས་བྱ་བའོ། །མཐུ་དང་མཐུ་མེད་པའི་དབྱེ་བ་སྨྲས་པ། སྤྲུལ་པ་རྣམས་དང་། སྤྲུལ་པ་མ་ཡིན་པ་རྣམས་ཞེས་བྱ་བའོ། །གང་ཡང་ཡུལ་གྱི་དབྱེ་བ་བསྟན་པ་ནི། རྒྱང་རིང་པོ་དང་། དྲུང་ན་འདུག་པ་རྣམས་ཞེས་བྱ་བའོ། །ལྷའི་འགྲོ་
བར་གཏོགས་པ་རྣམས་ལྷ་ཞེས་བསྟན་པའི་ཕྱིར། ལྷ་ཞེས་བྱ་བའི་སྒྲས་ནི་འདོད་པ་དང་། གཟུགས་ཀྱི་ཁམས་སུ་གཏོགས་པའོ། །གནས་ཀྱི་དབྱེ་བས་ནི་རྣམ་པ་དུ་མ་ཉིད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གོང་དུ་འོག་མིན་གྱི་མཐར་ཐུག་པ་མན་ཆད་དུ་ཞེས་བྱ་བའོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་ལྷའི་སྒྲ་རྣམས་འབད་པ་མེད་པར་ཐོས་སོ། །འབད་པ་དང་བཅས་ན་ནི། འཇིག་རྟེན་གྱི་ཁམས་གཞན་གྱི་ཡང་ཐོས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཅི་སྟེ་འཇུག་པ་མཛད་ན་ནི་ཞེས་བྱ་བ་ལ་སོགས་པའོ། །མི་རྣམས་སུ་གཏོགས་པ་རྣམས་
ནི་མི་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གླིང་བཞི་པ་ཐམས་ཅད་དུ་སེམས་ཅན་སྐྱེས་པ་ཞེས་བྱ་བ་ལ། མིའི་འགྲོ་བའི་སྣོད་ནི་ཐད་ཀར་ཡིན་པས་ཐད་ཀར་ཞེས་བྱ་བའོ། །སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱིས་བསྟན་པའི་སྒྲ་ནི་འཕགས་པ་སྟེ། འཕགས་པས་གསུངས་པའི་ཕྱིར་རོ། །
ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཉེན་པོའི་ཕྱོགས་སུ་གྱུར་པ་དང་། རྗེས་སུ་མཐུན་པར་གྱུར་པས་རང་ཉིད་ཀྱང་འཕགས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་འཇུག་པར་གྱུར་པའོ་ཞེས་བྱས་ནས་སོ། །གཅིག་
ནས་གཅིག་ཏུ་འཇུག་པའི་དོན་ཡང་བསྟན་པའི་ཕྱིར་སྨྲས་པ། དེ་དག་ལས་ཐོས་ནས་ཞེས་བྱ་བ་ལ། གང་རང་ཉིད་ཀྱིས་སྨྲ་བ་ཡིན་ཡང་སངས་རྒྱས་ཀྱི་བཀའ་ཞེས་བྱ་བར་སྨྲས་པ་ཡིན་ནོ། །དེའི་ཕྱིར་གཞན་གྱི་ཁ་ནས་ངེས་པར་བྱུང་བ་ཡིན་ཡང་སྒྲ་ནི་ཡི་གེ་དང་། དབྱངས་ཀྱི་ལུགས་ཙམ་གྱི་
ལུགས་འདྲ་བས་དང་། ཡུལ་གཅིག་ལ་འཇུག་པར་བྱེད་པའི་ཕྱིར་དེའི་མིང་རབ་ཏུ་འཐོབ་པོ། །སེམས་ཅན་དེ་དག་ཀྱང་འཕགས་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། ཡང་དག་པར་སྟོན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པ་རྣམ་པ་བཞིའི་དགོངས་པ་སྒྲུབ་པར་བྱེད་

པའི་ཕྱིར་འཕགས་པ་ཞེས་བྱའོ། །དེ་ལ་མི་ཤེས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་ལ་སོགས་པ་རྨོངས་པ་རྣམས་ལ་ཡང་དག་པར་སྟོན་པའོ། །ལེ་ལོ་ཅན་དང་འདུན་པ་མེད་པ་དང་། བྱ་བ་ངན་པས་འབྲེལ་པ་རྣམས་བག་མེད་པར་གྱུར་པ་ལ་ཡང་དག་པར་སྐུལ་བར་བྱེད་པ་ནི་
ཡང་དག་པར་ལེན་དུ་འཇུག་པ་སྟེ། དེའི་དོན་དུ་ཡང་དག་པར་སྦྱོར་བའོ། །དམན་པ་ལ་མོས་པ་དང་། བདག་ཉིད་ལ་སྨོད་པ་དང་། སྙོམ་ལས་ཅན་དང་། འཇིགས་པ་དང་བཅས་པ་དང་འགྱོད་པ་མང་བ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ་སྟེ། སྤྲོ་བ་སྐྱེད་པར་བྱེད་པའོ། །དངོས་པོ་
དེ་དང་དེ་ལ་ཡང་དག་པར་ཞུགས་པ་རྣམས་ཡང་དག་པར་དགའ་བར་བྱེད་པ་སྟེ། དགའ་བ་སྐྱེད་པར་བྱེད་པ་ཉིད་དོ། །དགོས་པའི་དབང་དུ་བྱས་ནས་སྨྲས་པ། དགེ་བ་ཡང་དག་པར་བླང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཡང་དག་པར་དགའ་བར་བྱེད་པའི་བར་དང་ལྡན་ན་མི་དགེ་བའི་ཆོས་
རྣམས་ནི་སྤོང་བར་བྱེད། དགེ་བའི་ཆོས་རྣམས་ནི་སྒོམ་པར་བྱེད་དོ་ཞེས་བྱ་བས་སྡིག་པ་རྣམས་ནི་སྤོང་བར་བྱེད་ལ། བསོད་ནམས་ནི་ཡང་དག་པར་ལེན་པར་བྱེད་ཅེས་བྱ་བར་ངེས་པས་སོ། །རྗེས་སུ་ཐོབ་པ་རྣམས་ཀྱང་འཕགས་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། ཀུན་ནས་ཉོན་མོངས་པ་ཅན་
མ་ཡིན་པའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པ་འདོད་པས་སྟོན་པ་ལ་སོགས་པ་ལ་ཞུགས་པའོ། །དེ་ལས་བཟློག་པ་ནི་བདག་དང་གཞན་རྣམ་པར་གྲོལ་བ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞུགས་པར་གྱུར་པ་ནི་ཀུན་ནས་
ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཞེས་བྱའོ། །བསྐུལ་བ་ཡང་རྣམ་པ་གཉིས་ཏེ། དོན་ལ་བསྐུལ་བ་དང་། དོན་མེད་པ་ལ་བསྐུལ་བའོ། །དེ་ལ་དོན་ལ་བསྐུལ་བ་ནི་དཀར་པོའི་ཕྱོགས་ཀྱི་ཚིག་གི་ལམ་ལྔ་དང་ལྡན་པ་ལ་ཞུགས་པ་ནི་བདག་དང་གཞན་དང་བསྟན་པ་ལ་ཕན་པ་བྱེད་པ་ཡིན་པའི་ཕྱིར་
རོ། །དེ་ལས་བཟློག་པ་ཀུན་ནས་ཉོན་མོངས་པ་ཅན་གྱིས་བསྐུལ་བར་གཏོགས་པ་ནི་འཕགས་པ་མ་ཡིན་པའོ། །གང་ཟག་འདས་པའི་ལྟུང་བ་རྣམས་སྟོན་པར་བྱེད་པ་ནི་དྲན་པར་བྱེད་པའོ། །ད་ལྟར་དང་མ་འོངས་པའི་དུས་ཀྱི་ལྟུང་བ་མི་འབྱུང་ཞིང་སྡོམ་པར་བྱེད་པ་ནི་འདོམས་པ་དང་རྗེས་སུ་སྟོན་

