Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 133
Văn bản gốc(Tây Tạng)
Trang 5 / 23 (50.000 ký tự/trang)
་བྱ་བའི་དོན་ཏོ། །ཇི་སྐད་བསྟན་པའི་ཕན་ཡོན་དང་ལྡན་པའི་ཕྱིར་ཕན་ཡོན་མང་པོ་དང་ལྡན་པའོ། །བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ་ ཞེས་བྱ་བ་ནི་རང་གི་དོན་ལ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་རང་གི་རྒྱུད་ལ་ཐོབ་པ་ཉིད་ནི་རང་གི་དོན་ཏེ། རང་ལ་དགོས་པའི་དབང་གིས་བསྒྲུབས་པ་ནི་མ་ཡིན་ནོ། །དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །ཆོས་དེ་དག་གི་ཡོངས་སུ་ སྨིན་པ་ནི་དེའི་རྒྱུའི་ཁྱད་པར་གཅིག་ནས་གཅིག་ཏུ་བརྒྱུད་པའི་འཕེལ་བར་གྱུར་པའི་སྦྱོར་བ་དང་། དུས་ཀྱི་ཁྱད་པར་གཞན་དུ་གྱུར་པའི་ཡོངས་སུ་གྱུར་པ་ཁྱད་པར་ཅན་ཐོབ་པར་གྱུར་པའོ། །དེའི་ཕྱིར་ཞུགས་པ་དང་། ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་པའི་སྒོ་ནས་དེ་ཡོངས་སུ་ སྨིན་པར་གྱུར་པས་ཡང་དག་པར་ཞུགས་པར་འགྱུར་རོ། །ཐེག་པ་གསུམ་གྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཐེག་པ་གསུམ་པོ་དེ་རྒྱུ་དང་འབྲས་བུས་བསྡུས་པ་དག་ནི་ཐེག་པ་གསུམ་ཞེས་བརྗོད་དོ། །དེ་དག་གི་ཡོངས་སུ་སྨིན་པ་ནི་འཇུག་པ་དང་། ཡོངས་སུ་སྨིན་པ་ དང་། རྣམ་པར་གྲོལ་བའི་གནས་སྐབས་སོ། །ཁ་ཅིག་ལ་ནུས་པ་ཇི་ལྟ་བ་དང་། སྟོབས་ཇི་ལྟ་བས་ཁམས་དང་། མོས་པའི་དབང་གིས་ཐེག་པ་གསུམ་ལ་འཇུག་པར་བྱེད་པ་དང་ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱེད་དོ་ ཞེས་བྱ་བ་སྟེ། འདི་དག་ནི་དེ་དག་གི་ཡང་དག་པའི་སྒྲུབ་པ་ཡིན་ནོ། །རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་ཡང་དག་པའི་སྒྲུབ་པ་ནི་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་སྒྲུབ་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའི་དབང་དུ་བྱས་ནས་ སྨྲས་པ། ལོངས་སྤྱོད་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་རྣམས་དང་ལུས་ལ་ཡང་སྲེད་པ་མེད་པ་ཞེས་བྱ་བ་ཆགས་པ་དང་བྲལ་བར་འགྱུར་བ་སྟེ། ལོངས་སྤྱོད་དང་། ལུས་ལ་ལྟོས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་ལྟོས་པ་མེད་པ་ཡང་བྱང་ཆུབ་སེམས་ དཔའ་རྣམ་པ་གཉིས་ཏེ། ལྷག་པར་མོས་པའི་སྟོབས་དང་། བསམ་པའི་སྟོབས་ཀྱིས་འགྱུར་རོ། །དེ་ལ་ལྷག་པར་མོས་པའི་སྟོབས་ཀྱིས་ནི་མོས་པས་སྤྱོད་པའི་དུས་ན་སྟེ། དེ་ཁོ་ན་ཉིད་རྟོག་པ་མེད་པའི་ཕྱིར་རོ། །ས་ལ་ཞུགས་པ་རྣམས་ཀྱི་ནི་བསམ་པའི་སྟོབས་ཀྱིས་ཏེ། དེ་ལ་ ས་ལ་ཞུགས་པ་རྣམས་ཀྱི་ནི་སྲེད་པ་མེད་པའོ། །མོས་པས་སྤྱོད་པ་རྣམས་ཀྱི་ནི་སྲེད་པ་མེད་པར་སློབ་པའོ། །རྣམ་གྲངས་གཞན་ཡང་ཚོལ་བ་དང་ཡོངས་སུ་འཛིན་པའི་ངོ་བོས་སྟོང་པས་སྲེད་པ་མེད་པའོ། །དེ་ཚུལ་བཞིན་ཡིད་ལ་བྱེད་པའི་སྦྱོར་བའི་སློབ་པའོ། །ཡང་ན་སེམས་ ཅན་ཐམས་ཅད་ལ་ལུས་དང་། ལོངས་སྤྱོད་གཏོང་ཞིང་སྲེད་པ་མེད་པར་སློབ་པར་བྱེད་པའོ། །དེའི་ཕྱིར་སྨྲས་པ། ལོངས་སྤྱོད་དང་ལུས་ཡོངས་སུ་གཏོང་བའི་ཕྱིར་ཞེས་བྱའོ། །ལུས་ཅན་བསོད་ནམས་ཞིང་འགྱུར་ཞིང་། །གཞན་ལ་གནོད་པ་མི་བྱེད་པར། །བརྩེ་བའི་བདག་ཉིད་ ཁྱོད་བསྟེན་པས། །གཟུང་འོས་ཚིག་ཏུ་འགྱུར་བ་ཡིན། །ཞེས་བྱ་བའི་ངེས་པས་ཚུལ་ཁྲིམས་ཡང་དག་པར་བླངས་པའི་དགོས་པ་བསྟན་པའི་ཕྱིར་སྨྲས་པ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱ་བའོ། །འདིར་ནི་སྡོམ་པ་བླངས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །བསྡམས་པ་ཡང་ཡིན་ལ་ཞེས་བྱ་བ་ནི་ལྡོག་པའི་སྡོམ་པ་ཡང་དག་པར་ བླངས་པས་སོ། །དེའི་རྗེས་ལ་བསྲུང་བ་ནི་ཤིན་ཏུ་བསྡམས་པའོ། །མ་འོངས་པའི་ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་ལ་དམིགས་པ་ནི་སློབ་པའོ། །ཆོས་ཉིད་ཀྱིས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱང་རྣམ་པ་གཉིས་ཏེ། དེ་དང་དེར་སྐྱེས་པར་བསམ་པའི་ཁྱད་ པར་གྱིས་ཐོབ་པ་དང་། རྟེན་གྱི་ཁྱད་པར་གྱིས་ཐོབ་པའོ། །དེ་ལ་བསམ་པའི་ཁྱད་པར་ནི། རང་བཞིན་གྱིས་སྡིག་པ་ལ་མི་དགའ་བ་དང་། ཁ་ན་མ་ཐོ་བ་ལ་ངོ་ཚ་བས་ཉེ་བར་སྤྱོད་པ་ཉིད་དང་། སེམས་ཅན་རྣམས་ལ་གཏོང་བ་དང་ལྡན་པ་ཉིད་དོ། ། དེ་དག་བསྟན་པའི་ཕྱིར། རང་བཞིན་གྱིས་བཟང་ཞིང་དགེ་བའི་ཕྱིར་ཞེས་བྱ་བའོ། །རྟེན་གྱི་ཁྱད་པར་ནི། ཇི་སྐད་བསྟན་པའི་རྟེན་གྱི་ཁྱད་པར་དང་ལྡན་པས་སྡིག་པའི་ལས་ཀྱི་བྱ་བ་བྱེད་པར་མི་ནུས་པའི་ལུས་ཐོབ་པར་རིག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་སྨྲས་ པ། ཐམས་ཅད་ལ་ཡང་བཟོད་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ལ། བཟོད་པ་ནི་བརྣགས་ནུས་པ་སྟེ། གནོད་པ་བརྣགས་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་གནོད་པ་ནི་ངན་པར་སྨྲས་པ་དང་། ངན་པར་བརྗོད་པ་ཚིག་གི་ལམ་ཡིད་མི་བདེ་བ་སྐྱེད་པར་བྱེད་པའི་དོན་ཏོ། །ལོག་པར་ སྒྲུབ་པ་ཞེས་བྱ་བ་ནི། མི་འདོད་པའི་རེག་པ་ཉེ་བར་བསྒྲུབས་པས་ལུས་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པའི་དོན་ཏོ། །བཟོད་པ་ལ་ཡང་སློབ་པོ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་སྟོབས་སམ། བསྒོམས་པའི་སྟོབས་ཀྱིས་བཟོད་པའི་སྟོབས་ཐོབ་པ་ལ་རབ་ཏུ་སྦྱོར་བའོ། །ཁྲོ་བ་ཆུང་བ་ནི་ སེམས་ལ་ཁྲོ་བ་ཉུང་བའོ། །གཞན་ལ་གནོད་པ་མི་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཐོས་པ་ཙམ་གྱིས་གནོད་པ་དང་། མི་སྙན་པའི་ངག་བརྗོད་པར་མི་བྱ་བ་ནི་གཞན་ལ་གནོད་པ་མི་བྱ་བའི་ཕྱིར་ཞེས་བྱའོ། །དེ་ལྟར་བསམ་པ་དང་སྦྱོར་བ་ཉིད་ཀྱིས་བཟོད་པ་བསྟན་ནས་བརྩོན་པའམ་མཁས་པ་ཡིན་ནོ་ ཞེས་བྱ་བ་ནི་རྟག་ཏུ་གུས་པར་བྱེད་པའི་སྦྱོར་བ་དང་ལྡན་པའི་ཕྱིར་གོམས་པར་བྱས་པའི་རིག་པའི་གནས་དེ་དག་ལ་སྐྱེས་ཤིང་སྐྱེས་པའི་ཐེ་ཚོམ་གཅད་པར་བྱ་བའི་ཕྱིར་མཁས་པ་ཡིན་ནོ། །གོམས་པར་མ་བྱས་པའི་གནས་དེ་དག་ལ་ཡང་ངེས་པར་སྦྱོར་བས་ཡོངས་སུ་གཟུང་བའི་ཕྱིར་ཉེ་བར་གཟུང་བ་ ལ་མཁས་པ་ཡིན་ཏེ། ནུས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡོངས་སུ་གཟུང་བའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་ཡང་བརྩོན་པའམ་མཁས་པ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་སྨྲས་པ། སེམས་ནང་ ན་གནས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་ལས་དེ་དང་དེའི་ཕྱོགས་ལ་སེམས་རྣམ་པར་གཡེང་བ་མེད་པར་སྦྱོར་བ་ནི་སེམས་ནང་ན་གནས་པ་ཞེས་བྱའོ། །དོན་ལ་ཡང་དག་པར་ངེས་པ་ནི་སེམས་ཤིན་ཏུ་མཉམ་པར་གཞག་པའོ། །དེ་ལྟར་མཉམ་པར་མ་བཞག་པའི་ས་པའི་ བསམ་གཏན་གྱི་སྦྱོར་བའི་དབང་དུ་བྱས་ནས་བསྟན་ནས། མཉམ་པར་བཞག་པའི་ས་པའི་དབང་དུ་བྱས་ནས་སྨྲས་པ། སེམས་གནས་པ་དང་ཞེས་བྱ་བའོ། །བདག་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་བསགས་པའི་རྩ་བར་གྱུར་པ་ནི་ཚད་མེད་པ་རྣམས་ཀྱིས་བསྡུས་པར་གྱུར་པ་ཡིན་ནོ་ ཞེས་བསྟན་པའི་ཕྱིར་སྨྲས་པ། ཚངས་པའི་གནས་བཞི་ཡོངས་སུ་དག་པར་བྱ་བ་དང་ཞེས་བྱ་བའོ། །མངོན་པར་ཤེས་པ་དང་ལྡན་པའི་མཐུའི་སྒོ་ནས་སེམས་ཅན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་བསམ་གཏན་བསྐྱེད་པར་བྱའོ་ཞེས་བྱ་བར། མངོན་པར་ཤེས་པ་རྣམ་པ་ལྔས་རྣམ་པར་ རྩེ་བས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བསམ་གཏན་གྱི་སྟོབས་ཀྱིས་ཕུང་པོ་ལ་མཁས་པ་ལ་སོགས་པ་ལ་སྦྱོར་བར་བྱེད་པ་ན། ལུས་དང་སེམས་ངལ་བ་མེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མཁས་པར་བྱ་བ་ཐམས་ཅད་ལ་མངོན་པར་བརྩོན་པ་ལས་བྱུང་བ་ཞེས་བྱ་བའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དབང་དུ་བྱས་ནས་སྨྲས་པ། མཛངས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བ་དེ་དང་དེ་དག་ཏུ་རིག་པའི་གནས་ཐམས་ཅད་ལ་འཇུག་པ་དང་། རྗེས་སུ་མཐུན་པའི་སྐྱེ་བས་ཐོབ་པའི་ཤེས་རབ་ཐོབ་པ་དང་ལྡན་པ་ནི་མཛངས་ཤིང་ཞེས་བྱ་བའོ། ། སྦྱོར་བ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་ཕྱིར་དེ་ཁོ་ན་མཆོག་ཤེས་པའོ། །ཤེས་རབ་དེ་ཉིད་ལ་བསྒོམ་པ་རབ་ཀྱི་མཐར་ཐུག་པར་གྱུར་པ་དང་ལྡན་པ་ནི་དེ་ཁོ་ན་མཆོག་ཤེས་པ་ལ་སློབ་པའོ། །དེ་ཁོ་ན་མཆོག་ཤེས་པ་གང་ཡིན་པ་དེ་ལ་སློབ་པས་རིམ་གྱིས་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ ལས་འདའ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་ཉིད་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མྱ་ངན་ལས་འདའ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་གྱི་བྱ་བ་སྒྲུབ་པར་བྱེད་ པའི་ཕྱིར་རོ། །སེམས་ཅན་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདེན་པ་བཞི་ལ་རྣམ་པ་བཞིའི་སྒོ་ནས་བསམ་པ་དང་སྦྱོར་བ་དག་པ་དང་ལྡན་པ་བསྟན་པའི་ཕྱིར། དེ་ལྟར་ཡང་དག་པའི་སྦྱོར་བ་བྱེད་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་དང་། མ་དང་། ཕ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། ཡོན་ཏན་དང་ལྡན་པའི་མཆོད་གནས་རྣམས་ལ་ནི་དུས་དང་དུས་སུ་སྦྱིན་པ་དང་། བསྟོད་པ་ལ་སོགས་པའི་བྱ་བ་དང་ལྡན་པར་འགྱུར་རོ། །དེ་དག་གིས་ནི་བརྩེ་བ་དང་བཅས་པའི་གུས་པར་བྱ་བ་ལ་ནན་ཏན་བྱ་བར་བསྟན་པ་ཡིན་ ནོ། །སྡིག་པ་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པའི་སྐྱོན་དང་ལྡན་པ་དེ་དག་ལ་ཉིན་ཞག་གཅིག་ཙམ་གྱི་སྡུག་བསྔལ་ཡང་བསལ་བར་བྱའོ་ཞེས་བྱ་བའི་བསམ་པ་དང་། སྙིང་རྗེའི་སེམས་ཀྱིས་མ་འོངས་པའི་སྡུག་བསྔལ་གྱི་འབྲས་བུ་བསལ་བར་འདོད་པའི་བརྩེ་བའི་སེམས་སམ་སྙིང་རྗེ་ ཉིད་ཀྱི་སེམས་ཀྱི་རྣམ་གྲངས་ཡིན་ནོ། །དེ་དག་གི་སྦྱོར་བ་རྫོགས་པའི་དབང་དུ་བྱས་ནས་སྨྲས་པ། ཅི་ནུས་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ཀྱི་ནུས་པ་དང་མཐུན་པས་མི་དགེ་བའི་གནས་ནས་བསླངས་ནས་དགེ་བའི་གནས་ལ་རབ་ཏུ་བཀོད་ནས་སྐྱོན་བསལ་བ་ལ་འགོད་པར་བྱེད་དོ། །དེ་ལྟར་ སྐྱོན་དང་ལྡན་པའི་གང་ཟག་རྣམས་ལ་བསམ་པ་དང་སྦྱོར་བས་ཡང་དག་པར་བསྒྲུབ་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱེད་པ་མི་ཕན་པ་དང་མི་བདེ་བ་སྒྲུབ་པར་བྱེད་པའི་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་མངོན་དུ་ཕྱོགས་པའི་བྱམས་ པའི་སེམས་ཀྱིས་རབ་ཏུ་གནས་པར་འགྱུར་རོ། །སྦྱོར་བས་ཀྱང་ཕན་པ་དང་བདེ་བ་དེ་ཉེ་བར་བསྒྲུབ་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། ཅི་ནུས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་གནོད་པ་བྱེད་པ་དག་ལ་རྣམ་པ་གཉིས་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་དོ། །གནོད་པ་བྱས་པ་མེད་པ་བཞིན་ དུ་གནོད་པ་བྱས་པ་བྱེད་པ་དག་ལ་སྡང་བར་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་དག་གི་རང་གི་བསམ་པ་དང་སྦྱོར་བའི་ཉེས་པས་ཞེས་བྱ་བ་ནི། དེ་དག་གིས་ནི་སྔོན་གནོད་པ་བྱས་པའི་དོགས་པས་འདིས་གནོད་པ་བྱེད་པར་འགྱུར་རོ་སྙམ་པ་དག་ལ་གནོད་པ་བྱེད་པར་མི་འགྱུར་བས་རང་གི་བསམ་པ་ དང་། སྦྱོར་བའི་ཉེས་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཕན་པ་དང་བདེ་བ་སྒྲུབ་པའི་སྦྱོར་བས་འགའ་ཞིག་གིས་ཇི་ལྟར་ཡང་བསམ་པ་དེ་གཏོང་བར་འགྱུར་བ་དེ་ལྟར་སྦྱོར་བར་བྱེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྤང་བའི་ཕྱིར་ཞེས་བྱ་བ་ལ། བྱ་བ་ཐམས་ཅད་ཀྱི་འདིར་ཡང་རྣམ་པ་ གཉིས་ཀྱིས་ཡང་དག་པར་སྒྲུབ་པ་ཞེས་བྱའོ། །ཕན་འདོགས་པ་ཞེས་བྱ་བ་ནི། སྔོན་ཕན་པ་བྱེད་པ་དག་ལ་དེ་དག་ལ་བྱས་པ་ཤེས་པའི་སྒོ་ནས་ལན་དུ་ཕན་འདོགས་པས་གནས་པར་འགྱུར་རོ། །བྱས་པ་ཤེས་པ་དེ་དགྲོལ་བའི་ཕྱིར་མཉམ་པའམ་ལྷག་པས་ཉེ་བར་གནས་པ་ཞེས་ བྱ་བ་ལ་ཕན་འདོགས་པའི་བྱ་བ་ཐམས་ཅད་ཀྱི་དགོས་པའི་གཙོ་བོའི་དབང་དུ་བྱས་ནས་སྨྲས་པ། བསམ་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ལ། ནུས་པ་ཡང་ཡོད་ལ་ཡོངས་སུ་རྫོགས་པར་བྱེད་པའོ། །དེའི་ཕྱིར་སྨྲས་པ། ཅི་ནུས་ཞེས་བྱ་ བ་ལ། མཐུ་མེད་ན་ཡང་བྱ་བ་དེ་དང་དེ་ལ་དེ་དང་རྗེས་སུ་མཐུན་པའི་བསམ་པ་དང་། སྦྱོར་བ་བསྟན་པའི་ཕྱིར་གང་གིས་འདི་ནི་བྱེད་མི་འདོད་པ་ནི་མ་ཡིན་གྱི། ནུས་པ་མེད་པ་ཁོ་ནའོ་ཞེས་ཤེས་པར་བྱེད་དོ། །དེ་ལྟར་རེ་ཞིག་ཡོན་ཏན་དང་ལྡན་པ་དང་། སྐྱོན་དང་ལྡན་པ་དང་། ཕན་ འདོགས་པ་དང་། གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་བསམ་པ་དང་སྦྱོར་བས་ཡང་དག་པར་བསྒྲུབ་པ་བསྟན་ནས། ཇི་སྐད་བསྟན་པའི་དངོས་པོ་དེ་དག་ཉིད་ལ་ཡོད་པའི་ཕྱོགས་དང་། མེད་པའི་ཕྱོགས་ཀྱི་དབུ་མའི་རྣམ་པར་བསྒྲུབ་པ་མ་གྲུབ་པ་རྣམས་རྣམ་པར་བསྒྲུབ་པའི་ཕྱིར་རིགས་པ་ གང་ཡིན་ཞེ་ན། སྨྲས་པ། འཐད་པ་སྒྲུབ་པའི་རིགས་པས་དེ་བསྒྲུབ་པར་འདོད་པ་སྟེ། འདིར་རིགས་པ་བཞིའི་ནང་ནས་འཐད་པ་སྒྲུབ་པའི་རིགས་པ་ཡིན་པར་འདོད་པ་ནི་ཚད་མ་རྣམ་པ་གསུམ་གྱིས་བསྡུས་པ་སྔར་བསྟན་པ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་པ་དེ་རྒྱུ་གང་གིས་ཡོངས་སུ་ གཅད་པར་ནུས་ཞེས་བྱ་བའི་དོན་ཏོ། །རིགས་པས་བསྟན་པར་བྱ་བའི་ཕྱིར། བཏགས་པ་ཙམ་དུ་ཟད་པར་རིག་པར་བྱ་སྟེ་ཞེས་བྱ་ལ། དངོས་པོ་འདི་དག་ནི་ཡོངས་སུ་བཏགས་པ་ཉིད་དེ། ངོ་བོ་ཉིད་ཡོངས་སུ་གསལ་བར་བྱེད་པ་ལ་བཏགས་པ་ཙམ་མོ་ཞེས་བྱ་བ་ཡིན་ནོ། །དེའི་ ཕྱིར་སྨྲས་པ། ངོ་བོ་ཉིད་ཀྱང་མ་ཡིན། དེ་ལས་མ་གཏོགས་པ་ཡང་མ་ཡིན་ཞེས་བྱ་བ་ལ། བཏགས་པར་བརྗོད་པ་དེ་ནི་དངོས་པོ་དེ་ལ་དེའི་བདག་ཉིད་དུ་ཡང་ཡོད་པ་མ་ཡིན་ལ། དེ་ལས་གཞན་ན་ཡང་མེད་དོ། །ཡང་དག་པ་མ་ཡིན་པའི་ཀུན་བརྟགས་པ་ འབའ་ཞིག་པ་ཙམ་ཉིད་དོ། །དེ་ལྟར་བྱས་ནས་ཆོས་དེ་དག་ནི་བྱིས་པས་ཇི་ལྟར་བཏགས་པའི་རྣམ་པ་དེ་ལྟ་བུར་ཡོད་པ་མ་ཡིན་ནོ། །གཞན་དུ་ན་ཡོངས་སུ་གྲུབ་པའི་རྣམ་པས་ནི་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ་ཞེས་ བྱ་བ་ལ་སོགས་པ་ལ་དེ་ལྟར་ན་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ནི་ཡོད་དོ་ཞེས་བྱ་བའི་དོན་བསྟན་པར་གྱུར་པ་ཡིན་ནོ། །ཇི་སྐད་བསྟན་པའི་རྣམ་པས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ན་རྣམ་པ་ཇི་ལྟ་བུས་ཡོད་པ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། ཇི་ལྟར་ཡོད་ ཅེ་ན། ཞེས་བྱ་བ་སྨྲས་པ། རང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པའི་རང་བཞིན་ལ་མཚན་མར་བཟུང་ནས་སྒྲོ་བཏགས་པ་དང་། ལོག་པར་གཟུང་བ་དང་། སྤངས་པ་ནི་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའོ། །དེ་ཉིད་ནི་ལེགས་པར་མ་ཟིན་པ་སྟེ། ཡོངས་སུ་བརྟགས་ པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡོངས་སུ་བརྟགས་པའི་རང་བཞིན་ཡང་ཕྱིན་ཅི་ལོག་ཏུ་གཟུང་བ་ལ་སོགས་པའི་རྣམ་གྲངས་སུ་བསྟན་པ་ཡིན་ནོ། །ལེགས་པར་མ་ཟིན་པ་ཞེས་སྨོས་པ་ནི་མངོན་པར་ཞེན་པ་གསལ་བར་བསྟན་པའི་ཕྱིར་རོ། །མངོན་པར་བརྗོད་པའི་གནས་སུ་གྱུར་ པའི་ཕྱིར་དང་། བཏགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཡོད་པར་གྱུར་པའི་དངོས་པོ་རྣམས་ལ་ཐམས་ཅད་དུ་མེད་དོ་ཞེས་རྣམ་པར་འགྱུར་བ་ནི་སྐུར་པ་འདེབས་པའོ། །དེ་ཉིད་ནི་ལེགས་པར་མ་ཟིན་པ་སྟེ་སྔ་མ་བཞིན་ནོ། །དེ་ལྟར་ན་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་དང་ བྲལ་བའི་རྣམ་པ་ནི་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བུའི་ཡོད་པ་དེ་གང་གིས་ཡོངས་སུ་གཅོད་པར་འགྱུར་ཞེ་ན་དེ་ནི་ངེས་པར་ཤེས་བྱས་བསྡུས་པ་ཡིན་པའི་ཕྱིར་ཤེས་པས་ཡོངས་སུ་གཅོད་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཞེས་བྱ་བ་ལ། འཇིག་ རྟེན་ཐམས་ཅད་ལས་རབ་ཏུ་ཁྱད་པར་དུ་འཕགས་པར་གྱུར་པའི་ཡེ་ཤེས་དེས་ཡོངས་སུ་གཅོད་པར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །གང་ལ་དེ་ལྟ་བུའི་ཡེ་ཤེས་ཡོད་པ་དེ་དག་དེ་ལས་སོམ་ཉི་མེད་ཅིང་ཀུན་དུ་རྨོངས་པ་མེད་དེ། དེས་མངོན་སུམ་དུ་བྱས་པའི་ཕྱིར་རོ། །དེ་བཞིན་དུ་ དེ་ནི་འཕགས་པ་ཉིད་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དངོས་པོ་ལ་མངོན་པར་ཞེན་པའི་ཕྱོགས་ལ་སྐྱོན་རྣམ་པ་གསུམ་ཡོད་པར་བསྟན་པའི་ཕྱིར། གལ་ཏེ་ཆོས་གང་དག་ཅེས་བྱ་བ་ལ་སོགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་གཞན་གྱི་དབང་གི་རྫས་ ཡོད་པ་ཉིད་དུ་བཟུང་ནས་སྨྲས་པ་ནི། ཆོས་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཡོངས་སུ་དག་པའི་གནས་སྐབས་དོན་དམ་པ་ཉིད་ཡོད་པ་ཡོངས་སུ་གྲུབ་པར་ཉེ་བར་བཟུང་ནས་སྨྲས་པ་ནི་དངོས་པོ་ཞེས་བྱ་བའོ། །ཡང་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཞེས་བསྟན་ཏེ། རང་གི་མཚན་ཉིད་ འཛིན་པའི་ཕྱིར་རོ། །དངོས་པོ་ལྔའི་ནང་ནས་རྒྱུ་མཚན་གང་ཡིན་པ་དེ་ནི་དངོས་པོ་ཞེས་བརྗོད་དོ། །མངོན་པར་བརྗོད་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཡང་ན་དེ་རྫས་སུ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་ཆོས་ཞེས་བརྗོད་དོ། །དེ་ཉིད་མིང་དང་རྣམ་པར་རྟོག་པ་ལ་བརྟེན་པའི་ཕྱིར་དངོས་པོ་ ཞེས་བརྗོད་དོ། །དེའི་བདག་ཉིད་དུ་གྱུར་ན་ནི་ཞེས་བྱ་བ་ནི། བརྗོད་པའི་བདག་ཉིད་དེ་དེས་ངེས་པར་བརྟགས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། མངོན་པར་བརྗོད་པའི་ཚིག་གི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏེ། ཆོས་ཀྱི་ངོ་བོ་ལ་ལྟོས་ནས་ནི་རྣམ་པ་སྣ་ཚོགས་ཞེས་བྱའོ། །དངོས་པོའི་ ངོ་བོ་ལ་ལྟོས་ནས་ནི་མང་པོར་གྱུར་པ་ཞེས་བྱའོ། །དེ་ལྟར་ཆོས་གཅིག་པུ་ཉིད་ཀྱི་ངོ་བོ་ཉིད་དུ་མའི་བདག་ཉིད་འཐོབ་པར་འགྱུར་བ་ནི་སྣ་ཚོགས་པར་བརྗོད་པའི་ཕྱིར་ཏེ་ཡུལ་དང་དུས་ཀྱི་དབྱེ་བ་མང་བའི་ཕྱིར་རོ། །དངོས་པོ་གཅིག་ཉིད་ལ་དུས་ཀྱི་ཁྱད་པར་གྱི་དབང་གིས་བརྗོད་པ་སྣ་ཚོགས་མང་ པོ་འཇུག་པར་འགྱུར་ཏེ། སྐྱེ་བོ་དེ་དང་དེ་དག་ལ་ངེས་པའི་ཚིག་མང་པོའི་རྣམ་གྲངས་ཀྱི་དགེ་བའི་དབང་གིས་འཇུག་པའོ། །གལ་ཏེ་གཞན་དག་ན་རེ་མང་པོ་དག་གིས་བརྗོད་པར་བྱ་བ་ཡིན་ན་ཡང་རྗོད་པར་བྱེད་པ་གཅིག་གིས་དེའི་ངོ་བོ་ངེས་པར་གཟུང་བ་དང་། གཞན་གྱིས་ནི་མ་ཡིན་ནོ། ། དེའི་ཕྱིར་སྨྲས་པ། འདོགས་པའི་ཚིག་ལྷག་མ་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་བཏགས་པའི་བརྗོད་པ་གཅིག་གིས་དངོས་པོ་མངོན་པར་རྗོད་པར་བྱེད་པའི་ངེས་པ་ནི་ཅི་ཡང་མི་དམིགས་ཏེ་ཞེས་བྱ་བ་ནི་གང་ཡང་རུང་བ་ཅིག་གིས་དངོས་པོ་རྗོད་ པར་བྱེད་པ་ན་དེའི་བདག་ཉིད་དུ་གྱུར་གྱི་གཞན་དག་གིས་མ་ཡིན་ཞེས་བྱ་བའི་ངེས་པ་ནི་ཅི་ཡང་མེད་པ་སྟེ། རྒྱུའི་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད་དང་། དེའི་རང་བཞིན་འཐོབ་པར་འགྱུར་རོ། །དེ་ལྟར་བྱས་ན་དུ་མའི་བདག་ཉིད་དུ་འགྱུར་བའི་སྐྱོན་བསལ་བར་དཀའ་བ་ཉིད་ཡིན་ ནོ། །ཡང་གཞན་དག་དང་ནི་མ་ཡིན་ནོ་ཞེ་ན། གཅིག་དང་ཡང་མ་ཡིན་ཏེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་སྨྲས་པ། དེ་བས་ན་བཏགས་པའི་ཚིག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་ན་ནི་རེ་ཞིག་རྣམ་པར་རྟོག་པ་རྣམ་པ་གཉིས་སུ་འགྱུར་རོ། །བརྗོད་པ་མང་ པོའི་བདག་ཉིད་ཡིན་པས་དེ་ཡང་དུ་མར་འགྱུར་ཏེ། བརྗོད་པ་ཐམས་ཅད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་གཅིག་ཀྱང་དེའི་རང་བཞིན་དུ་མི་འགྱུར་ཏེ། གཅིག་ཉིད་ཀྱི་ངོ་བོ་ཡིན་པའི་ངེས་པ་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཉེས་པ་མང་ པོ་གཞན་ཡང་བསྟན་པའི་ཕྱིར་རོ། །དངོས་པོ་སྔར་བྱུང་ལ་ཞེས་བྱ་བ་ནི་འཇིག་རྟེན་ཐོག་མ་མེད་པའི་དུས་ནས་སྔོན་དུ་བྱུང་བར་གྱུར་ཏེ་ཆོས་རྣམས་རྟག་ཏུ་རྣམ་པར་གནས་པའི་ཕྱི་ནས་སེམས་ཅན་གྱི་འཇིག་རྟེན་བྱུང་ཞིང་། དེ་དག་ལ་ཇི་ལྟར་འདོད་པའི་འདུན་པས་ཐ་སྙད་དུ་བཏགས་པས་ཉེ་བར་རྗོད་ པར་བྱེད་དོ། །དེ་ལྟར་སྔོན་དུ་དངོས་པོ་བྱུང་ལ་ཕྱི་ནས་ནི་ཚིག་གིས་ཉེ་བར་འདོགས་པར་བྱེད་དོ། །དེ་ལྟར་བྱས་ན་འདོགས་པ་མ་བྱས་པའི་སྔ་རོལ་ན་སྟེ། འདོགས་པའི་ཚིག་གིས་ཉེ་བར་མ་བཏགས་པའི་ཚེ་དངོས་པོ་དེས་དེའི་ངོ་བོ་མི་ཐོབ་སྟེ། དེའི་ཚེ་འདོགས་པའི་ཚིག་གིས་ཉེ་བར་བཏགས་པ་མེད་པའི་ ཕྱིར་བཏགས་པའི་བདག་ཉིད་ཅན་གྱི་དངོས་པོའི་ངོ་བོ་རྣམས། དངོས་པོ་མེད་པ་ཉིད་དུ་གྲུབ་པ་ཡིན་ནོ། །དངོས་པོའི་ངོ་བོ་ལས་མ་གཏོགས་པའི་ཆོས་འཇུག་པ་ནི་ཡོད་པ་མ་ཡིན་པས་དེ་ནི་འདོད་པ་མ་ཡིན་ནོ་ཞེས་བྱས་ནས། སྔར་དངོས་པོ་མེད་པར་གྱུར་ན་ནི། ཉེ་བར་བཏགས་པ་ཡང་མེད་པར་ འགྱུར་བས་དེའི་ཕྱིར་དེའི་བདག་ཉིད་ཡིན་པས་ཉེ་བར་འདོགས་པའི་ཚིག་མེད་པའི་ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དོ་ཞེས་རྣམ་པར་གཞག་པ་རིགས་སོ། །དེ་ལྟར་སྔར་དངོས་པོ་མེད་པ་ཉིད་དུ་འགྱུར་བའི་ཉེས་པར་ཐལ་བར་འགྱུར་རོ། །དེ་ལྟ་བུའི་སྐྱོན་སྤངས་པའི་ཕྱིར་སྔོན་ནས་ དེ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་སྨྲས་ན། དེའི་ཕྱོགས་ལ་སྐྱོན་གཞན་ཡོད་པར་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་འདོགས་པའི་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྔར་གཟུགས་ཀྱི་མཚན་ཉིད་ཡིན་ལ། ཕྱིས་ཉེ་བར་འདོགས་པའི་ཚིག་ཡིན་ནོ་ཞེ་ན། དེ་ལྟ་ན་མེད་ཀྱང་འབྱུང་བའི་སྐྱོན་དུ་ཐལ་ བར་འགྱུར་རོ། །མེད་ཀྱང་འབྱུང་བར་འགྱུར་ན་ནི་བརྗོད་བྱ་དང་། བརྗོད་པའི་འབྲེལ་པ་ཉམས་པར་འགྱུར་རོ། །དེ་མེད་ན་ཉེ་བར་འདོགས་པའི་ཚིག་གིས་འདོགས་པ་མེད་ཀྱང་དངོས་པོ་དེའི་བློ་སྐྱེ་བར་འགྱུར་ན་དེ་ལྟར་སྐྱེ་བ་ནི་མེད་དོ། །དེའི་ཕྱིར་སྔར་ནས་གཟུགས་ཀྱི་བདག་ཉིད་ཡིན་པར་རིགས་པ་ མ་ཡིན་ནོ། །དེ་ལྟར་ན་སྐྱོན་གསུམ་དང་ལྡན་པར་འགྱུར་བས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་དུ་ཡང་ཉེ་བར་བཏགས་པའི་ཚིག་གིས་བསྡུས་པར་རིག་པར་བྱའོ། །གཉིས་པ་ དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་ཕྱོགས་ཀྱི་ཉེས་པ་ཡང་གསལ་པོར་བསྟན་པར་བྱ་བའི་ཕྱིར། གཟུགས་ལ་སོགས་པའི་ཆོས་འདི་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་འདུལ་བ་འདི་ལས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཆོས་འདུལ་བ་ཞེས་བྱ་བ་ནི་དེ་ལ་ཡང་དག་པའི་ཡེ་ ཤེས་འཐོབ་པར་བྱེད་པས་ཆོས་སོ། །སྤངས་པ་འཐོབ་པར་བྱེད་པས་འདུལ་བའོ། །དེ་ལྟར་ནི་དེ་བཞིན་གཤེགས་པའི་བསྟན་པའི་སྒྲུབ་པ་ནི་ཡེ་ཤེས་དང་། སྤངས་པ་རབ་ཏུ་ཕྱེ་བ་དང་། ལམ་དང་འབྲས་བུས་རབ་ཏུ་ཕྱེ་བར་གསལ་པོར་བསྟན་པར་འགྱུར་རོ། །རབ་ཏུ་ཉམས་པ་ཞེས་བྱ་བ་ནི་ཕྱི་རོལ་ དུ་གྱུར་པ་ཞེས་བྱ་བར་བསྟན་པར་འགྱུར་ཏེ། སྐྱོན་དང་བཅས་པར་གྱུར་ཅིང་བསྟན་པ་ལ་ཞུགས་པས་ཕན་ཡོན་ཅི་ཡང་མ་ཐོབ་པའི་ཕྱིར་རོ། །དེ་ལྟ་བས་ན་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་ཕུང་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བསྟན་པ་འདི་ལ་སྐྱོན་ནི་རྣམ་པ་གཉིས་ཏེ། ཚུལ་ཁྲིམས་ཀྱི་སྐྱོན་དང་། ལྟ་བའི་སྐྱོན་ནོ། །དེ་ལ་ཁ་ན་མ་ཐོ་བ་དང་བཅས་པའི་ལྟ་བའི་སྐྱོན་དང་ལྡན་པ་བསྟན་པའི་ཕྱིར་སྨྲས་པ། གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་འདོགས་པའི་ཚིག་གིས་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་ཕྱིར་སྒྲོ་བཏགས་པའི་ལྟ་བ་དང་ལྡན་པ་ཡིན་ནོ་ཞེས་བསྟན་ པའི་ཕྱིར་སྨྲས་པ། ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་ཞེས་བྱའོ། །གཞན་སྐུར་པ་འདེབས་པའི་ལྟ་བ་དང་ཡང་དག་པར་ལྡན་པ་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཆུད་གསོན་པར་བྱེད་པ་གང་ཡིན་པ་འདི་ཞེས་བྱ་བ་ ལ། དེ་ལྟར་ན་སྒྲོ་འདོགས་པའི་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་དང་། སྐུར་པ་འདེབས་པའི་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར། རིམ་པ་བཞིན་དུ་གཉིས་ཀ་ཡང་ཉམས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དོན་དམ་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། བརྗོད་དུ་མེད་པའི་བདག་ཉིད་ཀྱིས་ ཞེས་བྱ་བ་ནི་ངག་གི་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་དང་། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱའོ། །ཐོག་མ་ཉིད་དུ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་ཕྱོགས་ལ་ཡང་གཅིག་ཉིད་དུ་མའི་བདག་ཉིད་དུ་འགྱུར་བ་ལ་སོགས་པའི་སྐྱོན་གསུམ་ བསྟན་པ་ཡིན་ནོ། །དཔྱད་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་རྣམ་གྲངས་སུ་རིག་པར་བྱ་སྟེ། གསང་བར་བྱ་བ་ཅི་ཡང་མེད། །ཅེས་བྱ་བའི་དོན་ཏོ། །སྐྱོན་གང་དག་གིས་བསྟན་པ་འདི་ལས་ཉམས་པར་འགྱུར་བའི་སྐྱོན་འདི་དག་གོ་ཞེས་སྦྱར་བར་བྱ་སྟེ་སྨྲས་ཟིན་ཏོ། །ཡོད་པའི་དངོས་པོ་ལ་ སྐུར་པ་འདེབས་པ་མེད་པ་རྣམས་སྐྱོན་གང་གིས་ཉམས་པར་འགྱུར་བ་དེ་བསྟན་པར་འདོད་ནས་སྨྲས་པ། དེ་ལྟར་བཤད་པར་བྱ་སྟེ་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་པ་འདེབས་པ་རྣམས་ཀྱིས་ནི་ཐམས་ཅད་མེད་པར་སྨྲ་བ་གསལ་པོར་བསྟན་པ་ཡིན་ཏེ། ཉེ་བར་ བཏགས་པའི་རྒྱུ་མཚན་ལ་སྐུར་པ་བཏབ་པར་འགྱུར་ལ། དེ་ལ་སྐུར་པ་བཏབ་པ་དེས་ན་བཏགས་པ་མེད་པས་འཇིག་རྟེན་དང་འགལ་བ་ཡིན་ལ། རྒྱུ་མཚན་ལ་སྐུར་པ་བཏབ་པས་བསྟན་པ་དང་འགལ་བར་འགྱུར་རོ། །དེ་ལྟར་ན་རྒྱུ་མཚན་དང་། བཏགས་པ་ལ་སྐུར་པ་བཏབ་པའི་སྒོ་ནས་འཇིག་རྟེན་པ་དང་། བསྟན་པ་ཉམས་པར་བྱས་པས་ཐམས་ཅད་ཉམས་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ལས་ཀྱང་རུང་། བསྟན་བཅོས་ལས་ཀྱང་རུང་། རྒྱུ་མཚན་དང་བཅས་པ་དང་། རྟེན་དང་བཅས་པར་བཏགས་པ་མཐོང་ཞིང་གྲགས་པའོ། ། དེ་ལ་ལུང་བསྟན་པའི་ཕྱིར། ཕུང་པོ་རྣམས་ཡོད་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཕུང་པོ་ཉེར་བརྟེན་ནས། །སེམས་ཅན་ཞེས་བྱའི་ཐ་སྙད་བརྗོད། །ཅེས་བྱ་བའི་ཚིགས་སུ་བཅད་པའི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་ནོ། །དངོས་པོ་མེད་པ་ལ་ནི་ཞེས་བྱ་བ་ནི་ཤིན་ཏུ་མྱ་ངན་ལས་འདས་པ་ བསྟན་པའི་ཕྱིར་རོ། །འདི་ལྟར་གཟུགས་ལ་སོགས་པའི་གདགས་པ་ཡང་རྒྱུ་མཚན་གྱི་དངོས་པོ་ཡོད་ན་རིགས་པར་འགྱུར་གྱི། མེད་ན་ནི་མི་འགྱུར་རོ། །དེའི་ཕྱིར་བཏགས་པའི་དངོས་པོ་དང་རྒྱུ་མཚན་ལ་སྐུར་པ་བཏབ་པས་རྟེན་མེད་པའི་ཕྱིར་བཏགས་པ་ཡང་མེད་པར་འགྱུར་རོ། །རྒྱུ་མཚན་དང་ བཏགས་པ་ལ་སྐུར་པ་བཏབ་པས་ཐམས་ཅད་མེད་པར་ལྟ་བ་ཉིད་ཐོབ་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པར་ཡང་ཆོས་ཀྱི་མཚན་ཉིད་གསལ་བར་སྟོན་པའི་མདོ་སྡེ་ནས་ཇི་སྐད་བསྟན་པ་ལས་བཟློག་པ་ལ་ཞེན་པས། སྒྲོ་འདོགས་པའི་ལྟ་བ་ལ་མངོན་པར་ཞེན་ཅིང་འཇུག་པ་དེ་ནི་རབ་ཏུ་གྲགས་ པའི་ཕྱིར་མ་བསྟན་ཏོ། །སྐུར་པ་འདེབས་པའི་ལྟ་བ་ལ་མངོན་པར་ཞེན་པས་མདོའི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་དོན་དུ་བཏགས་པ་བསྟན་པའི་ཕྱིར་སྨྲས་པ། དེ་བས་གང་ཟག་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ཅེས་བྱ་བ་ནི་དབུ་མ་པར་སྨྲ་བའོ། །ཤེས་པར་དཀའ་བ་ནི་དྲང་བའི་དོན་གྱིས་ རབ་ཏུ་ཕྱེ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་དང་ཡང་དག་པར་ལྡན་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་ཉིད་དོ། །ཟབ་མོ་ནི་ཆོས་བདག་མེད་པའི་དབང་དུ་བྱས་ནས་ཞུགས་པ་ཉིད་དོ། །བྱིས་པས་ཡོངས་སུ་བཏགས་པའི་ཆོས་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དབེན་པའི་དོན་ གསལ་བར་བྱེད་པས་སྟོང་པ་ཉིད་དང་ལྡན་པའོ། །དགོངས་པ་ཅན་གྱི་དོན་བསྟན་པའི་ཕྱིར། དགོངས་པའི་དོན་བསྟན་པ་དག་ཅེས་བྱ་བ་སྟེ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་མྱ་ངན་ལས་འདས་པ། སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་ བསྟན་པ་ཡིན་པར་རིག་པར་བྱའོ། །དེ་དག་གིས་ནི་མདོའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པས་སྒྲ་ཇི་བཞིན་པའི་དོན་དུ་བཟུང་ནས་མངོན་པར་ཞེན་ཅིང་རྟོག་གེ་ངན་པའི་ལམ་ནས་ཞུགས་པས་འདི་ལྟར་ལྟ་བར་འགྱུར་རོ། །དེ་ཁོ་ན་ཉིད་ནི་བཏགས་པ་ཙམ་ མོ། །དེ་མཐོང་བ་ནི་ཐེག་པ་ཆེན་པོའི་མཐར་ཐུག་པར་འགྱུར་རོ་ཞེས་གསལ་བར་བྱས་པ་ཡིན་ནོ། །སྨོས་པའི་འོས་མ་ཡིན་པ་དང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པ་དང་ངོ་། །འགྲོགས་པར་མི་བྱ་བ་ནི་བཏགས་པ་ལ་སྐུར་པ་འདེབས་པ་དང་ངོ་། །ཡང་ན་གཉིས་ཀ་ལ་སྐུར་པ་ འདེབས་པ་སྟེ། དེ་དང་གཏམ་ཙམ་ཡང་སྐབས་དབྱེ་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །དེའི་ལྟ་བ་ངན་པའི་དྲིས་གོས་ན་མི་རུང་ངོ་ཞེས་རིང་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་སྨོས་པའི་འོས་མ་ཡིན་པའོ། །རྣམ་གྲངས་གཞན་ཡང་བདག་ཉིད་ཕུང་བར་བྱེད་པ་ཡིན་པས་སྨོས་པའི་འོས་མ་ཡིན་པའོ། །འཇིག་ རྟེན་ཕུང་བར་བྱེད་པས་འགྲོགས་པར་མི་བྱའོ། །དེའི་ཕྱིར་སྨྲས་པ། བདག་ཉིད་ཀྱང་ཕུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ནི་འདིར་དེའི་ལྟ་བ་ལ་ཞུགས་པ་རྣམས་སོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་གང་དེའི་ལྟ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྐུར་པ་འདེབས་པ་ འདི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ཡིན་ནོ་ཞེས་མདོའི་ལུང་གིས་བསྟན་པའི་ཕྱིར། འདི་ལས་དགོངས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡང་གང་ཟག་ཏུ་ལྟ་བ་དེ་ནི་སེམས་ཅན་མེད་པ་ལ་ཀུན་དུ་བཏགས་ནས་སྒྲོ་འདོགས་པར་བྱེད་པའོ། །གང་ཡང་ཞེས་བྱ་བའི་དངོས་པོ་ཡོད་པ་ཡང་སྤོང་བར་ བྱེད་པས་ལོག་པར་གཟུང་བའི་སྟོང་པ་ཉིད་དུ་ལྟ་བའོ། །གང་ཟག་ཏུ་ལྟ་བ་ནི་མཐོ་རིས་ཀྱི་བར་དུ་གཅོད་པར་བྱེད་པ་མ་ཡིན་ཏེ། བདག་ཉིད་ཀྱི་རྒྱུད་ལ་རྨོངས་པའི་ཕྱིར་དང་། དགེ་བ་བསྐྱེད་པ་ལ་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །ཡང་འདི་ནི་རྒྱུ་དང་འབྲས་བུའི་རང་གི་མཚན་ཉིད་ལ་སྐུར་པ་འདེབས་ པའི་ཕྱིར་མཐོ་རིས་ཀྱི་བར་དུ་གཅོད་པ་ཡིན་ནོ། །གང་ཟག་ཏུ་ལྟ་བ་ནི་ཐར་པ་འདོད་པ་རྣམས་ཐར་པ་ལ་ཞུགས་པ་ལ་སླུ་བར་བྱེད་པ་མ་ཡིན་ནོ། །ཡང་འདི་ནི་ཕྱིན་ཅི་ལོག་གི་ལམ་ཉེ་བར་སྟོན་པས་སླུ་བར་བྱེད་པ་ཡིན་ནོ། །གང་ཟག་ཏུ་ལྟ་བ་ཅན་གྱི་གང་ཟག་ནི་སེམས་ཅན་གཞན་ཆོས་འདོད་པ་ རྣམས་ཆོས་ལ་འཇོག་པར་བྱེད་དོ། །ཡང་འདི་ནི་དངོས་པོ་ཐམས་ཅད་མེད་པར་འཛིན་པ་ཡིན་ནོ། །གང་ཟག་ཏུ་ལྟ་བ་ནི་ཚུལ་ཁྲིམས་ལས་ཉམས་པར་མི་འགྱུར་ཏེ། བསླབ་པ་ལ་གུས་པར་བྱེད་པའི་ཕྱིར་རོ། །ཡང་འདི་ནི་བཏགས་པ་ཙམ་བརྟགས་པའི་ཕྱིར་བསླབ་པ་ལ་གུས་པར་མི་ འགྱུར་ཞིང་ལྷོད་པར་འགྱུར་རོ། །དེ་ལྟར་ན་ལྟ་བ་འདི་དག་མཆོག་དང་། མཆོག་མ་ཡིན་པར་རིག་པར་བྱ་སྟེ། དེ་ལྟ་བུའི་རྣམ་པས་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པར་འགྱུར་བ་ཡིན་ནོ། །སྦྱོར་བ་མ་ཡིན་པར་གཟུང་བ་ནི་ལོག་པར་ཟིན་པ་སྟེ། ཤིན་ཏུ་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་དེ་ནི་ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་གྱི། དོན་དམ་པ་སྟོང་པ་ཉིད་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། གང་ལ་ལ་གང་གིས་ཞེས་བྱ་བ་ནི་བརྟགས་པས་སོ། །དེ་ཡང་ཞེས་བྱ་བ་ནི་སྟོང་པ་གང་ཡིན་པ་སྟེ། དངོས་པོ་དེ་དང་བྲལ་བའི་ངོ་བོ་དེ་ཡང་མི་འདོད་པའོ། །དེ་ལྟ་བུའི་ ཐམས་ཅད་སྟོང་པ་ཉིད་ནི་མེད་པ་ཉིད་དེ་ཐམས་ཅད་དུ་དངོས་པོ་མེད་པའི་སྟོང་པ་ཉིད་དུ་འགྱུར་རོ། །གང་གིས་སྟོང་པ་ཞེས་བྱ་བ་ནི་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ཀྱིས་སོ། །བཏགས་པར་སྨྲ་བ་ལ་སྐུར་པ་བཏབ་པས་དེ་མེད་པའོ། །གང་སྟོང་པ་དེ་ཞེས་བྱ་བ་ནི་བཏགས་པ་ལ་བརྟེན་པའོ། ། བཏགས་པའི་དངོས་པོའི་རྒྱུ་མཚན་ལ་སྐུར་པ་བཏབ་པས་དེ་ལ་ཡང་སྐུར་པ་བཏབ་པ་ཡིན་ནོ། །དེ་ལྟར་དེ་དག་གཉིས་ཀའི་རང་བཞིན་མེད་པས་སྟོང་པ་ཉིད་ཀྱང་ག་ལ་ཡོད། གང་གིས་སྟོང་པ་དང་། གང་སྟོང་པར་འགྱུར་ཞེས་བྱ་བ་ཐམས་ཅད་རིགས་པ་མ་ཡིན་ནོ། །གང་དུ་ཞེས་བྱ་བ་ལ་ལས་ འདོན་པ་དེ་ནི། གཟུགས་ལ་སོགས་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། གང་ལ་ཞེས་བྱ་བའི་ཕྱོགས་དང་པོས་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྨྲས་པ། བཏགས་པ་ཙམ་གང་ཡིན་པ་ནི་སྟོང་པ་ཞེས་བརྗོད་དོ། །དེའི་ཕྱིར་སྨྲས་པ། དེས་དེ་ཉིད་སྟོང་པ་ཉིད་ དུ་འགྱུར་དུ་ནི་མི་རུང་ངོ་ཞེས་བྱ་བ་ལ། དེ་ཉིད་ཀྱིས་དེ་ཉིད་སྟོང་ཞེས་བརྗོད་པར་ནུས་པ་མ་ཡིན་ནོ། །སྟོང་པ་ཞེས་བྱ་བའི་དོན་ནི། བྲལ་བ་ལ་ཞེས་བྱ་བའི་དོན་ཡིན་ཏེ། བཏགས་པ་ཙམ་ཡང་མེད་པ་དེ་དང་བྲལ་བའི་སྟོང་པ་ཉིད་དོ་ཞེས་བརྗོད་པ་ཡིན་ནོ། །དེ་བས་ན་དེ་ཡང་མེད་པའི་སྟོང་ པ་ཉིད་སྨྲས་པ་ནི་ལོག་པར་གཟུང་བ་ཡིན་ནོ། །གང་ལ་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། གང་མེད་པ་ཞེས་བྱ་བས་ནི་ཀུན་དུ་བརྟགས་པའི་བདག་ཉིད་དོ། །ཡང་ན་གང་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དངོས་པོ་རྣམས་སོ། །དེ་ལྟར་ན་གཟུགས་ལ་སོགས་པའི་རྣམ་ པར་གནས་པའི་དངོས་པོ་རྣམས་བྱིས་པས་ཀུན་དུ་བརྟགས་པའི་དངོས་པོར་མེད་པའོ། །དེའི་ཕྱིར་གཟུགས་ལ་སོགས་པའི་དངོས་པོ་རྣམས་དེས་སྟོང་ངོ་ཞེས་སྨྲ་བར་ནུས་པ་ཡིན་ནོ། །དེ་ལྟར་སྐྱོན་དང་བཅས་པའི་དངོས་པོ་རྣམས་ཀྱི་དེ་ཉིད་ཙམ་མཐོང་བ་ནི་དོན་དམ་པའི་སྟོང་པ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་ བར་རིག་པར་བྱའོ། །དེ་ཉིད་དབྱེ་བའི་ཕྱིར། འདི་ལ་ལྷག་མ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པ་ཇི་ལྟ་བ་ཞེས་བྱ་བ་ནི་གང་སྟོང་པ་དེ་ཡང་དག་པར་མཐོང་བ་ནི་ཕྱིན་ཅི་མ་ལོག་པར་རོ། །གཟུགས་ལ་སོགས་པའི་དངོས་པོ་དེ་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་དོ་ ཞེས་བྱ་བའི་སྟོང་པ་ཉིད་དོ། །དེ་ལ་ཤིན་ཏུ་ཆགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བས་རྣམ་པར་རྟོག་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་ཡོད་དེ། དེའི་མངོན་པར་བརྗོད་པའི་གནས་སུ་གྱུར་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། གཟུགས་ཞེས་བྱ་བ་ ལ་སོགས་པ་འདོགས་པའི་ཚིག་ཙམ་པོ་ཡིན་ཏེ་ཞེས་བྱ་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། བཏགས་པའི་བདག་ཉིད་ཀྱིས་སྟོང་པའི་དངོས་པོ་ཙམ་ནི་དེའི་བདག་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་། ཀུན་དུ་སྒྲོ་བཏགས་པའི་ངོ་བོས་འཇུག་པར་འགྱུར་རོ། །དེས་ན་སྨྲས་པ། ཡང་དག་མ་ཡིན་ཀུན་ རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་བྱ་བས། དེ་ལྟར་དངོས་པོ་ཙམ་དང་འདོགས་པ་ཙམ་དུ་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །དེ་ལྟར་ན་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའི་ཤེས་པ་ནི་ཀུན་དུ་བཏགས་པའོ། །དངོས་པོ་ཙམ་ཡོད་པ་ལ་སྐུར་པ་མི་འདེབས་པ་དེའི་རྣམ་ གྲངས་བརྗོད་པའི་ཕྱིར་ལྷག་པར་ཡང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་རིགས་པས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དོ་ཞེས་བསྒྲུབས་ནས། ལུང་གིས་ཀྱང་བསྒྲུབ་པར་འདོད་ནས་ཚིགས་སུ་བཅད་པའི་དོན་གྱིས་བསྟན་པའི་ཕྱིར། མིང་ནི་གང་དང་གང་གིས་སུ། །ཞེས་ བྱ་བ་ལ་སོགས་པ་ལ། གང་དང་གང་གིས་སུ་ཞེས་བྱ་བ་ནི་མངོན་པར་བརྗོད་པ་གང་དང་གང་གིས་སོ། །ཆོས་རྣམས་གང་དང་གང་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གང་བརྗོད་པ་ཞེས་བྱ་བ་ནི་ཀུན་བརྟགས་པའོ། །དེ་ནི་ཞེས་བྱ་བ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དོ། །དེ་ལ་ཞེས་བྱ་བ་ནི་ གཞན་གྱི་དབང་གི་ངོ་བོ་ལ་ཡོད་པ་མ་ཡིན་པའོ། །དེའི་ཕྱིར་དེ་ཉིད་ལས་སྨྲས་པ། བརྗོད་པ་ལས་ནི་གཞན་གྱུར་པའི། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་བྱ་བ་འདིས་ནི་སྒྲོ་འདོགས་པའི་མཐའ་ཡོངས་སུ་བསལ་བ་དང་། ངོ་བོ་ཉིད་གཉིས་གསལ་བར་བསྟན་པ་ཡིན་ནོ། །འདི་ནི་ཆོས་རྣམས་ཉིད་དོ་ ཞེས་བྱ་བ་ནི་དུས་རྟག་ཏུ་གཞན་གྱི་དབང་གི་ངོ་བོ་ལ་མངོན་པར་བརྗོད་པ་དང་། ཀུན་དུ་བརྟགས་པའི་ངོ་བོ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྐུར་པ་འདེབས་པའི་མཐའ་ཡོངས་སུ་བསལ་བ་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསལ་བར་བསྟན་པ་ཡིན་ནོ། །འདི་དག་ནི་ཚིགས་ སུ་བཅད་པའི་བསྡུས་པའི་དོན་ཏེ། གཟུགས་ལ་སོགས་པའི་མིང་ཅན་གྱི་ཆོས་རྣམས་མིང་གིས་ངོ་བོ་ཉིད་བརྗོད་པ་ན་དེ་དག་གི་མིང་མེད་པའི་ཕྱིར་རོ། །དེས་ནི་དེ་ཉིད་ལས། ཆོས་རྣམས་མིང་ནི་ཡོད་མ་ཡིན། །ཞེས་བྱ་བ་ནི། གང་ལ་མིང་དེ་འཇུག་པར་འགྱུར་བ་དེ་ལས་གཞན་པའི་ཆོས་དེའི་བདག་ ཉིད་དུ་གྱུར་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཆོས་དེ་དག་ནི་མིང་དག་གིས་ངེས་པར་བརྟགས་པ་ན་ཡང་མིང་མེད་པ་ཉིད་ཡིན་པའི་ཕྱིར་གཞན་མ་ཡིན་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། དེ་ལ་དེ་ནི་ཡོད་མ་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་ནི་བརྗོད་དུ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་གྱིས་སྒྲུབ་པའི་ཕྱིར་ དོན་དམ་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་དང་ཡང་དག་པར་ལྡན་པའི་ལུང་གཉིས་པ་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་འདིའི་དོན་བསྡུས་ནས་བསྟན་པར་རིག་པར་བྱའོ་ཞེས་ཞལ་གྱིས་མི་བཞེས་ཏེ་ཞེས་བྱ་བ་ནི་ལྟ་བ་དང་། སྲེད་པ་དག་གིས་གཟུགས་ལ་སོགས་པའི་ དངོས་པོ་ཁས་བླངས་ནས་སོ། །ལྟ་བ་ནི་མངོན་པར་ཞེན་པའི་རྣམ་པའོ། །སྲེད་པ་ནི་མི་གཏོང་བའི་རྣམ་པས་དངོས་པོ་དེ་འཛིན་པ་ནི་ཁས་ལེན་པའོ། །དེ་དག་གཉིས་ཀ་ལས་ཐུབ་པ་གྲོལ་བས་ཞལ་གྱིས་མི་བཞེས་པའོ། །དེ་ནི་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ལ་མངོན་པར་ཞེན་པར་མི་འགྱུར་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ལྟ་བ་རབ་ཏུ་སྤངས་པའི་ཕྱིར་རོ། །དེས་ན་སྨྲས་པ། དེ་ཀུན་ཐུབ་པས་ཞལ་གྱིས་མི་བཞེས་ཏེ། །ཞེས་བྱ་བ་ལ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ལྟ་བ་ལ་བརྟེན་ནས་སྲེད་པ་རྣམ་པ་གཉིས་སྐྱེ་བར་འགྱུར་ཏེ། སྲིད་ པའི་སྲེད་པ་དང་། སྲིད་པ་མ་ཡིན་པའི་སྲེད་པ་དང་། རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་སྲིད་པ་མ་ཡིན་པའི་སྲེད་པ་ནི་དངོས་པོ་ཡང་དངོས་པོ་མེད་པར་མཐོང་བའི་སྒོ་ནས་སྐྱེ་བར་འགྱུར་རོ་ཞེས་བྱ་བས་གཟིགས་པ་དང་བཞེད་པ་སྐྱེ་བར་འགྱུར་རོ། །སྲིད་པ་ལ་སྲེད་པ་ནི་མངོན་པར་བརྗོད་ པ་ཐོས་པའི་སྒོ་ནས་སྐྱེ་བ་ནི་གསན་ལ་བཞེད་པའོ། །དེ་གཉི་གའི་ངོ་བོ་མེད་པས་ཞལ་གྱིས་མི་བཞེས་པའོ། །འདོགས་པའི་རྣམ་གྲངས་ནི་ཀུན་རྫོབ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཏགས་པ་གང་ཡིན་པ་དེ་དག་ནི་ཀུན་རྫོབ་ཅེས་བྱ་སྟེ་ཞེས་བྱ་བ་ལ་ཀུན་རྫོབ་དེ་ལ་དངོས་པོའི་ངོ་བོར་ནི་ མངོན་པར་ཞེན་པར་མི་བྱ་སྟེ། ལྟ་བ་མེད་པའོ་ཞེས་བསྟན་པ་ཡིན་ནོ། །དེས་ན་རྒྱུ་དེས་ཞལ་གྱིས་མི་བཞེས་པ་ཞེས་བྱའོ། །ཞལ་གྱིས་མི་བཞེས་པའི་ཕྱིར་གང་ཡང་ཉེ་བར་མི་འཛིན་པས་གང་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་བཤད་པ་ནི། སྒྲོ་འདོགས་པའམ་སྐུར་པ་འདེབས་པས་ སམ་ཞེས་བྱ་བ་ནི་རྫས་དེ་འཛིན་པའི་སྐབས་ཀྱིས་སོ། །དེ་ལྟར་ཕྱིན་ཅི་ལོག་གི་ལྟ་བ་སྤངས་པས་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་རོ། །དེས་ཤེས་བྱ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་གཟིགས་པ་ཞེས་བརྗོད་དོ། །དེས་ཤེས་བྱའི་བརྗོད་པ་ཐོས་པའི་ཕྱིར་གསན་པ་ཞེས་བརྗོད་དོ། ། སྲེད་པ་སྐྱེད་པར་ཡང་མི་མཛད། འཕེལ་བར་ཡང་མི་མཛད་ཅེས་བྱ་བའི་རང་བཞིན་གྱི་དོན་བསྟན་པའི་ཕྱིར། དམིགས་པ་དེ་སྤོང་ཞིང་བཏང་སྙོམས་ཅན་དུ་གནས་ཏེ་ཞེས་བྱ་བ་ལ། སྐྱེད་པར་མི་མཛད་ཅེས་བྱ་བ་ནི་སྤོང་བར་མཛད་པའོ། །འཕེལ་བར་མི་མཛད་ཅེས་བྱ་བ་ནི་བཏང་སྙོམས་སུ་གནས་ པའོ། །ཉན་ཐོས་ཀྱི་ཐེག་པ་དང་ཡང་དག་པར་ལྡན་པའི་ལུང་གསུམ་པ་ཉིད་བསྟན་པ། ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ཅེས་བྱ་བ་ནི་ས་གང་ཡིན་པ་དེ་ནི་བདག་གོ་ཞེ་འམ། བདག་གང་ཡིན་པ་དེ་ཉིད་སའོ་ཞེས་བྱ་བར་དེ་ལྟར་ས་ལ་བདག་དང་བདག་གིར་བཟུང་ནས་བསམ་གཏན་མི་བྱེད་དེ་ ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ཆུ་དང་མེ་དང་རླུང་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞིའི་ཚིག་གིས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ལ་བརྟེན་ནས་བསམ་གཏན་མི་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །གཟུགས་མེད་པའི་སྐྱེ་མཆེད་བཞི་ནི་རང་གི་ སྒྲས་བསྟན་པ་ཡིན་ནོ། །འདོད་པའི་ཁམས་ནི་འཇིག་རྟེན་འདི་ལ། གཟུགས་དང་གཟུགས་མེད་པའི་ཁམས་ནི་འཇིག་རྟེན་གཞན་ནོ། །ཉི་མ་དང་ཟླ་བ་ཐ་དད་དུ་སྨོས་པ་ནི་འཇིག་རྟེན་གཞན་དུ་ཡང་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །མཐོང་བ་དང་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་ལ་བརྟེན་ ནས་བསམ་གཏན་མི་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བསྙེན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་སྤྲོས་པ་ལ་བརྟེན་ནས་བསམ་གཏན་མི་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །མི་རྟེན་པའི་རྒྱུ་བསྟན་པའི་ཕྱིར། ས་ལ་སར་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་སྤངས་པ་ ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྟེན་པ་མེད་པར་བསམ་གཏན་བྱེད་པའི་དགེ་སློང་ལ་ནི་ལྷ་དང་ཚངས་པ་ལ་སོགས་པས་ཀྱང་མཆོད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དབང་པོ་དང་བཅས་པའི་ཞེས་བྱ་བ་ལ་སོགས་པའོ། །སའི་འདུ་ཤེས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་སྒོ་ནས་ བསྟན་པའི་ཕྱིར། སྒྲོ་འདོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་སྒྲོ་འདོགས་པ་ནི་བརྗོད་པའི་ངོ་བོ་ལ་མངོན་པར་ཞེན་པ་ཉིད་དོ། །སྐུར་པ་འདེབས་པ་ནི་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །བསལ་བའི་དོན་བསྟན་པའི་ཕྱིར། བསལ་ཞེས་བྱ་བ་ནི་སྤོང་བ་དང་ གཏོང་བའོ་ཞེས་བྱ་བའོ། །དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་རབ་ཏུ་རྟོགས་ནས་དེའི་བདག་ཉིད་མ་ཡིན་ན་ཡང་བརྗོད་པའི་བདག་ཉིད་ཀྱི་སྒོ་ནས་སྟོན་པར་མཛད་ཀྱང་། བརྗོད་དུ་མེད་པའི་བདག་ཉིད་ལ་བསྟན་དུ་མེད་པ་ཉིད་ཡིན་ཏེ། ངག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། ། དེས་དེ་བརྗོད་པ་ན་འཕགས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་བསྟན་པས་བསྡུས་པ་དེ་ནི་ཡང་དག་པའི་ཡེ་ཤེས་སྐྱེ་བ་ལ་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། བརྗོད་པ་མེད་ན་ཡང་དེ་གཞན་དག་ལ་བསྙད་པ་དང་། ཐོས་པར་བྱེད་ཀྱང་མི་ནུས་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ ཡིན་པའི་ཕྱིར་རོ། །ཐོས་པར་ཡང་མི་ནུས་ཏེ། ཐོས་པའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ལྟར་བྱས་ནས་ཤེས་པས་ཀྱང་ཤེས་པར་ནུས་པ་མ་ཡིན་ཏེ། དེའི་ཡུལ་ཅན་གྱི་ཤེས་པ་ནི་མན་ངག་དང་ཉེ་བར་འབྲེལ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ དག་པ་མ་ཡིན་པ་ལ་རྣམ་པར་རྟོག་པ་ཡིན་ན་ཡང་། འགའ་ཞིག་རྣམ་པར་བྱང་བ་དང་མཐུན་པར་འགྱུར་བ་ཡིན་ཏེ། འཕགས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལ་དམིགས་པའོ། །དེའི་ཕྱིར་ཚིགས་སུ་བཅད་པས་སྨྲས་པ། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་ རྟོག །རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཅེས་བྱ་བ་ཡིན་ནོ། །དེ་ལ་ཡང་དག་མིན་རྟོག་ནི་ཐར་པ་དང་རྗེས་སུ་མཐུན་པ་མ་ཡིན་པའོ། །ཡང་དག་མིན། ཡང་དག་མ་ཡིན་མིན་ནི་བརྗོད་དུ་མེད་པའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་རྗེས་སུ་མཐུན་ པའོ། །མི་རྟོག་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། རྣམ་པར་མི་རྟོག་པའི་མཚན་ཉིད་མེད་པའི་ཕྱིར་རོ། །རྟོག་མིན་མི་རྟོག་མ་ཡིན་པ་ནི། འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། ཡང་ དག་པའི་ཡུལ་ཅན་ཡིན་པའི་ཕྱིར། ཆོས་ཀྱི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །ཇི་སྐད་བསྟན་པ་དེ་ཁོ་ན་ཉིད་ཡོངས་སུ་ཤེས་ན་རྣམ་པར་རྟོག་པ་སྤོང་ངོ་། །རྣམ་པར་རྟོག་པ་སྤངས་ན་འཁོར་བ་ལས་ལྡོག་པར་འགྱུར་རོ། །དེ་ལྟར་བྱས་ན་དེ་ཁོ་ན་ཉིད་མཐོང་བ་རྣམས་ནི་རྣམ་པར་གྲོལ་བ་ལ་ འཇུག་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ད་ནི་དེ་ཁོ་ན་ཉིད་མ་མཐོང་ན་ནི་འཆིང་བའི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་བཞིན་ཉིད་དེ་དེ་ལྟར་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་མཚན་ཉིད་དུ་ཡོངས་སུ་མ་ཤེས་པ་སྟེ། དེ་ལྟར་མ་ མཐོང་བའི་ཕྱིར་རོ། །དེ་ཁོ་ན་ཤེས་པ་དང་བྲལ་བའི་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་མ་མཐོང་བའི་གཞི་དེས་ཏེ། དེའི་རྒྱུས་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་རྣམ་པ་བརྒྱད་ནི་འཇུག་པའི་འབྲས་བུའི་རྒྱུ་ཉིད་དང་། འཇུག་པའི་གཞིའི་རྒྱུ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པར་གཞག་པའོ། །དེ་ལ་འཇུག་ པའི་འབྲས་བུ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱིས་བསྡུས་པའི་གཟུགས་ལ་སོགས་པའི་འདུ་བྱེད་རྣམས་སོ། །དེ་དག་གི་རྒྱུ་ནི་རྣམ་པར་རྟོག་པ་གསུམ་མོ། །འཇུག་པའི་གཞི་ནི་བདག་མེད་པར་མཐོང་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་བདག་ཏུ་མཐོང་བ་དང་། དེའི་རྩ་བ་ཅན་གྱི་ལྟ་བའོ། ། དེའི་གཞི་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ། དེ་དག་ནི་རྣམ་པར་རྟོག་པ་རྣམ་པ་ལྔའོ། །དེ་ལྟར་ན་ཆོས་ཀྱི་མཚན་ཉིད་དང་། ཆོས་ཀྱི་ཁྱད་པར་གྱི་མཚན་ཉིད་དང་། བསྡུས་པའི་མཚན་ཉིད་དང་། བསྡུས་པའི་ཁྱད་པར་གྱི་མཚན་ཉིད་དང་། ཆོས་ཀྱི་རྣམ་པར་དབྱེ་བའི་དབང་ དུ་བྱས་ནས་རྣམ་པ་བརྒྱད་དོ། །གཞི་གསུམ་སྐྱེད་པར་བྱེད་པ་ཡིན་པས་སེམས་ཅན་ཐམས་ཅད་དང་། སྣོད་ཀྱི་འཇིག་རྟེན་རྣམས་སྒྲུབ་པར་བྱེད་པར་འགྱུར་རོ། །ཆོས་རྣམས་ཀྱི་ངོ་བོ་ལ་དམིགས་པའི་རྣམ་པའི་རྣམ་པར་རྟོག་པ་ནི་ངོ་བོ་ཉིད་དུ་རྣམ་པར་རྟོག་པའོ། །བྱེ་བྲག་ཏུ་རྣམ་པར་རྟོག་པ་ཡང་ དེ་བཞིན་ནོ། །ཆོས་བསྡུས་པ་ལ་དམིགས་པའི་རྣམ་པར་རྟོག་པ་ནི་རིལ་པོར་འཛིན་པའི་རྣམ་པར་རྟོག་པའོ། །རང་གི་རྒྱུད་ཀྱི་འདུ་བྱེད་ལ་བདག་དང་བདག་གི་རྣམ་པར་འཛིན་པའི་རྣམ་པར་རྟོག་པ་ནི་བདག་དང་བདག་གི་རྣམ་པར་རྟོག་པའོ། །ཚོར་བ་རྣམ་པ་གསུམ་གྱི་གནས་སུ་གྱུར་པའི་ཆོས་རྣམས་ལ་ རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། སོ་སོར་མ་བརྟགས་པའི་རྣམ་པར་རྟོག་པ་ནི་སྡུག་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །དེ་ལྟར་དམིགས་པ་དང་། རྣམ་པའི་དབང་གིས་རྣམ་པར་རྟོག་པ་རྣམས་རྣམ་པར་གཞག་པར་རིག་པར་བྱའོ། །རྣམ་པར་རྟོག་པ་ཉིད་སྤྲོས་པ་སྟེ། བརྟགས་པའི་ ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་གནས་ནི་དམིགས་པའོ་ཞེས་བསྟན་ཏོ། །སྐྱེ་བ་སྔ་མའི་ལས་ཀྱིས་འཕངས་པའི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ལ་རྣམ་པར་རྟོག་པས་བསྐྱེད་ཅེས་བརྗོད་པར་བྱ་སྟེ། ཇི་ལྟ་ཇི་ལྟར་རྣམ་པར་རྟོག་པ་དེ་དག་ལ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་དེ་ལྟར་སྤྲོས་པ་ལ་མངོན་པར་ དགའ་བར་འགྱུར་ཞིང་དེ་ལས་སྤྲོས་པ་མངོན་པར་འབྱུང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་རྟོག་པ་གསུམ་པོ་ནི་སྤྲོས་པའི་གནས་ཀྱིས་བསྐྱེད་པ་ཡིན་ནོ། །ཡང་དངོས་པོ་དེ་དག་ཉིད་ལ་གནས་ནས་སྔོན་གྱི་སྤྲོས་པའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་རྟོག་པ་ཀུན་ནས་སྤྱོད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ སྨྲས་པ། མིང་གི་འདུ་ཤེས་ཀྱི་བརྗོད་པས་ཡོངས་སུ་གཟུང་བ་ཞེས་བྱ་བ་ནི་མིང་ལ་འདུ་ཤེས་པ་ནི་མིང་ལ་འདུ་ཤེས་ཏེ། མིང་གི་མཚན་མ་འཛིན་པའི་བདག་ཉིད་ཅན་ནོ། །དེ་སྔོན་དུ་སོང་བ་ལས་རྗེས་སུ་ཐ་སྙད་དུ་བྱེད་པ་ནི་བརྗོད་པ་སྟེ། ཇི་ལྟར་འདུ་ཤེས་པ་དེ་བཞིན་དུ་ཐ་ སྙད་དུ་བྱེད་དོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །དེས་ཡོངས་སུ་གཟུང་བ་ཞེས་བྱ་བའི་བཤད་པ་ནི་ཡོངས་སུ་བསྒོས་པ་ཞེས་བྱ་བ་ཡིན་ནོ། །རྣམ་པར་རྟོག་པའི་སྤྲོས་པ་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་དངོས་པོ་ལ་གཟུགས་ནས་རྣམ་པར་ཤེས་པའོ་ཞེས་བྱ་བའི་བར་དུ་བཟུང་ནས་རྟོག་ཅིང་དཔྱོད་པས་ འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །རྫས་ཀྱི་དབྱེ་བས་ནི་རྣམ་པ་སྣ་ཚོགས་མང་པོར་འགྱུར་རོ། །དེ་ལས་གཞན་པའི་ལྟ་བ་ཐམས་ཅད་ཀྱི་རྩ་བ་ཞེས་བྱ་བ་ལ། འཇིག་ཚོགས་ལ་ལྟ་བ་ལས་གཞན་པ་མཐར་འཛིན་པའི་ལྟ་བ་ལ་སོགས་པའི་རྩ་བ་ནི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱིས་ངའོ་སྙམ་པའི་ ང་རྒྱལ་ཡང་རྒྱས་པར་བྱེད་པ་ཡིན་ལ། རྣམ་པར་རྟོག་པ་གང་ལས་དེ་བྱུང་བ་དེ་ལས་ཡང་འབྱུང་བ་ཡིན་ནོ། །ངའོ་སྙམ་པའི་ང་རྒྱལ་དེ་ལས། ང་རྒྱལ་ལས་ཀྱང་ང་རྒྱལ་ལ་སོགས་པ་ང་རྒྱལ་གཞན་ཐམས་ཅད་འབྱུང་བས་དེ་ནི་རྩ་བར་གྱུར་པ་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་འདིར་རིམ་པ་ཇི་ལྟ་ བ་བཞིན་དུ་ལྟ་བའམ། ཡང་ན་གང་ན་རྗེས་སུ་ཆགས་པ་ཡོད་པ་དེ་ན་ཁོང་ཁྲོ་ཡང་ཡོད་པས་ཞེས་བྱ་བས་དོན་ཇི་ལྟར་འབྱུང་བ་བཞིན་ནོ། །གཞི་གསུམ་པོ་དབྱེ་བར་བྱ་སྟེ། དང་པོ་ནི་རྣམ་པར་རྟོག་པ་ལ་གནས་པའོ། །དེ་ཉིད་ལ་ལྟ་བ་ལས་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་འཇུག་པ་ནི་གཉིས་པའོ། ། དེ་ལ་བརྟེན་པའི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ནི་གསུམ་པའོ། །གཞི་གསུམ་པོ་དག་གཅིག་ལ་གཅིག་བརྟེན་པའི་དོན་བསྟན་པའི་ཕྱིར་སྨྲས་པ། དེ་ལ་རྣམ་པར་རྟོག་པའི་སྤྲོས་པའི་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྣོད་དང་སེམས་ཅན་གྱི་འཇིག་རྟེན་རྣམས་ སོ། །གཟུགས་ཞེས་བྱ་བ་ནི་གཟུང་བར་བྱ་བས་རབ་ཏུ་ཕྱེ་བའི་རྟོག་པ་སྟེ། གཟུགས་ཀྱི་ངོ་བོ་ཉིད་དུ་རྟོག་པའོ། །དེ་བཞིན་དུ་གཞན་དག་ཀྱང་ཡིན་ནོ། །དེ་དག་གི་ངོ་བོ་ཉིད་རྣམ་པར་གཞག་པས་ཡོངས་སུ་བསྡུས་པ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པར་རིག་པར་བྱ་སྟེ། ངོ་བོ་ཉིད་དུ་རྟོག་པ་ཉིད་ལ་གནས་ནས་ དེའི་རྗེས་སུ་འབྲངས་ནས་འཇུག་པ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ལ་བརྟེན་པ་དེ་ཞེས་བྱ་བ་ལ་སོགས་པ་ཡང་ངོ་། །མང་པོ་གཅིག་ཉིད་དུ་འཛིན་པའི་རྣམ་པར་རྟོག་པ་ནི་རིལ་པོར་འཛིན་པའི་རྣམ་པར་རྟོག་པའོ་ཞེས་བསྟན་པའི་ཕྱིར་ དང་། ཕྱི་རོལ་གྱི་དངོས་པོ་བསྟན་པའི་ཕྱིར། ཁྱིམ་དང་། དམག་དང་ཞེས་བྱ་བ་ལ་སོགས་པའོ། །ཟག་པ་དང་བཅས་པའི་ས་བོན་རྗེས་སུ་བསྒོས་པའི་ཕྱིར་ཟག་པ་དང་བཅས་པའོ། །དེའི་ཕྱིར་ཉེ་བར་ལེན་པ་དང་བཅས་པའི་ཕྱིར་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་རོ། །འདྲིས་ ཤིང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ཀྱི་ལྟ་བ་ལ་ཀུན་དུ་བརྟགས་ནས་མངོན་པར་ཞེན་པའོ། །གོམས་པ་ལ་ལོག་པར་འཛིན་ཅིང་འདྲིས་པ་ཡང་མངོན་པར་ཤེས་པའོ། །རང་གི་ཞེས་བྱ་བ་ནི་རང་གི་རྒྱུད་དོ། །ལོག་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་སྒྲོ་བཏགས་པའི་རྣམ་པ་ ཉིད་དོ། །མཛེས་པ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་འདི་དག་ཐམས་ཅད་གཟུང་བ་དང་འཛིན་པའི་དབྱེ་བས་གཉིས་སུ་རྣམ་པར་གཞག་པར་བྱ་བའམ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཤེས་ པ་དང་། ཤེས་བྱའི་དབྱེ་བས་སོ། །འདི་དག་གཉི་ག་ཡང་སྔོན་གྱི་མཐའ་མི་ཤེས་སོ་ཞེས་བྱ་བས་ཐོག་མ་མེད་པའོ། །ཕན་ཚུན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་མཐོང་བའི་ཆོས་དང་། ཕྱི་མ་པའོ། །དེའི་ཕྱིར་སྨྲས་པ། རྣམ་པར་རྟོག་པ་སྔ་མ་ནི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ངོ་མ་ ཤེས་པ་ནི་སྤྲོ་བའི་གནས་ཀྱི་རྒྱུར་འགྱུར་གྱི། ཡོངས་སུ་ཤེས་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་ད་ལྟར་གྱི་ཞེས་བྱ་བ་ལ་སོགས་པ་ལ། ད་ལྟར་གྱི་སྟེ་ཚེ་འདིའོ། །རྣམ་པར་རྟོག་པ་ཡོངས་སུ་མ་ཤེས་པ་ནི་དེ་ཁོ་ན་མ་མཐོང་བའོ། །དེས་དེའི་དམིགས་པའི་དངོས་པོ་འབྱུང་བའི་རྒྱུ་ སྟེ། དེ་བྱུང་བར་གྱུར་པས་རྣམ་པར་རྟོག་པ་ཡང་འབྱུང་བས་དེ་ལྟར་ན་ཕན་ཚུན་གྱི་རྒྱུ་ཅན་ཉིད་ཡིན་ནོ། །དེ་ལྟར་འཇུག་པར་འགྱུར་བའི་རྣམ་པར་རྟོག་པ་ལྡོག་པར་འགྱུར་བའི་ཐབས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། རྣམ་པར་རྟོག་པ་དེ་ཇི་ལྟར་ཤེས་པར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་རྟོག་པ་ཡོངས་སུ་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྦྱོར་བ་ཡིན་ནོ། །དེས་ན་སྨྲས་པ། ཡོངས་སུ་ཚོལ་བ་རྣམ་པ་བཞི་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དངོས་པོ་ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པ་ནི་ཡོངས་སུ་ཚོལ་བའོ། །ཡོངས་སུ་ བཙལ་བའི་དངོས་པོའི་མཐར་ཐུག་པ་རྣམ་པར་ངེས་པ་ཐོབ་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །མིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཉེ་བར་ཡོངས་སུ་རྟོག་པ་དང་། རིགས་པས་ཡོངས་སུ་རྟོག་པ་དེ་ནི་མིང་ཡོངས་སུ་ཚོལ་བ་ཞེས་བྱའོ། །ཇི་ལྟ་བ་བཞིན་དུ་ཡོངས་སུ་ ཚོལ་བ་གཞན་ཡང་རིག་པར་བྱའོ། །མིང་ལ་མིང་ཙམ་དུ་ཞེས་བྱ་བ་ནི་དངོས་པོས་དབེན་པའི་མིང་ངོ་། །དེ་ལ་བློས་སྦྱར་བ་དེ་ནི་དེའི་བདག་ཉིད་མ་ཡིན་པ་ཉིད་དུ་མཐོང་བ་ཞེས་བྱ་བའི་དོན་ཏོ། །མིང་གིས་དབེན་པའི་དངོས་པོ་ནི། དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་གྲུབ་ པའི་དངོས་པོ་ཙམ་མཐོང་བ་ནི་དངོས་པོ་ཡོངས་སུ་ཚོལ་བའོ། །ངོ་བོ་ཉིད་དུ་བཏགས་པ་ཙམ་ཉིད་དུ་ལྟ་བ་དང་། བྱེ་བྲག་ཏུ་བཏགས་པ་ཙམ་དུ་ལྟ་བ་ནི་དེ་གཉིས་ཀ་ཡོངས་སུ་ཚོལ་བའོ། །དེ་ལྟ་དེ་ལྟར་ཡོངས་སུ་ཚོལ་ན། མིང་དང་དངོས་པོ་ཤིན་ཏུ་ཐ་དད་པར་ཡང་མཐོང་ལ། ཐ་དད་ན་ཡང་ དངོས་པོ་གང་གི་མིང་གང་ཡིན་པ་དེ་གཞན་དག་ལ་ཤིན་ཏུ་འཇུག་པར་མི་འགྱུར་རོ་ཞེས་བྱ་བས་རྗེས་སུ་འཇུག་པའི་མཚན་ཉིད་ཀྱང་རབ་ཏུ་རིག་པར་འགྱུར་རོ། །དེ་གཉི་གའི་འབྲེལ་བ་ལ་བརྟེན་ནས་ངོ་བོ་ཉིད་དང་བྱེ་བྲག་ཏུ་བཏགས་པ་ཡང་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ན་ཡོངས་སུ་ཚོལ་བ་བཞི་ པོ་ནི་ཡོངས་སུ་ཤེས་པ་བཞིའི་སྦྱོར་བ་པ་ཡིན་པར་རིག་པར་བྱའོ། །མིང་དང་དངོས་པོ་ཐ་དད་པར་གྱུར་ན་དེ་དག་གཉི་གའི་འབྲེལ་པའི་དགོས་པ་ཡོངས་སུ་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་དང་པོ་ཡིན་ནོ། །དེས་ན་སྨྲས་པ། དེས་དེ་ལྟར་མིང་ཡང་དག་པ་ཇི་ལྟ་བ་ བཞིན་ཡོངས་སུ་ཤེས་སོ་ཞེས་བྱ་བ་ཡིན་ནོ། །ཤིན་ཏུ་ཐ་དད་པ་ཡིན་ན་ཡང་དངོས་པོ་དེའི་མིང་འདི་ཞེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེས་དབེན་པར་མཁྱེན་ན་ཡང་། ཇི་སྲིད་ཐ་སྙད་རྗེས་སུ་འཇུག་པར་འགྱུར་བ་དེ་སྲིད་དུ་མིང་ལ་སོགས་པའི་རིམ་པར་དེ་སྟོན་པར་མཛད་ དོ། །མིང་གིས་འདུ་ཤེས་སུ་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར། འདུ་ཤེས་ཀྱི་དོན་དང་ཞེས་བྱ་བ་ནི་དངོས་པོ་དེ་མིང་དང་རྒྱུ་མཚན་གྱིས་ཉེ་བར་མཚོན་པར་བྱེད་པའི་དོན་ཏོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་འདུ་ཤེས་པ་བཞིན་དུ་མངོན་པར་ཞེན་པར་འགྱུར་རོ་ཞེས་བྱ་བར། ལྟ་བའི་ དོན་དང་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་མངོན་པར་ཞེན་པར་གྱུར་པ་དེ་ལྟར་ཐ་སྙད་དུ་བྱེད་དོ་ཞེས་བྱ་བར་ཉེ་བར་འདོགས་པའི་དོན་དུའོ་ཞེས་བྱ་བ་སྨྲས་སོ། །དེ་མེད་ན་མིང་འབྱུང་བར་སྦྱར་བའི་ཕྱིར། གལ་ཏེ་གཟུགས་ལ་སོགས་པར་ཞེས་བྱ་བ་ལ་སོགས་པའོ། །འདུ་ཤེས་མེད་ན་དངོས་པོ་ ཉེ་བར་མཚོན་པར་མི་འགྱུར་ལ། དེ་མེད་ན་བཏགས་པ་ལ་མངོན་པར་ཞེན་པར་ཡང་མི་འགྱུར་རོ། །མངོན་པར་ཞེན་པ་མེད་ན་བདག་ཉིད་དོན་ལ་ངེས་པར་འགྱུར་བ་དང་། གཞན་དག་ལ་ངེས་པ་བསྐྱེད་པར་མི་ནུས་ལ། དེ་བཞིན་དུ་བསྟན་པ་དང་མཉམ་པ་ཡང་མེད་པར་འགྱུར་ རོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་མིང་རྣམ་པར་གཞག་པ་ཤེས་པ་ནི་མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དངོས་པོ་ལ་དངོས་པོ་ཙམ་དུ་དེས་ཡོངས་སུ་བཙལ་བ་ན་མ་འདྲེས་པ་སྟེ་མི་ལྡན་པར་རོ། །བརྗོད་དུ་མེད་པའི་དངོས་པོ་ཙམ་དུ་ལྟ་བ་ ནི། ཤེས་པ་གཉིས་པའོ། །ཡོངས་སུ་གྲུབ་པ་དང་། དངོས་པོའི་ངོ་བོ་དག་ནི་བདེན་ན་ཡང་དེའི་ངོ་བོ་ནི་མ་ཡིན་ཏེ། དེའི་སྣང་བ་གཟུགས་བརྙན་ཉིད་དང་འདྲ་བར་ཡོངས་སུ་ཤེས་ཤིང་ལྟ་བ་ནི་ཤེས་པ་གསུམ་པའོ། །དེའི་ཕྱིར་སྨྲས་པ། དེས་དེའི་ངོ་བོ་ཉིད་སྤྲུལ་པ་དང་ཞེས་བྱ་བ་ལ་སོགས་ པ་ལ། ཇི་ལྟར་སྤྲུལ་པ་དང་། གཟུགས་བརྙན་ཏེ་དེའི་རྣམ་པ་དེ་དང་འདྲ་བར་སྤྲུལ་པའོ། །དེ་བཞིན་དུ་དངོས་པོའི་རྣམ་པ་ཡང་གཟུགས་བརྙན་དང་འདྲ་བ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་བརྙན་ལ་སོགས་པ་རྣམས་ལ་སྦྱར་བར་བྱའོ། །ཀུན་དུ་ བརྟགས་པའི་ངོ་བོས་དབེན་པ་མཐོང་བ་དེ་ནི་ཤིན་ཏུ་ཟབ་པའི་དོན་སྤྱོད་ཡུལ་དུ་གྱུར་པ་ཞེས་བྱ་བར་གསུངས་པ་ཡིན་ནོ། །ཆོས་རྣམས་ཀྱི་བྱེ་བྲག་ནི་གནས་སྐབས་ཀྱི་ཁྱད་པར་གྱིས་བསྡུས་པ་ཉིད་དོ། །དེའི་གཉིས་སུ་མེད་པའི་མཚན་ཉིད་ལ་ལྟ་བ་ནི་ཤེས་པ་བཞི་པའོ། །ངོ་བོ་ཉིད་ཀྱང་གཉིས་སུ་ མེད་པའི་མཚན་ཉིད་དུ་རིག་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་ལས་འདི་ལ་བྱེ་བྲག་བསྟན་པའི་ཕྱིར་དང་། དབྱེ་བ་བསྟན་པའི་ཕྱིར་བྱེ་བྲག་ཏུ་བཏགས་པའི་ཚོལ་བ་ཉིད་ལ་གཉིས་སུ་མེད་པའི་མཚན་ཉིད་ཅེས་བསྟན་པ་ཡིན་ནོ། །གཉིས་སུ་མེད་པ་ཉིད་ཀྱང་དངོས་པོ་ཡང་མ་ ཡིན། དངོས་པོ་མེད་པ་ཡང་མ་ཡིན་པ་ཉིད་དོ་ཞེས་བྱ་བར་རྩ་བའི་ཚིག་གིས་ཡོད་པ་དང་མེད་པ་མ་ཡིན་པ་དང་སྦྱར་བའི་ཕྱིར་སྨྲས་པ། དངོས་པོ་དེ་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། བྱིས་པས་ཀུན་དུ་བརྟགས་པའི་བདག་ཉིད་ཀྱི་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ ཕྱིར་ཡོད་པ་མ་ཡིན་པའོ། །མེད་པ་ཡང་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཉིད་ཀྱིས་བརྗོད་དུ་མེད་པའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ། དོན་དམ་པར་གཟུགས་ཀྱང་གཟུགས་སུ་བསྒྲུབ་ པར་ནུས་པ་མ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ལག་པ་ལ་སོགས་པའི་རེག་པས་རེག་ཅིང་ནོམ་དུ་ཡོད་པའི་ཕྱིར་རོ། །དེའི་ཕྱིར། གཟུགས་སུ་ཉེ་བར་འདོགས་པས་ཞེས་སྨྲས་པ་ཡིན་ནོ། །དེ་བཞིན་དུ་བསྟན་དུ་ཡོད་པ་ལ་སོགས་པ་ལ་ཡང་ཚུལ་འདི་ ཉིད་ཀྱིས་རིག་པར་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མེད་པ་ཉིད་དེ་དེ་ནི་རྣམ་པར་རྟོག་པའི་སྡུག་བསྔལ་གྱི་སྤྲོས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་བྱིས་པ་རྣམས་ཀྱི་ལོག་པར་རྟོག་པ་རྣམ་པ་བརྒྱད་པོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་རྟོག་པ་ནི་ཀུན་ ནས་ཉོན་མོངས་པའི་རྒྱུ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར། ལོག་པར་ཞེས་བྱ་བ་སྨོས་སོ། །འཁོར་བ་ནི་ཉོན་མོངས་པའི་རྩ་བ་ཅན་ཉིད་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པས་འཁོར་བ་ཀུན་དུ་བསྐྱེད་ཅིང་། འཁོར་བ་ཡང་གཅིག་ཏུ་སྡུག་བསྔལ་བར་རོ་གཅིག་པའི་ཕྱིར་སྡུག་བསྔལ་བསྐྱེད་ཅིང་ འཇུག་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་རྣམ་པར་རྟོག་པའི་རྩ་བ་ལས་སྡུག་བསྔལ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་སྤངས་པའི་འགོག་པ་ལས་སྡུག་བསྔལ་འགག་པར་འགྱུར་བ་བསྟན་པའི་ཕྱིར་སྨྲས་པ། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་རྟོག་པ་སྤངས་པས་སྤྲོས་པ་འགག་པར་འགྱུར་བས་འཁོར་བར་གནས་པར་ཡང་མི་འགྱུར་ལ། སངས་རྒྱས་ཀྱི་ཆོས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྦྱོར་བ་མངོན་པར་འདུ་བྱེད་པའི་བྱེ་བྲག་གིས་མྱ་ངན་ལས་འདས་པར་ཡང་མི་གནས་སོ། །དེ་ལྟ་བུ་ནི་ཐེག་པ་ ཆེན་པོའི་མི་གནས་པའི་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་ནི། དེ་ཁོ་ནའི་དོན་གྱི་མཆོག་གོ། །དེ་སྤྱོད་ཡུལ་དུ་བྱས་པའི་ཡེ་ཤེས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་ བའི་ཡེ་ཤེས་སོ། །དེ་རྣམ་པར་དག་པ་ནི་ས་བརྒྱད་པ་ནས་ཉེ་བར་བཟུང་ནས་རིག་པར་བྱའོ། །ཐམས་ཅད་ལ་དབང་ཐོབ་པ་ནི་མདོར་ན་ཕྱིའི་དངོས་པོ་ལ་དང་། ནང་གི་བདག་ཉིད་ལའོ། །དེ་ལྟར་ཕྱིའི་དངོས་པོ་ཡང་རྣམ་པ་གཉིས་ལ་དབང་ཐོབ་པ་སྟེ། ཡོད་པ་མ་ཡིན་པའི་དངོས་པོ་ བསྐྱེད་པ་ནི། སྤྲུལ་པ་སྣ་ཚོགས་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །ཡོད་པའི་དངོས་པོ་གཞན་དུ་བསྒྲུབས་པ་ནི་ཡོངས་སུ་བསྒྱུར་བ་སྣ་ཚོགས་པ་ཡང་ངོ་ཞེས་བྱ་བའོ། །ནང་གི་བདག་ཉིད་ཀྱང་རྣམ་པ་གཉིས་ཏེ། ཚེ་བྱིན་གྱིས་བརླབས་པས་དུས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པ་ ལ་དབང་བ་ནི་གང་ཡང་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པ་དང་ཞེས་བྱ་བས་བསྟན་པ་ཡིན་ནོ། །དགའ་མགུར་ཏེ། འདོད་པ་བཞིན་དཔྱད་ནས་གནོད་པ་མེད་པར་འཆི་བ་ལ་དབང་ཐོབ་པས་འདོད་པ་ཙམ་གྱིས་ཚེ་འདོར་བའོ། །དེའི་ཕྱིར་སྨྲས་པ། གནོད་པ་མེད་པར་དགའ་མགུར་འཆི་འཕོ་ བ་ལ་ཡང་ངོ་ཞེས་བྱ་བ་ཡིན་ནོ། །ཐམས་ཅད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོར་འགྱུར་བ་ཡིན་ནོ། །དེ་ལྟར་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཇི་ལྟར་གཙོ་བོར་གཟུང་བའི་ཕན་ཡོན་ལྔ་བསྟན་ཏེ། ཉོན་མོངས་པ་རབ་ཏུ་ཞི་བ་མ་ཡིན་ན་ཡང་ གང་རབ་ཏུ་ཞི་བར་གྱུར་བས་གནས་པའི་མཆོག་ལ་གནས་པར་འགྱུར་བའི་རབ་ཏུ་ཞི་བ་དེ་ཉོན་མོངས་པ་ཞི་བའི་ཉན་ཐོས་ལ་སོགས་པ་ལ་མེད་པའི་ཕན་ཡོན་འདི་དག་འབྱུང་བར་འགྱུར་རོ། །རིག་པའི་གནས་ཐམས་ཅད་ལ་ཤེས་བྱའི་མཐར་ཐུག་པའི་ཤེས་པ་གང་། ཉན་ཐོས་ལ་སོགས་པ་ལ་ མེད་པ་གང་ཐོབ་པ་དེ་ཡང་འདིའི་ཕན་ཡོན་ཡིན་ནོ། །འཁོར་བ་དང་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་གི་སྤྱོད་པས་སྡུག་བསྔལ་བ་དང་། ཀུན་ནས་ཉོན་མོངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྐྱོ་བར་མི་འགྱུར་བ་དང་། དྲན་པ་དང་བཅས་པའི་ཤེས་རབ་ ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལྡེམ་པོ་ངག་ཐམས་ཅད་ལ་འཇུག་པ་ལ་ནུས་པ་དང་ལྡན་པར་འགྱུར་རོ། །ཕྱིར་མི་ལྡོག་པ་ཉིད་ཀྱི་ཕྱིར་མོས་པ་མི་ཟློགས་པར་འགྱུར་རོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བཟློག་ཀྱང་མི་ཟློགས་པས་བརྩོན་འགྲུས་བརྩམས་པ་ མི་འདོར་བར་འགྱུར་རོ། །དེའི་ཕྱིར་སྨྲས་པ། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི། གཞན་གྱི་ཚིག་གི་རྗེས་སུ་མི་འཇུག་པའོ། །ཕན་ཡོན་འདི་དག་དང་ལྡན་པས་ཕན་ཡོན་གྱི་ལས་འདི་དག་བྱེད་པར་འགྱུར་རོ། །དང་པོ་ནི་རེ་ཞིག་ཀུན་ནས་ཉོན་མོངས་པ་མེད་པའི་མཐོང་བའི་ཆོས་ཀྱི་ བདེ་བ་ཁྱད་པར་ཅན་ལ་གནས་པས་སེམས་ཞི་བའི་ཕན་ཡོན་འདི་ཉིད་ཡིན་ནོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་པའི་ཞི་བར་གནས་པས་བྱ་བ་རྣམ་པ་བཞི་བྱ་བ་ཡིན་ཏེ། རང་གི་དོན་གྱི་དབང་དུ་བྱས་ནས་རང་གི་རྒྱུད་ཡོངས་སུ་སྨིན་པའོ། །གང་གི་ཕྱིར་སྨྲས་པ། སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཡོངས་སུ་སྨིན་པ་ཞེས་བྱ་བའོ། །གཞན་གྱི་དོན་ནི་གཞན་གྱི་རྒྱུད་ཡོངས་སུ་སྨིན་པ་སྟེ། གང་གི་ཕྱིར་སྨྲས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ཡིན་ནོ། །དགོངས་པ་ཅན་གྱི་ཚིག་ལ་མཁས་པས་དམ་པའི་ཆོས་འཛིན་པའོ། །དེ་དབྱེ་བར་བྱ་སྟེ། སེམས་ ཅན་ཐམས་ཅད་ཀྱི་ཐེ་ཚོམ་སྐྱེས་ཤིང་སྐྱེས་པ་རྣམས་གཅོད་པར་བྱེད་པ་ཉིད་དང་། གང་ཡང་དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་འཆད་པར་འཇུག་པར་བྱེད་པའོ། །དེ་དག་གིས་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་མཉན་པ་དང་། གཟུང་བ་དང་། བཅང་བ་དང་ལྡན་པའི་ བྱ་བས་ཡོངས་སུ་མཉན་པར་བྱ། ཡང་དག་པར་གཟུང་བར་བྱ། ཡུན་རིང་དུ་གནས་པར་བྱ་བར་མི་མཐུན་པའི་ཕྱོགས་སྤང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །དམ་པའི་ཆོས་ལྟར་བཅོས་པ་ཞེས་བྱ་བ་ལ་དམ་པའི་ཆོས་ལྟར་བཅོས་པ་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་ཏེ། གཞི་བསྡུ་བ་ ནས་ཇི་སྐད་བསྟན་པ་ལྟ་བུའོ། །ཡང་དེ་ནི་བསྟན་པ་ནུབ་པར་བྱེད་པ་ཞེས་བྱ་བ་ནི་བསྟན་པའི་བར་དུ་གཅོད་པར་བྱེད་ཅིང་འཇུག་པའོ། །དེ་དམ་པའི་ཆོས་ནི་མ་ཡིན་གྱི། གཞན་དུ་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་ཏེ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའོ་ཞེས་བྱ་བའོ། །ཡོངས་ སུ་ཤེས་པ་ནི་ཡོངས་སུ་གཅོད་པའོ། །དེ་བཞིན་དུ་གཞན་དག་ལ་སྨྲ་བ་ནི་སྟོན་པའོ། །དེ་ལྟར་ཡོངས་སུ་ཤེས་ནས་སྤོང་བ་ནི་བསལ་བའོ། །དེའི་མི་མཐུན་པའི་ཕྱོགས་གཞན་གྱིས་སྨྲས་པ། སུན་འབྱིན་པ་ནི་བྱ་བ་བཞི་པའོ། །གཞན་གྱི་དྲིང་མི་འཇོག་པས་མི་འཕྲོགས་པའི་སྦྱོར་ བ་མི་འདོར་བས་བརྩོན་འགྲུས་བརྟན་པ་དང་ལྡན་པར་འགྱུར་བ་དང་། སྨོན་ལམ་བརྟན་པོ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་འདི་དག་གི་ཁོངས་སུ་གཏོགས་པའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བྱང་ཆུབ་སེམས་དཔའི་བྱ་བ་གང་ཅི་ཡང་རུང་བ་དེ་དག་ཅེས་བྱ་བ་ ལ་སོགས་པའོ། །དེ་ཁོ་ན་ཉིད་བཞི་པོ་འདི་དག་ནི་དམན་པ་དང་། འབྲིང་དང་། མཆོག་ཏུ་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། གཉིས་ནི་ཐ་མ་སྟེ། འཇིག་རྟེན་པའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ཕྱོགས་མ་ཡིན་ པའི་ཕྱིར་རོ། །འབྲིང་པོ་ནི། ཟག་པ་མེད་པའི་ཕྱིར་དང་། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །སྒྲིབ་པ་གཉི་གའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་བཞི་པ་ནི་མཆོག་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་ལས། དེ་ཁོ་ན་ཉིད་ཀྱི་དོན་གྱི་ལེའུ་བཤད་པ་སྟེ་བཞི་པ་ རྫོགས་སོ།། །།དེ་ཁོ་ནའི་དོན་མཐོང་བ་ནི་ཉོན་མོངས་པ་མེད་པར་འགྱུར་བས་སྐྱོ་བ་མེད་པའི་ཐབས་རྙེད་པར་འགྱུར་རོ་ཞེས་བྱ་བར་དེའི་རྗེས་ལ་མཐུ་བསྟན་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་པར་འགྱུར་ཏེ། ཤིན་ཏུ་ཟབ་ ཅིང་རྒྱ་ཆེ་བའི་ཕྱིར་རོ། །རྒྱུ་རྣམ་པ་ལྔས་མཐུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང་། འཇིག་རྟེན་གྱི་དཔེ་ཐམས་ཅད་ལས་འདས་པའི་ཕྱིར་དང་། དེའི་མཐུ་རྣམས་ལེགས་པར་དཔྱོད་པའི་ལས་བྱས་པའི་སེམས་ཙམ་དང་། རབ་ཏུ་འབྲེལ་པའི་ཕྱིར་དང་། མཉམ་པར་མ་བཞག་པའི་ས་པའི་སེམས་ཀྱིས་བསྒྲུབ་པར་དཀའ་བའི་ཕྱིར་དང་། མཉམ་པར་བཞག་པའི་ས་པའི་སེམས་དང་རབ་ཏུ་འབྲེལ་པའི་ཕྱིར་རོ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་མཐུ་ནི་རྣམ་པ་གསུམ་དུ་ རིག་པར་བྱ་སྟེ། ཏིང་ངེ་འཛིན་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུ་སྟེ། ཡངས་ཤིང་རྒྱ་ཆེ་ལ་ཟབ་པའི་མངོན་པར་ཤེས་པ་དྲུག་གོ། །བསོད་ནམས་དང་ཆོས་ཀྱི་མཐུ་ནི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ངོ་མཚར་ རྨད་དུ་བྱུང་བའི་ཆོས་ཀྱི་མཐུ་ནི་འབྲས་བུའི་ཁྱད་པར་གྱིས་བསྡུས་པ་སྟེ་གསུམ་པའོ། །དེ་ལ་མཐུ་དང་པོ་གང་ཡིན་པ་དེ་ཡང་རྣམ་པ་གསུམ་དུ་བསྟན་པར་བྱའོ། །རྟེན་ཉིད་དང་། ངོ་བོ་ཉིད་དང་། སྦྱོར་བའི་ལས་ཀྱི་སྦྱོར་བ་ཉིད་དོ། །ཏིང་ངེ་འཛིན་ལ་དབང་ཐོབ་པ་ནི་མཁས་པ་བདུན་ གྱིས་ཏིང་ངེ་འཛིན་ལ་དབང་ཐོབ་པ་ཡིན་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་ལ་མཁས་པ་དང་། གནས་པ་ལ་མཁས་པ་དང་། ལྡང་བ་ལ་མཁས་པ་དང་། མངོན་པར་སྒྲུབ་པ་ལ་མཁས་པ་དང་། སྤྱོད་ཡུལ་ལ་མཁས་པ་དང་། འཕེལ་བ་ལ་མཁས་པ་དང་། འགྲིབ་པ་ལ་ མཁས་པའོ། །ཡང་ཏིང་ངེ་འཛིན་ལ་དབང་ཐོབ་པ་ནི་རྣམ་པ་གསུམ་སྟེ། ཏིང་ངེ་འཛིན་གྱི་དྲི་མ་རིང་དུ་བྱས་པ་ཉིད་དང་། ཏིང་ངེ་འཛིན་གྱི་ཉེ་བའི་ཉོན་མོངས་པ་རིང་དུ་བྱས་པ་ཉིད་དང་། ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་ཉིད་དོ། །ཡང་གསུམ་སྟེ། མྱུར་བ་དང་། དུས་རིང་དུ་དང་། མ་ ཚང་བ་མེད་པའོ། །མཐུའི་ངོ་བོ་བསྟན་པའི་ཕྱིར། འདོད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བ་ནི་དོན་ཐམས་ཅད་འགྲུབ་པ་ཉིད་ནི་ཇི་ལྟར་འདོད་པ་མངོན་དུ་ཕྱོགས་པར་འགྱུར་བའོ། །སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ་ཉིད་ནི་ལས་སུ་རུང་བར་འགྱུར་བའི་ཕྱིར་ཏིང་ངེ་འཛིན་ལ་ དབང་ཐོབ་པར་འགྱུར་ཞེས་བྱ་བ་ནི་གོ་རིམས་སོམོ། །འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་ཡང་དག་པར་འདས་པས་ན་འཕགས་པའོ། །ཆོས་རྣམས་ཀྱི་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་རྣམས་སོ། །འབྲས་བུ་ཆེན་པོ་ནི་རྣམ་པར་སྨིན་པ་ཤིན་ཏུ་གྱ་ནོམ་པ་དང་། ཤིན་ཏུ་རྒྱ་ཆེ་བ་ཉིད་དེས་བྱང་ཆུབ་ སེམས་དཔའ་བདེ་བ་ཉེ་བར་ལེན་པའི་རྒྱུ་ལ་སོགས་པའི་བྱེ་བྲག་འཐོབ་པའོ། །ཕན་ཡོན་ཆེན་པོ་ཉིད་ནི་མཐོང་བའི་ཆོས་ཀྱི་འབྲས་བུའི་བྱེ་བྲག་དང་ལྡན་པའོ། །ཡང་ན་འབྲས་བུ་ཆེན་པོ་ཉིད་ཕན་ཡོན་ཆེན་པོའོ། །སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི། དུས་དཔག་ཏུ་ མེད་པར་གོམས་པར་བྱས་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་དང་། ཁྱད་པར་རང་གི་ངང་གིས་འབྱུང་བར་འགྱུར་བས་ཞེས་བྱས་ནས་སོ། །ཡང་མཐུ་ཐམས་ཅད་བསྡུ་ན་མཐུ་རྣམ་པ་ལྔར་འགྱུར་ཏེ། མངོན་ པར་ཤེས་པ་དྲུག་དང་ལྡན་པའི་མངོན་པར་ཤེས་པའི་མཐུ་དང་། སྦྱིན་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཆོས་ཀྱི་མཐུ་དང་། རང་བཞིན་གྱིས་སྐྱེ་བ་དྲན་པ་ལ་སོགས་པ་ངོ་བོ་ཉིད་ཀྱིས་གྲུབ་པའི་ཡོན་ཏན་གྱི་ཁྱད་པར་རྣམས་དང་ལྡན་པས་ལྷན་ཅིག་སྐྱེས་པའི་མཐུའོ། །རྣམ་པ་གསུམ་གྱིས་ མཉམ་པ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པ་སྟེ། ཕྲ་བ་ཉིད་དང་། རྣམ་པ་ཉིད་དང་། ཁམས་ཀྱིས་སོ། །དེ་ལས་གཞན་ནི་མཉམ་པས་ཐུན་མོང་ཉིད་དོ། །མངོན་པར་ཤེས་པ་དྲུག་ཇི་ལྟར་རིགས་པར་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་དབང་དུ་བྱས་ནས་རྣམ་པར་གཞག་པའམ། མངོན་པར་ཤེས་པ་རྣམས་ཀྱི་དབང་གིས་གཞག་པའོ། །སྦྱིན་པ་ལ་སོགས་པ་ནི་རྒྱུ་དང་འབྲས་བུའི་མཚན་ཉིད་འཛིན་པས་ན་ཞེས་བརྗོད་པར་བྱའོ། །དེ་དག་གི་བྱིན་གྱིས་བརླབས་པ་ནི་མཐུ་ཞེས་བྱའོ། །ཡང་དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་སྤོང་བར་བྱེད་པ་ཉིད་དང་། ཚོགས་ཡོངས་སུ་སྨིན་པའི་བྱེ་བྲག་ཉིད་དང་། བདག་དང་གཞན་རྗེས་སུ་འཛིན་པ་ཉིད་དང་། མ་འོངས་པའི་འབྲས་བུའི་བྱེ་བྲག་ཉིད་དོ། །ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་ནི་སྤྲུལ་བར་བྱེད་པ་དང་། འགྲོ་བ་དང་འོང་བའི་སྒོ་ནས་རྣམ་པར་གཞག་པར་བྱེད་པའོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་རྫུ་འཕྲུལ་ནི་སྤྲུལ་པ་དང་སྒྱུར་བའི་སྒོ་ནས་རྣམ་པར་འཇོག་པར་བྱེད་དེ། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་དོན་བསྟན་པའི་ཕྱིར་རོ། །ཡོངས་སུ་བསྒྱུར་ནས་སྤྱོད་པར་བྱེད། སྒྲུབ་པར་བྱེད་པས་ཡོད་ཅིང་བདོག་པའི་དངོས་པོ་རྣམས་གཞན་དུ་བསྒྱུར་བའི་ཁྱད་པར་དུ་བསྐྱེད་པ་དང་ལྡན་པ་ནི་ཡོངས་སུ་བསྒྱུར་ བའོ། །སྔོན་མེད་པའི་དངོས་པོ་སྐྱེད་པར་བྱེད་པའི་དོན་གྱིས་ན་སྤྲུལ་པར་བྱེད་པའོ། །མདོར་བསྡུ་ན་དངོས་པོ་རྣམ་པ་བཞི་ཡོངས་སུ་སྒྱུར་བར་བྱེད་པས་ན་ཡོངས་སུ་བསྒྱུར་བ་སྟེ། ཇི་ལྟར་རིགས་པར་སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་དང་། འབྱུང་བའི་དངོས་པོ་དང་། འབྱུང་བ་ལས་གྱུར་པའི་དངོས་པོའོ། །སེམས་ཅན་གྱི་འཇིག་རྟེན་ཡང་བདག་དང་། གཞན་གྱི་དབྱེ་བས་རྣམ་པ་གཉིས་སུ་ཐ་དད་པར་རིག་པར་བྱའོ། །སྣོད་ཀྱི་འཇིག་རྟེན་ཡང་གྲོང་དང་། ཡུལ་འཁོར་དང་། གླིང་དང་། ལྕགས་རིས་བསྐོར་བ་དང་། འཇིག་ རྟེན་གྱི་ཁམས་ཀྱི་དབྱེ་བས་ཐ་དད་པར་རིག་པར་བྱའོ། །ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་གྱི་རྣམ་པའི་དབྱེ་བ་ནི། མདོ་སྡེར་གཏོགས་པའི་མདོར་བསྟན་པ་ལས་ཤེས་པར་བྱའོ། །མདོ་ལས་ནི་གཡོ་བར་བྱེད་པ་དང་། འབར་བར་བྱེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་མཐུ་བསྟན་པ་ཡིན་ ནོ། །རང་བཞིན་གྱིས་གཡོ་བ་དང་བྲལ་བའི་བརྟན་པའི་དངོས་པོ་རྣམས་འགུལ་བའི་བྱ་བ་སྐྱེད་པར་བྱེད་པ་ནི་གཡོ་བའོ། །མཐུ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་པར་བསྟན་པའི་ཕྱིར། འདི་ལ་དེ་བཞིན་གཤེགས་པའམ། སེམས་ལ་དབང་ཐོབ་པའི་མངོན་ པར་ཤེས་པའི་མཐུ་ཞེས་བྱ་བ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་དབང་མ་ཐོབ་པ་ལ་སོགས་པའི་གནས་སྐབས་ལས་བྱེ་བྲག་ཏུ་ཕྱེ་བའི་ཕྱིར་སྨྲས་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཁྱད་པར་ནི་སེམས་ལས་སུ་རུང་བ་ཞེས་བྱའོ། །གཡོ་ བའི་རིམ་གྱིས་འཕེལ་བར་བསྟན་པར་བྱ་བའི་ཕྱིར། གཙུག་ལག་ཁང་ཡང་གཡོ་བར་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཞིང་སྨོས་པ་ནི་གྲོང་དང་གྲོང་ཁྱེར་གྱི་ཉེ་འཁོར་བཟུང་བའི་དོན་ཏོ། །དེ་དག་ནི་ས་དང་། འགྲོ་བ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལ་ས