པའོ། །གཞན་ཡང་ལེགས་པར་སྨྲས་པ་དང་ཞེས་བྱ་བ་ལ། འདིར་ལེགས་པར་བྱོན་ནམ་ཞེས་བྱ་བ་ལ་སོགས་པས་བསྡུས་པ་རྣམས་དང་། ངག་གི་ཉེས་པར་སྤྱོད་པ་ལས་ལོག་པས་བསྡུས་པ་རྣམས་སོ། །རྒྱ་ཆེ་བའི་འཕགས་པ་ལས་བཟློག་པ་རྣམས་ནི་
འཕགས་པ་མ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། ངག་གི་ཉེས་པར་སྤྱོད་པ་རྣམ་པ་བཞིས་བསྡུས་པའི་སྒྲ་གང་ཡིན་པ་རྣམས་ཞེས་བྱ་བ་ཡང་། རྩ་བ་ལ་ལ་ལས་ནི་འོག་དང་། ཐད་ཀར་དང་སྟེང་དུ་ཞེས་འདོན་པར་བྱེད་པ་དེའི་དབང་དུ་བྱས་ནས་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སྔར་
བསྟན་པའི་ལྷ་དང་མིའི་སྒྲ་ལས་གཞན་པའི་རྣམ་པར་གཞག་པའམ། ཡང་ན་དེ་ཉིད་ཀྱི་རྣམ་པར་འབྱེད་པའོ། །རྣམ་པ་གཉིས་ཀྱིས་ཆེན་པོར་རིག་པར་བྱ་སྟེ། ཀུན་ནས་སློང་བར་བྱེད་པ་ཉིད་དང་། རྟེན་ཉིད་ཀྱིས་སོ། །ཀུན་ནས་སློང་བར་བྱེད་པ་ཡང་རྣམ་པ་གཉིས་ཏེ། དགའ་བའི་རྣམ་
པའི་སེམས་ཀྱི་དབང་དུ་བྱས་ནས་སྨྲས་པ། སེམས་ཅན་གྱི་ཚོགས་ཆེན་པོའི་སྒྲ་ཞེས་བྱ་བ་ནི། སེམས་ཅན་གྱི་ཚོགས་ཆེན་པོ་འདུས་པའི་སྒྲ་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཅན་གྱི་ཚོགས་རྣམས་ཀྱི་སྒྲ་ཆེན་པོ་ཞེས་བྱ་བའོ། །དེ་ལྟར་ན་དགའ་བ་དྲག་པོས་བསྐྱེད་པའི་དགའ་བའི་
ཤུགས་ཀྱིས་ཆེན་པོར་བསྐྱེད་པ་ཞེས་བྱ་བར་བསྟན་པ་ཡིན་ནོ། །སྡུག་བསྔལ་དང་ཡིད་མི་བདེ་བ་དྲག་པོས་བསྐྱེད་པའི་སྒྲ་ཡང་ཆེན་པོ་ཞེས་བྱ་བར་བསྟན་པའི་ཕྱིར་སྨྲས་པ། གནོད་པ་རྣམ་པ་སྣ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །རྟེན་མང་པོ་ཉིད་བསྟན་པའི་ཕྱིར་སྨྲས་པ། འབྲུག་
སྒྲ་གྲག་པའམ་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཆུང་ངུ་ཡང་རྣམ་པ་གཉིས་ཏེ། ཤིན་ཏུ་ཕྲ་བའི་རྣམ་པར་གཏོགས་པ་ཉིད་ནི་འབད་པ་དྲག་པོའི་སྒྲུབ་པས་ཐོས་པ་ཉིད་དང་། སེམས་ཅན་གཅིག་གི་རྒྱུད་ཀྱིས་ཐོས་ཀྱི་གཞན་གྱིས་མ་ཡིན་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། ཐ་ན་རྣ་བར་བཤུབས་
པའི་སྒྲ་ཡན་ཆད་དོ་ཞེས་བྱ་བའི་དོན་ཏོ། །ཁ་དོན་དང་རྣམ་པ་འདྲ་ན་ཡང་དོན་ལ་བརྡར་བྱས་པའི་སྒྲས་ཚིག་དང་ཡི་གེ་གསལ་བ་གང་ཡིན་པ་ནི་སྒྲ་གསལ་བ་ཞེས་བརྗོད་དོ། །གང་དག་གིས་དོན་གོ་བ་ཡིན་ནོ་ཞེས་བྱ་བ་དེ་ལས་བཟློག་པ་ནི་དོན་མི་གསལ་བའོ། །སྔགས་ཐམས་ཅད་དོན་དང་ལྡན་པ་མ་ཡིན་

ན་ཡང་། འགྲོ་ལྡིང་བའི་སྔགས་ཁོ་ན་སྨོས་པ་དེ་ནི་གསང་བའི་སྔགས་ཡིན་པའི་ཕྱིར་རོ། །ནེ་ཙོ་དང་རི་སྐེགས་ལ་སོགས་པའི་སྐད་ནི་མ་བསླབས་པ་རྣམས་ཀྱིས་གཟུང་བར་རིག་པར་བྱའོ། །རྫུ་འཕྲུལ་གྱི་མངོན་པར་འདུས་བྱས་པའི་སྒྲ་ནི་སྤྲུལ་པ་ཞེས་བསྟན་པའི་ཕྱིར་རོ། །ཡང་དེ་ནི་
སྤྲུལ་པ་དེ་ཉིད་ལ་བརྟེན་པ་དང་། རྟེན་གཞན་དག་ལ་བརྟེན་པར་རིག་པར་བྱའོ། །རང་གི་གནས་ལ་བརྟེན་པ་རྣམས་ནི་ཉེ་བ་ཞེས་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གྲོང་དང་། གཙུག་ལག་ཁང་བསྟན་པ་
ཡིན་ནོ། །དེ་དག་ལས་གཞན་པར་གྱུར་པ་ནི་རྒྱང་རིང་པོའི་སྒྲ་སྟེ། དེ་དག་ཡོངས་སུ་ཆད་པ་མེད་པར་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གྲངས་མེད་ཅེས་བྱ་བ་ལ་སོགས་པའོ། །འཆི་འཕོ་དང་སྐྱེ་བ་ཤེས་པའི་ཡེ་ཤེས་ནི་འཆི་འཕོ་དང་སྐྱེ་བ་དགོངས་པ་སྟེ། དེ་དག་གི་གནས་
སྐབས་ཡུལ་དུ་མཛད་ཅིང་གཟུང་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེས་ཐོག་མ་དང་ཐ་མ་སྨོས་པས་བར་གྱི་གནས་སྐབས་རྣམས་ཀྱང་མཁྱེན་པའོ། །མདོར་བསྡུ་ན་ཡེ་ཤེས་དེ་རྣམ་པ་གསུམ་དུ་གཞག་པར་རིག་པར་བྱ་སྟེ། རྟེན་ཉིད་དང་། དམིགས་པ་ཉིད་དང་། དམིགས་པའི་དབྱེ་བ་ཉིད་
དོ། །ཡང་རྟེན་དང་དམིགས་པ་དང་། རྣམ་པའོ། །རྟེན་གྱི་དབང་དུ་བྱས་ནས་སྨྲས་པ། ལྷའི་མིག་གིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བརྟེན་པའི་སྟེ། དེ་ལ་བརྟེན་ནས་ཤེས་པ་ཞེས་བྱ་བའི་དོན་ཏོ། །རྟེན་ལ་བརྟེན་པར་ཉེ་བར་བཏགས་ནས་སོ། །ཇི་ལྟར་མིག་གིས་རྣམ་པར་ཤེས་པར་
བྱ་བ་ནི་གཟུགས་ཞེས་བྱ་བ་ལྟ་བུ་དང་། དྲིལ་བུ་སྒྲོགས་ཞེས་བྱ་བ་ལྟ་བུའོ། །ལྷའི་འགྲོ་བར་གཏོགས་པའི་ཕྱིར་ལྷའི་ཞེས་བྱ་བའོ། །མངོན་པར་ཤེས་པས་རབ་ཏུ་ཕྱེ་བའི་ཕྱིར། རྣམ་པར་དག་པའོ། །འདིས་ནི་ལས་ལས་སྐྱེས་པ་དང་། སྐྱེ་བས་ཐོབ་པ་བསལ་བ་ཡིན་ནོ། །དེའི་ཕྱིར་མིའི་
ལས་འདས་པ་ཞེས་བྱ་བ་སྟེ། ཐག་རིང་བ་དང་། ཤིན་ཏུ་ཕྲ་བ་དང་། བསྒྲིབས་པ་རྣམས་ཀྱང་སྤྱོད་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དམིགས་པ་ནི་སེམས་ཅན་རྣམས་ཏེ། གང་གི་ཕྱིར་སྨྲས་པ། སེམས་ཅན་རྣམས་འཆི་འཕོ་བའི་ཆེད་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་གཙོ་བོ་ཙམ་སྨྲས་

པ་ཡིན་ཏེ། སེམས་ཅན་འབའ་ཞིག་པས་མི་མཐོང་བ་ནི་མ་ཡིན་གྱི། གཟུགས་གཞན་དག་ཀྱང་མཐོང་བ་ཡིན་ནོ། །རྣམ་པ་བཞིས་སེམས་ཅན་རྣམས་གཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར་རིས་མཐུན་པའི་ལུས་ལེན་ཅིང་གཏོང་བའི་གནས་སྐབས་ཀྱིས་གཟུང་བར་
བྱ་བ་ཉིད་ནི་གང་ཡང་འཆི་འཕོ་བའི་ཚེ་ཞེས་བྱ་བ་ནི་འཆི་བར་འགྱུར་བའི་ཚེ་ཞེས་བྱ་བའི་དོན་ཏོ། །ཤི་འཕོས་པ་ན་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བ་ན་སྟེ། སྲིད་པ་བར་མའི་གནས་སྐབས་ལ་སྐྱེ་བར་འགྱུར་བ་ཞེས་བརྗོད་པའི་ཕྱིར་རོ། །སྔོན་གྱི་རིས་མཐུན་པའི་ལུས་ཤི་བར་གྱུར་ནས་སྐྱེ་བ་གཞན་
མ་བླངས་པ་ནི་སྐྱེ་བར་འགྱུར་བ་ཞེས་བྱ་བའོ། །སྲིད་པ་བར་མའི་གནས་སྐབས་ན་ཡང་ཁ་དོག་ཉིད་དང་ལྡན་པའི་ཕྱིར་སྨྲས་པ། མདོག་སྡུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ། བདེ་འགྲོར་འགྲོ་བའི་སྲིད་པ་བར་མ་ནི་ཇི་ལྟར་ཡར་ངོའི་ཟླ་བའི་འོད་ཀྱིས་བསྐོར་བ་ལྟ་བུར་གསལ་བར་སྣང་བ་ཡིན་ནོ། །
ངན་འགྲོར་འགྲོ་བའི་སྲིད་པ་བར་མའི་མཚན་མ་ནི་མུན་པའི་ནང་དུ་ཞུགས་པ་ལྟ་བུའམ། མདོག་ཤིན་ཏུ་མི་སྡུག་པར་འགྱུར་རོ། །དེའི་ཕྱིར་སྨྲས་པ། ངན་པ་དང་། བཟང་པོ་དང་ཞེས་བྱ་བ་ཡིན་ནོ། །མདོའི་ཚིག་ལས། བདེ་འགྲོ་དང་། ངན་འགྲོ་ཞེས་བྱ་བ་དེར། ངན་འགྲོ་ནི་དམན་པའོ། །
བདེ་འགྲོ་ནི་བཟང་པོའོ། །དེ་ལྟ་བུ་ནི་རེ་ཞིག་སྲིད་པ་བར་མའི་གནས་སྐབས་པའི་དབྱེ་བའོ། །སྔོན་དུས་ཀྱི་སྲིད་པ་ལ་གནས་པའི་དབང་དུ་བྱས་ནས་སྨྲས་པ། ཕྱི་མའི་མཐར་སྐྱེས་ཤིང་ཞེས་བྱ་བ་ནི་ཇི་ལྟར་ལས་ཀྱི་དབང་གིས་འགྲོ་བ་རྣམས་ཞེས་བྱ་བའི་མདོའི་ཚིག་གིས་སོ། །དེའི་བཤད་པ་ནི།
སྐྱེས་ཤིང་འཕེལ་བའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་པས་ཞེས་བྱ་བའོ། །ལུས་ཀྱི་སྤྱོད་པ་ཞེས་བྱ་བ་ནི་དང་པོ་བསྟན་པས་ལྷག་མ་རྣམས་ཀྱང་གྲུབ་པར་རིག་པར་བྱའོ། །སྲིད་པ་འདིར་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ལེགས་པར་སྤྱོད་པ་དང་ལྡན་པའོ་
ཞེས་བྱ་བའི་མདོའི་ཚིག་གིས་སོ། །ལུང་དུ་མ་བསྟན་པ་མ་སྨོས་པས་དོན་གྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །མདོར་མ་བསྟན་པ་ནི་མདོ་ལས་བདེ་འགྲོ་དང་། ངན་འགྲོའི་རྒྱུར་ཤེས་པར་བྱ་བའི་ཕྱིར་ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྣང་བ་ཡང་

ཞེས་བྱ་བ་ནི་སེམས་ཅན་མ་ཡིན་པའི་ལུས་སྟོན་པའི་དབང་དུ་བྱས་ནས་སྨྲས་པའོ། །མིག་གི་ཡུལ་གང་ཡིན་པ་དེ་མཐོང་ངོ་ཞེས་བྱ་བར་བསྟན་པའི་ཕྱིར་སྨྲས་པ། ཆ་ཕྲ་བ་ཡང་ཞེས་བྱ་བ་ལ་དེ་ཉིད་བཤད་པ་ནི། གཟུགས་སྤྲུལ་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་རྫོགས་
པར་མ་གྱུར་པའི་གནས་སྐབས་ཀྱི་གང་ཡིན་པ་དང་སྤྲུལ་པ་ནི་ཆ་ཕྲ་བའོ། །ཡང་ཆ་ཕྲ་བའི་སྤྲུལ་པའི་དབང་དུ་བྱས་ནས་བསྟན་པར་བྱ་སྟེ། ཇི་ལྟར་འདུལ་བ་ལས་མ་འགགས་པས་སྨྲས་པ། ངས་སངས་རྒྱས་ཀྱི་སྤྱན་གྱིས་ལྟ་ན། སྲིད་པ་བར་མ་དང་། སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་
མེད་པ་མཐོང་ངོ་ཞེས་སྨྲས་པས་དེ་ལྟར་བྱས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆ་ཕྲ་བ་ཡང་བསྟན་པར་འགྱུར་བ་ཡིན་ནོ། །ལྷའི་འགྲོ་བར་གཏོགས་པ་ནི་མི་ལ་ལྟོས་ནས་ཆ་ཕྲ་བ་ཡིན་ནོ་ཞེས་བྱ་བར་སྨྲས་པ། ལྷའི་གཟུགས་དང་ཞེས་བྱ་བ་ལ། གཟུགས་ན་ཀུན་དུ་སྤྱོད་
པའི་གཟུགས་གང་ཡིན་པའོ། །སྲིད་པ་བར་མའི་སྐྱེ་བ་ཆ་ཕྲ་བས་ཆ་ཕྲ་བའོ། །གཞིག་ཏུ་མེད་པས་དང་བའོ། །ཐག་རིང་བ་དང་། བསྒྲིབས་པ་སྤྱོད་ཡུལ་དུ་གྱུར་པར་བསྟན་པའི་ཕྱིར་སྨྲས་པ། འོག་ཏུ་མནར་མེད་པ་ལ་ཐུག་པ་ཞེས་བྱ་བ་སྟེ། འདོད་པ་དང་ལྡན་པའི་གཟུགས་སྟོན་པའི་
དབང་དུ་བྱས་ནས་སྨྲས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུས་བསྡུས་པའི་གཟུགས་མཐོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་བཞིན་གཤེགས་པའམ་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་ཤེས་པ་གཉིས་ནི་
ལས་མཚུངས་པ་ཉིད་དུ་བསྟན་པས་ལས་བསྟན་པར་བྱ་སྟེ། དགེ་བ་བྱེད་པའི་སེམས་ཅན་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་རབ་ཏུ་འགོད་པར་བྱེད་པ་དང་། མི་དགེ་བ་བྱེད་པ་རྣམས་མི་དགེ་བ་ལས་བསླང་ནས་དགེ་བ་ལ་རབ་ཏུ་འགོད་པར་བྱེད་པས་གང་གིས་རབ་ཏུ་འཇོག་པ་དེ་ནི་ཡང་དག་
པར་སྟོན་པ་དག་ཡང་དག་པར་བསྐུལ་བ་དང་། ཡང་དག་པར་གཟེངས་བསྟོད་པ་རྣམས་དང་། ཇི་ལྟར་རིགས་པར་རམ། གོ་རིམས་བཞིན་དུ་ཡང་རུང་ངོ་། །ལྷའི་རྣ་བས་དགེ་བ་དང་། མི་དགེ་བའི་ངག་འཇུག་པར་གྱུར་པ་ན་ཐོས་ཤིང་ཤེས་པར་བྱས་ནས་དེ་དག་ལ་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །སེམས་

དང་སེམས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། དེ་གཅིག་ནས་གཅིག་ཏུ་འཇུག་པའོ། །དེ་འཛིན་པར་བྱེད་པའི་ཤེས་པ་ནི་སེམས་ཀྱི་རྣམ་གྲངས་མཁྱེན་པའོ། །ཉོན་མོངས་པས་ཀུན་ནས་དཀྲིས་པ་ཞེས་བྱ་བ་ལ་སོགས་པ་ནི་མདོའི་རྗེས་སུ་
འབྲངས་ནས་བསྟན་པ་སྟེ། གང་གི་ཕྱིར་མདོ་ལས་བསྟན་པ་ནི་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་དང་ཞེས་བྱའོ། །ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་དང་ཞེས་བྱ་བ་ནི་གང་ཡང་མདོ་ལས། འདོད་ཆགས་དང་བྲལ་བ་དང་།
ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་དང་ཞེས་བྱ་བས་བསྟན་ཏོ། །ཉོན་མོངས་པ་དང་འབྲེལ་པ་དང་བཅས་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པར་གྱུར་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། བག་ལ་ཉལ་བ་དང་བཅས་པ་དང་ཞེས་བྱ་བའོ། །ཉོན་མོངས་པ་དང་བཅས་པ་
དང་། ཉོན་མོངས་པ་དང་བྲལ་བ་དང་ཞེས་བྱ་བའི་མདོའི་བཤད་པ་ཡིན་ནོ། །ཕྱིན་ཅི་ལོག་དང་བཅས་པ་དང་། ཕྱིན་ཅི་ལོག་དང་བཅས་པ་མ་ཡིན་པའི་མདོའི་དོན་བཤད་པ་ནི། སྨོན་ལམ་ལོག་པར་བཏབ་པ་དང་། སྨོན་ལམ་ལེགས་པར་བཏབ་པ་ཞེས་བྱ་བ་ལ། སྨོན་ལམ་ལོག་
པར་བཏབ་པ་ནི་སྲིད་པར་སྐྱེ་བའི་ཕྱིར་ཡོངས་སུ་བསྔོས་པ་སྟེ། དེའི་ཕྱིར་སྨྲས་པ། མུ་སྟེགས་ཅན་གྱི་སེམས་དང་ཞེས་བྱ་བ་སྟེ། ཕྱི་རོལ་པ་ཐམས་ཅད་ཀྱི་སེམས་ནི་འཁོར་བ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་ཞེས་བྱས་ནས་སོ། །རྙེད་པ་དང་། བཀུར་སྟི་དང་། རབ་ཏུ་དགའ་བར་བྱས་
པའི་དབང་དུ་བྱས་ནས། འདོད་པའི་དབང་གིས་མཐོང་བའི་ཆོས་ལ་དགེ་བའི་ཕྱོགས་ལ་སྤྱོད་པ་དང་ལྡན་དུ་ཟིན་ཀྱང་སེམས་ཀྱིས་སྨོན་ལམ་ལོག་པར་བཏབ་པའོ་ཞེས་བསྟན་པའི་ཕྱིར། ཟང་ཟིང་དང་བཅས་པའི་བསམ་པ་ཅན་གྱི་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཞེས་བྱ་བའོ། །དེ་ལས་བཟློག་
པ་ཞེས་བྱ་བ་ནི། ཆོས་འདི་པའི་མྱ་ངན་ལས་འདས་པར་གཏོགས་པའི་སེམས་དང་། ཟང་ཟིང་མེད་པའི་བསམ་པ་ཉོན་མོངས་པ་མེད་པའི་སེམས་ནི་སྨོན་ལམ་ལེགས་པར་བཏབ་པའོ། །འདོད་པར་གཏོགས་པའི་སེམས་ནི་དམན་པའི་ཁམས་པ་ཡིན་པའི་ཕྱིར་རོ། །དམན་པ་ཉིད་དུ་བསྟན་པ་ནི།

འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་ཞེས་བྱ་བ་ནི་འདོད་པར་གཏོགས་པ་རྣམས་ཀྱི་ཡང་ཁ་ཅིག་རྟེན་སྐྱོན་དང་ལྡན་པ་ལ་བརྟེན་པས་ཕྲ་ཞིང་རྟོགས་པར་དཀའ་བ་ཡིན་ན་ཡང་ཤེས་པར་འགྱུར་ཞེས་བསྟན་པའི་ཕྱིར། ཐ་ན་རི་དྭགས་དང་བྱ་ཡན་ཆད་ཀྱི་སེམས་མཁྱེན་ཞེས་བྱ་བའོ། །
གཟུགས་ཀྱི་ཁམས་སུ་གཏོགས་པའི་སེམས་ནི་ཁམས་བར་མ་ཡིན་པས་བར་མའོ། །གཟུགས་མེད་པར་གཏོགས་པའི་སེམས་ནི་ཁམས་གྱ་ནོམ་པར་སྐྱེས་པས་གྱ་ནོམ་པའི་སེམས་ཞེས་བྱའོ། །ཁམས་གསུམ་པོ་འདི་དག་ཏུ་ཚོར་བ་རྣམ་པ་གསུམ་དང་ལྡན་པའི་སེམས་ཀྱང་ཇི་ལྟར་རིགས་
པར་ཤེས་པར་བྱའོ་ཞེས་བྱ་བར་སྨྲས་པ། བདེ་བ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པའོ། །དུས་གཅིག་ཏུའམ་རིམ་གྱིས་འཛིན་པའི་དབང་དུ་བྱས་ནས་སྨྲས་པ། སེམས་མཁྱེན་པ་གཅིག་གིས་ཞེས་བྱ་བ་ལ་སོགས་པའོ། །སེམས་ཀྱི་སྐད་ཅིག་གཅིག་གིས་སེམས་ཀྱི་རྒྱུན་རབ་ཏུ་
ཤེས་སོ། །དེའི་ཕྱིར་སྨྲས་པ། གང་གི་སེམས་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཞེས་བྱ་བ་ནི། སེམས་ཅན་གཞན་དག་གོ། །གང་ཡིན་པ་ཞེས་བྱ་བ་ནི་སེམས་སོ། །ཇི་ལྟ་བུ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པའོ། །ཅི་འདྲ་བ་ཞེས་བྱ་བ་ནི་
དམན་པ་དང་གྱ་ནོམ་པ་ལ་སོགས་པའོ། །ཇི་སྙེད་པ་ཞེས་བྱ་བ་ནི་སྐད་ཅིག་པ་དང་རྒྱུན་གྱིས་འཇུག་པའོ། །རྣམ་པ་འདི་དག་དུས་གཅིག་ཏུ་མཁྱེན་པའི་ཕྱིར་སྨྲས་པ། ཅིག་ཅར་ཞེས་བྱ་བའམ། འདིས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་ཅིག་ཅར་འཛིན་པར་བྱེད་དེ། མཐུ་
བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །མངོན་པར་ཤེས་པ་འདི་ནི་སྟོབས་རྣམ་པ་བཞི་ཀུན་ནས་སྐྱེད་པར་བྱེད་པ་དང་། འཕེལ་བར་བྱེད་པའོ་ཞེས་བྱ་བས་སྟོབས་ཀྱི་ལས་ཀྱི་སྒོ་ནས་དེའི་ལས་བསྟན་པའི་ཕྱིར་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དབང་
པོ་རྣམས་ནི་དམན་པ་དང་། བར་མ་དང་། མཆོག་གི་བྱེ་བྲག་གིས་མཆོག་དང་མཆོག་མ་ཡིན་པའོ། །དེ་མཁྱེན་པ་ནི་འཇུག་པ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ལམ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་རྣམས་བདེ་འགྲོར་འགྲོ་བ་དང་། མྱ་ངན་ལས་འདས་པར་འགྲོ་བའི་

ལམ་ལ་རབ་ཏུ་འགོད་པར་བྱེད་ཅིང་ཡང་དག་པར་སྤྱོད་པར་བྱེད་དོ་ཞེས་བྱ་བར་སྨྲས་པ། ཅི་རིགས་པར་ཞེས་བྱ་བའོ། །ཟག་པ་རྣམས་ཟད་པར་མཁྱེན་པའམ། ཟག་པ་ཟད་པར་བྱེད་པ་ནི་ཟག་པ་ཟད་པ་མཁྱེན་པ་སྟེ། ཟད་པའི་ང་རྒྱལ་དང་བྲལ་བའམ། ཟད་
པར་བྱ་བའི་ང་རྒྱལ་དང་བཅས་པའི་ཤེས་པ་དང་བྲལ་བ་ནི་ཟག་པ་ཟད་པ་མཁྱེན་པའོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་དབང་དུ་བྱས་ནས་སྨྲས་པ། བདག་གིས་སམ། གཞན་དག་གིས་ཐོབ་པའམ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་ཟད་པ་ཤེས་པ་ཡིན་
ནོ། །དེའི་ཕྱིར་འོག་ནས་མངོན་སུམ་དུ་ནི་མི་བྱེད་དོ་ཞེས་སྟོན་པ་ཡིན་ནོ། །ལམ་དང་ལམ་མ་ཡིན་པ་མཁྱེན་པ་ཡང་ཟད་པ་ཤེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འཐོབ་པའི་ཐབས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་གྱི་རྒྱུད་ཀྱི་ཟག་པ་ཟད་པ་
མངོན་སུམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཡིན་གྱི། རང་ཉིད་ཀྱིས་མངོན་སུམ་དུ་མི་མཛད་དེ། འཁོར་བ་ཡོངས་སུ་མི་གཏོང་བའི་ཕྱིར་དང་། ཉོན་མོངས་པ་རྣམས་ཀྱང་བྱང་ཆུབ་ལ་རྗེས་སུ་ཕན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་སྐད་དུ། ཁྱོད་ཀྱི་ཉོན་མོངས་
བྱང་ཆུབ་རྒྱུ་རུ་གྱུར་པ་ལགས། །ཞེས་བསྟན་པ་ཡིན་ནོ། །འཁོར་བ་ཡོངས་སུ་མི་གཏོང་བ་ཉིད་བསྟན་པར་བྱ་བའི་ཕྱིར། ཟག་པ་དང་བཅས་པའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་མི་སྤོང་བའོ། །དེ་ལ་ཟག་པ་དང་བཅས་
པ་ལ་སྤྱོད་ཅིང་དེ་ཀུན་ནས་འཕེལ་བར་བྱེད་པ་དང་། དེ་དང་ཡང་དག་པར་ལྡན་པས་གནས་ཀྱི་ཟག་པ་མེད་པས་ནི་མ་ཡིན་ནོ། །དེ་ལ་ཀུན་དུ་སྤྱོད་ན་ཡང་འཁོར་བའི་སྡུག་བསྔལ་ཉིད་ཀྱིས་ཀྱང་མི་གནོད་ལ། ཉོན་མོངས་པ་མ་སྤངས་ཀྱང་ཉོན་མོངས་པས་ཀྱང་མི་གནོད་པའོ་ཞེས་བསྟན་
པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་དོ་ཞེས་བསམས་པའོ། །མཐུ་ཐམས་ཅད་ཀྱི་ནང་ན་ཆེས་མཐུ་ཆེ་བ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཟག་པ་ཟད་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ཀྱང་། མངོན་སུམ་དུ་ཡང་མི་བྱེད་ལ། འཁོར་བ་ན་ཀུན་ནས་ཉོན་

མོངས་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་རྟོགས་པར་དཀའ་བ་ཉིད་དོ། །ཆོས་ཀྱི་མཐུ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་རྣམ་པ་དྲུག་ཏུ་བསྡུས་པར་རིག་པར་བྱའོ། །སྦྱིན་པ་ལ་སོགས་པའི་བྱ་བ་གང་ཡིན་པ་དེ་ནི་མཐུ་ཞེས་བྱ་སྟེ། ནུས་པའི་ཁྱད་པར་ཞེས་
བྱ་བའི་དོན་གང་ཡིན་པའོ། །དེ་དག་རེ་རེ་ཡང་རྣམ་པ་བཞི་བཞིའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྦྱིན་པ་ལ་སོགས་པའི་ཆོས་འདི་དག་གི་མཐུ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞི་བཞིར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། བདག་དང་གཞན་ལ་ཕན་འདོགས་པ་དང་། འབྲས་བུ་འབྱིན་པ་
དང་། སོ་སོར་རྣམ་པ་དུ་མར་འགྱུར་བའི་ཕྱིར་མདོར་བསྡུ་ན་ཞེས་བྱ་བ་སྨྲས་པ་ཡིན་ནོ། །མཐུ་དེ་ནི་ཡང་མདོར་ན་ཇི་ལྟར་རིགས་པར་རང་དང་གཞན་གྱི་རྒྱུད་ལ་རིག་པར་བྱ་སྟེ། ཕན་འདོགས་པའི་ཕྱོགས་གཅིག་ན་གཞན་གྱི་རྒྱུད་དུ་གཏོགས་པའོ། །ལྷག་མ་ནི་རང་གི་རྒྱུད་ཀྱིས་བསྡུས་
པའོ། །ཡང་ན་དུས་ཀྱི་དབྱེ་བས་རྣམ་པ་གཉིས་ཏེ། ཚེ་འདི་པ་དང་། ཕྱི་མ་པའོ། །དེ་ལ་མི་མཐུན་པའི་ཕྱོགས་སྤོང་བ་དང་། ཕན་འདོགས་པ་ནི་མཐོང་བའི་ཆོས་ལ་འབྱུང་བར་འགྱུར་རོ། །ལྷག་མ་ནི་ཕྱི་མ་ལའོ། །ཡང་མཐུ་རྣམ་པ་བཞི་ནི་རྣམ་པ་གཉིས་སུ་གཞག་པར་རིག་པར་བྱ་
སྟེ། ཉེས་པ་ངེས་པར་སྤོང་བ་ནི་དང་པོས་སོ། །ཡོན་ཏན་ཡང་དག་པར་སྒྲུབ་པ་ནི་གསུམ་གྱིས་སོ། །ཡང་ན་མཐོང་བའི་ཆོས་ཀྱི་འབྲས་བུ་དང་། ཚེ་ཕྱི་མའི་དབང་དུ་བྱས་ནས་མཐུ་རྣམ་པ་བཞི་རྣམ་པར་གཞག་པར་བྱའོ། །ཡང་མཐོང་བའི་ཆོས་ཀྱི་འབྲས་བུ་དང་། འཇིག་རྟེན་ཕ་རོལ་གྱི་
དབང་དུ་བྱས་ནས་མཐུ་རྣམ་པ་བཞི་རྣམ་པར་གཞག་པར་བྱའོ། །མཐོང་བའི་ཆོས་ཀྱི་འབྲས་བུ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། དགེ་བའི་བར་དུ་གཅོད་པ་རྣམས་ཡོངས་སུ་སྤོང་བ་ནི་གང་གི་ཕྱིར་སྨྲས་པ། མི་མཐུན་པའི་ཕྱོགས་སྤོང་བ་དང་ཞེས་པའོ། །ཡང་དེ་ནི་དུས་རེ་ཞིག་པར་རིག་པར་
བྱའོ། །ཁ་ན་མ་ཐོ་བ་མེད་པའི་བདེ་བ་དང་། ཡིད་བདེ་བ་ནི་གང་གི་ཕྱིར་ཡང་སྨྲས་པ། བདག་དང་གཞན་ལ་ཕན་འདོགས་པ་ཞེས་བྱའོ། །ཚེ་ཕྱི་མའི་འབྲས་བུ་རྣམ་པ་གསུམ་གྱི་དབང་དུ་བྱས་པར་རིག་པར་བྱ་སྟེ། གཏན་དུ་རྣམ་པར་སྤངས་པའི་འབྲས་བུ་ནི་གང་ཡང་ཚོགས་ཡོངས་

སུ་སྨིན་པར་བྱེད་པ་དང་ཞེས་བྱ་བའོ། །རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་ནི་གང་ཡང་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཞེས་བྱ་བའོ། །ཀུན་ལ་ཡང་ཁྱད་པར་གྱི་ཚིག་བརྗོད་པར་བྱ་སྟེ། རྣམ་པར་སྤངས་པའི་འབྲས་བུའི་ཁྱད་པར་དང་
ཞེས་བྱ་བ་ནས། ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པའི་ཁྱད་པར་ཉིད་དང་ཞེས་བྱ་བའོ། །སྦྱིན་པའི་མི་མཐུན་པའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་སོ། །ཡང་དེ་ནི་སེར་སྣ་སྟེ། དེ་ཡོད་ན་སྦྱིན་པ་ལ་མི་འཇུག་པ་སྟེ། སེར་སྣ་དང་། དངོས་པོ་ལ་ཆགས་པ་དང་། ཤིན་ཏུ་ཞེན་པ་ཞེས་བྱ་
བ་ནི་ཁྱད་པར་ཏེ། སྦྱིན་པ་དང་འགལ་བའི་སེམས་ལས་བྱུང་བ་ཀུན་དུ་འཛིན་པས་འདི་བདག་དང་ནམ་ཡང་འབྲལ་བར་མ་གྱུར་ཅིག་ཅེས་བྱ་བའི་རྣམ་པར་ཞུགས་པ་ནི་སེར་སྣའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ན་ཡང་།
སེར་སྣ་ཁོ་ན་སྨོས་པ་ནི། མངོན་སུམ་དུ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉེ་བར་བཟུང་ནས་བསྟན་པའི་ཕྱིར་ཏེ། དེའི་རྣམ་པ་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་འབྱུང་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་སྙིང་རྗེ་ལས་བྱུང་བ་ནི་རྒྱུ་དང་འབྲས་བུ་ལ་ལྟོས་པ་མེད་པའི་ཕྱིར། དེ་གཉི་
གའི་འཛིན་པ་དང་བྲལ་བས་ཚེ་འདི་དང་ཕ་རོལ་དུ་ཡང་རྒྱུ་དང་འབྲས་བུ་ལ་སེར་སྣ་སྤངས་པར་རིག་པར་བྱའོ། །འདིར་སྐྱེས་པ་རྣམས་སེལ་བར་བྱེད་པ་སྤོང་བ་ཡིན་ཏེ། ཚེ་འདི་ལ་སྦྱིན་པ་ལ་གོམས་པར་བྱས་པས་ཕ་རོལ་དུ་མི་སྐྱེ་བ་ཉིད་སྤངས་པ་ཡིན་ནོ། །ཚོགས་ཡོངས་སུ་སྨིན་པ་བསྟན་པའི་
ཕྱིར། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ་ཞེས་བྱ་བ་ནི་བྱང་ཆུབ་སྡུད་པར་བྱེད་པས་ན་བྱང་ཆུབ་ཀྱི་ཚོགས་ཏེ། འདི་ཐོས་པར་བྱེད་པས་ན་ཞེས་བྱས་ནས་ཡང་དག་པར་སྡུད་པར་བྱེད་ཅིང་འཐོབ་པར་བྱེད་པས་ཚོགས་ཏེ། དུས་རིང་པོར་གོམས་པར་བྱས་པ་ཐམས་ཅད་གཅིག་ཏུ་བྱས་ནས་
བསྡོམས་ཏེ་དུས་གཞན་དག་ན་འཐོབ་པའི་ཐབས་སུ་ཉེ་བར་གནས་པར་གྱུར་པའོ་ཞེས་བྱས་ནས་སོ། །སྦྱིན་པ་ནི་བསྡུ་བའི་དངོས་པོ་བཞིའི་ནང་ནས་གཅིག་ཡིན་པའི་ཕྱིར་སྨྲས་པ། བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་། །ཞེས་བྱ་བ་ལ་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་

རིག་པར་བྱ་སྟེ། འདི་དང་ཕ་རོལ་དག་ཏུའོ། །ཡང་དག་པར་བདག་གི་དབང་དུ་གྱུར་པས་ཇི་ལྟར་འདོད་པའི་བྱ་བ་བྱེད་པ་ཉིད་དང་། ཕྱི་མ་ལ་ནུས་པ་ཇི་ལྟ་བ་བཞིན་དུ་ཐེག་པ་རྣམ་པ་གསུམ་ལ་འཇུག་པར་བྱ་བ་ལ་རྒྱུད་སྣོད་དུ་རུང་བར་བྱེད་པའི་ཕྱིར་རོ། །དེ་ལྟར་མདོར་བསྟན་པས་བདག་
དང་གཞན་རྗེས་སུ་གཟུང་བ་བསྟན་ནས། བདག་ཉིད་གཟུང་བ་རྒྱས་པར་བསྟན་པའི་ཕྱིར། དུས་གསུམ་དུ་ཡིད་དགའ་ཞིང་རབ་ཏུ་དགའ་བ་དང་། རབ་ཏུ་མགུ་བ་མང་བ་ཉིད་ཀྱི་ཕྱིར་ཏེ། སྦྱོར་བ་དང་། དངོས་གཞི་དང་མཇུག་གིས་བསྡུས་པའམ། ཐོག་མ་དང་། བར་དང་། ཐ་
མས་ཡང་དག་པར་བསྡུས་པ་སྟེ། ཐོག་མར་རྣམ་པར་བརྟག་པ་ལ་སོགས་པ་དང་བྲལ་བས་རྩོད་པ་དང་བྲལ་བའི་སྦྱིན་པ་ལས་ངེས་པ་ཐོབ་པ་ན་ཡིད་དགའ་ལ། བར་དུ་དངོས་གཞིའི་དུས་སུ་རང་གི་རྒྱུད་ལ་འདོད་པ་དང་། སེར་སྣ་སྤོང་བ་དང་། གཞན་གྱི་རྒྱུད་ལ་ཕན་འདོགས་པ་ལ་ཞུགས་པའི་
སྒོ་ནས་བྱམས་པ་ཐོབ་པའི་སེམས་དང་བར་བྱེད་ཅིང་། མཇུག་གི་དུས་སུ་སྟེ་མཐར་ཡང་འགྱོད་པར་མི་བྱེད་པས་ན་འགྱོད་པ་མེད་པའོ། །འགྱོད་པ་མེད་ན་སེམས་དགའ་བར་འགྱུར་བའི་རང་བཞིན་ནོ། །དེ་ལྟ་བུའི་འགྲོ་བ་རྣམ་པ་གསུམ་སྦྱིན་བདག་དང་། གཏོང་བ་པོ་ལ་སྐྱེད་པའི་ཕྱིར་
ལེན་པ་པོ་ལ་བཅོམ་ལྡན་འདས་ཀྱི་བྱ་བ་རྣམ་པ་གསུམ་གནས་ཏེ། བདག་གིར་བྱ་བའི་བྱ་བ་དང་། ཉེ་བར་བཏགས་པའི་བྱ་བ་དང་། རྗེས་སུ་ཡི་རང་བའི་བྱ་བའོ། །གཞན་དག་ལ་ཡང་གཙོ་བོར་གྱུར་པ་རྣམ་པ་གཉིས་ཀྱིས་ཕན་འདོགས་པ་རྣམ་པ་གཉིས་སུ་རིག་པར་བྱའོ། །ཡོངས་སུ་
སྤྱོད་པའི་སྦྱིན་པས་ནི་བཀྲེས་པ་དང་། སྐོམ་པ་དང་། ནད་ཀྱི་སྡུག་བསྔལ་སེལ་བར་བྱེད་དོ། །དེ་ལ་བཟའ་བ་དང་། བཏུང་བ་ལོངས་སྤྱོད་པས་ནི་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་སེལ་ཏོ། །གོས་དང་། ཁྱིམ་སྦྱིན་པར་བྱས་པས་ནི་གྲང་བ་དང་ཚ་བའི་སྡུག་བསྔལ་སེལ་ཏེ། སྨན་
དང་ཉེ་བར་ལོངས་སྤྱོད་པ་བྱིན་པས་ནི་ནད་ཀྱི་སྡུག་བསྔལ་སེལ་ཏོ། །ཡོངས་སུ་གཏོང་པའི་སྦྱིན་པས་ནི། འདོད་པས་ཕོངས་པའི་སྡུག་བསྔལ་སེལ་བར་བྱེད་པས་ཕན་འདོགས་པར་བྱེད་དེ། མངོན་པར་འདོད་པ་གྲུབ་པས་སེམས་ཡང་དག་པར་དགའ་བ་བསྐྱེད་པའི་ཕྱིར་རོ། །མི་འཇིགས་པའི་

སྦྱིན་པས་ནི་འཆི་བས་འཇིགས་ཤིང་སྐྲག་པ་རྣམས་སེལ་བར་བྱེད་དོ། །དེ་ལྟར་ཡོངས་སུ་ལོངས་སྤྱོད་པ་ཡོངས་སུ་གཏོང་བ་དང་། མི་འཇིགས་པའི་སྦྱིན་པས་ཕ་རོལ་པོ་ལ་བདེ་བ་དང་། ཡིད་བདེ་བ་སྐྱེད་པར་བྱེད་པའི་སྒོ་ནས་ལུས་དང་སེམས་ལ་ཕན་འདོགས་
པ་གསལ་བར་བསྟན་པ་ཡིན་ནོ། །གང་དང་གང་དུ་སྐྱེས་པར་ཞེས་བྱ་བ་ནི་ལྷ་རྣམས་སུའམ། མི་རྣམས་སུའམ། རྒྱལ་རིགས་ལ་སོགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སོ། །སྦྱིན་པའི་འབྲས་བུ་ཆེན་པོ་རྣམ་པ་གསུམ་གྱིས་ལོངས་སྤྱོད་ཆེན་པོར་འགྱུར་བ་ཉིད་བསྟན་པའི་ཕྱིར།
གང་ལ་ལོངས་སྤྱོད་པ་དང་། གང་དག་ལོངས་སྤྱོད་པ་དང་། གང་དག་གིས་མངོན་པར་བསྒྲུབས་པ་དེ་དག་ཐམས་ཅད་ལོངས་སྤྱོད་ཅེས་བྱས་ནས་སོ། །ཕན་འདོགས་པའི་དབང་དུ་བྱས་ནས་སྨྲས་པ། ཕྱུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཉེ་བར་ལོངས་སྤྱོད་པའི་དངོས་པོ་ཡང་
རྣམ་པ་གཉིས་ཏེ། ནོར་དང་འབྲུའོ། །དེ་དག་གཉི་ག་བསགས་པ་ཆེན་པོ་དང་ལྡན་པ་ནི་ཕྱུག་པ་སྟེ། ཇི་སྐད་དུ། ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་མང་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བྱ་བས་བསྟན་པ་ཡིན་ནོ། །ཉེ་བར་ལོངས་སྤྱོད་པས་ནི། ཁ་ཟས་དང་། སྣོད་
སྤྱད་དང་། ཉེ་བར་མཁོ་བ་ལ་སོགས་པ་ཆེན་པོ་དང་ལྡན་པ་ནི་ལོངས་སྤྱོད་ཆེན་པོའོ། །དེས་ན་ནོར་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་གང་བསྟན་པ་ཡིན་ནོ། །གྲོགས་བཤེས་ལ་སོགས་པ་མང་བ་ནི་རྩ་འཇིང་ཆེ་བ་བཞིའོ། །བྲན་པོ་ལ་སོགས་པ་མང་བ་ནི་གཡོག་འཁོར་ལ་སོགས་
སོགས་པ་མང་བར་འགྱུར་བའོ། །དེ་དག་གིས་ནི་རྣམ་པར་སྨིན་པའི་འབྲས་བུ་བསྟན་ཏོ། །རྒྱུ་མཐུན་པའི་འབྲས་བུའི་དབང་དུ་བྱས་ནས་སྨྲས་པ། སྦྱིན་པ་ལ་ཡང་མོས་པར་འགྱུར་ཏེ་ཞེས་བྱ་བ་ནི་ཕྱི་མ་ལ་ཡང་སྦྱིན་པ་ལ་སེམས་འགྲོ་བར་འགྱུར་རོ་ཞེས་བྱས་ནས་སོ། །སྦྱིན་པའི་འབྲས་བུའི་ཁྱད་
པར་རྣམས་ནི་བསྟན་པ་དེ་དག་ལས་ལྷག་པར་སྒྲུབ་པའི་ནུས་པ་མེད་པར་སྨྲས་པ། འདི་ལས་གོང་ན་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་ཚུལ་ཁྲིམས་འཆལ་བ་ནི་ཀུན་ནས་སློང་བ་དང་བཅས་པའི་ལུས་དང་ངག་གི་ཉེས་པར་སྤྱོད་པའོ། །དམད་པའི་ཚུལ་ཁྲིམས་ནི་འཆལ་བའི་

ཚུལ་ཁྲིམས་སོ། །དེའི་ངོ་བོ་ནི་ཚུལ་ཁྲིམས་འཆལ་བ་ཉིད་དོ། །དེ་དང་ལྡན་པའི་སྐྱེས་བུ་ནི་ཚུལ་ཁྲིམས་འཆལ་པ་ཉིད་དོ། །ཚུལ་ཁྲིམས་ནི་འདིར་ལུས་དང་ངག་གི་མཉམ་པར་སྤྱོད་པ་སྟེ། དོན་དེ་ལ་མོས་པ་ཉིད་དོ། །བསྡུ་བའི་དངོས་པོ་བཞི་ལས་ནི་ཚུལ་ཁྲིམས་དོན་མཐུན་པ་ཡིན་ཏེ།
གཞན་དག་ཚུལ་ཁྲིམས་ལ་ཡང་དག་པར་གཞག་པར་འདོད་པ་དེས་བདག་ཉིད་ཚུལ་ཁྲིམས་ལ་ཡང་དག་པར་གནས་པར་བྱས་པས་སོ། །དེ་བཞིན་དུ་དོན་མཐུན་པ་གཞན་དག་ལ་ཡང་རིག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བསྟན་པས་ནི་བདག་དང་གཞན་ལ་ཕན་
གདགས་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་དུ་བལྟ་བར་བྱའོ། །འཆལ་པའི་ཚུལ་ཁྲིམས་ཀྱི་རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་འཇིགས་པར་འགྱུར་རོ་ཞེས་བྱ་བ་དགོས་པ་ནི་འཇིགས་པའོ། །འཆལ་པའི་ཚུལ་ཁྲིམས་སྤངས་པས་དེ་ཡང་སྤོང་བར་འགྱུར་བ་ནི་
བདག་ཉིད་ལ་ཕན་འདོགས་པའོ། །ཁ་ན་མ་ཐོ་བ་ནི་དཔྱས་སུ་བྱས་པ་སྟེ། སྐྱེས་བུ་དམ་པས་ད་མད་པའོ། །ཁོན་དུ་འཛིན་པ་ནི་མཐོང་བའི་ཆོས་ཉིད་ལ་གཞན་གྱིས་མི་འདོད་པའི་བྱ་བ་བྱེད་པར་འབྲེལ་པའོ། །དེ་ལྟ་བུའི་མི་ཕན་པ་དང་། མི་བདེ་བ་ཡོངས་སུ་སྤངས་པ་ལ་ཕན་པའི་དོན་གྱི་སྒོ་ནས་
ཕན་གདགས་པ་གསུངས་པ་ཡིན་ནོ། །ད་ནི་བདེ་བ་དང་ཡིད་བདེ་བ་ལ་གནས་པས་ཕན་གདགས་པ་བསྟན་པའི་ཕྱིར་སྨྲས་པ། བདེ་བར་གཉིད་ཀྱིས་ལོག་ཅིང་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ནི་ལུས་དང་སེམས་གདུང་བ་མེད་པར་བྱེད་པ་ཡིན་པས་ཉིན་དང་མཚན་དུ་བདེ་བར་གནས་
པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་བདེ་བར་གཉིད་ཀྱིས་ལོག་ཅེས་བྱ་བས་ནི་མཚན་མོ་གདུང་བ་མེད་པ་ཉིད་བསྟན་ཏོ། །བདེ་བར་སད་པར་འགྱུར་ཞེས་བྱ་བས་ནི་ཉིན་མོ་བསྟན་པ་ཡིན་ནོ། །དེའི་ཕྱིར་ཚིགས་སུ་བཅད་པ་ལས་བསྟན་པ། ཚུལ་ཁྲིམས་ཡང་དག་བླངས་པ་བདེ། །ལུས་ཀྱང་
གདུང་བ་མེད་པ་དང་། །མཚན་མོའང་བདེ་བར་གཉིད་ཀྱིས་ལོག །སད་པ་ནའང་དགའ་བར་འགྱུར། །ཞེས་བྱ་བ་ཡིན་ནོ། །ཚུལ་ཁྲིམས་ནི་ཏིང་ངེ་འཛིན་གྱི་རྒྱུད་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པར་འགྱུར་ལ་ཞེས་བྱ་བའི་

རིམ་གྱིས་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །དེ་ལས་དབེན་པ་ལས་སྐྱེས་པའི་བདེ་བ་འབྱུང་བར་འགྱུར་བས་དེ་ལྟར་ན་བདག་ཉིད་ལ་ཕན་འདོགས་པ་ཡིན་ནོ། །གཞན་ལ་ཕན་འདོགས་པ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་
པ་སྨྲས་ཏེ། ཚུལ་ཁྲིམས་དང་ལྡན་པ་ལ་ནི། གཞན་དག་འདིས་བདག་ལག་པ་དང་། དབྱུག་པ་དང་། བོང་བ་ལ་སོགས་པས་སམ། སྦྱོར་བ་དང་དངོས་གཞི་དང་། མཇུག་གི་དུས་སུའམ། ལུས་དང་ངག་གི་གནོད་པ་བྱེད་ཅིང་སྡུག་བསྔལ་སྐྱེད་པར་འགྱུར་རོ་ཞེས་དོགས་པ་སྐྱེ་བར་མི་
འགྱུར་བས་མི་འཇིགས་པ་སྦྱིན་པར་བྱེད་པ་ཡང་ཡིན་ནོ། །དེའི་ཕྱིར་སྦྱིན་པ་ཆེན་པོ་ནི་ལྔ་སྟེ་ཞེས་གསུངས་པ་ཡིན་ནོ། །ཚུལ་ཁྲིམས་ལ་ཡང་མོས་པར་འགྱུར་ཏེ་ཞེས་བྱ་བ་ནི་ཕྱི་མ་ལ་སྟེ། དབང་ཕྱུག་ཆེན་པོའི་རྒྱུས་ཀྱང་། འདུལ་དང་འགལ་བར་འཇུག་མི་མཛད། །ཅེས་བསྟན་པས་
སོ། །མི་བཟོད་པ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་བརྟེན་ནས་དེ་ལ་ཁོང་ཁྲོ་བའི་རྒྱུན་འཇུག་པར་འགྱུར་བའོ། །བཟོད་པ་ནི་ཁོན་ཞི་བར་བྱེད་པ་ཡིན་པས་གཞན་དག་གིས་གནོད་པ་བྱེད་པ་དང་། འཆིང་བ་ལ་སོགས་པའི་སྡུག་བསྔལ་མི་བྱེད་པས་བདག་ཡོངས་སུ་སྐྱོབ་པར་བྱེད་པ་ཉིད་དོ། །སྐྱེ་བོ་
དམ་པའི་བཟོད་པའི་རང་བཞིན་གོ་ཆ་ཡིས། །སྐྱེ་བོ་ངན་པའི་ཚིག་གི་མདའ་ནི་ལོག་གྱུར་ནས། །ཞེས་བྱ་བའི་ཚིག་གིས་སོ། །དེ་དག་གི་ཁ་ན་མ་ཐོ་བ་དང་། མི་འདོད་པའི་འབྲས་བུའི་སྡུག་བསྔལ་ལས་ཀྱང་ཡོངས་སུ་སྐྱོབ་པ་ཡིན་ནོ། །དེ་ལྟ་བུའི་བདག་དང་གཞན་ལ་ཕན་འདོགས་པའི་རྒྱུ་མཐུན་
པའི་འབྲས་བུ་བསྟན་པའི་ཕྱིར། ཕྱི་མ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཁོན་མང་བར་མི་འགྱུར་བ་ནི་ཕྱི་མ་ལ་དགྲའི་ཕྱོགས་མེད་པར་འགྱུར་བའམ། དམན་པར་འགྱུར་བའོ། །འབྱེད་པ་མི་མང་བ་ནི་གྲོགས་དང་འཁོར་དང་མི་ཕྱེད་པར་འགྱུར་བའོ། །དེའི་ཕྱིར་གཞན་དག་གིས་
མི་འདོད་པ་བྱེད་པར་དོགས་པ་མེད་པའི་ཕྱིར། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་མང་བར་ཡང་མི་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་ཁོན་དུ་འཛིན་པ་རབ་ཏུ་ཞི་བས་ལུས་དང་ངག་གི་ལས་དཔྱས་མེད་པ་ཀུན་དུ་སྤྱོད་པས་འགྱོད་པ་མེད་པར་འགྱུར་བའོ། །བརྟེན་པ་ན་ཞེས་བྱ་བ་ནི་བྱང་ཆུབ་པའི་དུས་ན་

ཡང་བརྩོན་འགྲུས་དང་ལྷན་ཅིག་འཇུག་པར་འགྱུར་བའི་ཕྱིར་ཏེ། བྱང་ཆུབ་ཐོབ་པའི་དུས་ནའང་བརྩོན་འགྲུས་བརྩམས་པ་དང་བཅས་པ་ཡིན་པས་དེ་ཉིད་ཀྱིས་དེ་ཐོབ་པར་བྱེད་པས་སོ། །བརྩོན་འགྲུས་བརྩམས་པ་ནི་གཅིག་ཏུ་དགེ་བ་བྱེད་པར་འགྱུར་རོ། །དེ་རྟག་ཏུ་གུས་པ་རྒྱུན་མི་འཆད་པའི་
སྦྱོར་བ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཀུན་དུ་སྤྱོད་པའི་སྐབས་མེད་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ། བདེ་བ་ལ་རེག་པར་གནས་པ་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རེག་པར་བྱ་བ་མ་ཡིན་པ་ལ་གནས་པ་ཡོངས་སུ་སྤངས་པའི་ཕྱིར་བདག་ཉིད་ལ་ཕན་འདོགས་པ་ཡིན་ནོ། །དེ་ནི་བརྩོན་
འགྲུས་ཀྱི་སྒོ་ནས་གོང་མ་གོང་མའི་ཁྱད་པར་འཐོབ་པར་འགྲོ་བའི་དགའ་བས་ཕན་འདོགས་པ་བསྟན་པའི་ཕྱིར། སྔོན་ལས་གོང་དུ་དགོས་པར་ཞེས་བྱ་བ་ལ་སོགས་པ་ལ། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བ་དང་ལྡན་པའི་ཕྱིར་གཞན་དག་ལ་ཉེ་བར་འཚེ་བའི་སྐབས་མེད་པ་ཉིད་དོ། །དེ་ལྟར་
ཉེ་བར་འཚེ་བ་མི་བྱེད་པ་ཉིད་ཀྱིས་གཞན་ལ་ཕན་འདོགས་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། རྣམ་པ་གཉི་གས་ཀྱང་བདག་དང་གཞན་ལ་ཕན་འདོགས་པ་ཡིན་པ་ནི་ཉེ་བར་འཚེ་བར་མི་བྱེད་པ་དང་། ཕན་འདོགས་པ་ལ་མངོན་སུམ་དུ་ཕྱོགས་པའི་ཕྱིར་རོ། །དེ་ལྟ་བུར་ཞུགས་པ་དེས་གཞན་དག་ཀྱང་
བརྩོན་འགྲུས་བརྩམས་པས་འདུན་པ་བསྐྱེད་པར་འགྱུར་རོ། །དེ་ལྟ་བུས་ཀྱང་གཞན་ལ་ཕན་འདོགས་པ་ཡིན་ནོ། །སྔོན་དགེ་བའི་ཆོས་ལ་གོམས་པར་བྱས་པ་ནི་རྒྱུའི་སྟོབས་ཅན་ནོ། །བརྩམས་པ་ཐམས་ཅད་ལ་སྤྲོ་བ་མང་བ་ཉིད་དེ། སྐྱེས་བུའི་རྩལ་ལ་མངོན་པར་དགའ་བའོ། །བསམ་གཏན་
གྱི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་ནི་རྟེན་གྱི་ས་དང་། རིང་གི་ས་པའི་མ་ཐོབ་པ་དང་། ཐོབ་པ་ལས་ཡོངས་སུ་ཉམས་པའི་རྒྱུར་གྱུར་པའི་ཕྱིར་བསམ་གཏན་གྱི་ཉོན་མོངས་པ་མི་མཐུན་པའི་ཕྱོགས་ཀྱི་དབང་དུ་བྱས་ནས་སྨྲས་པ། ཚིག་གི་རྟོག་པ་ཞེས་བྱ་བ་ལ་སོགས་པ་ལ། ཚིག་གི་